55-1-1a ༼མ༽ ༄༅། ༈ །མདོ་སྡེ་སྣ་ཚོགས་ཀྱི་སྐོར་བཞུགས་སོ། ། (黃) 經藏第十六部 55-1-1b ༄༅༅། །རྒྱ་གར་སྐད་དུ། ཨརྱ་མཉྫུ་ཤྲཱི་པ་རི་པྲིཙྪཱ། ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱིས་དྲིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་གཅིག་གོ། །སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ ན། བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཀུན་ནས་མཛེས་པའི་ཁང་པ་ན། དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་ གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། དཔག་ཏུ་མེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ དང་། འདུལ་བ་བརྒྱ་སྟོང་མང་པོ་དང་། སྤྱན་རས་གཟིགས་དབང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་དང་། ཐབས་གཅིག་ཏུ་བཞུགས་ཏེ། བཅོམ་ལྡན་འདས་རིན་པོ་ཆེའི་ སེང་གེའི་ཁྲི་ལ་སྐུ་མི་གཡོ་བར་ཞུགས་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ 55-1-2a འཇམ་དཔལ་སངས་རྒྱས་ཀྱི་མཐུས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས། བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསོད་ནམས་ཆེན་པོ་གང་གིས་འདུལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་བསམ་པ་ཡོངས་སུ་རྫོགས་པར་འགྱུར་བ་དེ་བཞིན་གཤེགས་པའི་དྲུང་དུ་འགྱུར་བའི་བསོད་ནམས་ཆེན་པོ་དེ་ ཇི་སྙེད་ཚད་ཇི་ཙམ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་བསོད་ནམས་ཆེན་པོ་གང་གིས་འདུལ་བ་བྱེ་བ་ ཁྲག་ཁྲིག་བརྒྱ་སྟོང་གི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་བཞིན་གཤེགས་པའི་དྲུང་དུ་འགྱུར་བའི་བསོད་ནམས་ཆེན་པོ་དེ་ནི། ཤེས་རབ་ལས་བྱུང་བ་སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པ་ཡིན་ཏེ། བསམ་གྱིས་མི་ཁྱབ་བོ། ། འཇམ་དཔལ་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ལ། གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་ བརྒྱར་བསྒྱུར་བས་གླིང་བཞི་ལ་དབང་བ་རིན་པོ་ཆེ་བདུན་དང་ལྡན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་དང་འདི་བདུན་འབྱུང་ངོ་། །དེ་ལ་བུ་སྟོང་སྤ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་རྣམས་ཡོད་དེ། འཇམ་ དཔལ་དེ་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ནོ། །འཇམ་དཔལ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ 55-1-2b ལྡན་པར་འགྱུར་ལ། གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བརྒྱས་བསྒྱུར་བས་བརྒྱ་བྱིན་ལྷའི་དབང་པོར་འགྱུར་ཏེ། དེ་ལྟར་ལྷའི་དབང་པོ་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེའོ། ། འཇམ་དཔལ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བརྒྱ་བྱིན་གྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་ལ། གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་ བསོད་ནམས་ཀྱི་ཕུང་པོ་དེ་བརྒྱ་སྟོང་དུ་བསྒྱུར་བས་གང་འདོད་པའི་ཁམས་སུ་བསྟན་པས་གོ་བར་བྱེད་པ་འདོད་པའི་ཁམས་ཀྱི་དབང་པོ་བདུད་དུ་འགྱུར་ཏེ། དེ་ལྟར་འདོད་པའི་ཁམས་ཀྱི་དབང་པོ་བདུད་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེའོ། ། འཇམ་དཔལ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བདུད་ཀྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ལ། གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ ནམས་ཀྱི་ཕུང་པོ་དེ་བརྒྱ་སྟོང་དུ་བསྒྱུར་བས་གང་འཇིག་རྟེན་གྱི་ཁམས་སྟོང་བྱམས་པས་ཁྱབ་པ་སྟོང་གི་བདག་པོ་ཚངས་པར་འགྱུར་རོ། །འཇམ་དཔལ་སྟོང་གི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྟོང་ གི་བདག་པོ་ཚངས་པའི་བསོད་ནམས་དང་ལྡན་པར་གྱུར་ལ། གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་སུ་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བརྒྱ་སྟོང་དུ་བསྒྱུར་བས་གང་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་བྱམས་པས་ ཁྱབ་པ་སྟོང་གཉིས་ཀྱི་བདག་པོ་ཚངས་པར་འགྱུར་རོ། །འཇམ་དཔལ་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྟོང་གཉིས་ཀྱི་བདག་པོ་ཚངས་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ ལ། གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བརྒྱ་སྟོང་དུ་བསྒྱུར་བས། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱམས་པས་ཁྱབ་པ་ཚངས་པ་སྟོང་ 55-1-3a གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་བདག་པོ་དབང་ཕྱུག་ཆེན་པོའི་མཆོག་ཏུ་འགྱུར་རོ། །འཇམ་དཔལ་ཚངས་པ་དབང་ཕྱུག་ཆེན་པོ་མཆོག་ལ་ལྟོས། ནམ་བསྐལ་པ་འཇིག་པ་ན་བསྐལ་པའི་ཆུ་འབྱུང་བ་དེའི་ཚེ། ཕྱིས་ བར་གྱི་བསྐལ་པ་གཅིག་དུ་ཆར་འབབ་ཅིང་ཆུའི་ཐིགས་པ་འབྱུང་བ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཆུས་གང་བར་བྱེད་དེ། ཚངས་པའི་འཇིག་རྟེན་གྱི་བར་དུ་ཆུས་གང་བར་འགྱུར་བའི་ཆུའི་ཐིགས་པ་དེ་དག་ ཐམས་ཅད་ཀྱང་ཚངས་པ་དབང་ཕྱུག་ཆེན་པོའི་མཆོག་དེས་ཤེས་སོ། །དེ་ལྟར་ཡེ་ཤེས་ཆེན་པོ་དང་ལྡན་ཞིང་། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། དགེ་བའི་རྩ་བ་ཆུ་ངུས་ནི་དབང་ཕྱུག་ཆེན་པོར་མི་འགྱུར་རོ། །འཇམ་དཔལ་སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྟོང་གསུམ་གྱི་སྟོང་ཆེན་པོའི་བདག་པོ་ཚངས་པ་ཆེན་པོའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ལ། གང་སེམས་ཅན་དེ་དག་ཐམས་ ཅད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་བསྒྱུར་བས་མཐུ་ཆེན་པོ་ཐོབ་པའི་རང་སངས་རྒྱས་སུ་འགྱུར་རོ། །འཇམ་དཔལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ ཁམས་ལྟ་རེ་ཤིག་ཞོག་སྟེ། འཇམ་དཔལ་སངས་རྒྱས་ཀྱི་ཡུལ་གྱི་མཐའ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་རང་སངས་རྒྱས་མཐུ་ཆེན་པོ་ཐོབ་པའི་བསོད་ནམས་དང་ལྡན་པར་འགྱུར་ལ། གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་བསྒྱུར་བས་བྱང་ཆུབ་སེམས་དཔའ་སྲིད་པའི་ཐ་མར་གྱུར་པ་གཅིག་ཏུ་འགྱུར་རོ། །འཇམ་ དཔལ་ནམ་མཁའི་ཁམས་ཀྱི་མཐའ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་སྒོ་ང་ལས་སྐྱེས་པ་དང་། མངལ་ལས་སྐྱེས་པ་དང་། དྲོད་ཤེར་ལས་སྐྱེས་པ་དང་། བརྫུས་ཏེ་སྐྱེས་པ་དང་། གཟུགས་ཡོད་པ་དང་གཟུགས་ 55-1-3b མེད་པ་དང་། འདུ་ཤེས་ཡོད་པ་དང་། འདུ་ཤེས་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སྲིད་པའི་ཐ་མར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ལ། གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་མས་ཀྱི་ཕུང་པོ་དེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་བསྒྱུར་བས་དེ་བཞིན་གཤེགས་པའི་སྐུ་ལ་སྤུའི་ཁུང་བུ་གཅིག་ཏུ་འགྱུར་ར། །དེ་བཞིན་དུ་དེ་བཞིན་གཤེགས་ པའི་སྐུ་ལ་སྤུའི་ཁུང་དུ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་རེ་རེ་ནས་འགྲུབ་པར་འགྱུར་ཏེ། འཇམ་དཔལ་གང་སྤུའི་ཁུང་བུ་ཐམས་ཅད་དུ་གཏོགས་པའི་བསོད་ནམས་གྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བྱེ་བ་ཁྲག་ཁྲིག་བརྒྱ་ སྟོང་དུ་མར་བསྒྱུར་བས་དེ་བཞིན་གཤེགས་པའི་སྐུ་ལ་དཔེ་བྱད་བཟང་པོ་གཅིག་ཏུ་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ལ་དཔེ་བྱད་བཟང་པོ་བརྒྱད་ཅུ་རེ་རེ་ནས་འགྲུབ་པར་འགྱུར་ཏེ། འཇམ་དཔལ་དཔེ་བྱད་བཟང་ པོ་བརྒྱད་ཅུར་གཏགས་པའི་གང་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པའི་བསོད་ནམས་ཀྱི་ཕུང་པོ་དེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་བསྒྱུར་བས་དེ་བཞིན་གཤེགས་པའི་ཕྱག་གམ་ཞབས་གཅིག་རི་མོའི་རྗེས་ཀྱི་མཚན་དུ་འགྱུར་རོ། ། དེ་ལྟར་རི་མོའི་རྗེས་ཀྱི་མཚན་བརྒྱད་ཅུ་ལ་འདི་ལྟ་སྟེ། གདུགས་དང་། རྒྱལ་མཚན་དང་། དཔལ་བེའུ་དང་། ཕྲེང་བ་དང་། ཀྱོ་བ་ཐང་དང་། ཅོད་པན་དང་། དབྱིག་ཏོ་དང་། བུམ་པ་དང་། གླང་པོ་དང་། རྟ་དང་། སྟག་དང་། ཆུ་སྲིན་དང་། ཉ་དང་། རུ་སྦལ་དང་། རྨ་བྱ་དང་། ཀ་ལ་པིང་ཀ་དང་། ཤང་ཤང་ཏེའུ་དང་། ཅ་ཤ་དང་། ངུར་པ་དང་། ནེ་ཙོ་དང་། ངང་པ་དང་། ཐིབ་དང་། ནས་དང་། སྨན་ཆེན་པོ་དང་། འོད་མ་དང་། བ་མེན་དང་། ཀླུ་དང་། ར་དང་། ཁྱུ་མཆོག་དང་། རི་དང་། བིལ་བ་དང་། ཤིང་དང་རི་དགས་ནག་པོ་ དང་། ནོར་བུ་རིན་པོ་ཆེ་དང་། རལ་གྲི་མཆོག་དང་། རྡོ་རྗེ་དང་། གཞུ་དང་། མདའ་དང་། ཤག་ཏི་དང་། མདུང་རྩེ་གསུམ་པ་དང་། གཤོལ་དང་། གཏུན་དང་། སྟ་རེ་དང་། ཞགས་པ་དང་། གྲུ་དང་། མུ་ཏིག་གི་རྒྱན་དང་། སྤྲིན་དང་། ཚངས་པ་དང་། དབང་པོ་དང་། 55-1-4a འཁོར་སྲུང་པོ་དང་། ཆུའི་ལྷ་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། ནོར་སྦྱིན་དང་། དྲང་སྲོང་ཆེན་པོ་དང་། དཔལ་དང་། ཉི་མ་དང་། ཟླ་བ་དང་། མེ་དང་། རླུང་དང་། པད་མོ་དང་། གཡུང་དྲུང་དང་། གྲུ་གསུམ་དང་། དགེ་བའི་བསྟན་དང་། མེ་ལོང་དང་། རྔ་ཡབ་དང་། རྩྭ་དུར་བ་དང་། པུ་རོ་ད་ཤ་དང་། ཁྱེའུ་དང་། བུ་མོ་དང་། རྔ་དང་། དུང་དང་། སྨྲི་ག་དང་། གདུ་བུ་དང་། དཔུང་རྒྱན་དང་། རྣ་ཆ་དང་། སོར་གདུབ་དང་། རྣ་ཆ་ཕྱང་ཕྲུལ་ཅན་དང་། མེ་ཏོག་བཟང་པོ་དང་། དཔག་བསམ་གྱི་ཤིང་དང་། འཁོར་ལོ་དང་། དཔུང་གི་སེང་གེ་དང་། འདི་རྣམས་ནི་རི་མོའི་རྗེས་ཀྱི་མཚན་བརྒྱད་བཅུ་ཡིན་ཏེ། འདི་དག་ནི་དེ་བཞིན་གཤེགས་པའི་ཕྱག་དང་། ཞབས་ཀྱི་མཐིལ་ལ་བྱུང་ངོ་། །འཇམ་དཔལ་གང་མཚན་བརྒྱད་བཅུའི་རི་མོར་གཏོགས་ པའི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་བསྒྱུར་བས་དེ་བཞིན་གཤེགས་པའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་གཅིག་ཏུ་འགྱུར་ཏེ། དེ་བཞིན་དུ་སྐྱེས་བུ་ཆེན་པོའི་མཚན་སུམ་ བཅུ་རྩ་གཉིས་རེ་རེར་འགྱུར་རོ། །འདི་ལྟ་སྟེ། དབུའི་གཙུག་ཏོར་དང་། དབུའི་མཐོན་མཐིང་ལ་གཡས་ཕྱོགས་སུ་འཁྱིལ་བ་དང་། དཔྲལ་བ་མཉམ་པ་དང་། ཁ་དོག་གིས་བརྒྱན་པ་དང་། སྨིན་མཚམས་ཀྱི་མཛོད་སྤུ་དང་། སྤྱན་མཐོན་ མཐིང་ལ་བའི་རྫི་མ་འདྲ་བ་དང་། སོ་བཞི་བཅུ་ཐགས་བཟང་བ་དང་། མཆེ་བ་དཀར་བ་དང་། འགྲམ་པ་སེང་གེའི་འདྲ་བ་དང་། ལྕེ་ཆེ་ཞིང་སྲབ་པ་དང་། རོ་སྟོད་སེང་གེ་འདྲ་བ་དང་། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། སྤུ་ཁུང་རེ་རེ་ནས་ སྐྱེས་པ་དང་། ཕོ་མཚན་མི་སྣང་བར་ནུབ་པ་དང་། བརླ་གང་ཞིང་ཟླུམ་པ་དང་། བྱིན་པ་རི་དགས་ཀྱི་རྒྱལ་པོ་ཨེ་ནེ་ཡ་འདྲ་བ་དང་། ཞབས་ཀྱི་རྟིང་པ་ཆེ་བ་དང་། ཞབས་དང་ཕྱག་གི་མཐིལ་མཇམ་ཞིང་མཉེན་པ་དང་། ཞབས་དང་ཕྱག་གི་སོར་མོའི་བར་དྲ་ བར་འབྲེལ་བ་དང་། ཞབས་དང་ཕྱག་གི་སོར་མོ་རིང་བ་དང་། ཞབས་ཀྱི་སྟེང་མཐོ་བ་དང་། རོ་བྲོ་བའི་མཆོག་དང་། དཔུང་མགོ་ཟླུམ་པ་དང་། བདུན་མཐོ་བ་དང་། ལྤགས་པ་སྲབ་ལ་གསེར་གྱི་གདོག་འདྲ་བ་དང་། མ་བཏུད་པར་ཕྱག་པུས་ 55-1-4b མོའི་ལྷ་ང་ལ་རེག་པ་དང་། ཞབས་རབ་ཏུ་གནས་པ་དང་། ཞབས་དང་ཕྱག་གི་མཐིལ་ན་འཁོར་ལོའི་མཚན་ཡོད་པ་དང་། ཚངས་པའི་དབྱངས་དང་། འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཡིན་ཏེ། དེ་བཞིན་གཤེགས་ པའི་སྐུ་ལ་འབྱུང་ངོ་། །འཇམ་དཔལ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་སུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོར་གང་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་གྲངས་མེད་པར་བསྒྱུར་བ་དང་། བསམ་གྱིས་མི་ཁྱབ་པར་ བསྒྱུར་བ་དང་། དཔག་དུ་མེད་པར་བསྒྱུར་བ་དང་། བརྗོད་དུ་མེད་པར་བསྒྱུར་བས་དེ་བཞིན་གཤེགས་པའི་ཆོས་ཀྱི་དུང་དུ་འགྱུར་རོ། །ཆོས་ཀྱི་དུང་དེས་འདུལ་བའི་དབང་དུ་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་ཚད་མེད་ གྲངས་མེད་པར་དབྱངས་ཀྱིས་རིག་པར་བྱེད་དོ། །དབྱངས་ཀྱིས་ཇི་ལྟ་བ་དེ་བཞིན་དུ་འོད་དང་སྐུས་ཀྱང་དེ་བཞིན་ནོ། །འཇམ་དཔལ་དེ་ལྟར་ཤེས་རབ་ཆེན་པོ་ལས་བྱུང་བ་སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པ། ཐབས་མཁས་པ་དང་ སྨོན་ལམ་གྱིས་བསྐྱེད་པ། ཚུལ་ཁྲིམས་ཡོངས་སུ་དག་པ་བསྒོམས་པའི་ཁྱད་པར་ལས་ཡང་དག་པར་སྐྱེས་པ། བསོད་ནམས་ཆེན་པོ་འདི་དག་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་བསམ་གྱིས་མི་ཁྱབ་བོ། ། འཇམ་དཔལ་རྒྱུ་གཉིས་ཀྱིས་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཁྱད་པར་དུ་འཕགས་པ་ཡིན་ནོ། །རྒྱུ་གཉིས་གང་ཞེ་ན། སྨོན་ལམ་གྱི་དབང་དང་། འདུལ་བའི་སེམས་ཅན་རྣམས་ཀྱི་དགེ་བ་ཡོངས་སུ་སྨིན་པའི་དབང་སྟེ། འཇམ་དཔལ་རྒྱུ་དེ་གཉིས་ཀྱིས་ན་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཁྱད་པར་དུ་འཕགས་པ་ཡིན་ནོ། །འཇམ་དཔལ་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཁྱད་པར་དུ་འཕགས་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་ པ་ཡང་ཁྱད་པར་དུ་འཕགས་པ་ཡིན་ནོ། །འཇམ་དཔལ་དེ་བཞིན་གཤེགས་པའི་ཆོས་བསྟན་པ་ཇི་ལྟ་བ་དེ་བཞིན་དུ་འོད་ཀྱང་ཁྱད་པར་དུ་འཕགས་པ་ཡིན་ནོ། །འཇམ་དཔལ་ཇི་ལྟར་དེ་བཞིན་གཤེགས་པའི་འོད་ཁྱད་པར་དུ་ 55-1-5a འཕགས་པ་དེ་བཞིན་དུ་སྤྱོད་པ་ཡང་ཁྱད་པར་དུ་འཕགས་པ་ཡིན་ནོ། །འཇམ་དཔལ་དེ་བཞིན་གཤེགས་པ་ནི་སྐུས་འཇིག་རྟེན་ཐམས་ཅད་དུ་ཁྱབ་པ་ཡིན་ཏེ། འཇམ་དཔལ་ཁ་དོག་དང་། དབྱིབས་དང་། སྤྱོད་པའི་ བྱ་བྲག་གང་དང་གང་གིས་སེམས་ཅན་རྣམས་འདུལ་བར་འགྱུར་བའི་ཁ་དོག་དང་། དབྱིབས་དང་། སྤྱོད་པའི་བྱེ་བྲག་དེ་དང་དེ་ལྟ་བུར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱིས་མཐོང་ངོ་། །འཇམ་དཔལ་མཚན་གྱི་བྱེ་བྲག་གང་ དང་གང་གིས་སེམས་ཅན་རྣམས་འདུལ་བར་འགྱུར་བའི་མཚན་གྱི་བྱེ་བྲག་དེ་དང་དེ་ལྟ་བུར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱིས་མཐོང་ངོ་། །འཇམ་དཔལ་ཆོས་བསྟན་པ་གང་དང་གང་གིས་སེམས་ཅན་རྣམས་ཡོངས་ སུ་སྨིན་པར་འགྱུར་བའི་ཆོས་བསྟན་པ་དེ་དང་དེ་ལྟ་བུར་དེ་བཞིན་གཤེགས་པ་ཆོས་བསྟན་པར་སེམས་ཅན་རྣམས་ཀྱིས་ཤེས་སོ། །འཇམ་དཔལ་སྤྱོད་པ་གང་གིས་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་བསྟན་པ་ལ་ འཇུག་པ་དང་འདུལ་བར་འགྱུར་བའི་སྤྱོད་པ་དེ་དང་དེ་ལ་དེ་བཞིན་གཤེགས་པ་གནས་པར་སེམས་ཅན་རྣམས་ཀྱིས་མཐོང་ངོ་། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་ དུ་འབྱུང་བར་འགྱུར་བ་ཡང་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་དང་། སྐྱེ་བོ་ཕལ་པོ་ཆེའི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་སྐྱེའོ། །དེ་ནས་བྱང་ཆུབ་སེམས་ དཔའ་འཇམ་དཔལ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་སྟོན་པ་མི་མཉམ་པ་དང་མཉམ་པ་དང་གང་ ཟག་ཟླ་མེད་པ། ཁམས་གསུམ་ན་མགོན་པོའི་མཆོག་སེམས་ཅན་ཐམས་ཅད་ལ་ཕན་པར་མཛད་པ། འཇིག་རྟེན་གྱི་ཆོས་ཀྱིས་མི་བསྐྱོད་པ། ནམ་མཁའ་ལྟར་མི་གོས་པ། བསམ་གྱིས་མི་ཁྱབ་པ། བསམ་པར་འོས་པ་ 55-1-5b བལྟ་འདོད་པ། བལྟ་ན་སྡུག་པ་འདི་འདྲ་བ་ནི་བདག་གིས་རྙེད་པ་རབ་ཏུ་རྙེད་དོ། །བདེ་བར་གཤེགས་པ་རྙེད་པ་རབ་ཏུ་རྙེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དགའོ། །བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་བཤད་པ་ལ་མངོན་པར་བསྟོད་དོ། །འཕགས་པ་འཇམ་དཔལ་གྱིས་དྲིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྫོགས་སྷོ།། །། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ནཻ་ར་ཨད་མ་པ་རི་པྲིཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བདག་མེད་པ་དྲིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། དེ་ནས་དམིགས་པའི་ལྟ་བ་ཅན་རྣམ་པར་རྟོག་པ་དང་། བཅས་ཤིང་རྣམ་པར་དཔྱོད་པ་དང་བཅས་པའི་མུ་སྟེགས་པ་དེ་དག་རྣམས་ཐེག་པ་ཆེན་པོའི་ནང་དུ་སོང་སྟེ། ཞེ་ས་དང་བཅས་ཤིང་ཐལ་མོ་སྦྱར་ནས་བདག་མེད་པའི་དྲི་བ་དག་ཡོངས་སུ་ དྲིས་པ། རིགས་ཀྱི་བུ་ཐམས་ཅད་མཁྱེན་པས་ནི་ལུས་ལ་བདག་མེད་དོ་ཞེས་གསུངས་ལ། གལ་ཏེ་ལུས་ལ་ཡང་དག་པར་བདག་མེད་ན་ཇི་ལྟར་ན་དེ་ལས་རྩེ་བ་དང་། དགོད་པ་དང་། ངུ་བ་དང་། རོལ་བ་དང་། ཁྲོ་བ་དང་། ང་རྒྱལ་དང་། ཕྲག་དོག་དང་། ཕྲ་མ་ལ་སོགས་པ་ཀུན་ཏུ་འབྱུང་བར་འགྱུར། ཅི་ལུས་ལ་ཡང་དག་པར་ན་བདག་ཡོད་དམ་མེད་པ་ཡིན། བདག་ཅག་གི་ཐེ་ཙོམ་དེ་དག་ཁྱོད་ཀྱིས་བསལ་བའི་རིགས་སོ། །ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། གྲོགས་པོ་ དག་ལུས་ལ་ནི་བདག་ཡང་དག་པར་ཡོད་དོ་ཞེ་འམ། མེད་དོ་ཞེས་གཉི་གར་ཡང་འདིར་བརྗོད་པར་མི་བྱ་སྟེ། ཡང་དག་པར་ཡོད་དོ་ཞེས་བརྗོད་པ་ན་མེད་དོ་ཞེས་བརྗོད་པ་ནི་ལོག་པར་སྨྲ་བའོ། །གལ་ཏེ་ཡོད་ན་ཇི་ལྟར་ན་དེ་སྐྲ་དང་སེན་མོ་དང་། ལྤགས་པ་དང་། མགོ་བོ་དང་། ཤ་དང་། རུས་པ་དང་། རྐང་དང་། ཚིལ་དང་། རྒྱུས་པ་དང་། མཆིན་པ་དང་། རྒྱུ་མ་དང་། མིད་པ་དང་། ལག་པ་དང་། རྐང་པ་དང་། ཡན་ལག་དང་། ཉིང་ལག་ལ་སོགས་པ་ལུས་ཐམས་ཅད་ཀྱི་ཕྱི་དང་ནང་དུ་བཅས་པ་ལ་རྣམ་ 55-1-6a པར་བརྟགས་ན་བདག་ཡང་དག་པར་མི་སྣང་ངོ་། །མུ་སྟེགས་པ་རྣམས་ཀྱིས་སྨྲས་པ། ལྷའི་མིག་དང་ལྡན་པ་འགའ་ཞིག་གིས་མཐོང་གིས། བདག་ཅག་རྣམས་ནི་ཤའི་མིག་ཅན་ཡིན་པས་བདག་ཡང་དག་པར་ཇི་ལྟར་ མཐོང་། ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། ལྷའི་མིག་དང་ལྡན་པ་རྣམས་ཀྱིས་ཀྱང་མི་མཐོང་སྟེ། གང་ལ་ཁ་དོག་མེད་པ་དང་། གཟུགས་མེད་པ་དང་། དབྱིབས་མེད་པ་དེ་ཇི་ལྟར་མཐོང་བར་འགྱུར། མུ་སྟེགས་པ་རྣམས་ཀྱིས་སྨྲས་ པ། ཅི་མེད་པ་ཡིན་ནམ། ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། མེད་དོ་ཞེས་བརྗོད་པ་ན་ཡོད་དོ་ཞེས་བརྗོད་པ་ནི་ལོག་པར་སྨྲ་བའོ། །གལ་ཏེ་མེད་ན་ཇི་ལྟར་འདི་མངོན་སུམ་དུ་ཡོད་པར་རྩེ་བ་དང་། དགོད་པ་དང་། ངུ་བ་དང་། རོལ་པ་དང་། ཁྲོ་བ་དང་། ང་རྒྱལ་དང་། ཕྲག་དོག་དང་། ཕྲ་མ་ལ་སོགས་པ་ཀུན་ཏུ་འབྱུང་བར་འགྱུར། དེ་བས་ན་མེད་དོ་ཞེས་བརྗོད་པར་ཡང་མི་རུང་སྟེ། ཡོད་དམ་མེད་ཅེས་གང་འདི་ལྟར་བརྗོད་པར་མི་བྱ་སྟེ། ཉེས་པ་འདི་ཡོད་པས་ན་ཡོད་པའོ་ཞེ་འམ། མེད་ པའོ་ཞེས་བརྗོད་པར་མི་བྱའོ། །མུ་སྟེགས་པ་རྣམས་ཀྱིས་སྨྲས་པ། འོ་ན་འདིར་གང་ཞིག་དམིགས་པར་འགྱུར། ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། དམིགས་པར་གྱུར་པ་ནི་ཅི་ཡང་མེད་དོ། །མུ་སྟེགས་པ་རྣམས་ཀྱིས་སྨྲས་པ། ཅི་ནམ་ མཁའ་ལྟར་སྟོང་པ་ཉིད་ཡིན་ནམ། ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། གྲོགས་པོ་དག་དེ་དེ་བཞིན་དེ། ནམ་མཁའ་ལྟར་སྟོང་པ་ཉིད་ཡིན་ནོ། །མུ་སྟེགས་པ་རྣམས་ཀྱིས་སྨྲས་པ། གལ་ཏེ་དེ་ལྟར་ཡིན་ན་རྩེ་བ་དང་། དགོད་པ་དང་། ངུ་བ་དང་། རོལ་པ་དང་། ཁྲོ་བ་དང་། ང་རྒྱལ་དང་། ཕྲག་དོག་དང་། ཕྲ་མ་ལ་སོགས་པ་ཇི་ལྟར་བལྟ་བར་བགྱི། ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། སྒྱུ་མ་དང་། རྨི་ལམ་དང་། མིག་འཕྲུལ་དང་འདྲ་བ་ཉིད་ཡིན་ནོ། །མུ་སྟེགས་པ་རྣམས་ཀྱིས་སྨྲས་པ། སྒྱུ་མ་ ནི་ཇི་ལྟ་བུ་ལགས། རྨི་ལམ་དང་། མིག་འཕྲུལ་ནི་ཇི་ལྟ་བུ་ལགས། ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ། སྒྱུ་མ་ནི་མཚོན་པ་ཙམ་མོ། །རྨི་ལམ་ནི་སོ་སོར་སྣང་བ་ཙམ་སྟེ། གཟུང་བར་བྱ་བ་མ་ཡིན་ཞིང་རང་བཞིན་གྱིས་སྟོང་པ། ཡོད་པ་མ་ 55-1-6b ཡིན་པའི་ངོ་བོ་ཉིད་དོ། །མིག་འཕྲུལ་ནི་བཅོས་མ་ཙམ་དུ་དགོས་པའོ། །གྲོགས་པོ་དག་དེ་དེ་བཞིན་དེ། དངོས་པོ་ཇི་སྙེད་པ་ཐམས་ཅད་ནི་སྒྱུ་མ་དང་། རྨི་ལམ་དང་། མིག་འཕྲུལ་དང་འདྲ་བར་ཤེས་པར་བྱའོ། །གཞན་ཡང་ཀུན་རྫོབ་དང་། དོན་དམ་པ་ དག་བསྟན་པར་བྱ་སྟེ། དེ་ལ་ཀུན་རྫོབ་ཅེས་བྱ་བ་ནི་འདི་ནི་བདག་གོ། །འདི་ནི་གཞན་ནོ་ཞེས་བྱ་བ་དང་། སྲོག་དང་། སྐྱེས་བུ་དང་། གང་ཟག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ནོར་དང་། བུ་དང་། ཆུང་མ་དང་། མཛའ་བཤེས་དང་། ཉེ་དུ་ལ་སོགས་པར་རྟོག་པ་དེ་ནི་ ཀུན་རྫོབ་ཅེས་བྱའོ། །གང་ལ་བདག་མེད་པ་དང་། གཞན་མེད་པ་དང་། སྲོག་མེད་པ་དང་། སྐྱེས་བུ་མེད་པ་དང་། གང་ཟག་མེད་པ་དང་། བྱེད་པ་པོ་མེད་པ་དང་། ཚོར་བ་པོ་མེད་པ་དང་། ནོར་མེད་པ་དང་། བུ་མེད་པ་དང་། ཆུང་མ་མེད་པ་དང་། མཛའ་ བཤེས་མེད་པ་དང་། ཉེ་དུ་ལ་སོགས་པ་མེད་པ་དེ་ནི་དོན་དམ་པ་ཞེས་བྱའོ། །གང་ལ་རང་བཞིན་གྱིས་དངོས་པོ་ཐམས་ཅད་དུ་ཡོངས་སུ་བརྟགས་ཤིང་དགེ་བ་དང་། མི་དགེ་བའི་འབྲས་བུ་དང་། སྐྱེ་བ་དང་། འགག་པ་ནི་ཀུན་རྫོབ་བོ། །དགེ་བ་དང་ མི་དགེ་བའི་འབྲས་བུ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དེ་ལ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་དེ། དེ་ནི་དབུ་མའི་ཆོས་རྣམས་ཀྱི་སྒྲུབ་པ་ལྷུར་ལེན་པའོ། །དེ་ལ་འདི་སྐད་ ཅེས་བྱ་སྟེ། ཀུན་རྫོབ་དང་ནི་དོན་དམ་སྟེ། །དབྱེ་བ་གཉིས་སུ་ཡང་དག་བཤད། །ཀུན་རྫོབ་འཇིག་རྟེན་པའི་ཆོས། །དོན་དམ་འཇིག་རྟེན་འདས་པའོ། །ཀུན་རྫོབ་ཆོས་ལ་ཞུགས་པ་ཡི། །སེམས་ཅན་ཉོན་མོངས་དབང་དུ་འགྲོ། །དོན་དམ་ ཡོངས་སུ་མ་ཤེས་པས། །འཁོར་བར་ཡུན་རིང་འཁོར་བར་འགྱུར། །ཀུན་རྫོབ་འཇིག་རྟེན་ཆོས་རྣམས་ལ། །མི་འཁས་པ་དག་རྟོག་པར་བྱེད། །ཀུན་ཏུ་རྟོག་པ་དེ་ཡིས་ནི། །སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར། །ཇི་ལྟར་སོ་སོའི་སྐྱེ་བོ་ཡི། ། བྱིས་པས་གྲོལ་ལམ་མི་ཤེས་པས། །མི་ཟད་པའི་སྡུག་བསྔལ་དག །མང་པོ་རྗེས་སུ་མྱོང་བར་འགྱུར། །གང་དུ་སྲིད་པ་འགག་འགྱུར་བའི། །དོན་དམ་དག་ནི་མི་ཤེས་པས། །སྐྱེ་བ་དང་ནི་འགག་འགྱུར་ཞིང་། །སྐྱེ་མེད་འགྲོ་དང་འོང་བར་འགྱུར། ། 55-1-7a འཇིག་རྟེན་ཆོས་ལ་གནས་པ་ཡི། །བླུན་པོ་འཁོར་ལོ་བཞིན་དུ་འཁོར། །སྡུག་བསྔལ་གནས་ཅན་འཁོར་བ་འདིར། །ཡང་དང་ཡང་དུ་འཁོར་བར་འགྱུར། །ཇི་ལྟར་ཉི་མ་ཟླ་བ་དག །སླར་ཡང་འོང་ཞིང་འགྲོ་བར་བྱེད། །དེ་བཞིན་སྲིད་པར་ འཕོ་བ་ན། །སླར་ཡང་འོང་ཞིང་འགྲོ་བར་འགྱུར། །འཁོར་བ་ཐམས་ཅད་མི་རྟག་ཅིང་། །མི་བརྟན་སྐད་ཅིག་འཇིག་པ་ཉིད། །དེ་བས་དོན་དམ་ཤེས་པ་ཡིས། །ཀུན་རྫོབ་བདེན་པའི་གནས་སྤོང་ངོ་། །མཐོ་རིས་གནས་ནས་ལྷ་རྣམས་དང་། །དྲི་ཟ་ལྷ་མི་ རྣམས་ཀྱང་ནི། །ཀུན་ལ་འཕོ་བ་ཡོད་གྱུར་པ། །ཀུན་ཀྱང་ཀུན་རྫོབ་འབྲས་བུ་ཡིན། །གྲུབ་དང་རིགས་འཛིན་གནོད་སྦྱིན་དང་། །དྲི་ཟ་དང་ནི་ལྟོ་འཕྱེ་རྣམས། །སླར་ཡང་དམྱལ་བར་འགྲོ་འགྱུར་བ། །ཀུན་ཀྱང་ཀུན་རྫོབ་འབྲས་བུ་ཡིན། །གང་ཞིག་བརྩོན་དྲག་ ལྷ་རྣམས་དང་། །ཡོན་ཏན་འབྱུང་གནས་ལ་གནས་གང་། །མཐོ་རིས་ལས་འཕོ་ལྟུང་གྱུར་པ། །ཐམས་ཅད་ཀུན་རྫོབ་འབྲས་བུ་ཡིན། །བརྒྱ་བྱིན་འཁོར་ལོས་སྒྱུར་ཉིད་དེ། །གང་གིས་དམ་པའི་གནས་ཐོབ་ནས། །སླར་ཡང་བྱོལ་སོང་སྐྱེས་ནས་འཇུག ། ཐམས་ཅད་ཀུན་རྫོབ་འབྲས་བུ་ཡིན། །དེ་བས་མཐོ་རིས་ལྷ་རྣམས་ཀྱི། །བདེན་པ་བཟང་པོ་ཀུན་སྤོང་ལ། །བྱང་ཆུབ་སེམས་ནི་འོད་གསལ་བ། །རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ། །དངོས་པོ་མེད་ཅིང་དམིགས་སུ་མེད། །ཐམས་ཅད་སྟོང་པ་གནས་མེད་པ། ། སྤྲོས་པ་རྣམས་ལས་ཡང་དག་འདས། །བྱང་ཆུབ་སེམས་དཔའི་མཚན་ཉིད་ཡིན། །སྲ་བ་མ་ཡིན་འཇམ་པ་མིན། །དྲོ་བ་མ་ཡིན་གྲང་བ་མིན། །དེ་ནི་རེག་མིན་བཟུང་བྱ་མིན། །བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན། །རིང་པོ་མ་ཡིན་ཐུང་བ་མིན། །ཟླུམ་པོ་མ་ ཡིན་གྲུ་གསུམ་མིན། །ཕྲ་བ་མ་ཡིན་སྦོམ་པའང་མིན། །བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན། །སྒོམ་པ་རྣམས་ལས་རྣམ་འདས་ཤིང་། །མུ་སྟེགས་རྣམས་ཀྱི་སྤྱོད་ཡུལ་མིན། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན། ། དཔེ་མེད་བསྒོམ་དུ་མེད་པ་དང་། །མཐོང་མིན་གནས་ཀྱི་མཆོག་གྱུར་ལ། །རང་བཞིན་གྱིས་ནི་རྣམ་དག་པ། །བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན། །ཐམས་ཅད་དབུ་བ་ལྟ་བུ་སྟེ། །ཆུ་བུར་ལྟ་བུར་སྙིང་པོ་མེད། །རྟག་པ་མ་ཡིན་བདག་མེད་ཏེ། །སྒྱུ་མ་མིག་རྒྱུ་དག་དང་མཚུངས། ། 55-1-7b གོང་བུ་བཞིན་དུ་བསྡུས་གྱུར་པ། །སྤྲོས་པ་རྣམས་ཀྱིས་ཡོངས་སུ་གང་། །འདོད་ཆགས་ཞེ་སྡང་ལ་སོགས་ལྟར། །དེ་ནི་སྒྱུ་མཚུངས་འབའ་ཤིག་ཡིན། །ཇི་ལྟར་ནང་ན་ཐིག་ལེ་ནི། །སྐད་ཅིག་དེ་ལ་མི་མཐོང་སྟེ། །ཤེས་རབ་ཕ་རོལ་ཕྱིན་མཐོང་མ། ། དེ་བཞིན་བློ་ནི་འདུས་མ་བྱས། །རྟག་ཏུ་དགོད་ཅིང་རྩེ་བ་དང་། །སྨྲ་ཞིང་གྲུ་དང་རོལ་མོ་དང་། །གཞི་ལ་སོགས་པའི་བདེ་བ་རྣམས། །དེ་དག་ཐམས་ཅད་རྨི་ལམ་མཚུངས། །ལུས་ཅན་ཀུན་གྱིས་འདུས་བྱས་པ། །འདི་ཀུན་རྨི་ལམ་དང་མཚུངས་ལ། ། རྨི་ལམ་སེམས་ཀྱི་ཀུན་རྟོག་སྟེ། །སེམས་ཀྱང་ནམ་མཁའ་ལྟ་བུ་ཡིན། །གང་ཞིག་ཚུལ་འདི་རྟག་སྒོམ་པ། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །གང་ཞིག་འདི་ནི་རྟག་སྒོམ་པ། །དངོས་པོ་ཀུན་ལས་རྣམ་གྲོལ་ནས། །གོ་འཕང་མཆོག་ནི་ཐོབ་ པར་འགྱུར། །བླ་ན་མེད་པའི་བྱང་ཆུབ་གང་། །སངས་རྒྱས་ཀུན་གྱིས་རྣམ་བསྒོམས་པ། །བསྒོམས་དང་བཅས་པས་འཛིན་ན་ནི། །ཐེག་ཆེན་འབྲས་བུ་འཐོབ་པར་འགྱུར། །འཕགས་པ་བདག་མྱེད་པ་དྲིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུབ་ཏ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བོ།། །། འཕགས་པ་འཇིག་རྟེན་འཛིན་གྱིས་ཡོངས་སུ་དྲིས་པ་ཞེས་བྱ་བའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀའི་གནས་འོད་མའི་ཚལ་ན། དགེ་སློང་གི་དགེ་འདུན་ཆེན་ པ་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་འཁོར་མང་པོ་བརྒྱ་སྟོང་སྙེད་ཀྱིས། ཡོངས་སུ་བསྐོར་བ་ལ་ཆོས་སྟོན་ཏོ། །འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་འཛིན་ཅེས་བྱ་བའང་ འདུས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། ཚད་མེད་པའི་ཡོན་ཏན་གྱིས་ཡོངས་སུ་བརྒྱན་པས་སེམས་བསྐྱེད་པའི་ཕྱིར། ཆོས་ཐམས་ཅད་ཀྱི་ངེས་པའི་དོན་མཐར་ཕྱིན་པ་ཐམས་ཅད་ཤེས་པར་བྱ་བའི་ཕྱིར་ 55-1-8a ཚད་མེད་པའི་སྨོན་པས་ཚད་མེད་པའི་རྒྱན་ཡོངས་སུ་རྫོགས་པར་འགྱུར་བ་ཤིན་ཏུ་ཤེས་པར་བྱ་བའི་ཕྱིར་ཚད་མེད་པའི་ཆོས་རྣམས་ཀྱི་ངེས་པའི་མཚན་ཉིད་རྟོགས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར། སྨོན་ལམ་ཚད་མེད་པས་ ལྷག་པའི་བསམ་པ་ཤིན་དུ་རྣམ་པར་དག་པར་བྱ་བའི་ཕྱིར། ཡོངས་སུ་རྫོགས་པར་ཤེས་པའི་ཕྱིར། སྦྱིན་པའི་རྒྱན་དང་། ངེས་པའི་རྣམ་པར་དག་པའི་ཕྱིར། ཚུལ་ཁྲིམས་ཀྱི་རྒྱན་དང་། བཟོད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། མཉེན་ཅིང་དེས་པའི་སེམས་དང་། རྣམ་པར་དག་པར་བྱ་བའི་ཕྱིར། བརྩོན་འགྲུས་དང་། ཡོངས་སུ་དག་པ་ཤེས་པར་བྱ་བའི་ཕྱིར། བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོང་དུ་ཆུད་ཅིང་རྟོགས་པར་བྱ་བ་དང་། དེ་དག་ལ་སོགས་པ་ཡོན་ ཏན་ཚད་མེད་པའི་ཕྱིར་འདུག་པ་ལས་ལངས་ནས། བླ་གོས་ཕྱོགས་གཅིག་ཏུ་བྱས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་སྐྱེ་བོ་མང་པོ་ལ་ཕན་པ་དང་ བདེ་བའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་གདུང་མི་གཅོད་པར་འགྱུར་བ་དང་། སྤྱོད་ལམ་ཀུན་ཏུ་ཚུལ་ཁྲིམས་ལ་མ་ཆགས་ཤིང་། ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་དང་། ཆོས་ཆེན་པོ་ལ་ནན་ཏན་ བྱེད་ཅིང་འཕགས་པའི་ཆོས་ཀྱི་སྤྱོད་ཡུལ་ཚད་མེད་པ་འཛིན་པ་ལ་ཤིན་ཏུ་མཁས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སླད་དུ་བདག་ཞུ་བ་ཞུའོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་རྣམས་ཀྱི་ཡང་ དག་པའི་མཚན་ཉིད་ལ་ཤིན་ཏུ་མཁས་པ་ལགས། ཇི་ལྟར་ན་ཆོས་རྣམས་ཀྱི་མཚན་ཉིད་ཤིན་ཏུ་རྣམ་པར་འབྱེད་པ་ལ་མཁས་པ་ལགས། ཇི་ལྟར་ན་དྲན་པའི་མཐུ་དང་ལྡན་པ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་ པ་ལ་མཁས་པའི་ཤེས་རབ་དང་ལྡན་པ་ལགས། ཇི་ལྟར་ན་ལུས་འདི་བོར་ནས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ཏུ་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་པ་ལགས། དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་ 55-1-8b བྱང་ཆུབ་སེམས་དཔའ་འཇིག་རྟེན་འཛིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ་ལེགས་སོ། །འཇིག་རྟེན་འཛིན་དེ་ལྟར་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕྱིར། དེ་བཞིན་གཤེགས་པ་ལ་དོན་དེ་དག་དྲིས་ པ་ནི་ལེགས་སོ། །ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར། ལྷ་དང་བཅས་པའི་འཇིག་རྟེན་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར། གཞན་ཡང་ད་ལྟར་གྱི་དུས་དང་། མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་ དཔའ་ལ་སོགས་པ་ལ་འོད་ཆེན་པོས་སྣང་བར་བྱ་བའི་ཕྱིར་དྲི་བ་དྲིས་པའི་བསོད་ནམས་ནི་དཔག་ཏུ་མེད་དོ། །ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་དོན་འདི་དག་དྲིས་པ་ནི་ངེས་པར་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཡོངས་སུ་གཅད་པའི་ཕྱིར། སེམས་ཅན་ཐམས་ཅད་འོད་ཀྱིས་སྣང་བར་བྱ་བ་དང་། བསྲུང་བར་བྱ་བའི་ཕྱིར། སེམས་ཅན་དག་ལ་ཕན་པའི་དོན་བསྟན་པའི་ཕྱིར། སྐྱེ་བོ་དག་གི་ཡང་ཟ་བའི་ལམ་ལས་བསྒྲལ་བར་བྱ་བའི་ཕྱིར། སྐྱེ་བོ་མང་པོའི་རྟེན་དང་། གནས་དང་། མགོན་དང་། སྐྱབས་བྱ་བའི་ཕྱིར། ངན་སོང་གསུམ་ལས་གདོན་ཅིང་དབྱུང་བའི་ཕྱིར། སེམས་ཅན་དག་བླ་ན་མེད་པའི་ལམ་ལ་བཟུད་པའི་ཕྱིར། སྐྱེ་བོ་མང་པོ་དག་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། སློས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་ དང་། སྡུག་བསྔལ་བ་དང་། འཁྲུག་པ་ལས་རྣམ་པར་གྲོལ་བའི་ཕྱིར། སེམས་ཅན་ལ་བླ་ན་མེད་པའི་མྱ་ངན་ལས་འདས་པའི་བདེ་བ་སྦྱིན་པའི་ཕྱིར། ཕྱི་མ་མ་འོངས་པའི་དུས་ན་དམ་པའི་ཆོས་བསྲུང་ཞིང་བསྐྱབ་པའི་ཕྱིར་ཕྱི་མ་མ་འོངས་པ་ འཇིགས་པའི་དུས་ངན་པའི་སེམས་ཅན་དག་སྒྲལ་བའི་ཕྱིར། དེ་བཞིན་བཤེགས་པ་ལ་དྲི་བར་སེམས་པ་ལེགས་སོ། །དེ་ལྟ་བས་ན་འཇིག་རྟེན་འཛིན་ཁྱོད་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིང་དང་། རྣམ་པར་ཕྱེ་སྟེ་བཤད་པར་བྱའོ། ། བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་གསོལ་ནས་བྱང་ཆུབ་སེམས་དཔའ་འཇིག་རྟེན་འཛིན་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་སྐྱེས་བུ་དམ་པ་དེ་ལ་འདི་སྐད་ཅེས་བྱ་སྟེ། ཕན་ 55-1-9a པའི་དོན་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ། ། བཞི་གང་ཞེ་ན། དྲན་པ་ཡོངས་སུ་རྫོགས་པ་ཐོབ་པར་བྱ་བ་དང་། དྲན་པ་རྒྱུན་མི་འཆད་པ་ཐོབ་པར་བྱ་བ་དང་། ཤིན་ཏུ་བྱང་བའི་ཤེས་རབ་ཀྱིས་གོང་ནས་གོང་དུ་འཕར་བ་དང་། རྟག་ཏུ་དྲན་པའི་སེམས་དང་ལྡན་པ་སྟེ། འཇིག་རྟེན་འཛིན་འདི་ དག་ནི་དོན་རྣམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་ པ་ཡིན་ནོ། །འཇིག་རྟེན་འཛིན་གཞན་ཡང་དོན་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་ འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ། །བཞི་གང་ཞེ་ན། ཆོས་རྣམས་ཀྱི་ངེས་པའི་དོན་ལ་ཤིན་ཏུ་ཤེས་པར་བྱ་བ་དང་། ཆོས་རྣམས་ཀྱི་རྒྱུ་དང་། རྐྱེན་རྣམ་པ་སྣ་ཚོགས་ཤིན་དུ་ཤེས་པར་བྱ་བ་དང་། ཆོས་རྣམས་ཀྱི་ཡང་དག་པའི་སྒོར་ འཇུག་པར་བྱ་བ་དང་བཞིའོ། །འཇིག་རྟེན་འཛིན་གཞན་ཡང་དོན་རྣམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ། །བཞི་གང་ཞེ་ན། ཚད་མེད་པའི་ཆོས་ཀྱི་མཚན་ཉིད་ཤིན་ཏུ་ཤེས་པར་བྱ་བ་དང་། ཚད་མེད་པའི་ངེས་པའི་ཆོས་བསྒོམ་པ་ལ་ཤིན་ཏུ་མཁས་པར་བྱ་བ་དང་། ཚད་མེད་པའི་ ཡོན་ཏན་དང་སྤྱོད་པ་འཕེལ་ཞིང་སྐྱེ་བར་བྱ་བ་དང་། ཆོས་རྣམས་ཀྱི་སྐྱེ་བ་དང་འགག་པའི་མཚན་ཉིད་ཤེས་པ་དང་མཐོང་བར་བྱ་བ་དང་བཞིའོ། །འཇིག་རྟེན་འཛིན་གཞན་ཡང་དོན་རྣམ་པ་བཞི་མཐོང་བའི་བྱང་ཆུབ་ 55-1-9b སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ། །བཞི་གང་ཞེ་ན། བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལ་བསྙེན་པར་བྱ་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་མྱུར་དུ་ཡོངས་སུ་རྫོགས་པར་བྱ་བ་དང་། ཆོས་རྣམས་ཀྱི་ཐབས་ལ་ཤིན་ཏུ་མཁས་པས། གཞན་གྱི་དྲིན་ལ་མི་འཇོག་པར་བྱ་བ་དང་། ཡེ་ཤེས་ དང་ཤེས་རབ་ཐམས་ཅད་ལ་ཤིན་ཏུ་མཁས་པར་བྱ་བའོ། །འཇིག་རྟེན་འཛིན་འདི་དག་ནི་དོན་རྣམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པ་ཡིན་ནོ། །འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ། །བཞི་གང་ཞེ་ན། སེམས་ཅན་ལ་ཕན་པ་དང་། བདེ་བའི་ཕྱིར་སེམས་ལ་སེར་སྣའི། དྲི་མ་མེད་པ་དང་། རྟག་ཏུ་ཚུལ་ཁྲིམས་རྣམ་པར་དག་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བདེ་བར་གནས་པས་བརྩོན་འགྲུས་སྤྱོད་པ་ལ་བར་ཆད་མེད་པ་དང་། ཡང་དག་པར་ཡིད་ལ་བྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་ཤིན་ཏུ་ནན་ཏན་བྱེད་པ་དང་བཞིའོ། །འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་ བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ། །བཞི་གང་ཞེ་ན། སྨོན་ལམ་ཕུན་སུམ་ཚོགས་པ་ཤིན་ཏུ་དག་པ་དང་ལྡན་པ་དང་། སྤྱོད་པའི་ནན་ཏན་ཕུན་སུམ་ཚོགས་པ་རྣམ་པར་དག་ 55-1-10a པ་དང་ལྡན་པ་དང་། ཇི་མི་སྙམ་པའི་བཟོད་པའི་ཡོན་ཏན་ལ་བདེ་བར་གནས་པ་དང་། ཆོས་རྣམས་ཡང་དག་པའི་མཚན་ཉིད་རྣམ་པར་འབྱེད་པའི་འོད་ཟེར་ཐོབ་པ་དང་བཞིའོ། །འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་ དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ། །བཞི་ གང་ཞེ་ན། མོས་པ་ཆེན་པོས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོལ་བ་དང་། བསམ་གཏན་དང་། རྣམ་པར་གྲོལ་བ་དང་། ཏིང་ངེ་འཛིན་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པས་མོས་པ་ཆེན་པོ་བསྐྱེད་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཆེན་པོའི་སེམས་ཐོབ་པར་བྱ་བའི་ཕྱིར་རྣམ་པར་དག་པའི་སྤྱད་པ་སྤྱོད་པ་ལ་སྦྱོར་བ་དང་། ངེས་པའི་དོན་ལ་ཤིན་ཏུ་ལེགས་པར་བསྒོམ་པ་དང་བཞིའོ། །འཇིག་རྟེན་འཛིན་ཡང་ཆོས་རྣམ་པ་བཞི་དང་ ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ། ། བཞི་གང་ཞེ་ན། ཤེས་རབ་ཀྱི་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་ཀྱི་སྤྱོད་ཡུལ་རྣམ་པར་དག་པ་ཚོལ་ཚོལ་བ་དང་། ཐོགས་པ་མེད་པའི་ཡེ་ཤེས་ལ་མོས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྨོན་ལམ་རྟག་ཏུ་ མི་སྤོང་བའོ། །འཇིག་རྟེན་འཛིན་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་ རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པ་ཡིན་ནོ། །འཇིག་རྟེན་འཛིན་གཞན་ཡང་དོན་རྣམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཚོལ་བར་འགྱུར་རོ། །བཞི་གང་ཞེ་ན། 55-1-10b དྲན་པའི་དབང་པོ་ཡོངས་སུ་རྫོགས་པ་གོམས་པར་བསྒོམ་པར་བྱ་བ་དང་། ཤིན་ཏུ་བདེ་བའི་ཤེས་རབ་སྤྱོད་པ་དང་། དྲན་པ་རྒྱུན་མི་འཆད་པ་དང་ལྡན་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་རྫོགས་པར་བསྒོམ་པ་དང་བཞིའོ། །འཇིག་རྟེན་ འཛིན་གཞན་ཡང་དོན་དམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཚོལ་བར་འགྱུར་རོ། །བཞི་གང་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྫོགས་པར་བྱ་བའི་ཕྱིར་རྟག་ཏུ་དྲན་པ་སེམས་ལ་ འཇོག་པ་དང་། དྲན་པའི་དབང་པོ་རྣོ་བས་སྔོན་གྱི་གནས་བསྒོམ་པ་ཤེས་པའི་ཤེས་རབ་རྣམ་པར་དག་པ་དང་ལྡན་པ་དང་། དྲན་པ་རྒྱུན་མི་འཆད་པར་མྱུར་དུ་འཐོབ་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་བསྐྱེད་པ་དང་ བཞིའོ། །འཇིག་རྟེན་འཛིན་དོན་རྣམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཚོལ་བར་འགྱུར་རོ། །བཞི་གང་ཞེ་ན། བསམ་པའི་ཐབས་ཡོངས་སུ་རྫོགས་པ་སྒོམ་པ་དང་། ཡང་དག་ པའི་ཡེ་ཤེས་དང་ཤེས་རབ་སྒོམ་པ་དང་། སངས་རྒྱས་ཀྱི་ཆོས་ཐོབ་པར་བྱ་བའི་ཕྱིར་ཤིན་ཏུ་བརྩོན་འགྲུས་བསྐྱེད་པ་དང་། དྲན་པའི་སྟོབས་རྒྱུན་མི་འཆད་པ་ཐོབ་པར་བྱ་བའི་ཕྱིར་དྲན་པ་མི་བརྗེད་པའོ། །འཇིག་རྟེན་འཛིན་འདི་དག་ནི་ དོན་རྣམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཚོལ་བ་ཡིན་ནོ། །འཇིག་རྟེན་འཛིན་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཐོབ་ པར་འགྱུར་རོ། །བཞི་གང་ཞེ་ན། ཤེས་རབ་ཤིན་ཏུ་བྱང་བ་དྲན་པའི་ཕྱིར་རྟག་ཏུ་རྒྱུན་མི་འཆད་པའི་བརྩོན་འགྲུས་དང་། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ཐོབ་པར་བྱ་བའི་ཕྱིར་རྩེ་གཅིག་པའི་སེམས་ཀྱིས་རྟག་ཏུ་རྒྱུན་མི་འཆད་ པ་དང་། ཆོས་ཐམས་ཅད་ཡང་དག་པར་དྲན་པར་བྱ་བའི་ཕྱིར་རྟག་ཏུ་ལེ་ལོ་མེད་པ་དང་། ཡང་དག་པའི་ཡིད་ལ་བྱ་བའི་ཕྱིར་རྟག་ཏུ་དབང་པོ་རྣམས་བསྲུང་བ་དང་བཞིའོ། །འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ 55-1-11a ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཐོབ་པར་འགྱུར་རོ། །བཞི་གང་ཞེ་ན། ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པ་དང་། སྤྱོད་ལམ་རྣམ་པར་དག་པ་དང་ལྡན་པ་དང་། སྤྱོད་པའི་གནས་ཀུན་ཏུ་སེམས་ཀྱི་སྒྲིབ་པ་ལྔ་ཡོངས་སུ་བསལ་ཏེ་འཇིག་རྟེན་ཀྱི་ཆོས་ལ་མི་ཆགས་པ་དང་། ལས་ཀྱི་སྒྲིབ་པ་དང་ཉོན་མོངས་པའི་སྒྲིབ་པ་ཡོངས་སུ་སྤངས་པ་དང་བཞིའོ། །འཇིག་རྟེན་འཛིན་གཞན་ཡང་ ཆོས་རྣམ་པ་བཞི་ག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཐོབ་པར་འགྱུར་རོ། །བཞི་གང་ཞེ་ན། མི་འཁྲུགས་པའི་སེམས་ཀྱིས་དགེ་བའི་ཆོས་ཚོལ་བ་དང་སེམས་ཀྱི་མཚན་ ཉིད་གཅིག་ལ་གོམས་པར་བསྒོམས་པ་དང་། ཆོས་རྣམས་ཀྱི་རྣམ་གྲངས་ལ་ཡང་དག་པར་འཇུག་ཅིང་ཤིན་ཏུ་མཁས་པ་དང་། འདུ་འཛི་ལ་མི་མོས་པས་ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བའི་གང་ཟག་སྤོང་བ་དང་བཞིའོ། ། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཐོབ་པར་འགྱུར་རོ། །བཞི་གང་ཞེ་ན། དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། རྟག་ཏུ་ཆོས་ ཟབ་མོ་ལ་ནན་ཏན་བྱེད་པ་དང་། རྟག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གན་དུ་འགྲོ་བ་ལ་དགའ་བ་དང་། གསོལ་བ་དང་ཞུ་བ་ལ་དགའ་ཞིང་ཤེས་རབ་སྒོམ་པ་ལ་མོས་པའོ། །འདི་དག་ནི་ཆོས་རྣམ་པ་འདི་བཞི་དང་ལྡན་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཐོབ་པ་ཡིན་ནོ། །འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་ རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་རོ། །བཞི་གང་ཞེ་ན། ཆོས་ཐམས་ཅད་ཀྱི་ཡང་དག་པའི་མཚན་ཉིད་ལ་ཤིན་ཏུ་མཁས་པ་དང་། ཆོས་ཐམས་ཅད་ཀྱི་རྒྱུར་གྱུར་པ་རྣམ་པར་ 55-1-11b འབྱེད་པ་ལ་ཤིན་ཏུ་མཁས་པ་དང་། ཆོས་ཐམས་ཅད་ཀྱི་ངེས་པའི་དོན་ལ་མཁས་པ་དང་། ཆོས་ཐམས་ཅད་ཀྱི་སྨྲ་བ་དང་། ཚིག་གི་རྣམ་གྲངས་ལ་མཁས་པ་དང་བཞིའོ། །འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་ལོ། །བཞི་གང་ཞེ་ན། ཆོས་རྣམས་ཀྱི་ཇི་ལྟ་བའི་གོ་རིམས་ལ་མཁས་པ་དང་། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཐབས་ལ་མཁས་པ་དང་། ཆོས་ཐམས་ཅད་ནན་ཏན་བྱ་བའི་ཐབས་དང་ལྡན་པ་དང་། ངེས་པའི་དོན་དང་བཀྲི་བའི་དོན་གྱི་མདོ་སྡེ་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པ་དང་བཞིའོ། ། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་རོ། ། བཞི་གང་ཞེ་ན། ལམ་དང་ལམ་མ་ཡིན་པའི་ཤེས་པ་ཤིན་ཏུ་སློབ་པ་ལ་མཁས་པ་དང་། ཆོས་ཐམས་ཅད་ཀྱི་དོན་ལ་བཤད་པའི་དབང་པོ་ཐོབ་པ་དང་། མྱུར་དུ་རྣམ་པར་དག་པའི་ཤེས་རབ་ཀྱི་སྤྱོད་ཡུལ་ཐོབ་པ་དང་། ཡེ་ཤེས་ཀྱི་ ཕ་རོལ་ཏུ་ཕྱིན་པ་རྫོགས་པར་སྒོམ་པའོ། །འཇིག་རྟེན་འཛིན་འདི་དག་ནི་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ ཤིང་ཤེས་རབ་ལ་ནན་ཏན་བྱེད་པ་ཡིན་ནོ། །འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ ཤིང་ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་རོ། །བཞི་གང་ཞེ་ན། ཀུན་འབྱུང་གི་མཚན་ཉིད་ཀྱི་ཆོས་ཐམས་ཅད་སྒོམ་པ་ལ་མཁས་པ་དང་། ཆོས་ཐམས་ཅད་ཀྱི་རྒྱུ་འགོག་པའི་མཚན་ཉིད་ལ་ཤིན་ཏུ་མཁས་པ་དང་། ཆོས་ཐམས་ 55-1-12a ཅད་ཀྱི་རྐྱེན་ཀྱི་མཚན་ཉིད་ལ་ཤིན་ཏུ་མཁས་པ་དང་། རྒྱུ་དང་རྐྱེན་ཀྱིས་ཐབས་ལ་འཇུག་པ་དང་བཞིའོ། །འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྣམས་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་རོ། །བཞི་གང་ཞེ་ན། སྡུག་བསྔལ་བའི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པ་དང་། ཀུན་འབྱུང་གི་ཆོས་ཐམས་ ཅད་ལ་ཤིན་ཏུ་མཁས་པ་དང་། འགོག་པའི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པ་དང་། འགོག་པ་དང་ལམ་གྱི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པ་དང་བཞིའོ། །འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་རོ། །བཞི་གང་ཞེ་ན། ཆོས་རྣམས་འདུ་བ་དང་འཇིག་པའི་སྦྱོར་བ་ལ་ མཁས་པ་དང་། སྔོན་གྱི་རྒྱུས་མཐུ་ཐོབ་པ་དང་ཆོས་ཐམས་ཅད་ཀྱི་ཅི་དང་ཅིས་འདུལ་བ་ལ་ཤིན་ཏུ་མཁས་པ་དང་། ཡི་གེ་དང་། འབྲུ་དང་། ཚིག་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པ་དང་བཞིའོ། །འཇིག་རྟེན་འཛིན་གཞན་ཡང་ཆོས་ རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་རོ། །བཞི་གང་ཞེ་ན། དཀྲི་བའི་དོན་གྱི་ མདོ་སྡེ་ལ་ཤིན་ཏུ་མཁས་པ་དང་། ངེས་པའི་དོན་གྱི་མདོ་སྡེའི་ཚིག་གི་རྗེས་སུ་མི་འབྲང་བ་དང་། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་རྒྱུ་ལ་ཤིན་ཏུ་མཁས་པ་དང་། ཆོས་ཐམས་ཅད་ཀྱི་མཚན་མ་མེད་པའི་ཡེ་ཤེས་ལ་བདེ་བར་གནས་པ་ སྟེ། འཇིག་རྟེན་འཛིན་འདི་དག་ནི་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་ཤེས་རབ་ལ་ནན་ཏན་བྱེད་པ་ཡིན་ནོ། ། 55-1-12b འཇིག་རྟེན་འཛིན་ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལུས་འདི་བོར་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་པར་འགྱུར་རོ། ། བཞི་གང་ཞེ་ན། དགེ་བ་དང་མི་དགེ་བའི་ཆོས་ལ་ཤིན་ཏུ་རྟོགས་པ་དང་། དྲན་པ་དང་ཤེས་རབ་ཕུལ་དུ་གྱུར་པ་དང་། སེམས་ཀྱི་སྒྲིབ་པ་ལྔ་ཡོངས་སུ་སྤངས་པ་དང་། ནམ་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ དྲན་པ་མ་ཉམས་པ་དང་བཞིའོ། །འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལུས་འདི་བོར་ནས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཀྱི་བར་དུ་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་པར་འགྱུར་རོ། །བཞི་གང་ཞེ་ན། དྲན་པ་ཉེ་བར་གཞག་པ་བཞི་ལ་ཤིན་ཏུ་ནན་ཏན་བྱེད་པ་དང་། རྣམ་པར་འབྱེད་པའི་ཤེས་རབ་ལ་ཤིན་ཏུ་ནན་ཏན་བྱེད་པ་དང་། ཏིང་ངེ་འཛིན་ རྣམས་ཀྱི་ཐོག་མར་ཤེས་རབ་གཏོང་བ་དང་། ངེས་པའི་ཤེས་རབ་ཁོང་དུ་ཆུད་པ་དང་བཞིའོ། །འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལུས་འདི་བོར་ནས་ ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་པར་འགྱུར་རོ། །བཞི་གང་ཞེ་ན། གཟུངས་ཀྱི་སྒོ་ཐོབ་པ་དང་། མ་སྐྱེས་པའི་ཡེ་ཤེས་སྒོམ་པ་དང་། ཟད་པའི་ཡེ་ཤེས་ལ་ འཇུག་པ་དང་། འགོག་པའི་ཡེ་ཤེས་རྟོགས་པར་བྱ་བ་དང་བཞིའོ། །འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལུས་འདི་བོར་ནས་ནམ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་པར་འགྱུར་རོ། །བཞི་གང་ཞེ་ན། བྱམས་སྡང་མེད་པར་བྱ་བ་དང་། འདུ་བྱས་ཀྱི་ཆོས་ཐམས་ཅད་ལ་མི་ཆགས་པ་དང་། འདུས་མ་བྱས་པའི་ཡེ་ 55-1-13a ཤེས་རྟོགས་པ་དང་། དེ་བཞིན་གཤེགས་པའི་སྤྱོད་ཡུལ་དུ་ཕྱིན་པར་བྱེད་པའོ། །འཇིག་རྟེན་འཛིན་འདི་དག་ནི་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལུས་འདི་བོར་ ནས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་པ་ཡིན་ནོ། །འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ལྡན་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་གོང་མ་རྣམས་རྫོགས་པར་འགྱུར་རོ། །ལྔ་གང་ཞེ་ན། ཤིན་ཏུ་ལྷག་པའི་བསམ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། སྨོན་ལམ་རྣམ་པར་དག་པའི་ཡེ་ཤེས་ཀྱི་ སྟོབས་དང་། དགེ་བའི་རྩ་བ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། བསྔོ་བ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྔའོ། །འཇིག་རྟེན་འཛིན་གཞན་ཡང་ རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་གོང་མ་རྣམས་རྫོགས་པར་འགྱུར་རོ། །ལྔ་གང་ཞེ་ན། སྤྱོད་ལམ་གྱི་གནས་རྣམ་པར་དག་པའི་ ཡེ་ཤེས་ཀྱི་སྟོབས་དང་། དྲན་པ་དང་ལྡན་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། སྦྱོར་བའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། སེམས་ལ་དམིགས་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། མཚན་ཉིད་ ལ་དམིགས་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྔའོ། །འཇིག་རྟེན་འཛིན་གཞན་ཡང་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་ གོང་མ་རྣམས་རྫོགས་པར་འགྱུར་རོ། །ལྔ་གང་ཞེ་ན། གཏོང་བའི་སེམས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། སེམས་ཅན་ལ་ཕན་པ་དང་བདེ་བ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། བྱམས་པ་ཆེན་པོ་བསྐྱེད་ 55-1-13b པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། སྙིང་རྗེ་ཆེན་པོ་བསྐྱེད་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་བསྐྱེད་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྔའོ། ། འཇིག་རྟེན་འཛིན་གཞན་ཡང་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་གོང་མ་རྣམས་རྫོགས་པར་འགྱུར་རོ། །ལྔ་གང་ཞེ་ན། ཚུལ་ཁྲིམས་ བསྲུངས་བའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། ཚུལ་ཁྲིམས་བསྲུངས་བ་ལ་མ་ཆགས་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། བཟོད་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། བཟོད་པ་ལ་མ་ཆགས་པ་ རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། མང་དུ་ཐོས་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྔའོ། །འཇིག་རྟེན་འཛིན་གཞན་ཡང་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ལྡན་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་གོང་མ་རྣམས་རྫོགས་པར་འགྱུར་རོ། །ལྔ་གང་ཞེ་ན། ལྷག་པའི་བརྩོན་འགྲུས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། བརྩོན་འགྲུས་ལེན་པ་རྣམ་པར་དག་པའི་ཡེ་ཤེས་ གྱི་སྟོབས་དང་། བསམ་གཏན་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། བསམ་གཏན་གྱི་ཐབས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། ཞི་གནས་དང་ལྷག་མཐོང་གི་ཐབས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྔའོ། ། འཇིག་རྟེན་འཛིན་གཞན་ཡང་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་གོང་མ་རྣམས་རྫོགས་པར་འགྱུར་རོ། །ལྔ་གང་ཞེ་ན། ཤེས་རབ་ རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། མང་དུ་ཐོས་པའི་ངེས་པར་སྦྱོར་བ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདའ་བ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། ཤེས་རབ་དང་ 55-1-14a ཐབས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། འདུ་བྱས་དང་འདུས་མ་བྱས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྔའོ། །འཇིག་རྟེན་འཛིན་གཞན་ཡང་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་གོང་མ་རྣམས་རྫོགས་པར་འགྱུར་རོ། །ལྔ་གང་ཞེ་ན། ཐབས་ལ་རྟོག་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། རིག་པ་དང་། རྣམ་པར་གྲོལ་བ་རྣམ་པར་དག་ པའི་ཡེ་ཤེས་ཀྱི་སྟོབས་དང་། མ་སྐྱེས་པའི་མཚན་ཉིད་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། མཚན་ཉིད་གཅིག་པ་དང་མཚན་ཉིད་མེད་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། དོན་དམ་པ་དང་ཀུན་རྫོབ་རྣམ་པར་དག་པའི་ ཡེ་ཤེས་ཀྱི་སྟོབས་སོ། །འཇིག་རྟེན་འཛིན་དེ་དག་ནི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མྱུར་དུ་ཡོན་ཏན་གོང་མའི་རྣམས་རྫོགས་པ་ཡིན་ནོ། །འཇིག་ རྟེན་འཛིན་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དེ་དག་བསྒོམ་པ་ལ་ཤིན་ཏུ་བརྩོན་པར་བྱའོ། །འཇིག་རྟེན་འཛིན་ཆོས་རྣམ་པ་གསུམ་དང་ལྡན་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ལ་བརྩོན་པར་འགྱུར་རོ། །གསུམ་གང་ཞེ་ན། མོས་པ་དང་། བརྩོན་འགྲུས་དང་། བག་བྱེད་པའོ། །ཆོས་རྣམ་པ་འདི་གསུམ་དང་། ལྡན་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་ཐམས་ཅད་རྫོགས་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ལ་བརྩོན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་མོས་པ་དང་། བརྩོན་འགྲུས་དང་། བག་བྱེད་པ་ནི་ཆོས་ཐམས་ཅད་ཀྱི་ རྩ་བ་ཡིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ལ་ནན་ཏན་བྱེད་པ་ནི་མྱུར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་ཏེ། བརྩོན་འགྲུས་ལས་ཕྱིར་མི་ལྡོག་པ་ཞེས་བྱའོ། ། 55-1-14b ཆོས་ལས་ཕྱིར་མི་ལྡོག་པ་ཞེས་བྱའོ། །ཡོན་ཏན་དེ་ཉིད་མྱུར་དུ་འཕེལ་ཞིང་སྐྱེ་བ་འམ་འཐོབ་པར་འགྱུར་ལ། ཆོས་ཐམས་ཅད་ལ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ཀྱང་མྱུར་དུ་འཐོབ་བོ། །འཇིག་རྟེན་འཛིན་གང་ཟག་གང་ ཞིག་དེ་ལྟར་ཆོས་ཐམས་ཅད་ལ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ཐོབ་པ་ནི་འཇིག་རྟེན་གྱི་བསོད་ནམས་ཀྱི་ཞིང་ཞེས་བྱའོ། །གང་ཟག་དེ་ནི་ངའི་འོག་དུ་མཆོད་པའི་རྙེད་པ་ཞུ་བ་ཞེས་བྱའོ། །གང་ཟག་དེ་ནི་དེ་བཞིན་གཤེགས་ པའི་སྤྱོད་ཡུལ་གྱི་གནས་སུ་ཕྱིན་པ་ཞེས་བྱའོ། །གང་ཟག་དེ་ནི་དེ་བཞིན་གཤེགས་པའི་ཆོས་རྟོགས་པ་ཞེས་བྱའོ། །གང་ཟག་དེས་རིང་པོ་མི་ཐོགས་པར་དེ་བཞིན་གཤེགས་པའི་ཡེ་ཤེས་ཆུད་པར་འགྱུར་རོ། །འཇིག་རྟེན་འཛིན་ང་སྔོན་ བསྐལ་པ་ཚད་མེད་གྲངས་མེད་པའི་བར་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སངས་རྒྱས་མར་མེ་མཛད་ཀྱིས་ང་ལ་ཁྱོད་བསྐལ་པ་གྲངས་མེད་པ་འདས་ནས་མངོན་པར་འཚང་རྒྱའོ་ཞེས་ལུང་བསྟན་ཏེ། ངས་དེའི་ཚེ་ཉིད་ན་ རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དེ་དག་ཀུན་ཤེས་པར་གྱུར་ཏོ། །འཇིག་རྟེན་འཛིན་གང་ཟག་གང་ཞིག་ཆོས་ཐམས་ཅད་ལ་དེ་ལྟ་བུའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྡན་པར་འགྱུར་བ་ནི། གང་ཟག་དེས་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ན་ད་ལྟར་ངས་ཇི་ལྟར་ཐོབ་པ་བཞིན་ནོ། །གང་ཟག་དེས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བའང་ངས་ཇི་ལྟར་བསྐོར་བ་བཞིན་ནོ། །གང་ཟག་དེས་སེང་གེའི་སྒྲ་སྒྲོག་པར་འགྱུར་བ་འང་ ཇི་ལྟར་སྒྲ་སྒྲོགས་པ་བཞིན་ནོ། །གང་ཟག་དེས་རང་བཞིན་གྱིས་ཆོས་ཐམས་ཅད་ལ་དབང་བ་དང་སྟོབས་ཐོབ་པ་ཡང་ད་ལྟར་གྱི་ང་ཇི་ལྟ་བ་བཞིན་ནོ། །འཇིག་རྟེན་འཛིན་ཁྱོད་ཀྱིས་ཀྱང་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་འདི་བསྒོམ་ པ་ལ་བརྩོན་པར་བྱས་ན་རིང་པོར་མི་ཐོགས་པར་ཡེ་ཤེས་དང་ཤེས་རབ་ཐམས་ཅད་ལྷུན་གྱིས་གྲུབ་པར་འགྱུར་རོ། །འཇིག་རྟེན་འཛིན་སྔོན་བསྐལ་པ་གྲངས་མེད་ཚད་མེད་པ་འདས་པ་དེའི་ཚེ་དེའི་དུས་ན། བཅོམ་ལྡན་འདས་ཡེ་ཤེས་མཐོ་བའི་ 55-1-15a རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ་སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མིའི་སྟོན་པ། སངས་རྒྱས་བཅོམ་འདས་ འཇིག་རྟེན་དུ་བྱུང་ངོ་། །འཇིག་རྟེན་འཛིན་བཅོམ་ལྡན་འདས་ཡེ་ཤེས་མཐོ་བའི་རྒྱལ་པོ་དེ་ལ་ཉན་ཐོས་ཀྱི་དགེ་འདུན་ཚད་མེད་པ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེད་མེད་པ་ཡོད་དོ། །དེ་ཡང་བཅོམ་ལྡན་འདས་དེའི་སྔོན་གྱི་ སྨོན་ལམ་གྱི་རྒྱུ་དང་རྐྱེན་ཀྱི་དབང་གིས་སོ། །བཅོམ་ལྡན་འདས་ཡེ་ཤེས་མཐོ་བའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དེ་ན་ངན་སོང་གསུམ་གྱི་མིང་ཡང་མི་གྲག་སྟོ། སེམས་ཅན་དེ་དག་ཀྱང་སྡུག་བསྔལ་ཡོད་པར་མི་ཚོར་ཞིང་མཐར་བདེ་ བ་དང་སྐྱིད་པ་ཕུན་སུམ་ཚོགས་པ་དང་ལྡན་པས་འདོད་པ་ཡོངས་སུ་སྤངས་པ་མང་སྟེ། སྒྲིབ་པ་ལྔ་ཡང་རབ་ཏུ་བཅིལ་བ་ཤ་སྟག་གོ། །སེམས་ཅན་དེ་དག་དེ་ལྟར་ཡོངས་སུ་དག་པའི་བདེ་བ་དང་ལྡན་པ་ནི་བསམ་གཏན་བཞི་ པའི་བདེ་བ་ཐོབ་པ་བཞིན་ནོ། །བཅོམ་ལྡན་འདས་ཡེ་ཤེས་མཐོ་བའི་རྒྱལ་པོ་དེའི་ཚེའི་ཚད་ནི་བསྐལ་པ་ཁྲི་ཕྲག་ཁྲག་ཁྲིག་སྙེད་དོ། །དེའི་ཚེ་ན་འཇིག་རྟེན་དེའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པས་མཛད་དེ། དེ་མ་ཡིན་པའི་རྒྱལ་པོ་ གཞན་མེད་པས་ཡུལ་དེའི་སེམས་ཅན་དག་བཅོམ་ལྡན་འདས་ལ་ཆོས་ཀྱི་རྒྱལ་པོ་ཞེས་བརྗོད་དོ། །བཅོམ་ལྡན་འདས་ཡེ་ཤེས་མཐོ་བའི་རྒྱལ་པོ་དེ་བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་བྱིང་སེམས་ ཅན་ཐམས་ཅད་ཀྱི་སེམས་མགུ་བར་འགྱུར་བ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྟོན་ཏོ། །དེའི་ཚེ་ན་བྱང་ཆུབ་སེམས་དཔའ་ལྔ་བརྒྱས་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་བཤད་ པ་ཐོས་ནས་འདི་ལྟ་བུའི་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་པར་གྱུར་ཏོ། །འདི་ལྟ་སྟེ། ནམ་འཚོའི་བར་དུ་འདུག་པའི་སེམས་མི་སྐྱེད་པ་དང་། ནམ་འཚོའི་བར་དུ་གོས་སུ་འདུ་ཤེས་པ་མི་སྐྱེད་པ་དང་། ནམ་འཚོའི་བར་དུ་བདག་ 55-1-15b ཏུ་འདུ་ཤེས་པ་དང་། སེམས་ཅན་དུ་འདུ་ཤེས་པ་དང་། སྐྱེས་པ་དང་། བུད་མེད་དུ་འདུ་ཤེས་པ་མི་སྐྱེད་པ་དང་། ནམ་འཚོའི་བར་དུ་ཟས་མང་དུ་མི་ཟ་ཞིང་འདི་ལྟ་བུའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ལ་ནན་ཏན་བྱེད་དོ། །བརྩོན་ འགྲུས་ལ་རབ་ཏུ་འབད་པའི་བྱང་ཆུབ་སེམས་དཔའི། ལྔ་བརྒྱ་པོ་དེ་དག་དགེ་བའི་རྩ་བ་དེ་ཉིད་ཀྱི་རྒྱུ་དང་རྐྱེན་ཀྱིས་ཚེ་འཕོས་ནས་ཐམས་ཅད་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་ཁྲི་ཕྲག་བཅུ་འདས་པའི་ཕ་རོལ་གྱི་ སངས་རྒྱས་ཀྱི་ཞིང་དུ་སྐྱེས་སོ། །དེར་སྐྱེས་ནས་ཆོས་དེ་ལ་ནན་ཏན་བྱས་པས་རིང་པོ་མི་ཐོགས་པར་སྔོན་གྱི་གནས་དྲན་ཏེ་དབང་པོ་ནོན་པོར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་ན་ཚད་མེད་པའི་མེ་ཏོག་བརྩེགས་པའི་རྒྱལ་པོ་ ཞེས་བྱ་བའི་དེ་བཞིན་གཤེགས་པ་ད་ལྟར་བཞུགས་ཏེ། འཚོ་སྐྱོང་ཞིང་ཆོས་སྟོན་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ལོ་བཅུ་དྲུག་ལོན་ནས། བཅོམ་ལྡན་འདས་ཚད་མེད་པའི་མེ་ཏོག་བརྩེགས་པའི་རྒྱལ་པོའི་བསྟན་པ་ལ་ རབ་ཏུ་བྱུང་སྟེ། ལོ་ཁྲི་ཕྲག་དྲུག་བཅུའི་བར་དུ་གཞོན་ནུར་ཚངས་པར་སྤྱད་པ་སྤྱོད་ཅིང་དེ་ལྟ་བུའི་བརྩོན་འགྲུས་ལ་ནན་ཏན་བྱེད་དོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་པོ་དེ་དག་ད་ལྟར་དེ་བཞིན་གཤེགས་པ་ ཁྲི་ཕྲག་ཉི་ཤུ་དང་ཕྲད་དེ། བཅོམ་ལྡན་འདས་དེ་དག་གི་སྤྱན་སྔར་བརྩོན་འགྲུས་ཤིན་ཏུ་བརྩོམས་པས་དྲན་པ་དང་། བདེ་བ་དང་། ཤེས་རབ་ཕུལ་དུ་གྱུར་པ་དང་ལྡན་པར་གྱུར་ཏོ། །ཐ་མ་བཅོམ་ལྡན་འདས་ཚད་མེད་པ་སྟོབས་མཐོ་བའི་ རྒྱལ་པོ་ཞེས་བྱ་བ་དང་ཕྲད་ནས་བཅོམ་ལྡན་འདས་དེས་ལུང་བསྟན་པ་མེད་བསྐལ་པ་ཁྲི་འདས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ་ཞེས་ལུང་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ པོ་དེ་དག་ཀྱང་བསྐལ་པ་ཁྲིའི་བར་དུ་སངས་རྒྱས་སྟོང་ཕྲག་གཉིས་དང་ཕྲད་ནས་སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་རྫོགས་ཏེ། བསྐལ་པ་གཅིག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། ། 55-1-16a འཇིག་རྟེན་འཛིན་དེ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་དག་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ལ་དེ་ལྟར་མོས་པ་དང་། བརྩོན་འགྲུས་དང་། བག་བྱེད་པ་བསྐྱེད་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་སངས་རྒྱས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་རྩ་བ་ནི་མོས་པ་དང་། བརྩོན་འགྲུས་དང་། བག་བྱེད་ པ་དང་། གཞན་ཡང་བྱང་ཆུབ་ཀྱི་ཕྱོགས་སུ་གྱུར་པའི་ཆོས་གང་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པར་བྱེད་པ་རྣམས་སོ། །འཇིག་རྟེན་འཛིན་ངས་དེ་ལྟ་བུའི་བརྩོན་འགྲུས་ཀྱིས་སངས་རྒྱས་ཁྲི་ཕྲག་ཉི་ཤུ་དང་ཕྲད་དེ། སངས་རྒྱས་ དེ་དག་གི་ཆོས་ཀྱང་སྐྱེ་བའི་གནས་ཐམས་ཅད་དུ་དྲན་པ་དང་ལྡན་པར་འགྱུར། སྐྱེ་བའི་གནས་ཐམས་ཅད་དུ་སྔོན་གྱི་གནས་དྲན་པས་ཆོས་འདི་བསྒོམ་པ་ལ་བར་ཆད་མེད་དེ། ངས་མོས་པ་དང་། བརྩོན་འགྲུས་བག་བྱས་པ་ ལས་མ་ཉམས་པས་རྟག་ཏུ་མོས་པ་དང་། བརྩོན་འགྲུས་དང་། བག་ཡོད་པ་དང་ལྡན་པར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཐུགས་རྗེ་དང་བྱམས་པ་ཆེན་པོའི་ཐུགས་ཀྱིས་ཕྱོགས་བཞིར་གཟིགས་ནས་མངོན་པར་ཤེས་པའི་ རྫུ་འཕྲུལ་གྱི་མཐུ་བསྟན་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་འཛམ་བུའི་གླིང་ཀུན་ཏུ་སྤྲུལ་པའི་སངས་རྒྱས་དག་བཞུགས་ཤིང་སེམས་ཅན་རྣམས་ལ་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་ཅིང་། སེམས་ཅན་ ཐམས་ཅད་ཀྱི་སེམས་མགུ་བར་བྱེད་པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་མདོ་སྟོན་པར་གྱུར་ཏོ། །གཞན་ཡང་རྫུ་འཕྲུལ་གྱི་མཐུས་འོད་མའི་ཚལ་གྱི་འཁོར་གྱི་དཀྱིལ་འཁོར་ཀུན་ཀྱང་སྤྲུལ་པའི་སངས་རྒྱས་ཀྱིས་ འཛམ་བུའི་གླིང་གང་བ་བཞུགས་ཤིང་སོ་སོ་ནས་དམ་པའི་ཆོས་སྟོན་པར་མཐོང་ནས། འཁོར་གྱི་དཀྱིལ་འཁོར་རྣམས་རབ་ཏུ་དགའ་བར་གྱུར་ཏེ། འདུག་པ་ལས་ལངས་ནས་སངས་རྒྱས་ལ་ཕྱག་འཚལ་ཏེ་འདི་སྐད་དུ་ངོ་མཚར་ 55-1-16b ཆེའོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་ཀྱི་མཐུ་བསམ་གྱིས་མི་ཁྱབ་བོ། །ཚད་མེད་པའི་བསམ་གྱིས་མི་ཁྱབ་པའི་ཆོས་ལྷུན་ཀྱིས་གྲུབ་བོ་ཞེས་སྨྲས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་མང་ པོ་རྣམས་ལ་བཀའ་སྩལ་པ་རིགས་ཀྱི་བུ་དག་དེ་བཞིན་གཤེགས་པས་བསྟན་པའི་དངོས་པོ་འདི་དག་ངོ་མཚར་ཆེ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཆོས་ཉིད་ཐུགས་སུ་ཆུད་པས་བ་སྤུའི་ཁུང་བུ་གཅིག་ ནས་ཀྱང་མངོན་པར་ཤེས་པའི་རྫུ་འཕྲུལ་གྱི་མཐུས་འོད་ཟེར་བཀྱེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བར་མཛད་ཅིང་ཆོས་ཀྱི་གསུང་སྒྲོགས་ཀྱང་བ་སྤུའི་ཁུང་བུ་གཅིག་ནས་བསྟན་པའི་བརྒྱ་སྟོང་གི་ ཆ་གཅིག་ཙམ་ཡང་རྫོགས་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་དེ་ལྟར་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ལྷུན་གྱིས་གྲུབ་པའོ། །རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་ནི་སེམས་ཅན་དག་གི་བསམ་པ་ཐུགས་སུ་ཆུད་པས་དེ་ལ་ ཆོས་སྟོན་ཏོ། །རིགས་ཀྱི་བུ་རྣམས་ད་ལྟར་གྱི་དུས་ཀྱི་སེམས་ཅན་དེ་དག་ནི་ཆོས་འདི་སྤྱོད་པ་ལ་མོས་པ་ཉུང་ངོ་། །རིགས་ཀྱི་བུ་དག་ད་ལྟར་གྱི་དུས་ཀྱི་སེམས་ཅན་དག་ནི་ཆོས་འདི་སྤྱོད་པ་ལ་བརྩོན་འགྲུས་རྩོམ་པ་ཉུང་ངོ་། །རིགས་ཀྱི་བུ་དག་ ད་ལྟར་གྱི་དུས་ཀྱི་སེམས་ཅན་དག་ནི་ཆོས་འདི་ལ་བག་བྱེད་པར་སྤྱོད་པ་འང་ཉུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དུས་ངན་པའི་སེམས་ཅན་དག་ནི་ཆོས་འདི་ལ་སྤྱོད་པ་འང་རབ་ཏུ་ཉུང་ངོ་། །དེ་བཞིན་གཤེགས་པ་ནི་རྙོག་པ་ལྔའི་འཇིག་རྟེན་ ངན་པར་འབྱུང་ངོ་། །འདི་ལྟ་སྟེ། སེམས་ཅན་གྱི་རྙོག་པ་དང་། ལྟ་བའི་རྙོག་པ་དང་། ཚེའི་རྙོག་པ་དང་། ཉོན་མོངས་པའི་རྙོག་པ་དང་བསྐལ་པའི་རྙོག་པའོ། །རིགས་ཀྱི་བུ་དག་ཆུང་ངུ་ན་སེམས་ཅན་འགའ་ཞིག་ཤིན་ཏུ་ཟབ་མོ་རྣམ་ པར་དག་པའི་ཆོས་འདི་ལ་ཡིད་ཆེས་ཏེ། སངས་རྒྱས་ཀྱི་ཤེས་རབ་ལ་ཕྱིན་པར་བྱེད་ན་དེ་ནི་ཤིན་ཏུ་ངོ་མཚར་ཆེ་བ་ཡིན་ན་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་མོས་པ་ལྟ་ཅི་སྨོས། རིགས་ཀྱི་བུ་དག་ང་རྟག་ཏུ་ཡུན་རིང་པོ་ནས་དེ་ལྟ་བུའི་ 55-1-17a སྨོན་ལམ་གྱིས་བརྒྱན་ཅིང་དེ་ལྟ་བུའི་བརྩོན་འགྲུས་དང་བཟོད་པ་བྱས་པ་ཡང་སྡུག་བསྔལ་གྱིས་བཟིར་བའི་སེམས་ཅན་མགོན་མེད་པ་དང་། སྐྱབས་མེད་པ་དང་། ངན་སོང་དུ་ལྟུང་བ་དག་གི་ཕྱིར་རོ། །ང་དེའི་ཚེ་ན་མངོན་པར་ སངས་རྒྱས་ནས་སྐྱེ་བོ་གྲངས་མེད་ཚད་མེད་པ་དག་ལ་ཕན་པ་དང་བདེ་བའི་དོན་བྱས་སོ། །རིགས་ཀྱི་བུ་དག་དེ་བས་ན་དེ་བཞིན་གཤེགས་པའི་སྔོན་གྱི་རྣམ་པར་དག་པའི་སྨོན་ལམ་དང་། བརྩོན་འགྲུས་ཀྱི་བྱིན་གྱིས་སེམས་ཅན་གྲངས་མེད་ཚད་ མེད་པ་རྣམས་འདི་ལྟ་བུའི་ཤིན་ཏུ་ཟབ་མོའི་ཆོས་ལ་དད་ཅིང་ཡིད་ཆེས་པ་དང་གཟུངས་སུ་འཛིན་པར་གྱུར་ཏོ། །རིགས་ཀྱི་བུ་དག་ངས་སྔོན་བཏུལ་བའི་སེམས་ཅན་དག་ངའི་ཆོས་འདི་ལ་ཡིད་ཆེས་པར་གྱུར་ཏོ། །རིགས་ཀྱི་བུ་དག་སངས་རྒྱས་བཅོམ་ ལྡན་འདས་ཀྱི་སྟོབས་བཅུ་དང་མི་འཇིགས་པ་བཞིས་སེམས་ཅན་དག་འདི་ལྟ་བུའི་ཤིན་ཏུ་ཟབ་མོའི་ཆོས་ལ་ཡིད་ཆེས་པར་བྱས་པ་ཉུང་ངོ་། །སེམས་ཅན་གང་ཆོས་འདི་ལ་གནས་པ་ནི་ཀུན་ཀྱང་དེ་བཞིན་གཤེགས་པའི་དགོངས་པའི་མཐུ་དང་ ཐབས་ཀྱི་དབང་གིས་སོ། །ང་ནི་ཡུན་རིང་པོ་ནས་དེ་ལྟ་བུའི་ཆོས་ཟབ་མོ་དང་མ་བྲལ་བས་ཡུན་རིང་པོ་ནས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོས་སེམས་ཅན་དག་རྗེས་སུ་བཟུང་སྟེ་མ་བཏང་ ངོ་། །དེ་བཞིན་གཤེགས་པ་ནི་རྙོག་པ་ལྔའི་འཇིག་རྟེན་ངན་པར་སེམས་ཅན་ལ་ཕན་པའི་དོན་མཛད་པ་ཉུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་ང་སྔོན་བརྩོན་འགྲུས་ཆེན་པོའི་ཤུགས་དང་། ཐབས་མཁས་པ་ཆེན་པོའི་མཐུས་སེམས་ཅན་ གྱི་དོན་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་བསགས་སོ། །རིགས་ཀྱི་བུ་དག་ངས་མངོན་དུ་དྲན་པ་སྔོན་འདས་པའི་དུས་ན་སེམས་ཅན་ལ་ཕན་པ་དང་བདེ་བའི་ཕྱིར་ཉི་མ་གཅིག་ལ་ཡང་ལུས་སྟོང་ཡོངས་ སུ་བཏང་སྟེ་སྦྱིན་པ་བྱས་སོ། །རིགས་ཀྱི་བུ་དག་ང་སྔོན་སྐྱེ་བ་བརྒྱ་སྟོང་གི་བར་དུ་སེམས་ཅན་བཀྲེས་སྐོམ་པ་དག་མཐོང་ནས་བདག་གིས་ལུས་ཀྱི་ཤ་བཅད་དེ་བཙོས་ནས་སྦྱིན་པ་བྱས་ཀྱང་ང་དེའི་ཚེ་ན་འཁྲུག་པ་འམ་འགྱོད་པའི་ 55-1-17b སེམས་མ་སྐྱེས་ཏེ། སེམས་ཅན་དག་ལ་ཁྱབ་པར་སྙིང་རྗེ་ཆེན་པོ་ཀུན་ལ་སྐྱེས་སོ། །རིགས་ཀྱི་བུ་དག་དེ་ལྟར་ངས་བརྩོན་འགྲུས་ཆེན་པོ་དང་། ཐབས་མཁས་པ་ཆེན་པོའི་སྟོབས་ཀྱི་སེམས་ཅན་གྱི་དོན་བྱས་ནས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཀྱི་ཚོགས་བསགས་པར་རིག་པར་བྱའོ། །དེ་བས་ན་རིགས་ཀྱི་བུ་དག་དེ་ལྟར་མོས་པ་དང་། བརྩོན་འགྲུས་དང་། བག་བྱེད་པ་ལ་ནན་ཏན་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ བསགས་པར་བྱས་སོ། །ངས་ཇི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ལྟར་ཁྱོད་ཀྱིས་ཀྱང་དེ་ལྟར་ང་དང་འདྲ་བར་སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་གྱིས་ཤིག །རིགས་ཀྱི་བུ་དག་བསྐལ་པ་བཟང་པོའི་སངས་རྒྱས་བཅོམ་ ལྡན་འདས་མངོན་པར་གཤེགས་པ་དེ་དག་ཐམས་ཅད་འདི་སྐད་མི་སྟོན་པ་གང་ཡང་མེད་དོ། །འདི་ལྟ་སྟེ། འདི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཤིན་ཏུ་བརྩོན་འགྲུས་བརྩམས་སོ། །འདི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བརྩོན་ འགྲུས་ཕུན་སུམ་ཚོགས་སོ། །འདི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ནོ། །འདི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་གྱི་དོན་ བྱས་ཏེ། འདི་ལྟར་རྙོག་པའི་འཇིག་རྟེན་ངན་པར་བྱུང་ནས། སེམས་ཅན་ཚད་མེད་གྲངས་མེད་པ་ལ་ཕན་པ་དང་བདེ་བའི་དོན་བྱས་སོ་ཞེས་གསུང་ངོ་། །རིགས་ཀྱི་བུ་དག་གང་དེ་ལྟར་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་འདོད་པ་དག་མོས་པ་དང་། བརྩོན་འགྲུས་དང་། བག་བྱེད་པ་ལ་བརྩོན་པར་བྱའོ། །རིགས་ཀྱི་བུ་དག་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཀྱང་བརྩོན་འགྲུས་བརྩོམ་པ་ལ་མ་ཉམས་ཏེ། ཡོངས་སུ་མྱ་ངན་ལས་འདས་ པའི་བར་ཏུ་ཡང་བརྩོན་འགྲུས་བསྐྱེད་ནས་སྐུ་གདུང་ཡུངས་ཀར་གྱི་འབྲས་བུ་ཙམ་དུ་ཕྲ་མོར་གསེལ་ཏེ་སྐུའི་ཡན་ལག་ཀྱང་རྣམ་པར་གསེས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཡང་ཕྱི་མ་མ་འོངས་པའི་སེམས་ཅན་རྣམས་ལ་བྱམས་ཤིང་ 55-1-18a བརྩེ་བའི་ཕྱིར་རོ། །ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་བཏུལ་བ་དག་སྤྱོད་པ་འཁྲུལ་ཅིང་ནོར་བར་གྱུར་ནས་བགེགས་ཀྱི་གནས་སུ་ལྷུང་བ་རྣམས་གདོན་པའི་ཕྱིར་ཐུགས་རྗེ་ཆེན་པོ་ བསྐྱེད་དེ་སྐུ་གདུང་གསེལ་ཏེ་ཕྲ་མོ་ཡུངས་དཀར་གྱི་འབྲུ་ཙམ་ཡང་རྫུ་འཕྲུལ་གྱི་མཐུ་བསྟན་ཏོ། །ང་ཡོངས་སུ་མྱ་ངན་ལས་འདས་ནས་སེམས་ཅན་གང་སྐུ་གདུང་གིས་འདུལ་བར་འགྱུར་བ་དག་སེམས་རྣམ་པར་དག་པར་འགྱུར་རོ། ། སེམས་རྣམ་པར་དག་པས་གནས་ཐམས་ཅད་དུ་སྨོན་པ་བཞིན་དུ་འགྲུབ་པོ། །རིགས་ཀྱི་བུ་དག་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་དག་ལ་དེ་ལྟ་བུའི་ཐུགས་རྗེའི་ཐུགས་ལྷུན་གྱིས་གྲུབ་པའི་སྐུ་གདུང་ཕྲ་ མོར་གསེལ་ཏེ་ཀུན་ཏུ་ཁྱབ་པར་བྱས་པ་ཡང་ངའི་སྔོན་གྱི་སྨོན་ལམ་གྱི་དབང་གིས་སོ། །དེ་ལྟར་ཚད་མེད་པའི་ཡོན་ཏན་དང་། བསོད་ནམས་ཀྱི་རྒྱུ་དང་། རྐྱེན་དང་། ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་ཕྱི་མ་མ་འོངས་པའི་དུས་ངན་པར་ སྐྱེ་བོ་མང་པོ་ལ་སྐྱོབ་པར་གྱུར་ཏོ། །རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་གང་ཆོས་འདི་ལ་མོས་པ་དང་། བརྩོན་འགྲུས་དང་། བག་བྱེད་པ་སྐྱེད་པ་དག་ངེས་པར་ཕྱི་མ་མ་འོངས་པའི་དུས་ན་མདོ་སྡེ་འདི་ལ་སོགས་པ་ཀློག་པ་དང་། འདོན་པ་དང་། འཛིན་པ་དང་། གཞན་ལ་རྒྱས་པར་སྟོན་པར་གྱུར་ཅིག་ཅེས་སྨོན་པར་གྱུར་ཏེ། ང་ཡང་རྫུ་འཕྲུལ་གྱི་མཐུས་བྱང་ཆུབ་སེམས་དཔའ་དེ་དག་ཀློག་པ་དང་། འདོན་པ་དང་། འཛིན་པ་དང་། གཞན་ལ་ཡང་རྒྱས་ པར་སྟོན་པར་བྱིན་གྱིས་རློབ་པོ། །ངས་ཀྱང་མདོ་སྡེ་འདི་དག་ཀློག་པ་དང་། འདོན་པ་དང་། འཛིན་པ་དང་། གཞན་ལ་རྒྱས་པར་སྟོན་པར་འགྱུར་བའི་ཕྱིར། བྱང་ཆུབ་སེམས་དཔའ་དེ་དག་ལ་ཡོངས་སུ་གཏམས་སོ། །དེ་ཅིའི་ ཕྱིར་ཞེ་ན། རིགས་ཀྱི་བུ་དག་མདོ་སྡེ་འདི་གང་ན་ཡོད་པའི་གནས་དེ་ན་སངས་རྒྱས་བཞུགས་པར་བལྟ་སྟེ་མྱ་ངན་ལས་མ་འདས་པར་རིག་པར་བྱའོ། །དེ་བས་ན་དེ་བཞིན་གཤེགས་པས་མདོ་སྡེ་འདི་དག་བྱང་ཆུབ་སེམས་དཔའ་ 55-1-18b རྣམས་ལ་གཏམས་སོ། །རིགས་ཀྱི་བུ་དག་དེ་བས་ན་ངས་འདས་པའི་དུས་ན་ཡང་དེ་ལྟ་བུའི་རྒྱུ་དང་རྐྱེན་ཀྱིས་སེམས་ཅན་རྣམས་བསྡུས་ཏེ་མ་བཏང་བར་རིག་པར་བྱའོ། །ད་ལྟར་གྱི་དུས་སུ་ཡང་སེམས་ཅན་དག་བསྡུས་ཏེ་མ་བཏང་ ངོ་། །མ་འོངས་པའི་དུས་ན་ཡང་སེམས་ཅན་ཡོངས་སུ་སྡུད་དེ་མི་གཏོང་བར་རིག་པར་བྱའོ། །འདི་ལྟ་སྟེ། མདོ་སྡེ་འདི་ལྟ་བུ་དག་དགོངས་ཤིང་བསྐྱབས་ནས་ཕྱི་མ་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ་ཡོངས་སུ་རྒྱས་པར་བྱ་བའི་ཕྱིར་ རོ། །རིགས་ཀྱི་བུ་དག་གལ་ཏེ་ད་ལྟར་གྱི་དུས་སམ། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་གྲོང་ཁྱེར་རམ། གྲོང་རྡལ་ལམ། རི་འམ། ནགས་ཚལ་ལམ། འབྲོག་དགོན་པ་དག་ན་མདོ་སྡེ་ཡོད་དེ་གང་ཞིག་འཆང་ངམ། འཛིན་ཏམ། ཀློག་གམ། འདོན་ཏམ། གཞན་ལ་བསྟོན་ཅིང་འཆད་ན་གནས་དེ་ན་སངས་རྒྱས་བཞུགས་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རྒྱུ་དེའི་རྐྱེན་གྱིས་ངས་སངས་རྒྱས་རྣམས་ལ་ཆོས་ཀྱི་སྐུ་ཞེས་བརྗོད་དོ། །ཆོས་མཐོང་བས་ན་ སངས་རྒྱས་མཐོང་བ་ཞེས་བརྗོད་དོ། །སངས་རྒྱས་ལ་གཟུགས་ཀྱི་སྐུར་མི་བལྟའོ། །གང་ཟག་གང་ཞིག་ཆོས་འདི་ལ་དད་དམ། ཆོས་འདི་ཉན་ན་གང་ཟག་དེ་ནི་སངས་རྒྱས་ལ་དད་པ་དང་སངས་རྒྱས་ཀྱི་གསུང་བབ་ཉན་པ་ཞེས་ བྱའོ། །གང་ཟག་གང་ཞིག་བཤད་པ་བཞིན་ནན་ཏན་དུ་འང་བྱེད་ན་གང་ཟག་དེ་ནི་སངས་རྒྱས་མཐོང་བ་ཞེས་བྱའོ། །གང་ཟག་དེ་ནི་ཡང་དག་པར་སྨྲ་བ། ཆོས་སུ་སྨྲ་བ། ཆོས་ཀྱི་རྗེས་སུ་སྤྱོད་པ་ཞེས་བྱའོ། །རིགས་ཀྱི་བུ་དག་ངའི་སྐུ་ཆོས་ ཀྱང་ཡིན་ཆོས་མ་ཡིན་པའང་ཡིན་ཏེ། ཆོས་ཀྱི་རྗེས་སུ་འགྲོ་བ་ཞེས་བྱའོ། །ཆོས་ཀྱི་སྦྱིན་པ་སྦྱིན་པའི་མཆོག་དམ་པ་ཞེས་བྱ་བ་སྟེ། ཆོས་ལ་མི་གནས་ཆོས་མ་ཡིན་པ་ལའང་མི་གནས་པའོ། །དེ་ཡང་ཇི་ལྟར་ཞེ་ན་གལ་ཏེ་ཆོས་ ལ་གནས་ན་སངས་རྒྱས་མཐོང་བ་ཞེས་མི་བྱའོ། །རིགས་ཀྱི་བུ་དག་ཆོས་ཐམས་ཅད་ལ་མི་གནས་པ་ནི། སངས་རྒྱས་མཐོང་བ་ཞེས་བྱའོ། །གང་ཆོས་ཐམས་ཅད་ལ་མཐོང་བ་མེད་པ་ནི་སངས་རྒྱས་མཐོང་བ་ཞེས་བྱའོ། ། 55-1-19a དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་ཆོས་ཤེས་བརྗོད་པར་ཡང་མི་རུང་། ཆོས་མ་ཡིན་ཞེས་བརྗོད་པར་ཡང་མི་རུང་། ཆོས་སུ་བལྟ་བ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་མདོ་སྡེ་ལས་ཀྱང་དགེ་ སློང་དག་གང་ངའི་ཆོས་ཤེས་པར་འདོད་པ་ནི་གཟིངས་དང་འདྲ་བར་ཆོས་ཀྱང་འདོར་ན་ཆོས་མ་ཡིན་པ་ལྟ་ཅི་རྨོས་ཏེ། གང་ཞིག་ཆོས་དང་། ཆོས་མ་ཡིན་པ་ལ་བཏང་སྙོམས་སུ་གྱུར་པ་ནི་སངས་རྒྱས་མཐོང་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ལ་བཏང་སྙོམས་པ་ཞེས་བྱའོ། །ཆོས་ཀྱི་མིང་ལ་མི་ཆགས་མི་འཛིན་པ་སྟེ། ཆོས་ཀྱི་མིང་དུ་ཡང་མི་ལྟུང་ན་ཆོས་མ་ཡིན་པའི་མིང་དུ་མི་ལྟུང་བ་ལྟ་ཅི་སྨོས། རིགས་ཀྱི་བུ་དག་ཆོས་ཐམས་ཅད་ཀྱི་མིང་ དང་བྲལ་བ་ནི་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། གང་གིས་དེ་ལྟར་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མཐོང་བ་དང་བྲལ་བའི་ཕྱིར་དེ་བཞིན་གཤེགས་པ་མཐོང་བ་ཞེས་བྱའོ། ། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཤེས་ཤིང་མཐོང་བས་དེ་བཞིན་གཤེགས་པ་མཐོང་བ་ཞེས་བྱའོ། །རིགས་ཀྱི་བུ་དག་གལ་ཏེ་ཆོས་ཐམས་ཅད་དམིགས་སུ་མེད་ཅིང་ཆོས་ ཐམས་ཅད་དང་བྲལ་བ་དེ་ལ་ཆོས་དང་ཆོས་མ་ཡིན་པའི་མིང་དུ་སྤྲོས་པ་མེད་ཅིང་རྩོད་པ་མེད་དེ། བྱ་བ་མེད་པ་བསྟན་དུ་མེད་པ་དེ་ནི་དེ་བཞིན་གཤེགས་པ་མཐོང་བ་ཞེས་བྱའོ། །གང་ཟག་གང་ཞིག་དེ་ལྟར་ཆོས་མཐོང་བ་དེ་དེ་བཞིན་ གཤེགས་པ་མཐོང་བ་ཞེས་བྱའོ། །གང་གིས་དེ་ལྟར་དེ་བཞིན་གཤེགས་པ་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ། །གང་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བ་ཞེས་བྱའོ། །གང་ལོག་པར་མཐོང་བ་དེ་ནི་ཡང་དག་པ་ མ་ཡིན་པ་མཐོང་བ་སྟེ་གང་ཟག་དེ་ནི་ཡང་དག་པ་ཉིད་མཐོང་བ་ཞེས་བྱའོ། །རིགས་ཀྱི་བུ་དག་ཡང་དག་པ་ཉིད་དུ་མཐོང་བ་ནི་ཚིག་དང་སྨྲ་བའི་ལམ་ཐམས་ཅད་པ་སྟེ། ཡང་དག་པ་མ་ཡིན། ཡང་དག་པ་མ་ཡིན་པའང་མ་ཡིན། 55-1-19b ཡོད་པའང་མ་ཡིན་མེད་པ་འང་མ་ཡིན་ཏེ། ཆོས་ཐམས་ཅད་དང་བྲལ་བ། ཆོས་ཐམས་ཅད་མི་ལེན་པ། ཆོས་ཐམས་ཅད་ལ་མི་དམིགས་པ་སྟེ། དེ་ལྟར་མཐོང་བ་དེ་ནི་དེ་བཞིན་གཤེགས་པ་མཐོང་བའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ དག་དེ་བཞིན་གཤེགས་པ་ཆོས་ལ་ལྟ་བ་མི་སྐྱེད་དེ། ཆོས་ཐམས་ཅད་ཀྱི་མཚན་ཉིད་དང་བྲལ་བ་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བ་ཞེས་བྱ་སྟེ་གང་དེ་ལྟར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ། །རིགས་ཀྱི་བུ་དག་ཁྱོད་ཀྱིས་དེ་ལྟར་ དེ་བཞིན་གཤེགས་པ་ལ་བལྟའོ། །ཁྱོད་ཀྱིས་ངས་བཤད་པ་བཞིན་དུ་དེ་བཞིན་གཤེགས་པ་ལ་བརྟག་པར་བྱའོ། །གང་དེ་ལྟར་ལྟ་བས་ནི་ཆོས་ཐམས་ཅད་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱའོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐོབ་པ་ དང་། ཆོས་ཐམས་ཅད་ཀྱི་ཡང་དག་པ་ཉིད་ཐོབ་པ་དང་། ཆོས་ཐམས་ཅད་ཡང་དག་པ་མ་ཡིན་པའི་མཚན་ཉིད་ཐོབ་པ་དང་། ཆོས་ཐམས་ཅད་དེ་བཞིན་གཤེགས་པའི་ཆོས་སུ་ཤེས་པ་དང་། ཆོས་ཐམས་ཅད་དེ་བཞིན་གཤེགས་ པའི་སྤྱོད་ཡུལ་དུའང་ཤེས་པ་དང་། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་དུ་ཤེས་པར་རིག་པར་བྱའོ། །རིགས་ཀྱི་བུ་དག་དེ་བས་ན་ངས་ཆོས་ཐམས་ཅད་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡིན་པར་གསུངས་སོ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི་སྤྱོད་ཡུལ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་སྤྱོད་ཡུལ་ཞེས་བྱ་བ་དེ་ལ་ཆོས་གང་ཡང་སྤྱད་དུ་མེད་དོ། །དེ་བས་ན་གང་སྤྱོད་ཡུལ་མེད་པ་ལ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཞེས་ བཤད་དོ། །ཆོས་ཐམས་ཅད་ཀྱི་སྤྱོད་ཡུལ་ནི་སྤྱོད་ཡུལ་མེད་པ་སྟེ་སྤྱོད་ཡུལ་མེད་པ་དེ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་སྤྱོད་ཡུལ་ནི་ཅི་ཡང་མེད་པ་སྟེ། སྤྱོད་ཡུལ་མེད་ པ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཞེས་བྱའོ། །སྤྱོད་ཡུལ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དུ་འཇུག་སྟེ་སྤྱོད་ཡུལ་མ་ཡིན་པའོ། །དེ་བཞིན་གཤེགས་པས་ཆོས་དེ་དག་ཐུགས་སུ་ཆུད་པས་ན་སྤྱོད་ཡུལ་མེད་པ་ 55-1-20a ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཞེས་བྱའོ། །རིགས་ཀྱི་བུ་དག་གང་གིས་ཆོས་ཐམས་ཅད་སྤྱོད་ཡུལ་མེད་པར་ཤེས་ན་གང་ཟག་དེ་ནི་དེ་བཞིན་གཤིགས་པའི་སྤྱོད་ཡུལ་ལ་འཇུག་པ་ཞེས་བྱའོ། །གང་ཟག་ དེ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་རྟོགས་པ་ཞེས་བྱའོ། །གང་ཟག་དེ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་ཚོལ་བ་ཞེས་བྱའོ། །གང་ཟག་དེ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་མ་ཆགས་པ་ཞེས་བྱའོ། །དེ་ཅིའི་ ཕྱིར་ཞེ་ན། གང་ཟག་དེ་ནི་སྤྱོད་ཡུལ་མེད་པ་དེ་ལ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དུ་ཤེས་སོ། །སྤྱོད་ཡུལ་དང་བྲལ་བ་ལ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དུ་ཤེས་སོ། །འདི་ལྟ་སྟེ། ཆོས་ཐམས་ཅད་ནི་དམིགས་སུ་མེད་ པ་བརྟག་ཏུ་མེད་པ་མི་གནས་པའི་ཕྱིར་དེ་བས་ན་སྤྱོད་ཡུལ་མ་ཡིན་པ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལོ། །ཡེ་ཤེས་ལ་ཞུགས་པའི་སྤྱོད་ཡུལ་ཏེ་ཆོས་ཐམས་ཅད་ལ་མི་འཇུག་པའི་ཕྱིར་རོ། །དེ་ཅི་ལྟ་ཞེ་ན། ཆོས་ཐམས་ཅད་ལ་ སྒོ་མེད་པའི་ཕྱིར་སྒོ་དེས་འཇུག་གོ། །རིགས་ཀྱི་བུ་དག་ཆོས་ཐམས་ཅད་ལ་ནི་འཇུག་པ་ཡང་མེད། འབྱུང་བ་ཡང་མེད། གཟུགས་ཀྱང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ལ་གང་ཡང་དམིགས་ པ་མེད་ན་ཅི་ལས་བྱུང་། ཅི་ལ་འཇུག་ཅི་ཞིག་བསྟན། ཅི་ཞིག་སྟོན་པར་འགྱུར། རིགས་ཀྱི་བུ་དག་དེ་ནི་ཆོས་ཐམས་ཅད་ཀྱི་སྒོར་ཞུགས་པ་སྟེ། འཇུག་པ་མེད་པའི་མཚན་ཉིད་ཀྱི་ཕྱིར་རོ། །ཆོས་ཐམས་ཅད་ནི་འདུ་བ་ཡང་ མེད། འབྲལ་བ་ཡང་མེད། བཅིངས་པ་ཡང་མེད། གྲོལ་བ་ཡང་མེད་དོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་སྒོར་ནི་སྒོ་མེད་པའི་ཕྱིར་སྒོ་དེ་ནི་འབྱུང་བའི་སྒོ་མ་ཡིན། འཇུག་པའི་སྒོ་མ་ཡིན། སོང་བའི་སྒོ་མ་ཡིན། བརྗོད་པའི་སྒོ་ མ་ཡིན་ཏེ། མཐར་མི་སྐྱེ་བའི་སྒོ་ཞེས་བྱའོ། །ཆོས་ཀྱི་སྒོ་དེས་ན་ཆོས་ཐམས་ཅད་ལ་ཤེས་པ་མེད། མཐོང་བ་མེད་དོ། །ཆོས་ཀྱི་སྒོ་དེ་ན་ཆོས་ལ་རིག་པ་ཡང་མེད། འཇུག་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་ 55-1-20b ཆོས་ཐམས་ཅད་ལ་སྒོ་མེད་དེ་སྒོར་དམིགས་སུ་མེད་པའི་ཕྱིར་རོ། །ནམ་མཁའ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཐོག་མ་ནས་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །ཆད་པ་མེད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆད་པ་དམིགས་སུ་ མེད་པའི་ཕྱིར་རོ། །མཐའ་མེད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། མཐར་དམིགས་སུ་མེད་པའི་ཕྱིར་རོ། །ཚད་པ་མེད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། མཐར་དམིགས་སུ་མེད་པའི་ཕྱིར་རོ། །ཚད་མེད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཚད་དམིགས་སུ་མེད་པའི་ཕྱིར་རོ། །མུ་མེད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། མུ་དམིགས་སུ་མེད་པའི་ཕྱིར་རོ། །རིགས་ཀྱི་བུ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་གང་ཞིག་ཆོས་ཀྱི་སྒོ་འདིར་ཞུགས་ན་ཆོས་ཐམས་ཅད་ ཀྱི་སྒོར་ཞུགས་པ་དང་། ཆོས་ཐམས་ཅད་ཀྱི་སྒོ་ཤེས་པ་དང་། ཆོས་ཐམས་ཅད་ཀྱི་སྒོ་སྟོན་པ་ཞེས་བྱའོ། །གླེང་གཞིའི་ལེའུ་སྟེ་གཅིག་གོ། །། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇིག་རྟེན་འཛིན་ལ་ འདི་སྐད་ཅེས་བཀའ་སྩལ་ཏོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ཆོས་ཐམས་ཅད་ཀྱི་ཡང་དག་པའི་མཚན་ཉིད་ཐོབ་པར་འདོད་པ་དང་། ཆོས་རྣམ་པར་འབྱེད་པའི་མཚན་ཉིད་ལ་མཁས་པར་ འདོད་པ་དང་། གང་དྲན་པའི་སྟོབས་ཐོབ་པར་འདོད་པ་དང་། ཆོས་ཐམས་ཅད་རྣམ་པར་འབྱེད་པའི་ཤེས་རབ་ཐོབ་པར་འདོད་པ་དང་། གང་འདི་ལུས་འདི་བོར་ནས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྒྱུན་མི་ འཆད་པའི་དྲན་པ་ཐོབ་པར་འདོད་པ་དག་ཆོས་ཀྱི་སྒོ་འདི་ལ་མྱུར་དུ་འཇུག་པར་བྱའོ། །ཆོས་ཀྱི་སྒོ་འདིས་ཤེས་རབ་ཀྱི་སྣང་བ་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་སྒོ་འདིས་ནི་མྱུར་དུ་ཕུན་སུམ་ཚོགས་པ་ཐོབ་པའི་ཕྱིར་རོ། ། གཞན་ཡང་འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཀྱི་སྒོ་འདི་ལ་ནན་ཏན་དུ་བརྩོན་པར་བྱའོ། །གང་ཆོས་ལ་སྦྱོར་བའི་སྒོ་འདི་ལ་ཞུགས་པ་ནི་ཕུང་པོ་ལ་སྦྱོར་བ་དང་། ཁམས་ལ་སྦྱོར་བ་དང་། སྐྱེ་ 55-1-21a མཆེད་ལ་སྦྱོར་བ་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་ལ་སྦྱོར་བ་དང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སྦྱོར་བ་དང་། དབང་པོ་ལྔ་ལ་སྦྱོར་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྦྱོར་བ་དང་། འཇིག་རྟེན་པ་ དང་། འཇིག་རྟེན་ལས་འདས་པའི་ཆོས་ལ་སྦྱོར་བ་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་ཤིང་གཞན་ཡང་འདུས་བྱས་དང་། འདུས་མ་བྱས་པའི་ཆོས་ལ་སྦྱོར་བ་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ། །འཇིག་རྟེན་འཛིན་དེ་ ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་ཕུང་པོ་ལྔ་ལ་སྦྱོར་བ་རྣམ་པར་འབྱེད་པ་ལ་མཁས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཡང་དག་པར་རྟོག་པ་ནི་འདི་ལྟ་སྟེ། མ་རིག་པའི་ ཕུང་པོ་ནི་ཉེ་བར་ལེན་པའི་ཕུང་པོའོ། །སྡུག་བསྔལ་གྱི་ཕུང་པོ་ནི་ཉེ་བར་ལེན་པའི་ཕུང་པོའོ། །གཏི་མུག་གི་ཕུང་པོ་ནི་ཉེ་བར་ལེན་པའི་ཕུང་པོའོ། །ནད་ཀྱི་ཕུང་པོ་དང་། ཤུ་བའི་ཕུང་པོ་དང་། ཟུག་རྔུའི་ཕུང་པོ་ནི་ཉེ་བར་ལེན་པའི་ཕུང་ པོ་ལྔའོ། །བྱང་ཆུབ་སེམས་དཔའ་རྣམས་གཟུགས་ཉེ་བར་ལེན་པའི་ཕུང་པོ་རྣམ་པར་འབྱེད་པ་ལ་བརྟག་པར་བྱའོ། །དེ་ལ་གཟུགས་ཉེ་བར་ལེན་པའི་ཕུང་པོ་རྣམ་པར་འབྱེད་པ་ལ་ཇི་ལྟར་བརྟག་ཅེ་ན། གཟུགས་ཉེ་བར་ལེན་པའི་ཕུང་ པོ་དེ་ནི་ཆེན་པོ་བཞི་ལས་སྐྱེས་པ་སྟེ། གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བཏགས་པ་ཙམ་དུ་ཟད་དོ། །གཟུགས་ཀྱི་ཕུང་པོ་ལ་རང་བཞིན་མེད་དེ་ཆེན་པོ་བཞི་འདུས་པར་ཟད་པས་གཟུགས་ཀྱི་ཕུང་པོ་ཞེས་བཏགས་པ་ཙམ་མོ། ། གཟུགས་ཀྱི་ཕུང་པོ་ནི་བྱས་པ་མེད་པ། བྱེད་པ་མེད་པ། བྱ་བ་མེད་པ། འབྱུང་བ་མེད་པའོ། །གཟུགས་ཀྱི་ཕུང་པོ་ཞེས་བྱ་བ་ནི་སྔོན་གྱི་ལས་ཀྱི་རྒྱུ་དང་། རྐྱེན་དང་། ཆེན་པོ་བཞི་འདུས་པ་ལས་གཟུགས་ཀྱི་ཕུང་པོ་ཞེས་བཏགས་པ་ཙམ་ དུ་ཟད་ཀྱི་ཕུང་པོ་མ་ཡིན་པ་དེ་གཟུགས་ཀྱི་ཕུང་པོ་ཡིན་ནོ། །དཔེར་ན་ནམ་མཁའི་ཕུང་པོ་དང་འདྲ་སྟེ་ཡང་དག་པ་སྐྱེ་བའི་མཚན་ཉིད་མེད་དོ། །གང་ནམ་མཁའི་ཕུང་པོ་ཞེས་བརྗོད་པ་དེ་ལ་ཆོས་གང་ཡང་མ་སྐྱེས་ཏེ་མིང་ཙམ་ཡོད་ 55-1-21b པའི་ཕྱིར་ནམ་མཁའི་ཕུང་པོ་ཞེས་བྱའོ། །བྱིས་པ་སོ་སོའི་སྐྱེ་བོས་ཕུང་པོ་དང་ཕུང་པོའི་མཚན་ཉིད་མེད་པ་འདི་ལ་ཕྱིན་ཅི་ལོག་གི་སེམས་ཀྱིས་ཡང་དག་པ་མ་ཡིན་པར་ཡང་དག་པར་འཛིན་ཏེ། བདག་ཕུང་པོ་ལྔའོ། །བདག་གི་ ཕུང་པོ་ལྔའོ། །བདག་གཟུགས་ཀྱི་ཕུང་པོའོ། །བདག་གི་གཟུགས་ཀྱི་ཕུང་པོ་ཞེས་དེ་ལྟར་ཞེན་ཏོ། །དེ་ལྟར་བུས་པ་སོ་སོའི་སྐྱེ་བོ་དག་གཟུགས་ལ་ཞེན་ནས་གཟུགས་ལ་བདག་དང་བདག་གི་བ་དང་། གཟུགས་ཡོད་པ་དང་། གཟུགས་སུ་འཛིན་པ་དང་། གཟུགས་སུ་ལེན་པ་དང་། གཟུགས་ལ་ཞེན་པ་དག་གཟུགས་ལ་གནས་ཤིང་རྟེན་ཏེ་སྡིག་པ་མི་དགེ་བའི་ལས་རྣམ་པ་སྣ་ཚོགས་སྤྱོད་ཅིང་མྱོང་བར་བྱེད་དོ། །བདག་ཅག་གིས་ནི་བུས་པ་སོ་སོའི་སྐྱེ་བོའི་རྗེས་ སུ་བསླབ་པའི་མི་རིགས་ཀྱི་བདག་ཅག་གིས་བརྩོན་འགྲུས་བསྐྱེད་དེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྒོམ་པ་ལ་ནན་ཏན་བྱའོ། །གཟུགས་ཀྱི་ཕུང་པོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་བརྟག་པར་བྱ་བའི་རིགས་སོ། །བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ཕུང་པོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པའི་ཚེ་ཆུའི་དབུ་བ་དང་འདྲ་བ་ཤེས་སོ། །དེ་ལ་ཇི་ལྟར་ན་ཆུའི་དབུ་བ་དང་འདྲ་བར་ཤེས་པ་ཞེ་ན། དབུ་བ་མེད་པ་ནི་ཆུའི་དབུ་བ་སྟེ། དེ་ཡང་རྐྱེན་མང་པོ་ལས་སྐྱེས་སུ་ཟད་ཀྱི་ བཟུང་ཞིང་བཅང་དུ་མི་བཟོད། སྲ་བ་འམ། སྙིང་པོ་མེད་པས་ཆུའི་དབུ་བ་དེ་ལ་དབུ་བའི་མཚན་ཉིད་མེད་དེ། གང་དབུ་བ་མེད་པ་ལ་ཆུའི་དབུ་བ་ཞེས་བྱ་བ་བཞིན་དུ་གཟུགས་ཀྱི་ཕུང་པོ་ཡང་དེ་དང་འདྲ་སྟེ། གཟུགས་ཀྱི་ཕུང་པོ་ལ་ ཕུང་པོའི་མཚན་ཉིད་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་རྟོག་པའི་ཚེ་འདི་སྙམ་དུའང་བུས་པ་སོ་སོའི་སྐྱེ་བོ་ནི་ཡང་དག་པ་མ་ཡིན་པའི་གཟུགས་ལ་ཡང་དག་པ་ཇི་ལྟ་བ་བཞིན་མི་རྟོགས། ཡང་དག་པ་ཇི་ལྟ་བ་བཞིན་ དུ་གཟུགས་མི་རྟག་པར་མི་ཤེས། ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟུགས་ཀྱི་མཚན་ཉིད་མི་ཤེས་སོ་སྙམ་ནས། བདག་ཅག་ཡང་དག་པའི་ལམ་ལ་ཞུགས་པས་ཡང་དག་པ་མ་ཡིན་པའི་གཟུགས་ལ་ཞེན་པར་མི་བྱའོ། །དེ་ཅིའི་ཕྱིར་ 55-1-22a ཞེ་ན། གཟུགས་ཞེན་པར་བྱ་བའི་མཚན་ཉིད་མ་ཡིན་ཏེ། མིང་ཙམ་དུ་ཟད་ཀྱི་ངེས་པའི་མཚན་ཉིད་མེད་དོ། །དེ་ལྟར་གཟུགས་ནི་ངེས་པའི་མཚན་ཉིད་མེད་ཅིང་མིང་དང་ཡང་བྲལ་བའི་ཕྱིར། གཟུགས་ཤེས་བྱའོ། །ཡང་ གཞན་དུ་ན་གཟུགས་ནི་འཇིག་པའི་མཚན་ཉིད་ཡིན་ཏེ། མཁས་པ་དག་གིས་ནི་ཁོང་དུ་ཆུད་པས་མཚན་མ་མེད་པར་ཤེས་སོ། །བདག་ཅག་གིས་གཟུགས་མཚན་མ་མེད་པའི་སྦྱོར་བ་བསྒོམ་པ་ལ་མཁས་པར་བྱའི། གཟུགས་ཀྱི་ མཚན་མ་ལ་ཞེན་པར་མི་བྱའོ། །གང་ཟག་གང་ཞིག་གཟུགས་ཀྱི་མཚན་མ་ལ་ཞེན་ན་གཟུགས་ལ་ཞེན་པ་ཞེས་བྱའོ། །བདག་ཅག་གིས་གཟུགས་ཀྱི་མཚན་མར་འཇུག་པ་ལ་ཤིན་དུ་མཁས་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ ཡང་དག་པར་ཇི་ལྟ་བ་བཞིན་རྟོག་པ་དེའི་ཚེ་ཡང་དག་པ་ཇི་ལྟ་བ་བཞིན་གཟུགས་རྣམ་པར་འབྱེད་པ་རྟོགས་ནས་གཟུགས་ཀྱི་ཕུང་པོ་དེ་ཡང་གང་བུས་པ་སོ་སོའི་སྐྱེ་བོ་དག་གིས་རྣམ་པར་བརྟགས་པའི་འདུ་ཤེས་ལས་བྱུང་བར་ཤེས་སོ། ། དེ་ལྟར་ཆོས་རྣམས་རྣམ་པར་བརྟགས་པའི་འདུ་ཤེས་ལས་བྱུང་བས་དེ་ནི་མ་སྐྱེས་པ་སྟེ། རྣམ་པར་བརྟགས་པའི་འདུ་ཤེས་ཐམས་ཅད་ནི་ཡང་དག་པ་མ་ཡིན་པའི་བུས་པ་སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་ལ་རྟེན་ཅིང་གནས་ནས་གཟུགས་ ཤེས་སྐྱེད་དེ། གཟུགས་ཀྱིས་རྣམ་པར་བཅིངས་སོ། །གཟུགས་ཀྱིས་གཙེས་པས་སྡུག་བསྔལ་གྱིས་གདུངས་ཏེ་འཁོར་བར་གྱུར་ཏོ། །མ་རིག་པ་དང་། གཏི་མུག་གིས་ལྡོངས་པས་གཟུགས་སུ་ཞེན་ཏེ་མི་གཏོང་ནས་གཟུགས་ལ་རྟག་པ་ དང་། སྲ་བ་དང་། སྙིང་པོ་ཡོད་པར་ལྟ་བས་དེ་ལྟར་བྱིས་པ་སོ་སོའི་སྐྱེ་བོ་གཟུགས་ཀྱི་འཆིང་བས་བཅིངས་ཏེ། སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་དང་། ལྷ་དང་། མིར་རྒྱུན་དུ་འཁོར་རོ། །གཟུགས་ཀྱི་རོ་ལ་ཤིན་ཏུ་ཆགས་ཏེ། གཟུགས་དེ་ལ་ཉེས་པའི་སྐྱོན་མང་པོ་ཡོད་པར་མི་ལྟའོ། །བདག་ཅག་གིས་བུས་པ་སོ་སོའི་སྐྱེ་བོའི་རྗེས་སུ་བསླབ་པར་མི་བྱའི་གཟུགས་ཀྱི་སྦྱོར་བ་རྣམ་པར་འབྱེད་པ་བསྒོམ་པ་ལ་བརྟག་པར་བྱའོ། །གཟུགས་རྣམ་པར་འབྱེད་པ་ 55-1-22b ལ་རྟོག་པའི་ཚེ་གཟུགས་ཀྱི་རང་བཞིན་རྨི་ལམ་དང་འདྲ་བར་མཐོང་ངོ་། །འདི་ལྟ་སྟེ། རྨི་ལམ་གྱི་ནང་ན་གཟུགས་མཐོང་བ་དེ་ནི་རྣམ་པར་བརྟགས་པའི་འདུ་ཤེས་ཚོར་བ་དང་། རྟོག་པ་ལས་སྐྱེས་ཏེ། མཐོང་བ་དང་། ཐོས་པ་དང་། ཚོར་བ་དང་། ཤེས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་སྐྱེད་དེ་བདག་དང་གཞན་དུ་ཡང་ཤེས་སོ། །ས་དང་། ཆུ་དང་། མེ་དང་། རླུང་དུ་ཡང་མཐོང་ངོ་། །རི་དང་། ཆུ་དང་། ནགས་ཚལ་ལ་སོགས་པར་མཐོང་སྟེ། དེ་ལྟར་རྨི་ལམ་གྱིས་གཟུགས་ཀྱི་མཚན་མ་དེ་ལ་ངེས་ པར་ཆད་པ་མེད་དེ་རྣམ་པར་བརྟགས་པའི་འདུ་ཤེས་ལས་གཟུགས་ཀྱི་ཕུང་པོའི་མཚན་མར་སྐྱེད་པ་ཡང་དེ་བཞིན་ཏེ། སྔོན་གྱི་ལས་ཀྱི་རྒྱུ་དང་རྐྱེན་ལས་སྐྱེས་ཏེ་ངེས་པའི་རང་བཞིན་ཅན་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ཡིད་ ལ་བྱེད་པ་ན་གཟུགས་ལ་བདག་གམ་བདག་གི་བར་མི་ལེན་ནོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟུགས་ལ་རྟོག་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་རྟག་པའི་མཚན་ཉིད་དང་། ཡང་དག་པ་མ་ཡིན་པ་ཕྱིན་ཅི་ལོག་ཏུ་རྟོག་གོ། །སེམས་ ཅན་དག་ནི་ཕྱིན་ཅི་ལོག་གིས་བསླད་པས་གཟུགས་ལ་བདག་གཟུགས། བདག་གི་གཟུགས། གཞན་གཟུགས། གཞན་གྱི་གཟུགས་སུ་ཞེན་ཅིང་འཛིན་ཏོ། །དེ་ལྟར་གཟུགས་རྣམ་པར་འབྱེད་པ་ལ་རྟོག་པའི་ཚེ་གཟུགས་སུ་མི་ དམིགས། གཟུགས་ཀྱི་རང་བཞིན་མི་མཐོང་། གཟུགས་མི་རྟག་པ་ལ་ཡང་མི་ཆགས་སོ། །བྱང་ཆུབ་སེམས་དཔས་དེའི་ཚེ་གཟུགས་ལ་ཆགས་པ་དང་འཛིན་པ་ཐམས་ཅད་བསལ་ཏེ་མེད་པར་གྱུར་ན་གཟུགས་ཀྱི་ཡང་དག་པའི་མཚན་ ཉིད་ལ་ཤིན་དུ་མཁས་པ་ཡིན། གཟུགས་མཉམ་པའི་མཚན་ཉིད་ཤེས་པ་ཡིན། གཟུགས་འགོག་པའི་མཚན་ཉིད་ཤེས་པ་ཡིན། གཟུགས་འགོག་པའི་ལམ་གྱི་མཚན་ཉིད་ལ་མཁས་པ་ཡིན། གཟུགས་ཀྱི་ཕུང་པོ་གང་ནས་ ཀྱང་མ་འོངས་པ་གང་དུ་ཡང་མི་འགྲོ་བར་རབ་ཏུ་རྟོགས་སོ། །དེ་ལྟར་རྟོག་པའི་ཚེ་ན་ལུས་དང་གཟུགས་ཀྱི་ཕུང་པོ་དེ་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་དང་། རྣམ་པར་བརྟགས་པ་ལས་སྐྱེས་ཏེ། ཆེན་པོ་བཞི་འདུས་པ་ལས་ 55-1-23a བྱུང་བར་ཤེས་སོ། །ལུས་ཀྱི་གཟུགས་ཀྱི་ཕུང་པོ་ནི་བདག་མ་ཡིན། གཞན་མ་ཡིན། བདག་པོ་མེད་དེ་གང་ནས་ཀྱང་མ་འོངས་སོ། །གཟུགས་ཀྱི་ཕུང་པོ་ལ་དེ་ལྟར་རྟོག་པའི་ནང་གི་གཟུགས་ལ་མི་ཆགས། མི་ལེན། ཕྱིའི་གཟུགས་ ལ་མི་ཆགས། མི་ལེན། འདས་པའི་གཟུགས་ལ་མི་ཆགས། མི་ལེན། མ་འོངས་པའི་གཟུགས་ལ་མི་ཆགས། མི་ལེན། ད་ལྟའི་གཟུགས་ལ་ཡང་མི་ཆགས། མི་ལེན། གཟུགས་ཀྱི་ཕུང་པོ་ཐམས་ཅད་ལ་མ་སྐྱེས་པའི་མཚན་ཉིད་དུ་ཤེས་ སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེའི་ཚེ་གཟུགས་མི་འགག་གཟུགས་འགགས་པའི་ཆོས་ཚོལ་ལོ། །འཇིག་རྟེན་འཛིན་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གཟུགས་རྣམ་པར་འབྱེད་པ་ལ་རྟོག་པ་ཞེས་ བྱའོ། །འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚོར་བ་ཉེ་བར་ལེན་པའི་ཕུང་པོ་རྣམ་པར་འབྱེད་པ་ལ་རྟོག་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔས་འདི་སྙམ་དུ་སེམས་ཏེ། བདེ་བར་ ཚོར་བ་དང་། སྡུག་བསྔལ་དུ་ཚོར་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པར་ཚོར་བ་འདི་ནི་རྟེན་ཅིང་འབྲེལ་པ་ལས་བྱུང་སྟེ། རྒྱུ་དང་རྐྱེན་ལ་རག་ལུས་པས་ཚོར་བའི་མཚན་ཉིད་ལ་ཞུགས་ན། དེ་ལ་ཚོར་བར་བྱེད་ པ་མེད་དེ་ཞེན་པ་ཙམ་དུ་ཟད་དོ། །ཞེན་པ་དེ་ནི་ཡང་དག་པ་མ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་ཀུན་དུ་བརྟགས་པ་ལས་སྐྱེས་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དེ་སྙམ་དུ་སེམས་པ་ན་ཡང་འདི་སྙམ་དུ་བུས་པ་སོ་སོའི་སྐྱེ་བོ་ནི་ ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་ཚོར་བས་བཅིངས་ནས་ཚོར་བ་རྣམ་པ་གསུམ་གྱིས་རྣམ་པར་གཙེས་སོ། །འདི་ལྟ་སྟེ། བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་རྣམས་སོ། །བུས་ པ་སོ་སོའི་སྐྱེ་བོ་དག་གལ་ཏེ་བདེ་བར་ཚོར་བ་ན་འདོད་པའི་ཉོན་མོངས་པས་བཀོལ་ཏེ། འདོད་པའི་ཉེ་བའི་ཉོན་མོངས་པས་ཉོན་མོངས་པའི་ཕྱིར་མི་དགེ་བའི་ལས་རྣམ་པ་སྣ་ཚོགས་སྐྱེད་དོ། །གལ་ཏེ་སྡུག་བསྔལ་དུ་ཚོར་བ་ན་ཞེ་སྡང་གི་ཉོན་མོངས་པས་ 55-1-23b བཀོལ་ཏེ། ཞེ་སྡང་གི་ཉེ་བའི་ཉོན་མོངས་པས་ཉོན་མོངས་པའི་ཕྱིར་མི་དགེ་བའི་ལས་རྣམ་པ་སྣ་ཚོགས་སྐྱེད་དོ། །གལ་ཏེ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ན་མ་རིག་པའི་ཉོན་མོངས་པས་བཀོལ་ཏེ། མ་རིག་པའི་ཉེ་བའི་ཉོན་མོངས་ པས་ཉོན་མོངས་པའི་ཕྱིར་སློས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་གྱིས་གདུངས་པ་ལས་རྣམ་པར་མ་གྲོལ་བར་གྱུར་ཏོ། །བདག་གིས་བུས་པ་སོ་སོའི་སྐྱེ་བོའི་རྗེས་སུ་བསླབ་པར་མི་བྱའི་ཆོས་རྣམས་ཀྱི་ཡང་དག་པ་ཉིད་ལ་བརྟག་པར་བྱའོ། ། བདག་ཅག་གིས་ཡང་དག་པ་ཇི་ལྟ་བ་བཞིན་ཚོར་བ་ལ་བརྟག་པར་བྱའོ་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་ཚོར་བའི་ཕུང་པོ་ལ་བརྟགས་ནས་ཡང་འདི་སྙམ་དུ་ཕུང་པོ་མ་ཡིན་པ་ནི་ཚོར་བའི་ཕུང་པོ་སྟེ་རྣམ་པར་བརྟག་པ་ལས་སྐྱེས་ཏེ་ཕྱིན་ཅི་ལོག་དང་ལྡན་པའི་ཚོར་བ་ བྱེད་པ་མེད་དེ། སྔོན་གྱི་ལས་ཀྱི་རྒྱུ་ལས་སྐྱེས་སོ། །ད་ལྟར་གྱི་རྐྱེན་གྱིས་ཚོར་བ་རྣམས་མྱོང་སྟེ། རང་བཞིན་གྱིས་སྟོང་པས་ཚོར་བ་ལས་ཚོར་བའི་མཚན་མ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཚོར་བའི་ཕུང་པོ་ལ་རྟོག་པ་ན་ཆུའི་ཆུ་བུར་ལྟ་བུར་ སྐྱེས་ནས་འགགས་ཏེ་ངེས་པར་ཆད་པ་མེད་པར་ཆུད་པ་བཞིན་ཚོར་བའི་ཕུང་པོ་ཡང་དེ་དང་འདྲ་སྟེ། རྒྱུ་དང་རྐྱེན་འབྲེལ་པ་ལས་སྐྱེས་ཏེ་རྒྱུ་དང་རྐྱེན་ལ་རག་ལས་པས་སྐད་ཅིག་ཀྱང་མི་གནས་ཏེ། ཡང་དག་པ་མ་ཡིན་པས་རྣམ་པར་བརྟགས་པའི་ ཕྱིན་ཅི་ལོག་ལས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་དག་དེའི་ཚེ་ན་ཡང་འདི་སྙམ་དུ་བུས་པ་སོ་སོའི་སྐྱེ་བོ་དག་ནི་སྙིང་བརྩེ་བའི་གནས་ཡིན་ནོ། །ཚོར་བའི་ཕུང་པོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་མི་རྟོགས་པས་ཚོར་བ་རྣམས་ཀྱིས་ཉོན་ མོངས་པར་གྱུར་ཏོ། །བདེ་བའི་ཚོར་བ་ལ་ཡང་ཆགས། སྡུག་བསྔལ་གྱི་ཚོར་བ་ལ་ཡང་ཆགས། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་ཡང་ཆགས་པ་སྐྱེད་དེ། ཚོར་བ་རྣམས་ཀྱིས་བཅིངས་པས་འཁོར་བ་ ན་འཁོར་ཞིང་ལུས་གཅིག་ནས་ལུས་གཅིག་ཏུ་རྒྱུན་མི་འཆད་དེ། ཚོར་བའི་ཉོན་མོངས་པས་ནི་ཚོར་བའི་ཕུང་པོའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་མི་ཤེས་པའི་ཕྱིར་རོ། །བདག་ཅག་གིས་བུས་པ་སོ་སོའི་སྐྱེ་བོའི་རྗེས་སུ་བསླབ་པར་ 55-1-24a མི་བྱའི་ཡང་དག་པ་ཇི་ལྟ་བ་བཞིན་ཚོར་བའི་ཕུང་པོ་རྣམ་པར་འབྱེད་པ་ལ་བརྟག་པར་བྱའོ། །དེའི་ཚེ་ཡང་དག་པ་ཇི་ལྟ་བ་བཞིན་ཚོར་བའི་ཕུང་པོ་ལ་རྟོག་པ་ནི་ཕུང་པོ་མེད་པ་ཚོར་བའི་ཕུང་པོ་ཡིན་པ་དང་། ཡང་དག་པ་མ་ཡིན་ པའི་ཕུང་པོ་དེ་ཚོར་བའི་ཕུང་པོ་ཡིན་པ་དང་། ཕྱིན་ཅི་ལོག་གི་ཕུང་པོ་དེ་ཚོར་བའི་ཕུང་པོ་ཡིན་པ་དང་། མི་གནས་པའི་ཕུང་པོ་དེ་ཚོར་བའི་ཕུང་པོ་ཡིན་པར་རྟོགས་ཏེ། དེའི་ཚེ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚོར་བའི་ཕུང་པོའི་མཚན་ ཉིད་མཐོང་སྟེ། བྱས་པ་མེད། བྱེད་པ་མེད་དེ། ཚོར་བའི་ཕུང་པོ་ལ་ཚོར་བའི་ཕུང་པོའི་མཚན་ཉིད་ཀྱང་མི་མཐོང་ངོ་། །དེ་ལྟར་ཚོར་བའི་ཕུང་པོ་ལ་རྟོག་པ་ན་ཚོར་བའི་ཕུང་པོ་ལ་ནང་ན་གནས་པར་མི་མཐོང་། ཚོར་བའི་ཕུང་པོ་ལ་ཕྱི་རོལ་ན་ གནས་པར་མི་མཐོང་སྟེ། ཚོར་བ་བདག་ཅེས་བྱ་བ་ལ་མི་ཆགས། ཚོར་བ་བདག་གི་བ་ཞེས་བྱ་བ་ལ་མི་ཆགས་པས་ཚོར་བའི་ཕུང་པོ་ལ་གང་ནས་ཀྱང་མ་འོངས་ལ་བདག་པོ་མེད་དེ་ཆོས་གང་གིས་ཀྱང་མ་སྐྱེད་པར་ཤེས་སོ། །ཚོར་བ་དེ་ ནི་ཕྱིན་ཅི་ལོག་དང་ལྡན་པ་དང་། སྔོན་གྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལ་ཚོར་བའི་ཕུང་པོ་ཞེས་རྣམ་གྲངས་སུ་བཏགས་པར་ཤེས་སོ། །ཚོར་བའི་ཕུང་པོ་ལ་ཡང་དག་པ་མ་ཡིན་པའི་རྒྱུ་དང་རྐྱེན་རྒྱུན་མི་འཆད་པར་སྤྱོད་པར་མཐོང་སྟེ། དེའི་དུས་ན་འདས་པའི་ཚོར་བའི་ཕུང་པོ་ལ་མི་ལེན། མི་ཆགས། མི་ཞེན། མ་འོངས་པའི་ཚོར་བའི་ཕུང་པོ་ལ་ཡང་མི་ལེན། མི་ཆགས། མི་ཞེན། ད་ལྟར་གྱི་ཚོར་བའི་ཕུང་པོ་ལ་ཡང་མི་ལེན། མི་ཆགས་མི་ཞེན་ཏེ། གང་ཟག་དེས་ བདེ་བའི་ཚོར་བ་ལས་འདོད་པའི་ཀུན་ནས་ཉོན་མོངས་པ་སེལ་ཏོ། །སྡུག་བསྔལ་གྱི་ཚོར་བ་ལས་ཞེ་སྡང་བའི་ཀུན་ནས་ཉོན་མོངས་པ་སེལ་ཏོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ལས་མ་རིག་པའི་ཀུན་ནས་ ཉོན་མོངས་པ་སེལ་བས་བརྩོན་འགྲུས་རབ་ཏུ་རྩོམ་མོ། །བྱང་ཆུབ་སེམས་དཔའ་དེའི་ཚེ་གལ་ཏེ་བདེ་བའི་ཚོར་བ་མྱོང་བ་ན་འདོད་པའི་སེམས་མི་སྐྱེ། སྡུག་བསྔལ་གྱི་ཚོར་བ་མྱོང་བ་ན་ཞེ་སྡང་གི་སེམས་མི་སྐྱེ། བདེ་བ་ཡང་མ་ཡིན་ 55-1-24b སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་མྱོང་བ་ན་གཏི་མུག་གི་སེམས་མི་སྐྱེའོ། །འཇིག་རྟེན་འཛིན་བུས་པ་སོ་སོའི་སྐྱེ་བོ་དག་ནི་ཕལ་ཆེར་བདེ་བའི་ཚོར་བ་མྱོང་བ་ན་འདོད་པ་སྐྱེའོ། །སྡུག་བསྔལ་གྱི་ཚོར་བ་མྱང་བ་ན་ཞེ་སྡང་སྐྱེའོ། །བདེ་བ་ཡང་ མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་མྱོང་བ་ན་གཏི་མུག་སྐྱེ་སྟེ། དེ་ལྟར་བུས་པ་སོ་སོའི་སྐྱེ་བོ་དག་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས་ལྡོངས་པར་གྱུར་པས་ཚོར་བའི་ཕུང་པོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་མི་ ཤེས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མཚན་ཉིད་མི་ཤེས་པས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་བདག་དང་། བདག་གི་བ་དང་། འདི་དང་གཞན་དུ་ཆགས་ཤིང་འཛིན་ཏོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཚོར་བའི་ཕུང་པོ་འདི་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་དུ་མི་འགྱུར་རོ། །གལ་ཏེ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེས་ན་ ཡང་དེ་མ་ཐག་ཏུ་ཡོངས་སུ་སེལ་ཅིང་ཡང་དག་པའི་ལམ་ལ་ནན་ཏན་བྱེད་པར་འགྱུར་རོ། །བདེ་བའི་ཚོར་བ་མྱོང་བ་ལས་ནི་འདོད་ཆགས་ཀྱི་ཀུན་ནས་ཉོན་མོངས་པ་བསལ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །སྡུག་བསྔལ་གྱི་ཚོར་བ་མྱོང་བ་ ལས་ནི་ཞེ་སྡང་གི་ཀུན་ནས་ཉོན་མོངས་པ་བསལ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་མྱོང་བ་ལས་ནི་གཏི་མུག་གི་ཀུན་ནས་ཉོན་མོངས་པ་བསལ་བའི་ཕྱིར་བརྩོན་འགྲུས་རྩོམ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚོར་བ་རྣམ་པ་གསུམ་ཤེས་པར་བྱེད་དོ། །དེའི་ཚེ་ན་ཇི་ཙམ་དུ་ཚོར་བར་འགྱུར་བ་གལ་ཏེ་བདེ་བར་ཚོར་བ་དང་། སྡུག་བསྔལ་བར་ཚོར་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་ བ་ཀུན་ལའང་མི་ཆགས་ཏེ། རིང་དུ་གྱུར་ན་འང་འདོད་ཆགས་ཀྱི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར། ཞེ་སྡང་གི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར། གཏི་མུག་གི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར་ཏེ། 55-1-25a ཚོར་བ་འབྱུང་བའི་དུས་ན་ཚོར་བའི་ཕུང་པོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་མི་རྟག་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་ཤེས་པར་འགྱུར་རོ། །གལ་ཏེ་དེ་ལྟར་ཤེས་ནས་ཚོར་བའི་ཕུང་པོ་ལ་འདོད་པའི་ཆགས་པ་ཡོངས་ སུ་གཅོད་པར་འགྱུར་ཏེ། ཡོངས་སུ་གཅོད་པའི་ཚོར་བའི་ཕུང་པོ་ལ་ཞུགས་པས་འདོད་ཅིང་ཆགས་པའི་ལམ་དག་ཏུ་ཚོར་བ་རྣམས་ཀྱིས་ཉོན་མོངས་པར་མི་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གལ་ཏེ་དེ་ལྟར་ཡང་ དག་པ་ཇི་ལྟ་བ་བཞིན་ཚོར་བའི་ཕུང་པོ་རྟོགས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་ཚོར་བའི་ཕུང་པོ་ཤེས་ནས་ཚོར་བའི་ཕུང་པོའི་ཀུན་འབྱུང་དང་། ཚོར་བའི་ཕུང་པོའི་འགོག་པ་དང་། ཚོར་བའི་ཕུང་པོའི་འགོག་པའི་ལམ་ཡོངས་སུ་ཤེས་ པར་འགྱུར་རོ། །དེ་ནས་ཚོར་བའི་ཕུང་པོས་མ་སྐྱེས་པ་ལ་མཚན་ཉིད་དུ་ཤེས། མ་སྐྱེས་པའི་མཚན་ཉིད་ཀྱིས་ཚོར་བའི་ཕུང་པོ་ལ་མཚན་མ་མེད་པ་ཁོང་དུ་ཆུད་ཅིང་རྟོགས་པར་འགྱུར་རོ། །འཇིག་རྟེན་འཛིན་འདི་དག་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཚོར་བའི་ཕུང་པོ་རྣམ་པར་འབྱེད་པ་ལ་རྟོག་པ་ཞེས་བྱའོ། །འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་འབྱེད་པ་ལ་ རྟོག་ཅེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་འདུ་ཤེས་ཀྱི་ཕུང་པོ་ལ་རྟོག་པའི་ཚེ་འདུ་ཤེས་ཀྱི་ཕུང་པོ་དེ་ཕྱིན་ཅི་ལོག་ལས་སྐྱེས་ཏེ་ཡང་དག་པ་མ་ཡིན། སྙིང་པོ་མེད་པ། མི་བརྟན་པ། ཐོག་མ་ནས་མ་སྐྱེས་པའི་མཚན་ཉིད་ཆད་པས་རྒྱུ་དང་རྐྱེན་འདུས་པ་དང་སྔོན་གྱི་ལས་ཀྱི་མཐུ་ལས་བྱུང་བ་མཐོང་ངོ་། །ཡང་འདི་སྙམ་དུ་ཕུང་པོ་མ་ཡིན་པ་ནི་འདུ་ཤེས་ཀྱི་ཕུང་པོ་སྟེ་ཡང་དག་པ་མ་ཡིན་པའི་ཕུང་པོ་ནི་འདུ་ཤེས་ཀྱི་ཕུང་པོའོ། །ཕྱིན་ཅི་ལོག་གི་ཕུང་པོ་ནི་འདུ་ཤེས་ ཀྱི་ཕུང་པོའོ། །འདུ་ཤེས་ཀྱི་ཕུང་པོ་ལ་འདུ་ཤེས་ཀྱི་ཕུང་པོའི་མཚན་མ་མེད་པ་ནི་དཔེར་ན་དབྱར་གྱི་སྨིག་རྒྱུ་བ་ལྟ་བུ་མིང་ཙམ་སྟེ། སྨིག་རྒྱུ་བའི་ཕུང་པོ་དང་འདྲ་བར་འདུ་ཤེས་ཀྱི་ཕུང་པོ་འདི་ཡང་དེ་དང་འདྲ་སྟེ། རྣམ་པར་ཤེས་པའི་འདུ་ཤེས་ཀྱིས་ 55-1-25b འདུ་ཤེས་ཞེས་བཏགས་སོ། །བུས་པ་སོ་སོའི་སྐྱེ་བོ་ནི་ཡང་དག་པ་མ་ཡིན་པ་འདུ་ཤེས་འདིས་བཅིངས་ཏེ། བདེ་བར་རྣམ་པར་ཤེས། སྡུག་བསྔལ་དུ་རྣམ་པར་ཤེས། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པར་རྣམ་པར་ཤེས། གྲང་བ་དང་ཚ་བར་རྣམ་པར་ཤེས། སྐྱེས་པ་དང་བུད་མེད་དུ་རྣམ་པར་ཤེས། ལམ་རྒྱུད་ལྔར་འཁོར་བར་རྣམ་པར་ཤེས། འདུས་པར་རྣམ་པར་ཤེས། གྱེས་པར་རྣམ་པར་ཤེས། འདས་པར་རྣམ་པར་ཤེས། མ་འོངས་པར་རྣམ་པར་ཤེས། ད་ལྟར་གྱིར་རྣམ་པར་ཤེས་བཟང་པོར་རྣམ་པར་ཤེས། ངན་པར་རྣམ་པར་ཤེས། ཡོད་པར་རྣམ་པར་ཤེས། མེད་པར་རྣམ་པར་ཤེས་སོ། །བུས་པ་སོ་སོའི་སྐྱེ་བོའི་འདུ་ཤེས་ནི་ཕྱིན་ཅི་ལོག་ཡང་དག་པ་མ་ཡིན་པའི་དབང་དུ་གྱུར་པས་རྒྱུ་དང་རྐྱེན་ ལ་རག་ལུས་ཏེ་འདུ་ཤེས་ཀྱི་ཕུང་པོ་ཞེས་བཏགས་པ་ཙམ་དུ་ཟད་དོ། །དེ་ལ་ནི་ནང་ངམ་ཕྱི་རོལ་ན་འདུ་ཤེས་ཞེས་བྱ་བ་མེད་དེ་བུས་པ་སོ་སོའི་སྐྱེ་བོ་དག་ནི་ཡང་དག་པ་མ་ཡིན་པའི་འདུ་ཤེས་ཀྱིས་བཅིངས་པས་འདོད་ཆགས་སུ་རྣམ་པར་ ཤེས། ཞེ་སྡང་དུ་རྣམ་པར་ཤེས། གཏི་མུག་དུ་རྣམ་པར་ཤེས། བུ་དང་ཆུང་མར་རྣམ་པར་ཤེས་སོ། །བུས་པ་སོ་སོའི་སྐྱེ་བོ་དག་ནི་འདུ་ཤེས་ཀྱི་ཕུང་པོ་ལ་གནས་ཏེ་ཡང་དག་པ་མ་ཡིན་པའི་ལམ་ལ་ཆགས་པས་འདུ་ཤེས་ཀྱི་ཕུང་པོས་ འཁོར་བ་ན་འཁོར་བར་འགྱུར་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་ཤེས་ཀྱི་ཕུང་པོ་ཡང་དག་པ་མ་ཡིན་པར་མི་རྟོགས་སོ། །བུས་པ་སོ་སོའི་སྐྱེ་བོ་དག་ནི་བདག་དུ་འདུ་ཤེས། ཕ་རོལ་པོར་འདུ་ཤེས་སོ། །སྐྱེས་པ་དང་བུད་མེད་དུ་ འདུ་ཤེས་ཏེ་འདུ་ཤེས་ཀྱི་ཕུང་པོས་བཅིངས་པས་རྣམ་པར་མ་གྲོལ་ཏེ། བདག་འདུ་ཤེས་ཀྱི་ཕུང་པོ་ཡིན་པ་དང་། བདག་གི་བ་འདུ་ཤེས་ཀྱི་ཕུང་པོ་ཡིན་པར་ཆགས་ཤིང་འཛིན་ཏོ། །བདག་ཅག་ནི་བུས་པ་སོ་སོའི་སྐྱེ་བོའི་རྗེས་སུ་ བསླབ་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་ཡང་དག་པར་ཇི་ལྟ་བ་བཞིན་དུ་འདུ་ཤེས་ཀྱི་ཕུང་པོ་ལ་རྟོག་པ་ན་འདུ་ཤེས་ཀྱི་ཕུང་པོ་དེ་ལ་འདུ་ཤེས་ཀྱི་ཕུང་པོར་མི་དམིགས་པ་ན་སྨིག་རྒྱུ་ 55-1-26a བའི་ཕུང་པོ་ལ་སྨིག་རྒྱུ་བའི་ཕུང་པོར་མི་དམིགས་པ་བཞིན་ནོ། །བྱང་ཆུབ་སེམས་དཔའི་འདུ་ཤེས་ཀྱི་ཕུང་པོ་ལ་སྨིག་རྒྱུ་བ་ཉིད་མཐོང་བས་འདས་པའི་འདུ་ཤེས་ཀྱི་ཕུང་པོ་ལ་མི་ཆགས། མི་ལེན་མི་ཞེན། མ་འོངས་པའི་འདུ་ ཤེས་ཀྱི་ཕུང་པོ་ལ་མི་ཆགས་མི་ལེན། མི་ཞེན། ད་ལྟར་གྱི་འདུ་ཤེས་ཀྱི་ཕུང་པོ་ལ་མི་གནས། བདག་དང་གཞན་དུ་རྣམ་པར་མི་རྟོག་སྟེ། འདུ་ཤེས་ཀྱི་ཕུང་པོ་འགོག་པ་ལ་ནན་ཏན་བྱེད་ཅིང་འདུ་ཤེས་ཀྱི་ཕུང་པོའི་ལམ་མ་སྐྱེས་པར་ཁོང་ དུ་ཆུད་དོ། །འདུ་ཤེས་ཀྱི་ཕུང་པོ་ལ་འོངས་པའི་གནས་དང་། སོང་བའི་གནས་ཡོད་པར་མི་མཐོང་སྟེ། ཕྱིན་ཅི་ལོག་དང་ལྡན་པ་དང་། སྔོན་གྱི་ལས་ཀྱི་རྒྱུ་ལས་སྐྱེས་ཏེ། ད་ལྟར་གྱི་རྐྱེན་གྱིས་རྣམ་པར་བཅིངས་སོ། །ཕུང་པོ་མེད་པ་ནི་ འདུ་ཤེས་ཀྱི་ཕུང་པོའོ། །འདུ་ཤེས་ཀྱི་ཕུང་པོ་ལ་འོངས་པའི་གནས་ཀྱང་མེད། སོང་བའི་གནས་ཀྱང་མེད་པར་འབྱེད་ཅིང་རྟོག་ན་འདུ་ཤེས་ཀྱི་ཕུང་པོ་མ་སྐྱེས་པར་ཁོང་དུ་ཆུད་དོ། །འདུ་ཤེས་ཀྱི་ཕུང་པོ་དགག་པར་རྣམ་པར་མི་ རྟོག་པ་ནི་འདུ་ཤེས་ཀྱི་ཚོར་བ་ཐམས་ཅད་དགག་པའི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ལ་གནས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་ཤེས་ཀྱི་ཕུང་པོ་ལ་རྟོག་པའི་ཚེ་འདུ་ཤེས་ ཀྱི་ཕུང་པོ་དང་བྲལ་ཏེ་འདུ་ཤེས་ཀྱི་ལམ་ལ་མི་གནས་པ་འདུ་ཤེས་ཀྱི་ཕུང་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་བ་ལ་གནས་པ་དང་། འདུ་ཤེས་ཀྱི་ཕུང་པོ་ལ་མི་ཆགས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་ཤེས་ཀྱི་ཕུང་པོ་ ཐམས་ཅད་རྣམ་པར་འབྱེད་ཅིང་རྟོག་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་ཤེས་ཀྱི་ཕུང་པོའི་ཀུན་འབྱུང་དང་། འགོག་པ་དང་། ཟད་པ་ཤེས་སོ། །འཇིག་རྟེན་འཛིན་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ འདུ་ཤེས་ཀྱི་ཕུང་པོ་རྣམ་པར་འབྱེད་པ་རྟོག་པ་ཞེས་བྱ་སྟེ། འདུ་ཤེས་ཀྱི་ཕུང་པོ་ལ་ཆགས་པ་དང་བྲལ་བས་འདུ་ཤེས་ཀྱི་ཕུང་པོ་ལ་ཆགས་པ་གཅད་པའི་ལམ་ལ་ནན་ཏན་བྱེད་པར་འགྱུར་རོ།། །། འཇིག་རྟེན་འཛིན་ཅེས་བྱ་བའི་ 55-1-26b མདོ། །བམ་པོ་གཉིས་པ། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་འབྱེད་པ་ལ་རྟོག་པ་ཞེ་ན། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་འདུ་བྱེད་ཀྱི་ཕུང་པོ་འདི་ནི་ཕྱིན་ཅི་ལོག་ལས་སྐྱེས་ཏེ། ཡང་དག་པ་མ་ཡིན་པའི་ཀུན་དུ་བརྟགས་པ་ལས་བརྟགས་པ་ཙམ་དུ་ཡོད་པས་བརྟགས་སོ། །བྱང་ཆུབ་སེམས་དཔའ་དེའི་ཚེ་ལུས་ཀྱིས་འདུ་བྱེད་པ་དང་། ངག་གིས་ འདུ་བྱེད་པ་དང་། ཡིད་ཀྱིས་འདུ་བྱེད་པ་དང་། ཀུན་ལ་མི་གཙང་བ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ཉིད་དང་། བདག་མེད་པར་རྟོག་གོ། །དེ་ལྟར་རྟོག་པའི་ཚེ་འདི་སྙམ་དུ་ཕུང་པོ་མ་ཡིན་པ་ནི་འདུ་བྱེད་ཀྱི་ཕུང་པོའོ། ། སྡུག་བསྔལ་གྱི་ཕུང་པོ་ནི་འདུ་བྱེད་ཀྱི་ཕུང་པོའོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཕུང་པོ་ནི་འདུ་བྱེད་ཀྱི་ཕུང་པོའོ། །གཟུགས་བརྙན་གྱི་ཕུང་པོ་ནི་འདུ་བྱེད་ཀྱི་ཕུང་པོའོ། །འདུ་བྱེད་ཀྱི་ཕུང་པོ་ནི་མི་འཕེལ་བ། མི་འབྲི་བ། མ་བསྡུས་པའོ། །ལུས་ཀྱིས་འདུ་བྱེད་པ་དང་། ངག་གིས་འདུ་བྱེད་པ་དང་། ཡིད་ཀྱིས་འདུ་བྱེད་པ་བྱས་པ་མེད་དེ། མཁས་པ་དག་ནི་འདུ་བྱེད་ཀྱི་ཕུང་པོ་དེ་ལ་མི་ཆགས། མི་ལེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ཀྱིས་འདུ་བྱེད་པ་ རྣམས་ལུས་ཀྱི་ནང་ན་མི་གནས། ལུས་ཀྱི་ཕྱི་རོལ་ན་མི་གནས། གཉི་གའི་བར་ན་མི་གནས་སོ། །ངག་གིས་འདུ་བྱེད་པ་དང་ཡིད་ཀྱིས་འདུ་བྱེད་པ་ཡང་དེ་བཞིན་དུ་ནང་ན་མི་གནས། ཕྱི་རོལ་ན་མི་གནས། གཉི་གའི་བར་ན་མི་ གནས་ཏེ། འདུ་བྱེད་ཀྱི་ཕུང་པོ་ལ་འདུ་བྱེད་ཀྱི་ཕུང་པོའི་མཚན་ཉིད་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདུ་བྱེད་ཀྱི་ཕུང་པོ་དེ་ནི་རྒྱུ་དང་རྐྱེན་མང་པོ་དང་། ཕྱིན་ཅི་ལོག་དང་། ཡང་དག་པར་མ་ཡིན་པ་དང་། སྔོན་གྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ ལས་སྐྱེས་ཏེ་རྒྱུ་དང་རྐྱེན་གྱིས་བཟུང་བས་ན་འདུ་བྱེད་རྣམས་བྱས་པར་གྱུར་ཏོ། །ལུས་ཀྱིས་འདུ་བྱེད་པ་དང་། ངག་གིས་འདུ་བྱེད་པ་དང་། ཡིད་ཀྱིས་འདུ་བྱེད་པ་ཀུན་ཀྱང་ཡང་དག་པར་འདུ་བྱ་བ་མ་ཡིན། ཅིའང་འདུ་བྱེད་པ་མེད་དེ། ཡང་ 55-1-27a དག་པ་མ་ཡིན་པ་ལས་འདུ་བྱེད་པ། ཕྱིན་ཅི་ལོག་ཏུ་འདུ་བྱེད་པ་སྟེ། དེ་བས་ན་འདུ་བྱེད་མ་ཡིན་པ་ལ་འདུ་བྱེད་ཀྱི་ཕུང་པོ་ཞེས་བཏགས་སོ། །དེ་ཅིའི་ཕྱིར་ཞེ་ན། མཁས་པ་དེ་དག་གིས་ནི། འདུ་བྱེད་ཀྱི་མཚན་ཉིད་ལ་མ་ངེས་ པས་ལུས་ཀྱིས་འདུ་བྱེད་པ་དང་། ངག་གིས་འདུ་བྱེད་པ་དང་། ཡིད་ཀྱིས་འདུ་བྱེད་པ་དག་གནས་འདི་ན་འམ། གནས་གཞན་ན་འམ། ནང་ངམ། ཕྱི་རོལ་ན་གནས་པར་མ་ངེས་པའི་ཕྱིར་རོ། །ལུས་དང་། ངག་དང་། ཡིད་ཀྱིས་འདུ་བྱེད་པ་ཡང་འདུ་བྱེད་ ཀྱི་མཚན་ཉིད་དུ་ངེས་པ་མེད། དམིགས་སུ་མེད། བརྗོད་དུ་མེད་ན། འདུ་བྱེད་ཀྱི་ཕུང་པོ་དམིགས་སུ་ཡོད་པ་འམ་བརྗོད་དུ་ཡོད་པ་ལྟ་ཅི་སྨོས་ཏེ། དེ་བས་ན་ཕུང་པོ་མེད་པ་ནི་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱའོ། །བུས་པ་སོ་སོའི་སྐྱེ་བོ་དག་ནི་ཕྱིན་ཅི་ ལོག་ཏུ་འདུ་ཤེས་བསྐྱེད་ནས་ལུས་དང་། ངག་དང་། ཡིད་ཀྱི་འདུ་བྱེད་པ་ལ་ཆགས་ཏེ། འདུ་བྱེད་ཀྱི་ཕུང་པོ་ལ་རྣམ་པར་རྟོག་པས་འདུ་བྱེད་ཀྱི་ཕུང་པོས་བཅིངས་ཏེ་འཁོར་བ་ན་འཁོར་བར་གྱུར་ཏོ། །བུས་པ་སོ་སོའི་སྐྱེ་བོ་དག་ཕྱིན་ཅི་ལོག་གི་དབང་དུ་ གྱུར་པས་ལུས་དང་། ངག་དང་། ཡིད་ཀྱི་འདུ་བྱེད་སྐྱེད་དེ། དེ་ལ་འཛིན་ཅིང་ཆགས་པས་ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས། ཕུང་པོ་མེད་པ་ལ་ཕུང་པོར་ཤེས་སོ། །ཕྱིན་ཅི་ལོག་གི་འདུ་བྱེད་ལ་ཆགས་པས་དེས་རྣམ་པར་བཅིངས་ཏེ་ལམ་ རྒྱུད་ལྔར་འཁོར་ཞིང་རྟག་ཏུ་ལུས་དང་། ངག་དང་། ཡིད་ཀྱི་འདུ་བྱེད་ཀྱི་རྗེས་སུ་སྤྱོད་དེ་ཡང་དག་པ་ཇི་ལྟ་བ་བཞིན་མི་རྟོགས། ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་བྱེད་ཀྱི་ཕུང་པོ་མ་རྟོགས་པས་ལུས་དང་། ངག་དང་། ཡིད་ཀྱི་སྒོ་ནས་འདུ་བྱེད་ རྣམས་བསྐྱེད་པར་གྱུར་ཏོ། །བུས་པ་སོ་སོའི་སྐྱེ་བོ་དག་ཕྱིན་ཅི་ལོག་ལ་ཆགས་པའི་ཕྱིར། དེ་ཁོ་ན་ཉིད་མ་ཡིན་པའི་ཆོས་ལ་ཆགས་པའི་ཕྱིར། ཡང་དག་པ་མ་ཡིན་པ་ལ་ཆགས་པའི་ཕྱིར་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱའོ། །འཇིག་རྟེན་འཛིན་ བྱང་ཆུབ་སེམས་དཔའ་རྣམས་འདི་ལ་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་ན་འདུ་བྱེད་རྣམས་ཀྱི་དངོས་པོ་མེད་དེ་རབ་ཏུ་མཐུ་ཆུང་བ་རྒྱུ་དང་རྐྱེན་མང་པོ་འདུས་པ་ལས་འདུ་བྱེད་ཀྱི་ཕུང་པོ་ཞེས་བརྗོད་ཅིང་བཏགས་ཏེ་དེ་ལ་ཡང་དག་པར་ 55-1-27b འདུ་བྱེད་ཀྱི་ཕུང་པོ་མེད་པར་རྟོགས་སོ། །ཕུང་པོ་མེད་པ་ནི་འདུ་བྱེད་ཀྱི་ཕུང་པོའོ། །ཐོག་མ་ནས་མ་སྐྱེས་པ་ནི་འདུ་བྱེད་ཀྱི་ཕུང་པོའོ། །རང་བཞིན་མེད་པ་ནི་འདུ་བྱེད་ཀྱི་ཕུང་པོའོ། །འདུ་བྱེད་རྣམས་ཀྱི་སྔ་མའི་མཐའ་ཡང་དམིགས་སུ་མེད། ཕྱི་མའི་མཐའ་ ཡང་དམིགས་སུ་མེད། བར་གྱི་མཐའ་ཡང་དམིགས་སུ་མེད་དེ་མི་གནས་པས་འདུ་བྱེད་རྣམས་ནི་སྐད་ཅིག་གཅིག་གིས་སྐྱེ་ཞིང་འགོག་པའི་ཆོས་ཅན་ནོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ འདུ་བྱེད་ཀྱི་ཕུང་པོ་ལ་སྟོང་པ་ཉིད་དང་། དམིགས་སུ་མེད་པ་དང་། སྲ་བའི་རང་བཞིན་མེད་པ་དང་། སྤུའི་ཉག་མ་ཙམ་ཡང་དམིགས་སུ་མེད་པར་རྟོགས་སོ། །དེ་ལྟར་བསམས་ནས་བུས་པ་སོ་སོའི་སྐྱེ་བོ་དག་སྙིང་པོ་མེད་པའི་ཆོས་ཀྱིས་རྣམ་ པར་བཅིངས་པ་དང་། འདུ་བྱེད་ཀྱི་ཕུང་པོས་རྣམ་པར་བཅིངས་པ་དང་། ཆགས་པས་རྣམ་པར་བཅིངས་ཏེ། ལུས་དང་། ངག་དང་། ཡིད་ཀྱི་སྒོ་ནས་འདུ་བྱེད་པ་བསྐྱེད་དོ། །བདག་འདུ་བྱེད་པ་དང་། བདག་གི་བར་འདུ་བྱེད་པ་བསྐྱེད་དོ། །དེ་ལྟ་བུའི་ ལས་བསྐྱེད་པས་འདུ་བྱེད་ཀྱི་ཕུང་པོས་རྣམ་པར་བཅིངས་ནས་འདུ་བྱེད་ཀྱི་ཕུང་པོ་ཉིད་མ་རིག་པ་གཏི་མུག་ཡིན་པར་མི་ཤེས་ཏེ་འདུ་བྱེད་ཀྱི་ཕུང་པོ་ལ་ཡང་དག་པར་རྟོག་གོ། །དེ་ལྟར་ཕྱིན་ཅི་ལོག་གི་དབང་དུ་གྱུར་པས་དེ་ལ་ ཆགས་ཤིང་འཛིན་ཏོ། །གང་ཟག་དེས་དེ་ལྟར་འདུ་བྱེད་ཀྱི་ཕུང་པོ་ལ་ཆགས་ཤིང་འཛིན་པས་བར་བར་ནི་བདེ་བར་བྱེད། བར་བར་ནི་སྡུག་བསྔལ་བར་འདུ་བྱེད། བར་བར་ནི་བདེ་བའང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པར་འདུ་བྱེད་དོ། ། གང་ཟག་དེས་བདེ་བ་ལ་འདུ་བྱེད་པས་བདེ་བའི་ལུས་ཐོབ་བོ། །སྡུག་བསྔལ་ལ་འདུ་བྱེད་པས་སྡུག་བསྔལ་གྱི་ལུས་ཐོབ་བོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ལ་འདུ་བྱེད་པས་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་ པའ་ལུས་ཐོབ་བོ། །གང་ཟག་དེས་བདེ་བའི་ལུས་ཐོབ་པས་དེ་ལ་འདོད་པ་བསྐྱེད་དོ། །སྡུག་བསྔལ་གྱི་ལུས་ཐོབ་པས་ཞེ་སྡང་བསྐྱེད་དོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ལུས་ཐོབ་པས་གཏི་མུག་བསྐྱེད་དོ། ། 55-1-28a གང་ཟག་དེས་དེ་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་དུ་གྱུར་པས་འདུ་བྱེད་ཀྱི་ཉེས་པའི་སྐྱོན་མ་མཐོང་ནས། ལུས་དང་ངག་དང་། ཡིད་ཀྱི་འདུ་བྱེད་རྣམ་པར་མ་དག་གོ། །གང་ཟག་དེ་ད་ལྟར་ལུས་དང་། ངག་དང་། ཡིད་ཀྱི་འདུ་བྱེད་རྣམ་པར་མ་དག་པས་རྣམ་པར་མ་དག་པའི་ལམ་དུ་ལྟུང་བར་གྱུར་པ་ནི་འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་སོ། །ཇི་སྟེ་སྐད་ཅིག་ཙམ་དེ་ལས་ཐར་ཏེ་ལྷ་དང་མིར་སྐྱེས་ན་ཡང་ལུས་དང་། ངག་ དང་། ཡིད་ཀྱི་འདུ་བྱེད་ལ་ཤིན་དུ་ཆགས་ཏེ་འདུ་བྱེད་ཀྱི་ཕུང་པོ་ལ་རབ་ཏུ་ཆགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་སོ། །བདག་ཅག་ཀྱང་བུས་པ་སོ་སོའི་སྐྱེ་བོའི་རྗེས་ སུ་བསླབ་པར་མི་བྱའི། བདག་ཅག་གིས་ལུས་དང་། ངག་དང་ཡིད་ཀྱི་འདུ་བྱེད་རྣམ་པར་དག་པར་སྦྱངས་ཏེ་འདུ་བྱེད་ཀྱི་ཕུང་པོ་ལ་ཆགས་པར་མི་བྱ། འདུ་བྱེད་ཀྱི་ཕུང་པོའི་ཉེས་པའི་སྐྱོན་ཤིན་ཏུ་བརྟགས་ཏེ། འདུ་བྱེད་ཀྱི་ཕུང་པོ་ལས་ འབྱུང་བའི་ལམ་བཙལ་བར་བྱའོ། །གང་དེ་ལྟར་རྟོག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་བྱེད་ཀྱི་ཕུང་པོ་ལ་རྟོག་པ་ཞེས་བྱ་སྟེ། དེ་ནི་ཡང་དག་པར་འདུ་བྱེད་ཀྱི་ཕུང་པོ་མི་རྟག་པ་ལ་རྟོག་པ་ཞེས་བྱའོ། །དེའི་ཚེ་ན་ཡང་དག་ པ་ཇི་ལྟ་བ་བཞིན་དུ་འདུ་བྱེད་རྣམས་དང་། འདུ་བྱེད་ཀྱི་ཀུན་འབྱུང་བ་དང་། འདུ་བྱེད་ཀྱི་འགོག་པ་དང་། འདུ་བྱེད་ཀྱི་འགོག་པའི་ལམ་ལ་མི་འཛིན། མི་ཆགས། མི་ཞེན་ཏོ། །འདུ་བྱེད་རྣམས་ལ་ཡང་མི་ཆགས་མི་ཞེན་ཏོ། །འདུ་བྱེད་ཀྱི་ཕུང་ པོ་ལ་ཡང་མི་ཆགས་སོ། །དེ་ལྟར་རྟོག་པའི་ཚེ་འདུ་བྱེད་ཀྱི་མཚན་མ་དང་བྲལ་ཏེ་འདུ་བྱེད་ཀྱང་འདུ་བྱེད་ཀྱི་ཕུང་པོའི་ལམ་མེད་པར་རྟོགས་ཏེ་འདུ་བྱེད་ཐམས་ཅད་ལ་སྟོང་པ་ཉིད་དུ་རྟོགས་པའི་འདུ་བྱེད་ཐམས་ཅད་ལ་སྐྱོ་ཞིང་སྐྲག་ པ་དང་འབྱུང་བའི་སེམས་སྐྱེའོ། །རྣམ་པར་དག་པའི་ལུས་དང་ངག་དང་ཡིད་ཀྱི་འདུ་བྱེད་འབའ་ཤིག་ལ་མངོན་པར་འདུ་བྱེད་དོ། །འདུ་བྱེད་ཀྱི་མཚན་མ་རྣམ་པར་བཤིག་པ་དང་། འདུ་བྱེད་ཀྱི་ཕུང་པོའི་མཚན་མ་ལས་རིང་དུ་གྱུར་པས། 55-1-28b གང་ཟག་དེས་ཇི་ཙམ་དུ་ལུས་ཐོབ་པར་གྱུར་པ་དེ་ཡོངས་སུ་དག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་ནི་ལུས་ཀྱི་ལས་རྣམ་པར་དག །ངག་གི་ལས་རྣམ་པར་དག །ཡིད་ཀྱི་ལས་རྣམ་པར་དག་པའོ། །ལུས་ཀྱི་འདུ་བྱེད་རྣམ་པར་དག ། ངག་གི་འདུ་བྱེད་རྣམ་པར་དག །ཡིད་ཀྱི་འདུ་བྱེད་རྣམ་པར་དག་པའོ། །གང་ཟག་དེ་ནི་འདུ་བྱེད་ཀྱི་ཕུང་པོ་དང་བྲལ་བ། འདུ་བྱེད་ཀྱི་ཕུང་པོའི་མཚན་མ་དང་བྲལ་བ། ཆོས་རྣམས་ཀྱི་དངོས་པོའི་མཚན་མ་རྣམ་པར་འཇིག་པའོ། །དེ་ལྟར་ཡང་དག་ པ་ཇི་ལྟ་བ་བཞིན་དུ་རྟོག་པའི་ཚེ་འདུ་བྱེད་ཀྱི་ཕུང་པོ་རྣམས་གང་ནས་ཀྱང་མ་འོངས་གང་དུ་འང་མི་འགྲོ་བར་རྟོགས་ཏེ། འདུ་བྱེད་རྣམས་ངེས་པར་སྐྱེ་བའི་མཚན་མའམ། ངེས་པར་འགོག་པའི་མཚན་མར་མི་དམིགས་སོ། །དེས་འདུ་བྱེད་ རྣམས་ལ་སྐྱེ་བ་དང་འགོག་པའི་མཚན་མ་མེད་པར་རྟོགས་ཏེ། འདུ་བྱེད་ཐམས་ཅད་སྐྱེ་བ་དང་འགོག་པའི་མཚན་མ་མ་ཡིན་ནོ། །གང་ཟག་དེ་འདུ་བྱེད་ཐམས་ཅད་ལ་སྐྱེ་བ་དང་འགོག་པའི་མཚན་མ་མེད་པར་རྟོགས་ནས་སྐྱོ་ཞིང་སྤོང་ བའི་སེམས་སྐྱེས་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་བྱེད་རྣམས་ཀྱི་ཀུན་འབྱུང་དང་འགོག་པའི་མཚན་མ་རྟོགས་ཤིང་ཆུད་པར་འགྱུར་རོ། །འདུ་བྱེད་རྣམས་མ་སྐྱེས་པའི་མཚན་ཉིད་དུ་རིག་ཀྱང་འདུ་བྱེད་ཀྱི་མཚན་ཉིད་ཤིན་ཏུ་ མི་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་འདུ་བྱེད་ཀྱི་ཕུང་པོ་ལ་ངེས་པའི་མཚན་ཉིད་མེད་པའི་ཕྱིར་རོ། །འདི་ལྟ་སྟེ། ཆུ་ཤིང་ལ་སྲ་བའི་མཚན་ཉིད་ཀྱང་མི་རྙེད། མི་སྲ་བའི་མཚན་ཉིད་ཀྱང་མི་རྙེད་པ་དེ་བཞིན་དུ་འདུ་བྱེད་ཀྱི་མཚན་ ཉིད་ཀྱང་མི་རྙེད་པ་དེ་བཞིན་དུ་འདུ་བྱེད་ཀྱི་མཚན་ཉིད་ཀྱང་དེ་བཞིན་ཏེ་སྲ་བའི་མཚན་ཉིད་ཀྱང་མི་རྙེད་ལ་མི་སྲ་བའི་མཚན་ཉིད་ཀྱང་མི་རྙེད་དོ། །འཇིག་རྟེན་འཛིན་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདུ་བྱེད་ཀྱི་ཕུང་པོ་ལའང་འཇུག་པ་ཡིད་ལ་བྱེད་པའི་རྣམ་པར་འབྱེད་ པ་ལ་རྟོག་པ་ཞེས་བྱའོ། །འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ནན་པོ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་འབྱེད་པ་ལ་རྟོག་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཕུང་ 55-1-29a པོ་མ་ཡིན་པ་ལ་རྣམ་པར་ཤེས་པའི་ཕུང་པོར་རྟོག །ཕྱིན་ཅི་ལོག་གི་ཕུང་པོ་ལ་རྣམ་པར་ཤེས་པའི་ཕུང་པོར་རྟོག །ཡང་དག་པ་མ་ཡིན་པའི་ཕུང་པོ་ལ་རྣམ་པར་ཤེས་པའི་ཕུང་པོར་རྟོག་གོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་རྣམ་པར་ཤེས་པའི་ཕུང་པོ་དེ་ནི་ཕྱིན་ཅི་ལོག་ལས་སྐྱེས་ཏེ། ཡང་དག་པ་མ་ཡིན་པའི་རྐྱེན་གྱིས་བཅིངས་པས་སྔོན་གྱི་ལས་ཀྱིས་ཡོད་པར་གྱུར་ཏེ། ད་ལྟར་གྱི་རྐྱེན་ལ་རག་ལུས་པས་རྒྱུ་དང་རྐྱེན་མང་པོ་ལ་རག་ ལུས་པའི་ཕྱིར་ཡང་དག་པ་མ་ཡིན་པ་ཅི་ཡང་མེད་པའི་རྣམ་པར་བརྟགས་པ་ལས་རྣམ་པར་ཤེས་པ་ལས་སྐྱེས་སོ། །རྣམ་པར་ཤེས་པའི་ཕྱིར་རྣམ་པར་ཤེས་པ་ཞེས་བྱ་སྟེ། རྣམ་པར་རྟོག་པའི་བློ་འཁྲུལ་པ་ལས་བླ་ཐབས་ སུ་ཡོད་པར་གྱུར་ཏེ་ཤེས་པ་ཡོད་པས་རྣམ་པར་ཤེས་པ་ཞེས་བྱའོ། །དངོས་པོ་རྣམ་པ་སྣ་ཚོགས་སུ་ཤེས་པའི་ཕྱིར། སེམས་ཀྱི་ལས་བསྐྱེད་པའི་ཕྱིར། བསམས་པ་སེམས་པའི་ཕྱིར་རྐྱེན་མང་པོ་ལས་མཚན་མ་སྐྱེ་བའི་ ཕྱིར། རྣམ་པ་སྣ་ཚོགས་སུ་སེམས་སྐྱེ་བའི་ཕྱིར་ན་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱའོ། །ཤེས་པ་ལས་རྣམ་པར་ཤེས་པའི་གཟུགས་བྱུང་སྟེ་སེམས་ཀྱི་ལས་སྟོན་པའི་ཕྱིར། བསམ་པ་སྡུག་པའི་ཕྱིར། རྣམ་པར་ ཤེས་པའི་ཕུང་པོ་ཞེས་བྱ་སྟེ། དེ་ལ་སེམས་དང་ཡིད་དང་། རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། ཐམས་ཅད་ཀྱང་ཡིད་ཀྱི་ལས་ཀྱིས་རྣམ་པར་རྟོག་པས་རྣམ་པར་ཤེས་པས་བསྡུས་ཏེ་མཚན་ཉིད་དུ་རྣམ་པར་ཤེས། འདུ་བྱེད་དུ་རྣམ་ པ་ཤེས། རང་བཞིན་དུ་རྣམ་པར་ཤེས་པས་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱའོ། །དེ་ལྟར་ཕུང་པོ་མ་ཡིན་པ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། མ་སྐྱེས་པ་མ་བྱུང་བ། མ་བྱས་པའོ། །ཕྱིན་ཅི་ལོག་དང་ལྡན་པའི་རྐྱེན་ཀྱིས་ཡང་དག་ པ་མ་ཡིན་པར་ཤེས་པའི་ཕྱིར་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པའི་ཕུང་པོ་དེ་ནི་རྒྱུ་དང་རྐྱེན་མང་པོ་ལས་སྐྱེས་ཏེ། རང་བཞིན་དང་གོ་རིམས་དང་རྒྱུན་ལས་སྐྱེས་པ་མེད་དེ་སྐད་ཅིག་སྐད་ཅིག་ 55-1-29b གིས་སྐྱེ་ཞིང་འགོག་སྟེ། རྣམ་པར་ཤེས་པས་ཕུང་པོའི་མཚན་ཉིད་བསྐྱེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་སྐྱེས་པའི་ངེས་པ་དམིགས་སུ་མེད་ལ་སྐྱེ་བའི་མཚན་ཉིད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ། །ངེས་པ་དང་ མཚན་ཉིད་དམིགས་སུ་མེད་པའི་ཕྱིར། ངོ་བོ་ཉིད་ཀྱི་རང་བཞིན་མེད་པའི་ཕྱིར། རང་གི་མཚན་ཉིད་མེད་པའི་ཕྱིར། སྲ་བའི་རང་བཞིན་མི་རྙེད་པའི་ཕྱིར་ན་མཁས་པ་དག་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་སྟེ། ཕུང་པོ་མ་ཡིན་པ་ལ་རྣམ་ པར་ཤེས་པའི་ཕུང་པོར་ཁོང་དུ་ཆུད་དོ། །བུས་པ་སོ་སོའི་སྐྱེ་བོ་དག་རྣམ་པར་ཤེས་པའི་ཕུང་པོ་མ་ཡིན་པ་ལ་རྣམ་པར་ཤེས་པའི་ཕུང་པོར་འདུ་ཤེས་ཏེ་ལོག་པར་རྣམ་པར་རྟོག་པ་དང་། ཕྱིན་ཅི་ལོག་དང་ལྡན་པའི་ཡང་དག་པ་མ་ཡིན་ པར་རྟོག་པའི་བློས་རྣམ་པར་བཅིངས་པས་རྣམ་པར་ཤེས་པའི་ཕུང་པོར་ནན་ཏན་གྱིས་བརྟགས་ནས་རྣམ་པར་ཤེས་པའི་ཕུང་པོར་ཆགས། རྣམ་པར་ཤེས་པའི་བྱ་བ་ལ་གནས། རྣམ་པར་ཤེས་པའི་རྣམ་པ་ལ་བརྟེན་ཏེ་བསམ་པའི་ སེམས་པ་བསྟན་པའི་ཕྱིར་རྣམ་པར་ཤེས་པའི་ཕུང་པོ་བསྐྱེད་དོ། །གང་ཟག་དེ་རྣམ་པ་སྣ་ཚོགས་སུ་རྣམ་པར་རྟོག་པའི་ནང་གི་རྣམ་པར་ཤེས་པ་ལ་ཆགས། ཕྱིའི་རྣམ་པར་ཤེས་པ་ལ་ཆགས། ཕྱི་ནང་གི་རྣམ་པར་ཤེས་པ་ལ་ཆགས། རིང་ བའི་རྣམ་པར་ཤེས་པ་ལ་ཆགས། ཉེ་བའི་རྣམ་པར་ཤེས་པ་ལ་ཆགས་ཏེ་རྣམ་པར་ཤེས་པས་མཚན་མར་རྣམ་པར་བརྟགས་པས་རྣམ་པར་ཤེས་པའི་ཕུང་པོ་བསྐྱེད་དོ། །གང་ཟག་དེ་རྣམ་པར་རྟོག་པའི་འདུ་ཤེས་ཀྱིས་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ཞེས་བླ་དགས་སུ་བཏགས་ཏེ། འདི་ནི་སེམས་སོ། །འདི་ནི་ཡིད་དོ། །འདི་ནི་རྣམ་པར་ཤེས་པའོ་ཞེས་ནན་ཏན་གྱིས་བཏགས་ཏེ། དེ་ལྟར་སེམས་ཀྱི་མཚན་ཉིད་རྣམ་པ་སྣ་ཚོགས་འབྱུང་བར་ཤེས་ སོ། །བུས་པ་སོ་སོའི་དག་རྣམ་པར་ཤེས་པའི་ཕུང་པོ་ལ་ཆགས་ཏེ་རྣམ་པར་ཤེས་པའི་ཕུང་པོས་རྣམ་པར་བཅིངས་སོ། །སེམས་དང་ཡིད་དང་། རྣམ་པར་ཤེས་པ་འདུས་པ་ལས་རྣམ་པ་སྣ་ཚོགས་སུ་རྣམ་ 55-1-30a པར་ཤེས་པའི་ཕུང་པོར་སྐྱེས་སོ། །རྣམ་པར་རྟོག་པའི་ཡང་དག་པ་མ་ཡིན་པའི་དངོས་པོའི་ཕྱིར། མཚན་ཉིད་གཅིག་པའི་ཕྱིར་ངེས་པའི་མཚན་ཉིད་གཅིག་པའི་ཕྱིར་སེམས་དེ་དང་། ཡིད་དེ་དང་། རྣམ་པར་ ཤེས་པ་དེ་ཐོབ་ཅིང་ཆགས་པ་རྣམ་པར་འབྱེད་པ་ལ་མཁས་པ་ཐོབ་པར་འགྱུར་རོ། །གང་ཟག་དེ་རྣམ་པར་ཤེས་པའི་ཕུང་པོ་ལ་རྟེན་ཅིང་གནས་ཏེ་རྣམ་པར་ཤེས་པ་ལ་ཆགས་པས་འདས་པའི་རྣམ་པར་ཤེས་པའི་ ཕུང་པོ་ལ་ཡོད་པར་ཆགས་ཤིང་འཛིན་ཏོ། །མ་འོངས་པའི་རྣམ་པར་ཤེས་པའི་ཕུང་པོ་ལ་ཡང་ཡོད་པར་འཛིན་ཅིང་ཆགས་སོ། །བུས་པ་སོ་སོའི་སྐྱེ་བོ་དག་མཐོང་བ་དང་། ཐོས་པ་དང་། ཚོར་བ་དང་། ཤེས་པའི་ཆོས་ལ་ རྣམ་པར་ཤེས་པའི་ཕུང་པོར་ཆགས་ཏེ་ཡོད་པར་འཛིན་ཏོ། །གང་ཟག་དེ་མཐོང་བ་དང་། ཐོས་པ་དང་། ཚོར་བ་དང་། ཤེས་པའི་ཆོས་ལ་ཆགས་ཤིང་འཛིན་ཏེ། རྣམ་པར་ཤེས་པའི་ཕུང་པོས་རྣམ་པར་བཅིངས་པས་ ཤེས་པ་ལ་གཙོ་བོར་འཛིན་ཏོ། །སེམས་དང་། ཡིད་དང་། རྣམ་པར་ཤེས་པ་འདུས་པའི་དབང་དུ་གྱུར་པས་འཁོར་བར་འཁོར་བ་ན་འདི་ལྟ་སྟེ། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ། འཇིག་རྟེན་ཕ་རོལ་ནས་འདི་ དག་དུའོ། །དེ་དག་ཀྱང་རྣམ་པར་ཤེས་པའི་ཕུང་པོས་རྣམ་པར་བཅིངས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོར་མི་ཤེས་སོ། །རྣམ་པར་ཤེས་པའི་ཕུང་པོ་ནི་ཡང་དག་པ་མ་ཡིན་ན་ཕྱིན་ཅི་ལོག་དང་ ལྡན་པའི་རྒྱུ་ལས་ཐོས་པ་དང་། མཐོང་བ་དང་། ཚོར་བ་དང་། ཤེས་པའི་ཆོས་རྣམས་བྱུང་སྟེ་དེ་ལ་ཡང་དག་པའི་རྣམ་པར་ཤེས་པ་མེད་དོ། །དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་རྟོགས་པས་ན། བར་བར་ནི་དགེ་བའི་རྣམ་པར་ ཤེས་པ་འབྱུང་། བར་བར་ནི་མི་དགེ་བའི་རྣམ་པར་ཤེས་པ་འབྱུང་། བར་བར་ནི་དགེ་བ་དང་མི་དགེ་བའི་རྣམ་པར་ཤེས་པ་འབྱུང་སྟེ། གང་ཟག་དེ་རྟག་ཏུ་རྣམ་པར་ཤེས་པའི་རྗེས་སུ་སྤྱོད་ཀྱང་རྣམ་པར་ཤེས་པ་སྐྱེ་བའི་གནས་ 55-1-30b མི་ཤེས། རྣམ་པར་ཤེས་པའི་ཡང་དག་པ་ཇི་ལྟ་བའི་མཚན་ཉིད་མི་ཤེས་སོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པས་རྣམ་པར་ཤེས་པའི་ཕུང་པོ་ནི་ ཡང་དག་པ་མ་ཡིན་པའི་རྣམ་པར་ཤེས་པ་ལས་བྱུང་བར་རྟོགས་སོ། །འདི་ལྟ་སྟེ། མཐོང་བ་དང་། ཐོས་པ་དང་། ཚོར་བ་དང་། ཤེས་པའི་ཆོས་རྣམས་རྒྱུ་དང་རྐྱེན་མང་པོ་ལས་བྱུང་བར་ཤེས་སོ། །ཆོས་མེད་པ་ལས་ཆོས་སུ་འདུ་ཤེས་པས་རྣམ་པར་ ཤེས་པའི་ཕུང་པོར་ཆགས་པར་གྱུར་ཏོ། །བདག་ཅག་གིས་བུས་པ་སོ་སོའི་སྐྱེ་བོའི་རྗེས་སུ་བསླབ་པར་མི་བྱའི་བདག་ཅག་གིས་རྣམ་པར་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་འབྱེད་པ་ལ་བརྟག་པ་དང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ ཤེས་པའི་ཕུང་པོ་འབྱེད་པ་ལ་བརྟག་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པའི་ཚེ་རྣམ་པར་ཤེས་པའི་ཕུང་པོ་དེ་ཡང་དག་པ་མ་ཡིན་པ་ཕྱིན་ཅི་ལོག་པར་ཤེས་ཏེ། ཐོག་མ་ནས་སྐྱེས་པའི་མཚན་ཉིད་དུ་ ཤེས་སོ། །ཕུང་པོ་མ་ཡིན་པ་ནི་རྣམ་པར་ཤེས་པའི་ཕུང་པོའོ། །གཟུགས་བརྙན་གྱི་ཕུང་པོ་ནི་རྣམ་པར་ཤེས་པའི་ཕུང་པོའོ། །སྒྱུ་མའི་ཕུང་པོ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། དཔེར་ན་སྒྱུ་མ་མཁན་གྱིས་སྒྱུ་མའི་མི་བྱས་ན་མི་དེའི་རྣམ་པར་ཤེས་ པ་དེ་ནི་ནང་ན་འང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉི་གའི་བར་ན་ཡང་མི་གནས་པ་ལྟར་རྣམ་པར་ཤེས་པའི་རང་བཞིན་ཀྱང་དེ་དང་འདྲ་སྟེ། ཡང་དག་པ་མ་ཡིན་པའི་རྐྱེན་མང་པོ་དང་རྣམ་པར་རྟོག་པ་ལས་སྐྱེས་ཏེ་ཡང་དག་པའི་དངོས་པོ་ མེད་དོ། །འཁྲུལ་འཁོར་གྱི་མི་ལྟར་རྣམ་པར་ཤེས་པའང་དེ་དང་འདྲ་སྟེ་ཕྱིན་ཅི་ལོག་དང་ཡང་དག་པ་མ་ཡིན་པའི་རྒྱུ་རྐྱེན་མང་པོ་འདུས་པ་ལས་ཡོད་པར་གྱུར་ཏོ། །དེ་ལྟར་རྟོག་པའི་ཚེ་རྣམ་པར་ཤེས་པ་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། བདག་མེད་པར་ཤེས་སོ། །རྣམ་པར་ཤེས་པའི་མཚན་ཉིད་ལ་སྒྱུ་མ་ལྟ་བུར་ཤེས་པ་དང་། རྣམ་པར་ཤེས་པའི་རང་བཞིན་ལ་སྒྱུ་མ་ལྟ་བུར་རྟོགས་སོ། །བྱང་ཆུབ་སེམས་དཔའས་དེའི་ཚེ་འདི་འདི་སྙམ་དུ་འཇིག་རྟེན་འདི་དག་ནི་ཤིན་ཏུ་ 55-1-31a མྱོས་ཤིང་གཏི་མུག་གིས་ལྡོངས་སོ། །འདི་ལྟ་སྟེ། རྣམ་པར་བརྟགས་པའི་རྣམ་པར་ཤེས་པ་ལས་འཇིག་རྟེན་འབྱུང་སྟེ། སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་འདུས་པས་ན་ཁམས་གསུམ་འདི་ནི་རྣམ་པར་ཤེས་པ་ཙམ་མོ། ། དེ་ལྟར་སེམས་དང་ཡིད་ཀྱི་རྣམ་པར་ཤེས་པ་ནི་གཟུགས་མེད། ཕྱོགས་མེད། ཆོས་ཀྱི་ནང་ན་མི་གནས། ཆོས་ཀྱི་ཕྱི་རོལ་ན་མི་གནས་སོ། །བུས་པ་སོ་སོའི་སྐྱེ་བོ་དག་ནི་ཡང་དག་པ་མ་ཡིན་པ་དང་ལྡན་པས་རྣམ་པར་བཅིངས་པའི་ཕྱིར་རྣམ་པར་ ཤེས་པའི་ཕུང་པོ་ལ་བདག་དང་། བདག་གི་བར་འཛིན་ཅིང་ཆགས་སོ། །གང་ཟག་དེ་ནི་རྣམ་པར་ཤེས་པའི་ཕུང་པོ་ནང་ན་གནས་པར་འཛིན། རྣམ་པར་ཤེས་པའི་ཕུང་པོ་ཕྱི་རོལ་ན་གནས་པར་འཛིན། རྣམ་པར་ཤེས་པའི་ཕུང་པོ་ཕྱི་ནང་གཉིས་ ཀ་ན་གནས་པར་འཛིན། རྣམ་པར་ཤེས་པའི་ཕུང་པོ་དེ་བདག་དང་གཞན་ལ་གནས་པར་འཛིན་ཏོ། །ཕུང་པོ་ལ་ནི་སྐྱེ་བ་དང་གྲུབ་པའི་མཚན་ཉིད་མེད་དོ། །རྣམ་པར་ཤེས་པའི་ཕུང་པོའི་མཚན་ཉིད་ནི་རྒྱུ་དང་རྐྱེན་མང་པོ་ལས་སྐྱེས་སོ། །འཇིག་རྟེན་འཛིན་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་ལ་དེ་ལྟར་རྟོག་པ་ནི་ཕུང་པོ་མ་ཡིན་པ་ནི་རྣམ་པར་ཤེས་པའི་ཕུང་པོར་རྟོགས་སོ། །མོས་པས་རྗེས་སུ་རྣམ་པར་འབྱེད་ཅིང་བརྟགས་ནས་ཇི་ཙམ་དུ་རྣམ་པར་ ཤེས་པར་བརྟགས་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ཅིང་རྟོགས་སོ། །བྱང་ཆུབ་སེམས་དཔས་རྣམ་པར་ཤེས་པའི་ཕུང་པོའི་དབེན་པ་ཤེས་ནས་དམིགས་པ་ཐམས་ཅད་དང་། ཤེས་པར་བྱ་བའི་ཐམས་ཅད་ཡོངས་སུ་བཅོམ་མོ། ། འཇིག་རྟན་འཛིན་བྱང་ཆུབ་སམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་རྣམ་པར་ཤེས་པའི་ཕུང་པོ་རྟོགས་ཏེ། རྣམ་པར་ཤེས་པའི་ཕུང་པོ་ལ་སྐྱེ་བ་མེད་པ་དང་། མ་བྱས་པ་དང་། མ་བྱུང་བ་དང་མི་གཟུང་བ་དང་། མི་འཛིན་པར་ཤེས་ན་དེ་དག་ཀྱང་ རྐྱེན་མང་པོ་ལས་སྐྱེས་ཏེ། རྐྱེན་མང་པོ་འདུས་པ་ལས་ཡོད་པར་གྱུར་ཏོ། །མཐོང་བ་དང་། ཐོས་པ་དང་། ཚོར་བ་དང་། རྣམ་པར་ཤེས་པའི་ཆོས་ཀྱི་རྐྱེན་ཀྱིས་ཡོད་པར་གྱུར་ཏེ་ཐོག་མའི་མཐའ་ནས་སྟོང་ངོ་། །དེ་ལྟར་རྣམ་པར་ཤེས་པའི་ཕུང་པོ་ལ་ 55-1-31b རྟོག་པའི་ཚེ་རྣམ་པར་ཤེས་པའི་ཕུང་པོ་ལ་མ་བྱས་པ་དང་མ་བྱུང་བར་ཤེས་ཏེ། གཙོ་བོར་མི་འཛིན་མི་ཆགས་སོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་ ཕུང་པོ་རྣམ་པར་འབྱེད་པ་དང་འཇུག་པ་ལ་རྟོག་གོ། །བྱང་ཆུབ་སེམས་དཔའ་གང་དེ་ལྟར་ཐབས་མཁས་པས་ཕུང་པོ་ལྔ་ལ་འཇུག་པ་དང་། དེ་ལྟར་ཐབས་མཁས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་རྟོག་པ་ ནི་ཕུང་པོ་ལྔ་ནི་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་འཇུག་པ་ཤིན་ཏུ་མཁས་པ་ཞེས་བྱའོ། །ཕུང་པོར་མཚན་མར་འཛིན་པ་ཡོངས་སུ་བཅད་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕུང་པོ་ལྔའི་ཐབས་ཤེས་སོ། །ཐབས་དེས་ན་ཉེ་བར་ལེན་པའི་ ཕུང་པོ་ལྔ་ལ་མི་ཆགས། མི་འཛིན་མི་ཞེན། འཆིང་བར་མི་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟུགས་ཤེས། ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟུགས་ཀྱི་མི་རྟག་པའི་མཚན་ཉིད་དེ་ཤེས་སོ། །དེ་ལྟར་བྱང་ཆུབ་སེམས་དཔས་གཟུགས་ལ་ ཆགས་པ་འབྱུང་ན་དེ་མ་ཐག་ཏུ་སེལ་ཅིང་གཅོད་དོ། །དེ་བཞིན་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཤེས་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་ པའི་མི་རྟག་པའི་མཚན་ཉིད་ཀྱང་ཤེས་སོ། །གལ་ཏེ་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པ་ལ་ཆགས་པ་འབྱུང་ན་དེ་མ་ཐག་ཏུ་སེལ་ཅིང་གཅོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་འདོད་ཅིང་ཆགས་ པ་ཡོངས་སུ་བཅད་པས་ངེས་པའི་ཕུང་པོ་ལྔའི་ཐབས་ཁོང་དུ་ཆུད་པའི་རྗེས་སུ་འཇུག་གོ། །དེ་ལྟར་རྟོག་པའི་ཚེ་ཉེ་བར་ལེན་པའི་ཕུང་པོ་ལྔའི་སྐྱེ་ཞིང་འགོག་པའི་མཚན་མ་ཕྲ་མོ་ལ་ཡང་མཁས་པར་འགྱུར་རོ། །འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཉེ་བར་ལེན་པའི་ཕུང་པོ་ལྔའི་སྐྱེ་ཞིང་འགོག་པའི་མཚན་མ་ཤིན་ཏུ་ཕྲ་བ་རྣམ་པར་འབྱེད་པ་ལ་རྟོག་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་ཐོག་མ་མངལ་དུ་ཞུགས་ 55-1-32a ནས་ནུར་ནུར་པོར་གྱུར་པ་ན་ལྔ་ཕུང་སྔ་མ་འགགས་ཕུང་པོ་ལྔ་གཞན་ཞིག་སྐྱེས་ཏེ། དེ་ནས་ཕུང་པོ་ལྔའི་སྐྱེ་ཞིང་འགོག་པའི་མཚན་ཉིད་རྟོགས་ཏེ་རྣམ་པར་ཤེས་པ་སྔ་མ་འགགས་མོད་ཀྱི་ཕུང་པོ་ལྔ་ལ་གང་ཟག་དེ་རྣམ་པར་ཤེས་ པའི་ཕུང་པོ་ལ་གཙོ་བོར་འཛིན་ཏོ། །རྣམ་པར་ཤེས་པས་རྣམ་པར་བཅིངས་པས་རྣམ་པར་ཤེས་པའི་ཕུང་པོའི་རོ་ལ་ཆགས་ནས་རྣམ་པར་ཤེས་པའི་ཕུང་པོའི་མཚན་ཉིད་ཀྱང་བརྗོད་དོ། །འདི་ལྟ་སྟེ། སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་རྗེས་ སུ་རོ་ལ་ཆགས་པས་རྣམ་པར་ཤེས་པའི་ཕུང་པོ་ལ་ཆགས་ཤིང་འཛིན་ཏོ། །གང་ཟག་དེ་རྣམ་པར་ཤེས་པས་རྣམ་པར་བཅིངས་ཏེ། རྣམ་པར་ཤེས་པའི་ཕུང་པོ་དེ་དང་འབྲེལ་པས་སེམས་དང་ཡིད་ཀྱང་རྣམ་པར་ཤེས་པའི་དབང་དུ་གྱུར་ཏེ་སེམས་དང་ཡིད་ཀྱང་ རྣམ་པར་ཤེས་པའི་རྒྱུ་དང་རྐྱེན་གྱི་མཐུས་བུས་པ་སོ་སོའི་སྐྱེ་བོར་སྐྱེ་སྟེ། གལ་ཏེ་བསམ་པ་ཐ་མ་བསྐྱེད་ན་ལུས་ཐ་མ་ཐོབ་པར་འགྱུར། བསམ་པ་མཆོག་བསྐྱེད་ན་ལུས་མཆོག་ཐོབ་བོ། །བསམ་པ་འབྲིང་དུ་བསྐྱེད་ན་ལུས་འབྲིང་པོར་ ཐོབ་པར་འགྱུར་ཏེ། གང་ཟག་དེ་སེམས་དང་ཡིད་དང་། རྣམ་པར་ཤེས་པ་དེའི་རྗེས་སུ་སྤྱོད་པའི་མཐུས་སྐྱེ་མཆེད་རྣམས་ལ་རྟེན་ཅིང་གནས་པ་སྐྱེས་པར་གྱུར་ཏོ། །རྣམ་པར་ཤེས་པའི་ཕུང་པོ་ལ་ཆགས་པས་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། ཡིད་བློང་བ་དང་། སློས་པའི་མྱ་ངན་དང་། སྡུག་བསྔལ་ལས་རྣམ་པར་མ་གྲོལ་ཏོ། །བྱང་ཆུབ་སེམས་དཔས་དེ་ལ་ད་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོ་རྟོགས་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་ པའི་ཕུང་པོའི་མི་རྟག་པའི་མཚན་ཉིད་རྟོགས་པས་འདུས་པའི་རྣམ་པར་ཤེས་པའི་ཕུང་པོ་ལ་ཡང་མི་ཆགས་མི་འཛིན་ཏོ། །ཕུང་པོ་མ་ཡིན་པ་ནི་རྣམ་པར་ཤེས་པའི་ཕུང་པོར་ཤེས་སོ། །མ་འོངས་པའི་རྣམ་པར་ཤེས་པའི་ཕུང་པོ་ལ་ཡང་མི་ ཆགས་མི་འཛིན་ཏོ། །ཕུང་པོ་མ་ཡིན་པ་ལ་རྣམ་པར་ཤེས་པའི་ཕུང་པོར་ཤེས་སོ། །ད་ལྟར་གྱི་རྣམ་པར་ཤེས་པ་ལ་ཡང་མི་གནས་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོའི་མི་རྟག་པའི་མཚན་ཉིད་ཤེས་སོ། །ཡང་དག་པ་ཇི་ལྟ་ 55-1-32b བ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོའི་སྐྱེ་བ་དང་འགོག་པའི་མཚན་ཉིད་ཤེས་སོ། །གང་དེ་ལྟར་ཡིད་ལ་བྱེད་ཅིང་ཡང་དག་པའི་ཇི་ལྟ་བ་བཞིན་དུའང་རྣམ་པར་ཤེས་པའི་ཕུང་པོ་དེ་ལ་རྟོག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་པའི་ལམ་ལ་འཇུག་ པ་ཞེས་བྱའོ། །འདི་ལྟ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པ་ཤེས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་ཀུན་འབྱུང་བ་ཤེས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་འགོག་པ་ཤེས་སོ། །ཡང་དག་ པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་འགོག་པའི་ལམ་ཤེས་སོ། །གང་ཟག་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོའི་ཀུན་འབྱུང་དང་འགོག་པའི་མཚོན་ཉིད་རྟོགས་ནས་རྣམ་པར་ཤེས་པའི་ཕུང་པོ་འཇིག་པ་ལ་ མཁས་པ་དང་། མཚན་མ་ཐམས་ཅད་ཡོངས་སུ་གཅོད་པ་མཁས་པར་གྱུར་ཏོ། །རྣམ་པར་ཤེས་པའི་ཕུང་པོའི་ཀུན་འབྱུང་དང་འགོག་པའི་མཚན་ཉིད་ཤེས་པ་དང་། རྣམ་པར་ཤེས་པའི་ཕུང་པོ་ཀུན་འབྱུང་དང་འགོག་པའི་མཚན་ཉིད་རྟོགས་སོ། ། བྱང་ཆུབ་སེམས་དཔའ་དེའི་ཚེ་རྣམ་པར་ཤེས་པའི་ཕུང་པོ་མི་སྐྱེད། རྣམ་པར་ཤེས་པའི་ཕུང་པོ་མི་འགོག་སྟེ། རྣམ་པར་ཤེས་པའི་ཕུང་པོ་དེ་ཐོག་མ་ནས་མ་སྐྱེས་པར་རྟོགས་སོ། །དེ་ལྟར་རྟོགས་པའི་ཚེ་རྣམ་པར་ཤེས་པ་ལ་འགོག་པའི་མཚན་ ཉིད་དུ་རྣམ་པར་མི་རྟོགས་ཏེ། རྣམ་པར་ཤེས་པའི་ཕུང་པོ་མ་སྐྱེས་པའི་མཚན་ཉིད་དུ་ཁོང་དུ་ཆུད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་རྣམ་པར་ཤེས་པའི་ཕུང་པོ་ནི་སྐྱེ་བ་མེད། མཚན་མ་མེད། གྲུབ་པ་མེད་དོ། །རྣམ་པར་ཤེས་པའི་ཕུང་ པོ་སྐྱེ་བའི་མཚན་ཉིད་ནི་ཡང་དག་པ་མ་ཡིན་པས་མ་སྐྱེས་པའི་མཚན་ཉིད་དུ་འདུས་སོ། །འཇིག་རྟེན་འཛིན་རྣམ་པར་ཤེས་པའི་འཆང་བ་འམ། འགོག་པའི་མཚན་ཉིད་མ་ཡིན་པར་ཤེས་སོ། རྣམ་པར་ཤེས་པ་ནུར་ནུར་པོ་ལ་རྟེན་ཅིང་གནས་མོད་ཀྱི་ ཕུང་པོ་ལྔ་ལ་མི་གནས་པ་དང་། མི་རྟག་པ་ཉིད་དུ་ཤེས་སོ། དེ་ལྟར་ཐོག་མ་མངལ་དུ་ཞུགས་པའི་སྐད་ཅིག་མའི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྐྱེ་ཞིང་འགོག་པ་དང་། ནུར་ནུར་པོ་ནས་མངོན་པར་འབྱུང་བའི་བར་དང་། སྐྱེས་ནས་འཆི་བའི་བར་དུ་ཉེ་བར་ 55-1-33a ལེན་པའི་ཕུང་པོ་ལྔ་འདི་སྐད་ཅིག་སྐད་ཅིག་ཅིང་སྐྱེ་ཞིང་འགོག་པའི་མཚན་ཉིད་དུ་རྟོགས་སོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྐད་ཅིག་ཐང་ཅིག་གིས་སྐྱེ་ཞིང་འགོག་པ་ཡིན་ཏེ། དེ་ལྟར་ན་ཉེ་བར་ལེན་པའི་ཕུང་པོ་ལྔའི་སྐྱེ་ཞིང་འགོག་ པའི་མཚན་ཉིད་ཤིན་དུ་ཕྲ་བ་རྣམ་པར་འབྱེད་པ་རྟོགས་པ། ཞེས་བྱའོ། །འཇིག་རྟེན་འཛིན་ཉེ་བར་ལེན་པའི་ཕུང་པོ་ལྔའི་སྐྱེ་ཞིང་འགོག་པའི་མཚན་ཉིད་ཤིན་ཏུ་ཕྲ་བ་ནི་འདི་ལྟ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་སྔ་མ་འགགས་ནས་དངོས་པོ་ ཅི་འང་མེད་པར་མངལ་དུ་འགྲོ་སྟེ། ཐོག་མ་རྣམ་པར་ཤེས་པ་དང་འབྱོར་བ་དེའི་ཚེ་ན་ཕུང་པོ་ལྔ་ལ་སྐྱེ་ཞིང་འགོག་པ་ཡོད་དོ། །ནུར་ནུར་པོ་ལ་བརྟེན་ནས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བླ་དགས་སུ་མི་ཞེས་བཏགས་པར་གྱུར་ཏོ། །དེ་ཅིའི་ཕྱིར་ན། འཇིག་རྟེན་འཛིན་རྣམ་པར་ཤེས་པའི་རྟེན་མེད་ན་གནས་པར་མི་འགྱུར་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་རྣམ་པར་ཤེས་པ་ལ་རྟེན་ཅེས་བྱའོ། །འཇིག་རྟེན་འཛིན་གཟུགས་མེད་པའི་ཁམས་ཀྱི་ཉེ་བར་ལེན་པའི་ཕུང་པོ་སྐྱེ་ཞིང་འགོག་ པའི་མཚན་ཉིད་ཤིན་ཏུ་ཕྲ་བ་ཡང་གཞུང་དེ་བཞིན་ཤེས་པར་བྱའོ། །འཇིག་རྟེན་འཛིན་ཉེ་བར་ལེན་པའི་ཕུང་པོའི་སྐྱེ་ཞིང་འགོག་པའི་མཚན་ཉིད་ཤིན་དུ་ཕྲ་བ་རང་སངས་རྒྱས་ཀྱི་ཤེས་རབ་ཀྱིས་ཀྱང་ཤེས་པར་མི་ནུས་ན་ཉན་ཐོས་ཀྱི་ཤེས་ རབ་ཀྱིས་ཤེས་པ་ལྟ་ཅི་སྨོས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཉག་ཅིག་གིས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཐོག་མ་མངལ་དུ་འཇུག་པའི་བར་གྱི་སྐྱེ་ཞིང་འགོག་པའི་མཚན་ཉིད་ཤིན་དུ་ཕྲ་མོ་དང་། གཟུགས་མེད་པའི་ལྷའི་ཕུང་པོ་ སྐད་ཅིག་ཐང་ཅིག་གིས་སྐྱེ་ཞིང་འགོག་པ་ལེགས་པར་མཁྱེན་ནོ། །འདི་ལྟ་སྟེ། མཁྱེན་པའི་ཤེས་རབ་ཐམས་ཅད་འཇིག་རྟེན་ཐམས་ཅད་ཀྱི་ཤེས་རབ་ལས་འདས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ སྐྱེས་པའི་ཆོས་ཀྱི་བཟོད་པ་ཐོབ་ཅིང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་ཞུགས་པ་དེས་ཀྱང་ཉེ་བར་ལེན་པའི་ཕུང་པོ་ལྔ་ཤིན་དུ་ཕྲ་བའི་མཚན་ཉིད་ཐོག་མ་མངལ་དུ་འཇུག་པ་དང་། གཟུགས་མེད་པའི་ལྷ་དག་གི་ལ་ 55-1-33b སངས་རྒྱས་ཀྱིས་མཁྱེན་པ་དང་འདྲ་བར་རྫོགས་པར་མི་ཤེས་སོ། །འཇིག་རྟེན་འཛིན་སངས་རྒྱས་བཅོམ་ལྡན་འདས་ལ་གཞན་གྱི་རྗེས་སུ་ལྟོས་པའི་ཤེས་རབ་མི་མངའ་སྟེ། རང་བཞིན་གྱིས་ཡེ་ཤེས་དང་། ཤེས་རབ་དང་ཐབས་མཁས་པ་བརྙེས་ པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱིས་ནི་མི་ཆུད་པ་མེད་དེ། བཅོམ་ལྡན་འདས་ཀྱི་ཐོགས་པ་མེད་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ལ་ ངེས་པའི་ཤེས་རབ་བརྙེས་ཏེ་ཆོས་ཐམས་ཅད་དབང་དུ་གྱུར་པའི་མཐུ་ཡང་བརྙེས་སོ། །དེ་ཅིའི་ཕྱིར་ཞེ་ན། བསྐལ་པ་ཚད་མེད། དཔག་ཏུ་མེད། གྲངས་མེད་པ་བརྒྱ་སྟོང་སྙེད་ཀྱི་བར་དུ་ཤིན་ཏུ་ཟབ་མོའི་ཆོས་མཛད་པའི་ཕྱིར་རོ། །འཇིག་རྟེན་འཛིན་ བུས་པ་སོ་སོའི་སྐྱེ་བོ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་རྟོག་པའི་ཐབས་ཀྱང་མེད་ན། ཉེ་བར་ལེན་པའི་ཕུང་པོ་ལྔའི་སྐྱེ་ཞིང་འགོག་པའི་མཚན་ཉིད་ཤིན་དུ་ཕྲ་མོ་ལ་རྟོག་ནུས་པ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། བུས་པ་སོ་སོའི་སྐྱེ་བོ་དག་ནི་ཉེ་བར་ ལེན་པའི་ཕུང་པོ་ལྔ་ཡང་མི་ཤེས། ཉེ་བར་ལེན་པའི་ཕུང་པོ་ལྔའི་བདེ་བ་ནའང་མི་ཤེས་པའི་ཕྱིར་རོ། །བུས་པ་སོ་སོའི་སྐྱེ་བོ་དག་ནི་ཉེ་བར་ལེན་པའང་མི་ཤེས། ཉེ་བར་ལེན་པའི་ཕུང་པོ་ལྔ་ཡང་མི་ཤེས་སོ། །འཇིག་རྟེན་འཛིན་འདི་ཇི་ ལྟར་ན་ཉེ་བར་ལེན་པ་ཞེས་བྱ་ཞེ་ན། ཉེ་བར་ལེན་པ་ནི་བདག་ཏུ་ཉེ་བར་ལེན། སེམས་ཅན་དུ་ཉེ་བར་ལེན། བལྟ་བར་ཉེ་བར་ལེན། ཚུལ་ཁྲིམས་ཉེ་བར་ལེན། ཕུང་པོ་ལྔ་ཉེ་བར་ལེན། ཁམས་བཅྭ་བརྒྱད་ཉེ་བར་ལེན། རྒྱུ་རྐྱེན་བཅུ་གཉིས་ཉེ་ བར་ལེན་པས་ན་ཉེ་བར་ལེན་པ་ཞེས་བྱའོ། །ཇི་ཙམ་དུ་ཆོས་སུ་གདགས་པ་ཕྱི་འམ་ནང་གི་འདོད་པ་ཉེ་བར་ལེན་པ་དང་། སྲིད་པ་ཉེ་བར་ལེན་པ་དང་། མཐོང་བ་དང་། ཐོས་པ་དང་། ཚོར་བ་དང་། ཤེས་པ་ཉེ་བར་ལེན། བདག་དང་བདག་གི་བར་ཉེ་བར་ ལེན་ཏོ། །འཇིག་རྟེན་འཛིན་བུས་པ་སོ་སོའི་སྐྱེ་བོ་ཡང་དག་པ་མ་ཡིན་པའི་ཉེ་བར་ལེན་པའི་འདི་ལ་མི་ཤེས་མི་མཐོང་སྟེ། ཕྱིན་ཅི་ལོག་གི་རྒྱུ་དང་རྐྱེན་ཀྱིས་ཆོས་སུ་ཉེ་བར་ལེན་ཏོ། །གང་ཟག་དེ་ཉེ་བར་ལེན་པས་རྣམ་པར་བཅིངས་པས་མ་རིག་པའི་ 55-1-34a རྐྱེན་ཀྱིས་འདུ་བྱེད་ཉེ་བར་ལེན། འདུ་བྱེད་ཀྱི་རྐྱེན་ཀྱིས་རྣམ་པར་ཤེས་པ་ཉེ་བར་ལེན། རྣམ་པར་ཤེས་པའི་རྐྱེན་ཀྱིས་མིང་དང་གཟུགས་ཉེ་བར་ལེན། མིང་དང་གཟུགས་ཀྱི་མཚན་མ་སྦོམ་པོ་ལ་སེམས་ཅན་རྣམས་ཆགས་ཤིང་ཞེན་ཏེ་ ཉེ་བར་ལེན་ཏོ། །འདི་ལྟ་སྟེ། གཟུགས་ལེན། གཟུགས་དང་འབྱོར། གཟུགས་ཀྱིས་བཅིངས་སོ། །གཞན་ཡང་གཟུགས་མེད་པའི་ཕུང་པོ་བཞི་ཉེ་བར་ལེན་ཏེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པར་རྣམ་པར་རྟོག་ཅིང་མིང་དུ་བཏགས་ སོ། །འཇིག་རྟེན་འཛིན་གལ་ཏེ་སངས་རྒྱས་མེད་ན་སེམས་ཅན་རྣམས་ཤེས་པ་མེད་མཐོང་བ་མེད་པས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་མི་ནུས་སོ། །སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་གཤེགས་ནས་ སེམས་ཅན་གཟུགས་ལ་རྟེན་ཅིང་གནས་པ་གཞིག་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པ་ལ་རྟེན་ཅིང་གནས་པ་གཞིག་པ་དང་། བསྡུ་བའི་མཚན་ཉིད་གཞིག་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དེ་ལྟར་རྣམ་ པར་ཕྱེ་སྟེ་བསྟན་ཏོ། །ཁྱེད་རྣམས་ཀྱི་བརྟེན་ཅིང་གནས་པ་ནི་གཟུགས་ཡིན་ནོ། །གཟུགས་དེ་ནི་ཆེན་པོ་བཞི་འདུས་པ་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་མིང་ཙམ་སྟེ། མིང་དང་གཟུགས་ཀྱི་མཚན་མ་བསྒྲུབ་ པའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ལྔ་བཤད་དོ། །ཁྱོད་སོ་སོའི་སྐྱེ་བོ་རྣམས་ཀྱིས་མི་བརྟན་པའི་སྙིང་པོ་མེད་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་འདི་ལ་མི་གནས་མི་ཆགས་པར་བྱའོ། །འཇིག་རྟེན་འཛིན་དེ་བཞིན་གཤེགས་པས་ཅིའི་ཕྱིར་ ཉེ་བར་ལེན་པའི་ཕུང་པོ་བཤད་ཅེ་ན། འཇིག་རྟེན་འཛིན་བུས་པ་སོ་སོའི་སྐྱེ་བོ་དག་ཕྱིན་ཅི་ལོག་ལས་སྐྱེས་ཏེ། མ་རིག་པའི་དྲ་བས་གླགས་པས་འཁོར་བ་ན་འཁོར་བར་གྱུར་ཏོ། །ཅིས་འཁོར་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ མ་ལ་ཆགས་ཤིང་འཛིན་པས་སོ། །འདི་སྙམ་དུ་བདག་འདི་ལ་གནས་པས་བདེ་བར་གྱུར་ཏོ་སྙམ་སེམས་ཏེ། གང་ཟག་དེ་བདེ་བའི་མཚན་མར་བཟུང་བས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་ཤིང་གནས་སོ། །སྡུག་བསྔལ་གྱི་མཚན་མ་དང་། སྡུག་བསྔལ་ 55-1-34b ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་མཚན་མར་བཟུང་ཞིང་ཆགས་པས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་ཆགས་སོ། །བུས་པ་སོ་སོའི་སྐྱེ་བོ་དག་བརྟེན་པའི་གནས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཡིན་ནོ། །འཇིག་རྟེན་འཛིན་བུས་པ་སོ་སོའི་སྐྱེ་བོ་དག་ ནི་སྐྱེས་ནས་ལྡོངས་ཏེ་ཕུང་པོ་ལྔ་ཅི་ཡིན་པ་མི་ཤེས། ཕུང་པོ་ལྔ་གང་ནས་འོངས་པ་འང་མི་ཤེས་སོ། །ཕུང་པོ་ལྔའི་ཡང་དག་པ་ཇི་ལྟ་བ་མི་ཤེས་པས་ཕུང་པོ་ལ་ཆགས་ཤིང་འཛིན་ཏེ་དེ་བས་ན་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །དེ་ལ་ལེན་པའང་མེད་ལ་ ལེན་པར་བྱ་བ་ཡང་དམིགས་སུ་མེད་དེ། ཕྱིན་ཅི་ལོག་ལ་ཆགས་ཤིང་ཡང་དག་པ་མ་ཡིན་པར་ཀུན་དུ་རྟོག་པས་བཅིངས་ཏེ། མ་རིག་པ་དང་། གཏི་མུག་གིས་རྨོངས་པས་བདག་ལེན། བདག་གི་བར་ལེན། བདག་དང་གཞན་གྱི་བར་ལེན་ཏེ། དེ་བས་ན་ ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཕུང་པོ་ལྔ་ལ་ནི་ཉེ་བར་ལེན་པ་འང་མེད། ངེས་པའི་མཚན་ཉིད་ཀྱང་མེད་དོ། །དེ་བས་ན་མཁས་པ་དག་ནི་ཕུང་པོ་མ་ཡིན་པ་ཉེ་བར་ལེན་པའི་ཕུང་པོ་ལྔར་ཤེས་སོ། །ཕྱིན་ཅི་ལོག་གི་ཕུང་པོ་ལ་ཉེ་བར་ལེན་ པའི་ཕུང་པོ་ལྔར་ཤེས་སོ། །མ་རིག་པའི་ཕུང་པོ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔར་ཤེས་སོ། །བུས་པ་སོ་སོ་སྐྱེ་བོ་དག་ནི་འདིས་རྣམ་པར་བཅིངས་པས་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་ཤིང་གནས། ཆགས་ཤིང་གནས་པས་ན་ཉེ་བར་ལེན་ པ་ནི་གང་ཉེ་བར་ལེན་པའི་ཕུང་པོ་ནི་གང་ཡིན་པ་མི་ཤེས་ཏེ། ཕུང་པོ་ལྔ་ལ་ཆགས་ཤིང་གནས་པས་སྐྱེ་ཞིང་འཁོར་བར་གྱུར་ཏོ། །ཕུང་པོ་ལྔ་ལ་ཆགས་ཤིང་གནས་པས་རྒྱུད་ཀུན་དུ་འཁོར་བར་གྱུར་ཏོ། །ཅི་ལ་གནས་ཤིང་ཆགས་ཞེ་ན། མཐོང་བ་ལ་གནས་ ཤིང་ཆགས། ཐོས་པ་ལ་གནས་ཤིང་ཆགས། ཚོར་བ་ལ་གནས་ཤིང་ཆགས། རྣམ་པར་ཤེས་པ་ལ་གནས་ཤིང་ཆགས། སྲེད་པ་ལ་གནས་ཤིང་ཆགས། མ་རིག་པ་ལ་གནས་ཤིང་ཆགས་སོ། །བུས་པ་སོ་སོའི་སྐྱེ་བོ་དག་ནི་སྲིད་པའི་འཆིང་བས་རྣམ་པར་ བཅིངས་པར་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་མངོན་པར་ཆགས་ཏེ་སྒྲིབ་པས་ཡོངས་སུ་བསྒྲིབས་པས་མ་རིག་པས་རྨོངས་ཏེ་མི་ཤེས་མི་ཚོར་རོ། །བདག་ཅག་གིས་ཆགས་པའི་གནས་ནི་གང་ཡིན། ཅིས་བཅིངས་པ་མི་ཤེས་པའི་ཕྱིར་སེམས་ཅན་ 55-1-35a དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་དང་། ལྷ་དང་མི་རེ་ཡང་དང་ཡང་དུ་སྐྱེ་ཞིང་འཁོར་ཏེ། འཁོར་བས་རྣམ་པར་བཅིངས་པས་འཁོར་བ་ལ་གནས་ཤིང་ཆགས་ཏེ་མི་གཏོང་། མི་སྤོང་། མི་གཅོད་དོ། །ཕུང་པོ་ལྔའི་ཡང་དག་པ་ཇི་ལྟ་བའང་ མི་ཤེས་སོ། །ཡང་དག་པ་ཇི་ལྟ་བའི་མཚན་ཉིད་མི་ཤེས་པའི་ཕྱིར་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་གཙེས་ཏེ། ཡང་དག་པ་མ་ཡིན་པའི་དོང་དུ་ལྷུང་ནས་འབྱུང་བའི་ལམ་མི་ཤེས་སོ། །གང་ཟག་དེས་དེ་ལྟར་འབྱུང་བའི་ལམ་མི་ཤེས་ པས་ཐོག་མ་མེད་པའི་དུས་ནས་འཁོར་བའི་རྒྱུད་དུ་འཁོར་བ་ལེན་ཏོ། །དེ་བས་ན་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། ཤི་བ་དང་། སྨྲེ་སྔགས་འདོན་པ་དང་། སློས་པའི་མྱ་ངན་དང་། སྡུག་བསྔལ་ལས་རྣམ་པར་མ་གྲོལ། ཚད་མེད་པའི་འཁོར་བའི་ གཡང་ས་ལས་རྣམ་པར་མ་གྲོལ། སྡུག་བསྔལ་ཆེན་པོའི་ཕུང་པོ་ལས་རྣམ་པར་མ་གྲོལ་ཏེ། ཕྱིར་ཡང་སྡུག་བསྔལ་ལ་གནས་ཤིང་ཆགས། སྡུག་བསྔལ་ལ་མངོན་པར་ཆགས་ཏེ། སྡུག་བསྔལ་གྱིས་བཀོལ་བར་གྱུར་ཏོ། །སྡུག་བསྔལ་གང་ཞེ་ ན། ཉེ་བར་ལེན་པའི་ཕུང་པོ་ལྔ་ཡིན་ཏེ། སྐྱེ་བའི་ཚེ་ན་སྡུག་བསྔལ་སྐྱེ་ལ། འགོག་པའི་ཚེ་ན་ཡང་སྡུག་བསྔལ་འགོག་གོ། །འཇིག་རྟེན་འཛིན་ངས་དེའི་རྒྱུ་དེའི་རྐྱེན་གྱིས་སློབ་མ་རྣམས་ལ་འདི་སྐད་དུ་ཆོས་བསྟན་ཏོ། །དགེ་སློང་དག་ཡང་དག་པ་ཇི་ལྟ་ བ་བཞིན་དུ་གཟུགས་ཀྱི་ཕུང་པོ་ལ་བརྟག་གོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟུགས་མི་རྟག་པའི་མཚན་ཉིད་ཤེས་པར་བྱའོ། །ཁྱེད་ཅི་སྟེ་གཟུགས་ལ་ཆགས་པར་གྱུར་ན་དེ་མ་ཐག་ཏུ་བསལ་ཅིང་གཅད་པར་བྱའོ། །ཁྱེད་ལ་སོགས་པས་ཡང་ དག་པ་ཇི་ལྟ་བ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་བརྟག་པར་བྱའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་མི་རྟག་པའི་མཚན་ཉིད་ཤེས་པར་བྱའོ། །ཅི་སྟེ་ ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་ཆགས་པར་གྱུར་ན། དེ་མ་ཐག་ཏུ་བསལ་ཅིང་གཅད་པར་བྱའོ། །ཆགས་པ་བསལ་ཅིང་གཅད་པས་སེམས་ཡང་དག་པར་རྣམ་པར་གྲོལ་བར་འགྱུར་རོ། །འཇིག་རྟེན་འཛིན་ 55-1-35b གང་ཟག་སུ་ཞིག་ངས་གསུངས་པའི་ཆོས་ཀྱི་དོན་ཤེས་ཤིང་ཇི་ལྟར་གསུངས་པ་བཞིན་དུ་ནན་ཏན་བྱེད་ན་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། སྨྲེ་སྔགས་འདོན་པ་དང་། ཡིད་བློང་བ་དང་། སྡུག་བསྔལ་ལས་རྣམ་པར་གྲོལ་བར་འགྱུར་རོ། །གང་ཟག་ སུ་ཞིག་ངས་གསུངས་པ་བཞིན་དུ་མི་སྤྱོད་མི་སྒོམ་ན་གཟུགས་ཀྱི་འཆིང་བས་རྣམ་པར་བཅིངས། སྲེད་པའི་འཆིང་བས་རྣམ་པར་བཅིངས་པ་ཡིན་ཏེ། མ་རིག་པས་ལྡོངས་པས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་སོ། །གང་ཟག་དེ་ཉེ་བར་ལེན་པའི་ ཕུང་པོ་ལྔ་ལ་ཆགས་པས་འཁོར་བའི་གཡང་ས་ལས་རྣམ་པར་མ་གྲོལ་ཏོ། །འཇིག་རྟེན་འཛིན་དེ་ལྟ་བས་ན་འཇིག་རྟེན་པ་དག་ནི་ང་དང་རྩོད་ཀྱི། ང་ནི་འཇིག་རྟེན་པ་དག་དང་མི་རྩོད་དོ་ཞེས་གསུངས་སོ། །འཇིག་རྟེན་ཞེས་བྱ་བ་གང་ཞེ་ན། འདི་ ལྟ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་པ་ནི་འཇིག་རྟེན་ཞེས་བྱའོ། །གང་ཟག་དེ་ཕུང་པོ་ལྔ་ལ་ཆགས་ཏེ་ཕུང་པོ་ལྔས་རྣམ་པར་བཅིངས་པས་ཕུང་པོ་ལྔའི་རང་བཞིན་མི་ཤེས། ཕུང་པོ་ལྔའི་མཚན་ཉིད་སྟོང་པ་ཉིད་དུ་མི་ཤེས་ཏེ་ང་དང་རྩོད་ དོ། །གང་ཟག་དེ་སངས་རྒྱས་ཀྱིས་གསུངས་པ་དང་འགལ་བར་བྱེད་དེ། སངས་རྒྱས་དང་རྩོད་པས་ཤིན་དུ་ཉམ་ང་བ་ཆེན་པོར་ལྷུང་ངོ་། །གང་ཟག་སུ་ཞིག་དེ་བཞིན་གཤེགས་པ་འཇིག་རྟེན་ན་བཞུགས་ཀྱང་རུང་། ཡོངས་སུ་མྱ་ངན་ལས་འདས་ ཀྱང་རུང་དེ་ལྟར་ཕུང་པོ་ལྔ་ལ་ཡང་དག་པ་མ་ཡིན་པ་དང་སྟོང་པ་ཅི་ཡང་མེད་དེ། ཕྱིན་ཅི་ལོག་དང་། མ་རིག་པ་དང་། ཡང་དག་པ་མ་ཡིན་པའི་ཀུན་དུ་བརྟགས་པ་ལས་སྐྱེས་ཏེ་བུས་པ་སོ་སོའི་སྐྱེ་བོ་དག་བསླུས་པ་ཡིན་པར་རྟོགས་ན་ཕུང་པོ་མ་ཡིན་ པ་ལ་ཕུང་པོ་ལྔ་དང་འདྲ་བར་ཤེས་སོ། །གང་ཟག་དེ་ནི་སངས་རྒྱས་དང་ཡང་མི་རྩོད་པ་སྟེ། སངས་རྒྱས་ཀྱིས་གསུངས་པ་དང་འགལ་བར་མི་བྱེད་པས་སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་ཀྱི་སྡུག་བསྔལ་ལས་རྣམ་པར་གྲོལ་བར་ འགྱུར་རོ། །འཇིག་རྟེན་འཛིན་སངས་རྒྱས་བཅོམ་ལྡན་འདས་ནི་གང་ཟག་དང་མི་རྩོད་དོ། །རྩོད་པ་ཐམས་ཅད་ཡོངས་སུ་བཅད་པས་སངས་རྒྱས་ཤེས་བྱ་སྟེ། སེམས་ཅན་ཐམས་ཅད་ལ་ཡང་དག་པའི་ཆོས་སྟོན་ཏོ། །འདི་ལྟ་སྟེ། ཁྱེད་ཀྱིས་སྔོན་བླངས་པ་ནི་ 55-1-36a ཐམས་ཅད་ཀྱང་ཕྱིན་ཅི་ལོགས་ཡིན་ཏེ། སེམས་ཅན་ཐམས་ཅད་ཕྱིན་ཅི་ལོག་གི་དབང་གིས་ཕུང་པོ་ལ་ཆགས་ཤིང་གནས་ནས་འཇིག་རྟེན་དུ་ཡང་དང་ཡང་འཁོར་བར་གྱུར་ཏོ། །དེ་ལྟར་གང་ཟག་དག་ཕུང་པོ་ལྔ་ལ་ཆགས་ཤིང་གནས་པས་ ངན་པར་ལྟ་བ་རྣམ་པ་སྣ་ཚོགས་ལ་ཞེན་ཅིང་བསྐྱེད་དོ། །མིང་དང་ཚིག་རྣམ་པ་སྣ་ཚོགས་ལ་ཆགས་ཤིང་གནས་སློས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་ཐམས་ཅད་ལ་ཆགས་ཤིང་གནས་སོ། །དེ་ལྟར་གང་ཟག་དག་ངན་པར་ལྟ་བ་རྣམ་ པ་སྣ་ཚོགས་ཀྱིས་ཉོན་མོངས། སྡུག་བསྔལ་རྣམ་པ་སྣ་ཚོགས་ཡོངས་སུ་གཙེས་ཀྱང་དེའི་མགོན་བྱེད་པ་འམ། སྐྱབས་བྱེད་པ་འམ། གནས་དང་རྟེན་དུ་འགྱུར་བ་མེད་དེ། སངས་རྒྱས་བཅོམ་ལྡན་འདས་ཉག་གཅིག་ནི་མགོན་དང་སྐྱབས་སུ་འགྱུར་རོ། ། བུས་པ་སོ་སོའི་སྐྱེ་བོ་དག་ནི་སེམས་ཆུང་ཤེས་པ་ཆུང་བས་འདོད་པ་ལྔ་ལ་ཆགས། ཉེས་པའི་སྐྱོན་མང་པོའི་ཕུང་པོ་ལྔ་ལ་ཆགས་སོ། །བུས་པ་སོ་སོའི་སྐྱེ་བོ་དག་ནི་མགོན་དུ་འགྱུར་བ་དང་། སྐྱབས་སུ་འགྱུར་བ་དང་། གནས་དང་རྟེན་དུ་འགྱུར་བ་ དང་། སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གྲོལ་བར་བྱེད་པ་དང་རྩོད་པར་བྱེད་དོ། །འཇིག་རྟེན་འཛིན་ངས་ཕྱག་བཏེག་པ་ཡིན་ནོ། །གང་ཞིག་ཕུང་པོ་ལྔར་བལྟ་བ་དང་། ཕུང་པོ་ལྔ་ལ་མཚན་མར་ལྟ་བ་དང་། ཕུང་པོ་ལྔ་ལ་ཆགས་པར་བྱེད་ན་ང་ཡང་དེའི་ སྟོན་པ་མ་ཡིན་ལ། དེ་ཡང་ངའི་སློབ་མ་མ་ཡིན་ཏེ། ངའི་རྗེས་སུ་རབ་ཏུ་བྱུང་བ་མ་ཡིན་ངའི་རྗེས་སུ་སྦྱོར་བ་མ་ཡིན། དེ་ལ་སྐྱབསུ་སོང་བ་མ་ཡིན་གྱི་གང་ཟག་དེ་ནི་ངན་པར་འགྲོ་བའི་ལམ་དུ་སོང་བ། ཡང་དག་པ་མ་ཡིན་པའི་ལམ་ལ་ཞུགས་པའོ། །ཡང་དག་པ་ལེན་པ་མ་ ཡིན་ཏེ་ཕྱིན་ཅི་ལོག་པའོ། །སངས་རྒྱས་ཀྱིས་དགོངས་ཏེ་གསུངས་པ་མི་ཤེས། སངས་རྒྱས་ཀྱིས་ཕུང་པོ་ལྔ་ཅི་ལ་དགོངས་ཏེ་གསུངས་པ་མི་ཤེས། སངས་རྒྱས་ཀྱི་དོན་དམ་པ་གསུངས་པ་མི་ཤེས་སོ། །གང་ཟག་དེ་ལྟར་སངས་རྒྱས་ ཀྱིས་བསྟན་པའི་རྗེས་སུ་མི་འཇུག་པས་མཆོད་པ་དང་རྙེད་པ་བླང་བར་མི་བྱའོ། །གང་ཟག་དེ་ནི་རབ་ཏུ་འབྱུང་བར་ངས་མ་གནང་ན་གཞན་གྱི་མཆོད་པ་དང་རྙེད་པའི་བཀུར་སྟི་ལན་པ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་ནི་མུ་ 55-1-36b སྟེགས་ཅན་གྱི་སྡེར་གཏོགས་པ་ཡིན་ནོ། །འདི་ལྟ་སྟེ། གང་ཕུང་པོ་ལྔ་ལ་མཚན་མ་སྐྱེད་པ་ནི་ཕུང་པོ་ལྔ་ལ་ཆགས་ཤིང་འཛིན་པ་ཞེས་བྱའོ། །འཇིག་རྟེན་འཛིན་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ་ ངའི་ཆོས་ལ་རབ་ཏུ་བྱུང་བ་རྣམས་མང་དུ་ཕུང་པོ་ལྔ་ལ་མཚན་མ་སྐྱེད་པ་དང་། ཕུང་པོ་ལྔའི་མཚན་མ་ལ་ངེས་པར་གཅད་པ་དང་། ཕུང་པོ་ལྔ་ལ་རབ་ཏུ་ཆགས་ཏེ། ཡང་དག་པ་མ་ཡིན་པའི་ལམ་ངན་པར་ཞུགས་པས་ངའི་ཆོས་ལ་རབ་ཏུ་བྱུང་བས་ ཆོས་གོས་གཉའ་བ་ལ་བཀལ་ཏེ་རྟག་ཏུ་ཁྱིམ་པའི་ཁྱིམ་དུ་འགྲོ་བ་ལ་དགའ་བར་བྱེད་དོ། །གང་ཟག་དེ་ནི་མུ་སྟེགས་ཅན་དང་ཐ་མི་དད་ཀྱང་ངའི་ཆོས་ཀྱི་བྱིན་གྱིས་དེ་ལ་མཆོད་པ་དང་སྦྱིན་པ་མང་བར་རིག་པར་བྱའོ། །འཇིག་རྟེན་འཛིན་གང་ ཕུང་པོ་ལྔར་ལྟ་བ་དང་། ཕུང་པོ་ལྔ་ལ་ངེས་པའི་འཆད་པ་དང་། ཕུང་པོ་ལྔ་ལ་ཆགས་པར་བྱེད་པ་དེ་ནི་གཞན་དག་གི་ཆུ་ཕོར་གང་ཙམ་ཡང་ལེན་དུ་མི་དབང་བར་ངས་བཤད་དོ། །དེ་ཅི་སྟེ་ཞེ་ན། གང་ཟག་དེས་ངའི་ཆོས་ལ་མཐུན་པའི་ཆོས་ཀྱི་ བཟོད་པ་ཙམ་ཡང་མེད་པས་གང་ཟག་དེ་ནི་ངའི་ཆོས་དང་འགལ་བར་བྱེད་པ། འཕགས་པའི་ཆོས་ཡོངས་སུ་སྤོང་བའོ། །འཇིག་རྟེན་འཛིན་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་འོངས་པའི་དུས་ངན་པར་དེ་ ལྟ་བུའི་དམ་བཅས་ཏེ་སྨོན་ལམ་ཆེན་པོ་བཏབ་སྟེ། ངའི་ཤིན་དུ་ཟབ་མོའི་མདོ་སྡེ་དག་བཟུང་ཞིང་བསྲུང་བ་དང་། སེམས་ཅན་དག་ཕུང་པོ་ལྔར་ལྟ་བ་གཅད་པའི་ཕྱིར་ཆོས་བསྟན་པར་བྱའོ། །འཇིག་རྟེན་འཛིན་དེ་བས་ན་ནས་མདོ་སྡེ་ཀུན་ལས་ ཕུང་པོའི་མཚན་མ་ཐམས་ཅད་གཞིག་པ་དང་། ཕུང་པོ་ལ་ཆགས་པ་སྤང་བ་བཤད་དེ་དེའི་ཚེ་ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་དག་མང་དུ་མདོ་སྡེ་འདི་ལ་རྩོད་པ་བྱུང་སྟེ། ཡང་དག་པ་ཉིད་དུ་འདུ་ཤེས་མ་སྐྱེད་དོ། །བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་འདི་ལྟར་ཡི་དམ་དང་སྨོན་ལམ་ཆེན་པོ་གདབ་པར་བྱའོ། །བདག་ཅག་གིས་མ་འོངས་པའི་དུས་ངན་པའི་སེམས་ཅན་ཕུང་པོ་ལ་ཆགས་ཤིང་ངན་པར་ལྟ་བ་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་ཕུང་པོ་ལྔ་ལ་ཆགས་ 55-1-37a པ་བསལ་བའི་ཕྱིར་ཇི་ལྟ་ཇི་ལྟ་བུར་འདུལ་བ་དེ་ལྟ་དེ་ལྟ་བུའི་ཆོས་ཀྱིས་ཕན་པ་དང་བདེ་བའི་དོན་བྱེད་དོ། །དེ་བས་ན་འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ཆོས་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཤེས་པར་ འདོད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་མཁས་པར་འདོད་པ་དང་། དྲན་པའི་མཐུ་ཐོབ་པར་འདོད་པ་དང་། ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་པའི་ཤེས་རབ་འདོད་པ་དང་། ལུས་འདི་བོར་ནས་ནམ་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྒྱུན་མི་འཆད་པའི་དྲན་པ་ཐོབ་པར་འདོད་པ་དག་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་མི་རྟག་པའི་མཚན་ཉིད་དང་། སྡུག་བསྔལ་བའི་མཚན་ཉིད་དང་། བདག་མེད་པའི་མཚན་ཉིད་དང་། ཡང་དག་པ་མ་ཡིན་པའི་ མཚན་ཉིད་དང་། སྙིང་པོ་མེད་པའི་མཚན་ཉིད་དང་། མཐར་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། ཐོག་མ་མེད་པའི་དུས་ནས་མ་སྐྱེས་པའི་མཚན་ཉིད་དུ་བརྟག་པར་བྱའོ། །རྟག་ཏུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པ་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་ཤིང་ ཞེན་པ་ཡོངས་སུ་སེལ་བར་འགྱུར་རོ། །གཞན་ཡང་དེ་ལྟ་བུའི་ཤིན་དུ་ཟབ་མོའི་ཆོས་ལ་སྦྱོར་བ་ཡང་ཐོབ་པར་འགྱུར་རོ། །འཇིག་རྟེན་འཛིན་སྔོན་བསྐལ་པ་ཚད་མེད་གྲངས་མེད་པ་འདས་པ་དེའི་ཚེ་དེའི་དུས་ན་བློ་གྲོས་ཆེན་པོ་རིའི་རྒྱལ་པོ་ཞེས་ བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབསུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ་སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ་ལྷ་དང་མིའི་སྟོན་པ་སངས་རྒྱས་བཅོམ་ ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། །འཇིག་རྟེན་འཛིན་བཅོམ་ལྡན་འདས་བློ་གྲོས་ཆེན་པོ་རིའི་རྒྱལ་པོ་དེ་ལ་ཉན་ཐོས་ཀྱི་དགེ་འདུན་ཁྲག་ཁྲིག་ཕྲག་བརྒྱད་བཅུ་ཡོད་དེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ་ཤ་སྟག་གོ། །གཞན་ཡང་ སློབ་པའི་ས་ལ་གནས་པ་ཕྱིར་མི་ལྡོག་པ་ཡང་ཁྲག་ཁྲིག་ཕྲག་བརྒྱད་བཅུ་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་ནི་ཁྲག་ཁྲིག་ཁྲི་ཕྲག་བརྒྱ་སྟོང་ཡོད་དོ། །བཅོམ་ལྡན་འདས་བློ་གྲོས་ཆེན་པོ་རིའི་རྒྱལ་པོ་དེའི་ཚེའི་ཚད་ 55-1-37b ནི་ལོ་བརྒྱད་ཁྲི་སྙེད་དོ། །འཇིག་རྟེན་འཛིན་དེའི་ཚེ་ན་རྒྱལ་པོ་ཕན་པར་འགྱུར་བ་ཞེས་བྱ་བ་ཡོད་དེ། རྒྱལ་པོ་ཕན་པར་འགྱུར་བ་ཞེས་བྱ་བ་དེ་ལ་གྲོང་ཁྱེར་ཆེན་པོ་ཉི་སྙེད་དེ་རབ་ཏུ་བདེ་སྐྱིད་པ་དང་ལྡན་པའི་འགྲོ་བས་ཡོངས་སུ་གང་ངོ་། །གྲོང་ཁྱེར་དེ་དག་ ཀྱང་ར་བ་རིམ་པ་བདུན་བདུན་གྱིས་བསྐོར་ཏེ། ཆུ་ཞེང་གབ་པར་དཔག་ཚད་བཅུ་གཉིས་ཡོད་དོ། །དེ་དག་ཀྱང་རིན་པོ་ཆེ་སྣ་བཞི་ལས་བྱས་ཏེ། འོབས་ཀྱང་རིམ་པ་བདུན་དང་། བད་ཀྱང་རིམ་པ་བདུན་ཏེ། རིན་པོ་ཆེ་སྣ་ཚོགས་ཀྱི་དྲ་བས་སྟེང་ཕྱོགས་ཡོངས་ སུ་བཀབ་བོ། །གྲོང་ཁྱེར་དང་། འོབས་དང་། ཤིང་དང་། ར་བ་དང་། སྟེང་གི་དྲ་བ་རྣམས་ཀྱང་གསེར་དང་། བཻ་དཱུཪྱ་དང་། ཤེལ་དང་། མུ་ས་ལ་གར་བ་སྟེ་རིན་པོ་ཆེ་བཞི་ལས་བྱས་པའོ། །གྲོང་ཁྱེར་ཆེན་པོ་དེ་རེ་རེ་ལ་བསྐྱེད་མོས་ཚལ་ལྔ་བརྒྱ་ལྔ་བརྒྱ་སྙེད་ཡོད་དེ། དེའི་ ནང་གི་ཤིང་ཡང་རིན་པོ་ཆེ་བདུན་གྱི་ཤིང་གིས་ཡོངས་སུ་གང་ངོ་། །ཤིང་དེ་དག་ཀྱང་རིན་པོ་ཆེའི་གོས་ཀྱི་ཤིང་ཤ་སྟག་གོ། །བསྐྱེད་མོས་ཚལ་དེ་དག་རེ་རེ་ན་ཡང་རིན་པོ་ཆེའི་རྫིང་ལྔ་བརྒྱ་ལྔ་བརྒྱ་ཡོད་དེ་ཡོན་ཏན་བརྒྱད་ཀྱི་ཆུས་ཡོངས་སུ་གང་ངོ་། འཇིག་རྟེན་འཛིན་རྒྱལ་པོ་ཕན་པར་འགྱུར་བ་དེ་ལ་བཙུན་མོ་དང་། ཕོ་བྲང་གི་སླས་བརྒྱད་ཁྲི་སྙེད་ཡོད་དེ། དེའི་ཚེ་བཙུན་མོ་ཆེན་མོ་དེ་ལ་སྲས་གཉིས་ཡོད་དོ། །གཅིག་ནི་ཚད་མེད་བློ་གྲོས་ཞེས་བྱ། གཅིག་ནི་ཚད་མེད་སྟོབས་ཞེས་བྱ། འཇིག་ རྟེན་འཛིན་རྒྱལ་བུ་དེ་གཉིས་ལོ་བཅུ་དྲུག་ལོན་པ་དང་རྨི་ལམ་དུ་དེ་བཞིན་གཤེགས་པ་མཐོང་སྟེ། ཤིན་དུ་མཛེས་པ་དཔེ་ཟླ་མེད་པས་ན། འཛམ་བུ་ཆུ་ཀླུང་གི་གསེར་གྱི་རྒྱལ་མཚན་ལྟ་བུ་མཐོང་ནས་རབ་ཏུ་དགའ་སྟེ་སད་པ་དང་། སོ་སོ་ནས་ ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཕོ་བོས་སྨྲས་པ། བདག་གིས་རྐང་གཉིས་མཆོག་ནི་མཐོང་བར་རྨིས། །གསེར་མདོག་བསོད་ནམས་རྒྱའི་མཚན་གྱིས་བརྒྱན། །ཚད་མེད་པའི་ཡོན་ཏན་ཡོངས་རྫོགས་པ། །མཐོང་བས་སེམས་ནི་རབ་ཏུ་དགའ་ བར་འགྱུར། །ནུ་བོས་སྨྲས་པ། བདག་གིས་སངས་རྒྱས་ཉི་ལྟར་ལྷམ་པ་རྨིས། །ཤིན་དུ་བཟང་ཞིང་མཛེས་པ་ཕུལ་གྱི་མཆོག །རི་ཡི་རྒྱལ་པོ་རི་རབ་ཇི་བཞིན་ཏེ། །ལྷང་ངེས་གསལ་བར་མཐོང་བས་ཤིན་ཏུ་དགའ། །འཇིག་རྟེན་འཛིན་དེའི་ཚེ་ 55-1-38a ན་རྒྱལ་བུ་ཚད་མེད་བློ་གྲོས་དང་། ཚད་མེད་སྟོབས་གཉིས་ཕ་མ་གང་ན་བར་སོང་ནས་འདི་སྐད་དུ་བདག་ཅག་གིས་འདི་ལྟ་བུ་དག་རྨི་ལམ་དུ་མཐོང་ངོ་ཞེས་རྨི་ལམ་གྱི་གཏམ་ཕ་མ་ལ་བཟླས་སོ། །བདག་ཅག་གཉིས་ཀྱིས་སངས་རྒྱས་མཐོང་བར་ རྨིས་ཀྱིས་བདག་ཅག་གཉིས་བཅོམ་ལྡན་འདས་གང་ན་བར་མཆི་བར་གསོལ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བའང་ཤིན་དུ་དཀའ་སྟེ། བདག་ཅག་བག་མེད་པས་མ་ཚོར་མ་འཚལ་ནས་འདོད་པ་ལྔའི་འདམ་དུ་ལྟུང་སྟེ་གཟུགས་ཀྱི་འཆིང་ བས་རྣམ་པར་བཅིངས་སོ། །ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་བཅིངས་པས་རྣམ་པར་བཅིངས་སོ། །བདག་ཅག་ཁྱིམ་ན་གནས་པས་བག་མེད་པའི་ཕྱིར་སངས་རྒྱས་མ་མཐོང་ངོ་ཞེས་གསོལ་ཏོ། །འཇིག་རྟེན་འཛིན་རྒྱལ་ བུ་དེ་གཉིས་ཀྱི་ཕ་མ་ལ་དེ་སྐད་ཅེས་སྨྲས་ནས་བཅོམ་ལྡན་འདས་བློ་གྲོས་ཆེན་པོ་རིའི་རྒྱལ་པོ་གང་ན་བ་དེར་སོང་ངོ་། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། སངས་རྒྱས་དང་། དགེ་སློང་གི་དགེ་འདུན་རྣམས་ལ་ཟླ་བ་ གསུམ་གྱི་བར་དུ་མཆོད་པ་རྣམ་བཞི་འབུལ་བར་སྤྱན་དྲངས་སོ། །ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་རྐྱེན་སྨན་དག་གིས་མཆོད་ཅིང་ཕུལ་ཏེ། གྲོང་ཁྱེར་ཆེན་པོའི་མཐའ་རྒྱལ་པོ་ཕན་པར་འགྱུར་བའི་སྐྱེད་མོས་ཚལ་གཅིག་ཏུ་བ་དན་ དཔྱངས། གདུགས་བྲེས། རིན་པོ་ཆེའི་པད་མོ་བཀོད་དེ། སངས་རྒྱས་དང་། དགེ་སློང་གི་དགེ་འདུན་ལ་ཕུལ་ནས་བཞུགས་སུ་གསོལ་ཏོ། །རྒྱལ་བུ་དེ་གཉིས་ཀྱིས་ཟླ་བ་གསུམ་གྱི་བར་དུ་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་སངས་རྒྱས་དང་དགེ་སློང་གི་ དགེ་འདུན་ལ་མཆོད་ནས་བཅོམ་ལྡན་འདས་དེའི་བསྟན་པ་ལ་ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་བྱུང་ངོ་། །འཇིག་རྟེན་འཛིན་བཅོམ་ལྡན་འདས་བློ་གྲོས་ཆེན་པོ་རིའི་རྒྱལ་པོ་དེས་རྒྱལ་བུ་དེ་གཉིས་ཀྱི་ལྷག་པའི་བསམ་པ་དང་སྨན་པ་མཁྱེན་ནས་ ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭ་བརྒྱད་བཤད་པའི་བྱང་ཆུབ་སེམས་དཔའི་ཐབས་ཤེས་བྱ་བའི་མདོ་རྒྱས་པར་བཤད་དོ། །ལོ་བཞི་ཁྲིའི་བར་དུ་གཉིད་ཀྱང་མ་ལོག་ཟས་ཀྱང་ཆོག་པར་མ་ཟོས། སྙེས་ཏེ་འཕྲེས་ཀྱང་མ་མྱོང་བར་ 55-1-38b གལ་ཏེ་འདུག་གམ་འཆག་ཅིང་སོང་ཡང་མ་མྱོང་ངོ་། །དེ་ནས་ཡང་ལོ་བཞི་ཁྲིའི་བར་དུ་གཞན་ཅི་ཡང་མི་སེམས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ཡང་དག་པ་མ་ཡིན་པ་དང་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་སེམས་སོ། །དེ་ལྟར་ཕུང་པོ་ལྔ་ཕྱིན་ཅི་ལོག་ལས་བྱུང་ བར་ཤེས་ནས་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཁོང་དུ་ཆུད་ཅིང་རྟོགས་པར་བྱ་བ་ལ་བརྩམས་བཞིན་དུ་ཚེ་ལ་ཐུག་གི་བར་དུ་ཚངས་པར་སྤྱད་པ་སྤྱོད་དོ། །དེ་ནས་ཚེ་འཕོས་ནས་དགའ་ལྡན་གནས་དུ་སྐྱེས་སོ། །བཅོམ་ལྡན་འདས་དེ་མྱ་ངན་ ལས་འདས་པའི་འོག་ཏུ་ཕྱིར་ཡང་འཛམ་བུ་གླིང་འདིར་ཁྱིམ་བདག་ཆེན་པོ་ཞིག་གི་ཁྱིམ་དུ་སྐྱེས་ནས་ལོ་བཅུ་དྲུག་ལོན་པ་དང་ཡང་རྨི་ལམ་ན་དེ་བཞིན་གཤེགས་པ་མཐོང་སྟེ། ཕུང་པོ་ལྔ་དང་ཁམས་བཅྭོ་བརྒྱད་བཤད་པའི་བྱང་ཆུབ་སེམས་དཔའི་ ཐབས་ཀྱི་མདོ་སྡེ་བསྟན་པར་རྨིས་སོ། །རྨི་ལམ་ན་ཆོས་འདི་ཐོས་ནས་སད་པ་དང་། དངངས་སྐྲག་སྟེ། བཅོམ་ལྡན་འདས་དེའི་བསྟན་པ་ལ་ལོ་ཁྲི་ཚང་བར་ཚངས་པར་སྤྱད་པ་སྤྱོད་ཅིང་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭ་བརྒྱད་ བཤད་པ་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཐབས་ཀྱི་མདོ་སྡེ་ཞིབ་དུ་བརྟགས་ནས་དེ་ནས་ཚེ་འཕོས་ཏེ་སུམ་བཅུ་རྩ་གསུམ་གནམ་དུ་སྐྱེས་སོ། །ལྷའི་ཚེ་ཟད་ནས་ཕྱིར་ཡང་འཛམ་བུའི་གླིང་དུ་རིགས་མཐོ་ཞིང་ཆེ་བའི་བྲམ་ཟེའི་ཁྱིམ་དུ་སྐྱེས་སོ། ། བཅོམ་ལྡན་འདས་བློ་གྲོས་ཆེན་པོ་རིའི་རྒྱལ་པོའི་ཆོས་རྣམ་པར་ཞིག་ནས་ལོ་སྟོང་ལོན་ཏེ་རྒྱལ་བུ་དེ་གཉིས་སྔོན་གྱི་རྒྱུ་དང་རྐྱེན་གྱིས་དེར་ཡང་རབ་ཏུ་བྱུང་ནས་ཤེས་རབ་རྒྱལ་མཚོའི་དང་འདྲ་བར་ཤེས་པར་ཤིན་དུ་རྒྱ་ཆེ་བར་གྱུར་ཏེ་ཕུང་པོའི་མཚན་ ཉིད་རྣམ་པར་འབྱེད་ཅིང་ཤིན་དུ་རྟག་པ་ལ་མཁས་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་མངོན་སུམ་དུ་རྟོགས་པར་གྱུར་ཏོ། །འཇིག་རྟེན་འཛིན་དེ་ན་མི་ཉི་ཁྲི་སྙེད་དང་། ལྷ་ཁྲི་ཕྲག་ཉི་ཤུ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་དོ། ། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས་དེ་ནས་གང་ནས་གང་དུ་སྐྱེ་བའི་གནས་ཐམས་ཅད་དུ་སེམས་ཅན་མཐུན་པར་གྱུར་ནས་སངས་རྒྱས་ཁྲག་ཁྲིག་ཁྲི་ཕྲག་བཅུ་དང་ཕྲད་དེ་བསྙེན་བཀུར་བྱས་པར་གྱུར་ཏོ། །དེ་ནས་གདོད་མི་ 55-1-39a སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་པར་གྱུར་ཏོ། །མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་ནས་གཞན་ཡང་སངས་རྒྱས་ཁྲག་ཁྲིག་ཁྲི་ཕྲག་གཅིག་དང་ཕྲད་དེ། དེ་ནས་གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་གཉིས་ ཀྱང་བསྐལ་པ་གཅིག་ཏུ་རིམ་གྱིས་འཚང་རྒྱ་སྟེ། གཅིག་ནི་ཚད་མེད་དབྱངས་ཤེས་བྱ། གཅིག་ནི་ཚད་མེད་འོད་ཅེས་བྱའོ། །འཇིག་རྟེན་འཛིན་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གང་མྱུར་དུ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་དག་རྣམ་པར་དག་ཅིང་ཤིན་དུ་བྱང་བའི་ཆོས་སྒོམ་པ་ལ་ཤིན་དུ་བརྩོན་པར་བྱའོ། །གཞན་ཡང་ཕུང་པོའི་མཚན་ཉིད་ལ་འཇུག་པར་དང་། འདུས་བྱས་ཀྱི་ཆོས་ཀྱི་ཡང་དག་པའི་མཚན་ཉིད་ལ་མཁས་པར་ བྱའོ། །ཕུང་པོ་ལྔ་ལ་བརྟག་པའི་ལེའུ་སྟེ་གཉིས་སོ།། །། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཁམས་བཅྭ་བརྒྱད་ལ་མཁས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཁམས་བཅྭོ་བརྒྱད་ལ་ཡང་དག་པར་རྟོག་པར་སྦྱོར་བ་ན་འདི་སྙམ་དུ་མིག་གི་ཁམས་ཤེས་བྱ་བ་མིག་གི་ཁམས་སུ་དམིགས་སུ་མེད། མིག་གི་ཁམས་ལ་བདག་དང་བདག་གི་བ་མེད་པ། མི་རྟག་པ། སྙིང་པོ་མེད་པ། རང་བཞིན་ གྱིས་སྟོང་པའི་ཕྱིར་མིག་གི་ཁམས་ལ་མིག་གི་མཚན་ཉིད་དུ་བཏགས་པ་མི་དམིགས། མིག་གི་ཁམས་ནི་ཡང་དག་པ་མ་ཡིན་པ་ཇི་ཡང་མེད་པ་སྟེ། རྣམ་པར་རྟོག་པ་ལས་སྐྱེས་སོ། །མིག་གི་ཁམས་ལ་ངེས་པའི་མཚན་ཉིད་མེད་དེ། ནམ་མཁའི་ ཁམས་ནི་མིག་གི་ཁམས་ཡིན་ནོ། །དཔེར་ན་ནམ་མཁའི་ངེས་པའི་མཚན་ཉིད་མེད་དེ། དངོས་པོ་མེད་པ་བཞིན་མིག་གི་ཁམས་ལ་ངེས་པའི་མཚན་ཉིད་མེད་པ་དང་རང་དངོས་པོ་མེད་པ་ཡང་དེ་དང་འདྲའོ། །དེ་ཅིའི་ཕྱིར་ཞེ་ན། མིག་གི་ཁམས་ ལ་ཡང་དག་པའི་དངོས་པོ་མི་རྙེད་པའི་ཕྱིར་མིག་གི་ཁམས་ཡུལ་ན་ཡང་མི་གནས། ཕྱོགས་ན་ཡང་མི་གནས། ནང་ན་ཡང་མི་གནས། ཕྱིར་རོལ་ན་ཡང་མི་གནས། གཉི་གའི་བར་ན་མི་གནས་པའི་ཕྱིར་རོ། །མིག་གི་ཁམས་ལ་ངེས་པའི་ 55-1-39b མཚན་ཉིད་མེད་པ། དངོས་པོ་མེད་པས་མིག་གི་ཁམས་ཀྱི་དངོས་པོ་དམིགས་སུ་མེད་དེ། རྒྱུ་དང་རྐྱེན་མང་པོ་ལས་སྐྱེས་སོ། །མིག་གི་ཁམས་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་གྱི་མ་ཡིན་ཏེ། མིག་གི་ཁམས་ལ་མིག་གི་རང་བཞིན་ དམིགས་སུ་མེད་དོ། །མིག་གི་ཁམས་ནི་སྔོན་གྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་དང་ད་ལྟར་གྱི་རྐྱེན་ལ་རག་ལུས་ཏེ། མིག་གི་ཁམས་ཤེས་བཏགས་སོ། །མིག་གི་ཁམས་ཤེས་བྱ་བ་ནི་ཁམས་མེད་དོ། །མིག་གི་ཁམས་ལ་མིག་གི་ཁམས་ དམིགས་སུ་མེད་དོ། །རྣམ་པར་ཤེས་པའི་སྤྱོད་ཡུལ་ལ་མིག་གི་ཁམས་ཤེས་བྱའོ། །མིག་གི་དབང་པོའང་རྣམ་པར་དག་ལ་གཟུགས་ཀྱང་སྣང་བའི་གནས་ན་ཡོད་ཅིང་ཡིད་ཀྱི་དབང་པོར་ལྡན་ཏེ། རྣམ་པ་གསུམ་འདུས་པ་ན་མིག་གི་ཁམས་ ཤེས་བྱའོ། །མིག་གི་ཁམས་ལ་ངེས་པར་མིག་གི་ཁམས་ཤེས་བྱ་བ་མེད་དེ། མཁས་པ་དག་ནི་མིག་གི་ཁམས་མེད་པ་ལ་མིག་གི་ཁམས་སུ་རྟོགས་སོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ གལ་ཏེ་དེ་ལྟར་མིག་གི་ཁམས་རྣམ་པར་འབྱེད་པ་རྟོགས་ནས་ཁམས་མེད་པ་ལ་གཟུགས་ཀྱི་ཁམས་སུ་ཁོང་དུ་ཆུད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་ཁམས་ལ་གཟུགས་ཀྱི་ཁམས་སུ་མེད་དེ། གཟུགས་ཀྱི་ཁམས་ ནི་མ་འདུས་པ་མ་བྱས་པའོ། །གཟུགས་ལ་ངེས་པའི་མཚན་ཉིད་མེད་པའི་ཕྱིར་གཟུགས་ཀྱི་ཁམས་ཤེས་བྱའོ། །གཟུགས་ལ་དངོས་པོ་མེད་དེ་རྣམ་པར་རྟོག་པའང་མེད་ན་གཟུགས་ཀྱི་ཁམས་ཤེས་བྱ་བ་ལྟ་ཅི་སྨོས་ཏེ། གཟུགས་ ཀྱི་ཁམས་ཤེས་བྱ་བ་ནི་དངོས་པོ་མེད་པས་གཟུགས་ཀྱི་མཚན་ཉིད་ནི་གཟུགས་ཀྱི་ནང་ན་ཡང་མི་གནས། གཟུགས་ཀྱི་ཕྱི་རོལ་ན་ཡང་མི་གནས། གཉི་གའི་བར་ན་ཡང་མི་གནས་ཏེ། རྣམ་པར་བརྟགས་པ་དང་། གཟུགས་མངོན་དུ་སྣང་ བའི་གནས་ན་ཡོད་ལ་མིག་གི་དབང་པོ་ཡང་རྣམ་པར་དག་ཅིང་ཡིད་ཀྱི་རྣམ་པར་ཤེས་པ་དང་ལྡན་པ་ལས་གཟུགས་མངོན་པར་སྣང་སྟེ། གཟུགས་ཀྱི་མཚན་ཉིད་ཅེས་བྱའོ། །དཔེར་ན་མེ་ལོང་གི་ནང་གི་གཟུགས་བརྙན་དང་འདྲ་སྟེ། མེ་ལོང་ 55-1-40a ཡོངས་སུ་དག་ན་གཟུགས་ཀྱི་མཚན་ཉིད་མངོན་པར་སྣང་བར་འགྱུར་རོ། །གཟུགས་ལ་ངེས་པའི་མཚན་ཉིད་མེད་དེ། མེ་ལོང་གི་ནང་ན་མི་མེད་བཞིན་དུ་གཟུགས་ཀྱི་གཟུགས་བརྙན་སྣང་ངོ་། །དེ་ཡང་ཕྱི་རོལ་ན་མེ་ལོང་ཡོད་ན་ནང་ ནས་གཟུགས་ཀྱི་མཚན་ཉིད་འབྱུང་ངོ་། །དེ་བཞིན་དུ་མིག་གི་དབང་པོ་རྣམ་པར་དག་པ་ན་གཟུགས་སྣང་བའི་གནས་ན་འདུག་པ་ལ་དམིགས་ནས་མེ་ལོང་གི་གཟུགས་བརྙན་དང་འདྲ་བ་ལ་གཟུགས་ཀྱི་མཚན་ཉིད་ཅེས་བཏགས་སོ། །གཟུགས་ ལ་ཁམས་མེད། དབྱིབས་ཀྱི་མཚན་མ་མེད། ངེས་པའི་མཚན་ཉིད་མེད་པས་གཟུགས་ཀྱི་མཚན་ཉིད་ཅེས་བྱའོ། །གཟུགས་ཀྱི་མཚན་ཉིད་ལ་བདག་མེད་པའི་ཕྱིར་གཟུགས་ཀྱི་མཚན་ཉིད་ཅེས་བྱའོ། །སེམས་ཅན་གྱི་རྗེས་སུ་ཇི་ལྟ་ཇི་ལྟ་ བ་དེ་ལྟར་དེ་བཞིན་དུ་ཤེས་པའི་ཕྱིར་གཟུགས་ཀྱི་མཚན་ཉིད་ཅེས་བྱའོ། །གང་སུ་ཞིག་གཟུགས་ཀྱི་མཚན་ཉིད་ཤེས་ན་གཟུགས་མེད་པའི་མཚན་ཉིད་ཀྱང་ཤེས་སོ། །གཟུགས་ཀྱི་མཚན་ཉིད་ལ་མ་སྐྱེས་པའི་ཁམས་སུ་ཤེས་ན། གཟུགས་ ཀྱི་མཚན་ཉིད་ལ་མ་བྱས་པའི་ཁམས་སུ་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་མཚན་ཉིད་དེ་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་གྱི་མ་ཡིན། མཚན་ཉིད་ཅིའང་མེད་པ་བསྟན་པ། ཡང་དག་པ་མ་ཡིན་པའི་མཚན་ཉིད་བསྟན་པ། བླ་དགས་སུ་བཏགས་པའི་མཚན་ཉིད་བསྟན་པ་སྟེ། དེ་དག་ནི་གཟུགས་ཀྱི་ཁམས་ཤེས་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་གཟུགས་ཀྱི་ཁམས་རྣམ་པར་འབྱེད་པ་ལ་རྟོག་པ་སྟེ། བྱང་ཆུབ་སེམས་དཔས་དེ་ནས་མིག་གི་རྣམ་པར་ཤེས་ པའི་མཚན་ཉིད་རྣམ་པར་འབྱེད་པ་ལ་རྟོག་གོ། །འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་ལ་མིག་གི་རྣམ་པར་ཤེས་པ་མེད། མིག་གི་རྣམ་པར་ཤེས་པའི་ཁམས་མེད། རྟག་པའི་མཚན་ཉིད་མེད་དོ། །མིག་གི་རྣམ་པར་ཤེས་པའི་ཁམས་ལ་དངོས་ པོ་མེད། ངེས་པའི་ཆོས་མེད་དོ། །མིག་གི་རྣམ་པར་ཤེས་པའི་ཁམས་ནི་བསྟན་དུ་མེད་པའོ། །མིག་གི་རྣམ་པར་ཤེས་པའི་ཁམས་ནི་འདུས་པ་མ་ཡིན་གྱེས་པ་མ་ཡིན་ཏེ། དངོས་པོའི་རྩ་བ་མེད་དོ། །དེའང་སྔོན་གྱི་ལས་ཀྱི་རྒྱུ་དང་རྐྱེན་དང་། ད་ལྟར་གྱི་ 55-1-40b རྐྱེན་དང་གཟུགས་ལ་རག་ལུས་པའི་ཕྱིར་འདི་རྣམ་པར་ཤེས་པའི་ཁམས་ཤེས་བྱའོ། །བུས་པ་སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་གི་སེམས་ཀྱི་རྗེས་སུ་སོང་བས་མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་བྱའོ། །དེ་ལ་འཕགས་པ་རྣམས་ཀྱིས་ནི་ ཁམས་མེད་པར་ཁོང་དུ་ཆུད་ཅིང་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། མིག་གི་རྣམ་པར་ཤེས་པའི་ཁམས་ལ་ངེས་པ་མེད་པའི་ཕྱིར་རོ། །དེ་ནི་རྐྱེན་རྣམས་ལས་སྐྱེས་ཏེ། རྐྱེན་ལ་རག་ལུས་པའི་ཕྱིར་མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་བྱའོ། ། རྣམ་པར་ཤེས་པའི་སྤྱོད་ཡུལ་གྱི་གནས་ནི་མིག་གི་རྣམས་པར་ཤེས་པའི་ཁམས་ཤེས་བྱའོ། །དེ་ལྟར་ངེས་པ་མེད་པའི་ཕྱིར་ན་ངེས་པའི་མཚན་ཉིད་ཅེས་བཤད་དོ། །མ་སྐྱེས་པའི་ཕྱིར། ཡང་དག་པ་མ་ཡིན་པ་བསྟན་པའི་ཕྱིར་རོ། ། གཟུགས་ཀྱི་མཚན་མར་རྣམ་པར་རྟོག་པའི་ཕྱིར། རྐྱེན་རྣམས་བསྟན་པའི་ཕྱིར་མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་བཤད་དོ། །སེམས་ཅན་དག་ཇི་ལྟར་ཤེས་པའི་རྗེས་སུ་དེ་བཞིན་གཤེགས་པས་ཐབས་ཀྱིས་རྣམ་པར་ཕྱེ་སྟེ། ཆ་གཅིག་པ་དང་ཐ་དད་པའི་མཚན་ཉིད་གཞོམ་པའི་ཕྱིར་དེ་ལྟ་བུའི་མཚན་ཉིད་བཤད་དོ། །རྣམ་པར་ཤེས་པ་ལ་ངེས་པའི་མཚན་ཉིད་མེད་དེ་མིག་གི་དབང་པོ་རྣམ་པར་དག་པས་གཟུགས་ཀྱི་མཚན་ཉིད་ཤེས་ཏེ། ཆོས་གཉིས་འདུས་པའི་ཕྱིར་ མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་བཤད་དོ། །མིག་གི་རྣམ་པར་ཤེས་པའི་ཡང་དག་པའི་མཚན་ཉིད་བསྟན་པའི་ཕྱིར་མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་བཤད་དོ། །མིག་གི་རྣམ་པར་ཤེས་པའི་ཁམས་ནི་མིག་གི་སྤྱོད་ཡུལ་གྱི་གནས་ཏེ། གཟུགས་སུ་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པའི་ཁམས་དེ་ཡིའང་ཁམས་མེད་པར་བཤད་པའ། །དེ་ཅིའི་ཕྱིར་ཞེ་ན། མཁས་པ་དག་གིས་མིག་གི་རྣམ་པར་ཤེས་པའི་ཁམས་ལ་མིག་གི་རྣམ་པར་ཤེས་པའི་ཁམས་སུ་དམིགས་ སུ་མེད་དེ་མིག་གི་རྣམ་པར་ཤེས་པའི་ཁམས་ལ་མིག་གི་རྣམ་པར་ཤེས་པའི་ཁམས་སུ་དམིགས་སུ་མེད་པས་དངོས་པོར་མི་རྙེད་དོ། །དེ་ཅིའི་ཕྱིར་ཞེ་ན་ངེས་པའི་མཚན་ཉིད་མེད་པ་ནི་མིག་གི་རྣམ་པར་ཤེས་པའི་ཁམས་སོ། །མིག་གི་ 55-1-41a རྣམ་པར་ཤེས་པའི་ཁམས་ནི་བཏགས་པ་ཙམ་དུ་ཟད་དོ། །ཁམས་ཤེས་བཤད་པ་དེ་ཡང་མི་ལེན་པའི་དོན་བཤད་པར་ཟད་དོ། །མཐོང་བར་བྱ་བའི་གནས་ཡོད་པས་མིག་གི་རྣམ་པར་ཤེས་པ་དང་ཡིད་ཀྱི་ལས་ལས་མིག་གི་རྣམ་པར་ཤེས་པའི་ མཚན་ཉིད་སྐྱེས་པས་མིག་གི་རྣམ་པར་ཤེས་པ་ཞེས་བྱའོ། །མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། དངོས་པོ་གསུམ་འདུས་པ་ལས་རྐྱེན་རྣམས་ཀྱི་མཚན་ཉིད་ཤེས་ཏེ་དེ་ནི་ཁམས་གྱི་དོན་ལས་ དབེན་པའོ། །འདི་ལྟ་སྟེ། མིག་གི་ཁམས་དང་གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་རྣམ་གྲངས་དེ་སྙེད་ཀྱིས་ན་སེམས་ཅན་རྣམས་ཡང་དག་པའི་ལམ་ལ་འཇུག་པར་འགྱུར་ཏེ། འདི་ལ་ཡང་དག་པར་ན་མིག་གི་ ཁམས་མེད། གཟུགས་ཀྱི་ཁམས་མེད། མིག་གི་རྣམ་པར་ཤེས་པའི་ཁམས་མེད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཚན་ཉིད་རྣམས་ཤེས་པ་དང་། མཐོང་བ་དང་། རྣམ་པར་འབྱེད་པའི་ཐབས་སུ་གསུངས་ཏེ། མཚན་ཉིད་གསུངས་པ་ འདི་ལ་གང་ཟག་སུ་ཞིག་ཆུད་ཅིང་རྟོགས་ན་ཁམས་གསུམ་པོ་ལ་ཁམས་མེད་པར་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཁམས་རྣམས་ལ་ཁམས་ཀྱི་མཚན་ཉིད་མེད་པའི་ཕྱིར་ཁམས་རྣམས་ལ་མཚན་ཉིད་དུ་མི་དམིགས་པའི་ཕྱིར་རོ། །རྣ་བའི་ ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་གཞུང་འདིས་ཤེས་པར་བྱའོ། །འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡིད་ཀྱི་ཁམས་རྣམ་པར་འབྱེད་པ་ ལ་རྟོག་པ་ཞེ་ན། བྱང་ཆུབ་སེམས་དཔའ་འདི་སྙམ་དུ་ཡིད་ཀྱི་ཁམས་ལ་དངོས་པོ་ཅི་ཡང་མེད་པའི་ཕྱིར་ངེས་པའི་མཚན་ཉིད་མེད་དོ། །ཡིད་ཀྱི་ཁམས་ལ་ཡིད་ཀྱི་ཁམས་ཤེས་བྱ་བ་མེད་ངེས་པའི་ཁམས་མེད་དོ། །ཡིད་ཀྱི་ཁམས་ཤེས་ 55-1-41b བྱ་བ་ནི་དཔེར་ན་ས་བོན་ས་ཆེན་པོ་ལ་རྨོས་ནས་སེར་གྱི་རླན་ཏེ་ཉི་མས་དྲོས་པར་བྱས་ཞིང་རླུང་གིས་བསྐྱོད་ན་མྱུ་གུ་བགས་ཀྱིས་འབྱུང་སྟེ། མྱུ་གུ་ཡང་ས་བོན་ལས་མ་སྐྱེས་ལ། ས་བོན་ཡང་མྱུད་གུ་དང་གཅིག་པ་མ་ཡིན་ཏེ། མྱུ་གུ་སྐྱེས་ནས་ས་ བོན་ཡང་འཇིག་སྟེ། ས་བོན་ཡང་མྱུ་གུ་ལས་གཞན་མ་ཡིན་ལ་མྱུ་གུ་ཡང་ས་བོན་ལས་གཞན་མ་ཡིན་ཏེ། མྱུ་གུའི་ནང་ནས་ས་བོན་མེད་པ་བཞིན་ཡིད་ཀྱི་ཁམས་ཀྱང་དེ་དང་འདྲ་སྟེ། ཡིད་ཀྱི་ལས་སྐྱེད་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པའི་ མཚོན་པས་ནི་ས་བོན་གྱིས་མྱུ་གུ་མཚོན་པ་བཞིན་ཏེ། ཡིད་ཀྱི་ཁམས་ཤེས་བརྟགས་སོ། །ཡིད་ཀྱི་ཁམས་ལས་གུད་ན་ཡིད་དང་ཡིད་ཀྱི་ཁམས་ཤེས་བྱ་བ་མེད། ཡིད་དུ་མི་ཤེས་ཀྱང་བླ་དགས་སུ་ཡིད་ཀྱི་ཁམས་ཞེས་བཏགས་སོ། །ཡིད་ ཀྱི་ཁམས་ཤེས་བྱ་བ་དེ་ཡིད་ཀྱི་ནང་ན་མི་གནས། ཡིད་ཀྱི་ཕྱི་རོལ་ན་ཡང་མི་གནས་གཉི་གའི་བར་ན་མི་གནས་ཏེ། སྔོན་གྱི་ལས་ཀྱི་རྒྱུ་དང་རྐྱེན་གྱི་ཕྱིར་རྣམ་པར་ཤེས་པས་བསྐྱེད་པའི་ཕྱིར་ཡིད་ཀྱི་ལས་ཀྱི་ཕྱིར་དམིགས་པར་བྱ་བ་ཤེས་པའི་ ཕྱིར། མཚན་ཉིད་དུ་བཏགས་པ་འདུས་པའི་ཕྱིར། ད་ལྟར་གྱི་དམིགས་པ་སྐྱེ་བའི་ཕྱིར་ཡིད་ཀྱི་ཁམས་ཤེས་བྱ་སྟེ། དེ་ནི་མ་ངེས་པའི་ཡིད་ཀྱི་ལས་ཀྱི་མཚན་ཉིད་དང་རྒྱུ་དང་རྐྱེན་མང་པོ་འདུས་པའི་མཚན་ཉིད་དོ། །ཡིད་ཀྱི་ཁམས་ནི་མང་པོའི་ འདུས་པ་ལས་སྐྱེ་བས་སེམས་ཅན་ཇི་ལྟར་ཤེས་པའི་རྗེས་སུ་འཇུག་གོ། །དོན་དམ་པ་ལ་ནི་ཡིད་ཀྱི་ཁམས་ཤེས་བྱ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་མེད་པའི་ཕྱིར་རོ། །མི་སྐྱེ་བ་ནི་ཡིད་ཀྱི་ཁམས་ཏེ་སྐྱེ་བ་མེད་པའི་ཕྱིར་རོ། །ཡིད་ཀྱི་ ཁམས་ཤེས་བྱ་བ་ནི་ཀུན་རྫོབ་དུ་བཏགས་པའི་ཚིག་ཡིན་ཏེ། དོན་དམ་པར་ན་ངེས་པར་ཡིད་ཀྱི་ཁམས་མེད་དོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱིར་དམིགས་སུ་མེད་དོ། །ཁམས་དག་ནི་ཁམས་མེད་པ་ལ་ཡིད་ཀྱི་ཁམས་སུ་རྟོགས་སོ། ། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་ཁམས་ལ་འབྱེད་ཅིང་རྟོགས་པ་ནི་ཁམས་མེད་པ་ལ་ཆོས་ཀྱི་ཁམས་སུ་རྟོགས་ཏེ། ཆོས་ཀྱི་ཁམས་ལ་རང་བཞིན་ཉིད་དམིགས་སུ་མེད་དེ། ངེས་པ་མེད་པའི་ཁམས་ནི་ཆོས་ཀྱི་ཁམས་སོ། །ཆོས་ 55-1-42a ཀྱི་ཁམས་ནི་དངོས་པོར་དམིགས་སུ་མེད་པའི་ཕྱིར་ངེས་པའི་དངོས་པོར་དམིགས་སུ་མེད་དེ། སྐྱེ་བོ་ཕྱིན་ཅི་ལོག་ཏུ་ལྟ་ཞིང་ཡང་དག་པ་མ་ཡིན་པས་རྣམ་པར་བཅིངས་པ་དག་ཤེས་པར་བྱ་བའི་ཕྱིར་ཆོས་ཀྱི་ཁམས་ཤེས་བརྗོད་ཅིང་བཤད་ པ་ཡང་སོ་སོའི་སྐྱེ་བོ་དག་ཁམས་མེད་པ་ལ་དགོད་པའི་ཕྱིར་ཆོས་ཀྱི་ཁམས་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་ཁམས་ལ་ཆོས་ཀྱི་ཁམས་མེད་དེ། ཆོས་ཀྱི་ཁམས་ཤེས་བྱ་བ་ནི་རྐྱེན་མང་པོ་འདུས་པ་ལས་སྐྱེས་སོ། །རྐྱེན་འདུས་པ་ལས་ སྐྱེས་པའི་ཆོས་ལ་ནི་རང་བཞིན་མེད་དོ། །རྒྱུ་དང་རྐྱེན་ལ་རང་བཞིན་མེད་པའི་ཕྱིར། རྒྱུ་དང་རྐྱེན་ནི་མང་པོ་འདུས་པའི་ཕྱིན་ཅི་ལོག་གི་རྒྱུན་ལས་སྐྱེས་སོ། །དེ་བཞིན་གཤེགས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཀུན་རྫོབ་ཀྱི་ ཚིག་ཏུ་བརྗོད་པས་ཁམས་མེད་པའི་ཆོས་བསྟན་པའི་ཕྱིར་ཆོས་ཀྱི་ཁམས་གསུངས་སོ། །ཆོས་ཀྱི་ཁམས་ནི་ནང་ན་མི་གནས། ཕྱི་རོལ་ན་མི་གནས། གཉི་གའི་བར་ན་མི་གནས་ཀྱང་སོ་སོའི་སྐྱེ་བོ་དག་དགེ་བ་དང་མི་དགེ་བའི་ཆོས་ཤེས་ ཤིང་མཐོང་ངོ་། །ཆོས་ཀྱི་ཁམས་ཀྱིས་ཆོས་ཐམས་ཅད་ཤེས་པ་དང་མཐོང་བ་མེད་པར་བཤད་པ་ནི་མཐར་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་ཕྱིར་མཐར་སྟོང་པ་ཉིད་དུ་བཤད་པ་ནི་ཆོས་ཀྱི་ཁམས་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཅིའང་མེད་པ་ནི་ཆོས་ཀྱི་ ཁམས་ཏེ། ཆོས་ཀྱི་ཁམས་ལ་ཡོད་ཅེས་པའི་མཚན་མ་ངེས་པ་མེད་པའི་ཕྱིར་རོ། །འདི་ལྟ་སྟེ། ནམ་མཁའ་ལ་ངེས་པའི་མཚན་ཉིད་མེད་དེ། ནམ་མཁའ་ཞེས་བྱ་བ་བཞིན་ཆོས་ཀྱི་ཁམས་ཀྱང་དེ་དང་འདྲ་སྟེ་ངེས་པའ་མཚན་མ་མེད་དོ། ། ཆོས་ཀྱི་མཚན་མ་གཞོམ་པའི་ཕྱིར་ཆོས་ཀྱི་ཁམས་ཤེས་བཤད་དེ། ཁམས་མེད་པ་ནི་ཆོས་ཀྱི་ཁམས་སོ། །དེ་ཅིའི་ཕྱིར་ཞེ་ན་ཆོས་ཀྱི་ཁམས་ནི་འདས་པ་ལ་མི་གནས། མ་འོངས་པ་ལ་མི་གནས། ད་ལྟར་ལ་མི་གནས་ཏེ། རྐྱེན་མང་པོ་ ལ་རག་ལུས་པས་རྐྱེན་དང་ཕྲད་པའི་ཕྱིར་ཆོས་ཀྱི་ཁམས་ཤེས་རྣམ་གྲངས་སུ་གཏགས་སོ་སེམས་ཅན་གྱིས་ཇི་ལྟར་ཆོས་ཀྱི་ཁམས་ཤེས་བཏགས་སོ། །མཁས་པ་དག་ཁམས་མེད་པ་ལ་ཆོས་ཀྱི་ཁམས་སུ་ཤེས་ཏེ། ཆོས་ཀྱི་ཁམས་ 55-1-42b ནི་གཅིག་པ་མ་ཡིན་ཐ་དད་པ་མ་ཡིན་ནོ། །ཆོས་ཀྱི་ཁམས་ལ་ཆོས་ཀྱི་ཁམས་ཀྱི་མཚན་མ་མང་པོ་ཡང་མེད། ཅུང་ཟད་ཀྱང་མེད་དེ། ཁམས་བསྟེན་པའི་ཐབས་ཀྱིས་ཆོས་ཀྱི་ཁམས་ལ་ཁམས་ཤེས་བཤད་དོ། །གང་རྣལ་འབྱོར་པ་དག་ཆོས་ཀྱི་ ཁམས་རྟོགས་ཤིང་ཆུད་པ་ནི་ཁམས་མེད་པར་ཤེས་ཤིང་མཐོང་ངོ་། །ཁམས་གསུམ་གྱི་ཆོས་ཀྱི་ཁམས་ཀྱི་རྣམ་པར་རྟོག་པའི་མཚན་མ་མེད་དེ། རྒྱུ་དང་རྐྱེན་མང་པོ་འདུས་པ་ལས་ཆོས་སུ་རྣམ་པར་རྟོག་པའི་ཆོས་ཀྱི་ཁམས་ཤེས་བཤད་དེ། ཆོས་སུ་རྣམ་པར་ཕྱེ་སྟེ་མཚན་ཉིད་ངེས་པ་མེད་པ་བསྟན་པའི་ཕྱིར་ཆོས་ཀྱི་ཁམས་ཤེས་བཤད་དོ། །མཁས་པ་དག་ནི་ཆོས་ཀྱི་ཁམས་ལ་མཚན་མར་ལྟ་བའི་ཕྱིར་ཆོས་སྐྱེས་པར་མཐོང་བ་མ་ཡིན་ཏེ། གང་སྐྱེས་པའི་ཆོས་དེ་ཉིད་མ་སྐྱེས་པའོ། ། དེ་ཅིའི་ཕྱིར་ཞེ་ན་ཆོས་ཀྱི་ཁམས་ལ་མཚན་མ་མེད་པའི་ཕྱིར་རོ། །མཁས་པ་དག་ནི་ཆོས་ཀྱི་མཚན་ཉིད་ལ་མཚན་མ་མེད་པར་རྟོག་ཤིང་ཆུད་པས་ཆོས་ཀྱི་ཁམས་ལ་རྣམ་པར་རྟོག་པའི་མཚན་མ་མེད་པ་ནི་མཚན་མ་མེད་པ་རྣམ་པར་ རྟོག་པ་མེད་པའི་ཕྱིར་ཆོས་ཀྱི་ཁམས་ཤེས་གསུངས་སོ། །ཆོས་ཀྱི་ཁམས་ལ་གནས་པའི་གནས་མེད། གནས་པ་མེད་འབྱུང་བའི་གནས་མེད། རྟེན་པའི་གནས་མེད་དོ། །ཆོས་ཀྱི་ཁམས་ནི་ཐོག་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཀྱི་ཁམས་ ལ་སྐྱེ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་ཁམས་ལ་ཁམས་མེད་པའི་ཕྱིར་རོ། །གཞན་ན་ཡང་ཆོས་ཀྱི་ཁམས་ན་འདུས་པའི་ཕྱིར་ཡོད་པ་མ་ཡིན་ཏེ། མ་འདུས་པ། མ་གྱེས་པ། མངོན་པར་འདུས་མ་བྱས་པ། ངེས་པ་མེད་པས་ཆོས་ཀྱི་ ཁམས་ཤེས་གསུངས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་ཁམས་མེད་པ་ལ་ཆོས་ཀྱི་ཁམས་སུ་རྣམ་པར་འབྱེད་ཅིང་རྟོགས་སོ། །འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ དག་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་རྣམ་པར་འབྱེད་ཅིང་རྟོག་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདི་སྙམ་དུ་མ་སྐྱེས་པའི་ཁམས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས། མ་ངེས་པའི་ཁམས་ནི་ཡིད་ཀྱི་ 55-1-43a རྣམ་པར་ཤེས་པའི་ཁམས་སོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་དངོས་པོ་མེད། ངེས་པའི་ཆོས་མེད་དེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་ཆོས་མེད་པའི་མཚན་ཉིད་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པའི་ ཁམས་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་དམིགས་སུ་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ནི་ཡང་དག་པ་མ་ཡིན་པ། ཅི་ཡང་མེད་པ། ཕྱིན་ཅི་ལོག་དང་ལྡན་པ། ཡིད་ཐོག་མར་འགྲོ་བ་ལས་ཆོས་སུ་རྣམ་པར་ཤེས་པས་ཡིད་ཀྱི་རྣམ་ པར་ཤེས་པ་ཞེས་གསུངས་སོ། །བུས་པ་སོ་སོའི་སྐྱེ་བོའི་རྗེས་སུ་བསྙག་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་གསུངས་སོ། །འཕགས་པ་རྣམས་ཀྱིས་ནི་ཁམས་མ་ཡིན་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་ཤེས་ཤིང་ རྟོགས། ཡང་དག་པ་མ་ཡིན་པ་ཅི་ཡང་མེད་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་རྟོགས་སོ། །དེའང་རྒྱུ་དང་རྐྱེན་གྱི་ཆོས་བསྟན་པའི་ཕྱིར་ཡིད་ཐོག་མར་འགྲོ་བས་ཤེས་ན་རྐྱེན་མང་པོ་འདུས་པས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ ཤེས་བཤད་དོ། །དེ་ཡང་སེམས་ཅན་ཇི་ལྟར་ཤེས་པའི་རྗེས་སུ་བསྙག་པའི་ཕྱིར་དེ་སྐད་ཅེས་གསུངས་སོ། །མཁས་པ་དག་ནི་ཁམས་མ་ཡིན་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་ཤེས་སོ། །དེ་ཡང་རྒྱུ་དང་རྐྱེན་མང་པོ་འདུས་པ་དང་། རྣམ་ པར་བརྟགས་པ་ལས་བྱུང་སྟེ། གང་ཁམས་ལ་མཚན་མ་མེད་པ་ནི་དོན་དམ་པ་སྟེ། དོན་དམ་པ་ལ་མཁམས་ཀྱི་མཚན་ཉིད་མེད་དོ། །ཀུན་རྫོབ་ཀྱི་ཆོས་སུ་སེམས་ཅན་སྨིན་པར་བྱ་བའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་གསུངས་ཏེ་ དེ་ཡང་སེམས་ཅན་དག་ཁམས་མེད་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་ཤེས་པའི་ཕྱིར་རོ། །དེ་ཡང་ཆོས་ཅུང་ཟད་ཙམ་གྱིས་ཀྱང་ཁམས་གཞོམ་ཞིང་དེ་ལས་དབེན་པར་བྱ་བའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་ གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། འཕགས་པ་རྣམས་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ནང་ན་གནས་པར་རམ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཕྱི་རོལ་ན་གནས་པར་རམ། གཉི་གའི་བར་ན་ 55-1-43b གནས་པར་མི་གནས་སོ། །མཁས་པ་དག་ནི་འདུ་བ་མེད་པའི་ཁམས་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་རྟོགས་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱིས་ཁམས་ནི་མི་ཤེས། ཡིད་ཀྱི་ཁམས་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ མི་ཤེས་སོ། །དེ་ཡང་རྒྱུ་དང་རྐྱེན་མང་པོ་འདུས་པ་དང་ཕྱིན་ཅི་ལོག་ལས་སྐྱེ་ཞིང་འབྱུང་སྟེ། ཡིད་ཐོག་མར་འགྲོ་བས་རྒྱུ་དང་རྐྱེན་གཉིས་འདུས་པ་ལས་འབྱུང་བར་ཤེས་སོ། །ཡང་དག་པ་མ་ཡིན་པ་ལ་ཆགས་པ་དང་ཀུན་བརྟགས་པ་ལས་སྐྱེས་ཏེ། སེམས་ཅན་ལ་རྣམ་པར་ཤེས་པའི་མཚན་མ་བསྟེན་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་བརྗོད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་འདས་པ་ལ་མི་གནས། མ་འོངས་པ་ལ་མི་གནས། ད་ལྟར་ལ་མི་གནས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་གང་ ནས་ཀྱང་མ་འོངས་ལ། གང་དུ་འང་མ་སོང་། གནས་པའི་གནས་མེད་དེ། ཐོག་མ་ནས་མ་སྐྱེས་པའི་མཚན་ཉིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་ཐོག་མའི་དངོས་པོར་ངེས་པའི་ཆོས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ ནི་མཚན་མ་གཉིས་སུ་མེད་དེ་མཚན་མ་མེད་པའོ། །མཚན་མ་དེ་ནི་མཚན་མ་གཉིས་ཀྱི་ཕྱིར་ཡོད་པ་མ་ཡིན་ཏེ། བསྟན་དུ་མེད་པ་ཉིད་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །མཁས་པ་དག་ནི་དེ་ལྟར་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྟོགས་ ཤིང་ཁོང་དུ་ཆུད་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དེ་ཆོས་ཐམས་ཅད་ལ་མི་གནས། ཡུལ་ན་མི་གནས། ཕྱོགས་ན་མི་གནས་ཏེ། ཆོས་ཐམས་ཅད་དང་གཅིག་པ་འམ་ཐ་དད་པ་མ་ཡིན་པར་རྟོགས་སོ། །འཕགས་པ་རྣམས་ཀྱིས་མ་སྐྱེས་པ་ ཉིད་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་རྟོགས་སོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ནི་འོངས་པ་མེད་སོང་བ་ཡང་མེད། དམིགས་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་མི་དམིགས། དམིགས་སུ་མེད། བསྟན་དུ་མེད་པའི་ཕྱིར་རོ། །མཁས་པ་དག་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་བྱེད་པ་དམིགས་སུ་མེད་པའི་ཕྱིར་མ་བྱས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་རྟོགས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་སྐྱེ་བའི་ 55-1-44a མཚན་མ་མེད་པའི་ཕྱིར་མ་སྐྱེས་པར་ཆུད་ཅིང་རྟོགས་སོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་དེ་ལྟར་རྣམ་པར་འབྱེད་ཅིང་རྟོགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ དེ་ལྟར་རྟོག་པའི་ཚེ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལ་མ་སྐྱེས་པ་ཉིད་དང་། ཅིའང་མེད་པ་ཉིད་དུ་རྣམ་པར་འབྱེད་ཅིང་རྟོགས་སོ། །ཇི་ལྟར་རྟོག་ཅེ་ན། འདི་ལྟ་སྟེ། འདོད་པའི་ཁམས་ལ་འདོད་པའི་ཁམས་ མེད། གཟུགས་ཀྱི་ཁམས་ལ་གཟུགས་ཀྱི་ཁམས་མེད། གཟུགས་མེད་པའི་ཁམས་ལ་གཟུགས་མེད་པའི་ཁམས་མེད་དེ། ཁམས་ཀྱིས་ཁམས་མེད་པའི་ཆོས་སྟོན་པས་འདོད་པའི་ཁམས་ལ་འཇུག་པར་དགའ་བ་ལ་ནི་གཟུགས་ཀྱི་ ཁམས་སྟོན་ཏོ། །གཟུགས་མེད་པའི་ཁམས་ལ་འཇུག་པར་དགའ་བ་ལ་ནི་གཟུགས་མེད་པའི་ཁམས་སྟོན་ཏོ། །ཁམས་ཀྱིས་ཁམས་མེད་པ་མཚོན་ཅིང་བརྗོད་དོ། །མཁས་པ་དག་ནི་ཅིའང་མེད། པའི་ཁམས་ནི་འདོད་པའི་ཁམས་དང་། གཟུགས་ ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སུ་ཤེས་སོ། །མཁས་པ་དག་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སུ་མི་དམིགས་སོ། །ཁམས་གསུམ་ཡང་དངོས་པོ་མེད་པ་ངེས་པའི་ཆོས་མེད་དེ་རྒྱུ་དང་ རྐྱེན་མང་པོ་ལས་སྐྱེས་པར་ཤེས་པས་དེ་བས་ན་མཁས་པ་དག་ནི་ཁམས་མེད་པ་ལ་ཁམས་གསུམ་དུ་ཤེས་སོ། །དེ་ལ་ཁམས་མེད་དེ། ཁམས་གསུམ་ཆར་ཡང་ཡང་དག་པ་མ་ཡིན་པ་ཕྱིན་ཅི་ལོག་གིས་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། མཁས་པ་ དག་ནི་ཁམས་གསུམ་དུ་མི་དམིགས་པས་ཁམས་གསུམ་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱིར་མི་དམིགས་མི་བརྗོད་དོ། །འཕགས་པ་རྣམས་ཀྱིས་ནི་ཁམས་གསུམ་ལ་ཡང་དག་པ་མ་ཡིན་པ་དང་། ཅི་ཡང་མེད་པར་རང་བཞིན་ མེད་པ། ཆོས་རྣམས་དང་བྲལ་བ། ཕྱིན་ཅི་ལོག་ལས་བྱུང་བར་རྟོགས་ཏེ། སྐྱེ་བོ་མང་པོའི་ཕྱིན་ཅི་ལོག་ཡོངས་སུ་གཅད་པའི་ཕྱིར། ཁམས་གསུམ་ཤེས་ཤིང་མཐོང་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་རྣམ་པར་ཕྱེ་སྟེ་གསུངས་སོ། །ཁམས་ 55-1-44b གསུམ་གྱི་དངོས་པོ་བསྟན་པ་ཡང་སེམས་ཅན་དག་ཁམས་མེད་པའི་དོན་ཤེས་པར་བྱ་བའི་ཕྱིར་ཁམས་གསུམ་གསུངས་ཏེ་ཁམས་ཀྱི་དངོས་པོར་མ་ཡིན་ནོ། །མཁས་པ་དག་ནི་ཁམས་གསུམ་ནི་ཁམས་མེད་པར་ཤེས་ཤིང་རྟོགས་སོ། །འཇིག་རྟེན་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་རྟོག་པའི་ཚེ་སེམས་ཅན་གྱི་ཁམས་དང་བདག་གི་ཁམས་ནི་ནམ་མཁའི་ཁམས་ཏེ། ཆོས་ཀྱི་ཁམས་མེད་པ་དང་། ཅི་འང་མེད་པའི་ཁམས་དང་། མ་སྐྱེས་པའི་ཁམས་སུ་རྟོགས་ སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་ཁམས་དང་། བདག་གི་ཁམས་དང་། ནམ་མཁའ་བྱེ་བྲག་མེད་དེ་ཐ་མི་དད་དོ། །ཁམས་ཀྱི་མཚན་ཉིད་དེ་དག་ཀྱང་ཡང་དག་པ་མ་ཡིན་པ་ལས་བྱུང་སྟེ། རྐྱེན་མང་པོ་ལས་སྐྱེས་པས་ཁམས་ཤེས་བྱ་སྟེ་དེ་ལ་ངེས་ པའི་ཁམས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན་ནམ་མཁའ་ལ་གཅིག་ཏུ་ངེས་པའི་ཁམས་མེད་དོ། །མཚན་ཉིད་དེ་དག་ཀྱང་ནམ་མཁའི་ཁམས་སུ་རྟོགས་པས་ཁམས་མེད་པའི་དོན་ནོ། །འདི་ལྟ་སྟེ། ནམ་མཁའ་ལ་ཁམས་མེད་པ་བཞིན་དུ་ཆོས་ཀྱང་མཐར་ མཚན་མ་དང་བྲལ་ཏེ་མེད་པའི་མཚན་ཉིད་དོ། །ཁམས་ཐམས་ཅད་ཀྱང་ཁམས་དང་བྲལ་བའོ། །ཁམས་ལ་ཁམས་མེད་དེ། ཁམས་ཤེས་བྱ་བ་ནང་ན་མི་གནས། ཕྱི་རོལ་ན་མི་གནས། གཉི་གའི་བར་ན་མི་གནས་ཏེ། ཁམས་ཀྱི་ནང་ན་ཁམས་མེད་དོ། ། མེད་པ་ནི་མཚན་ཉིད་དུ་མ་བསྡུས་པ་ཁམས་ལ་མི་གནས་པའོ། །ཁམས་ཐམས་ཅད་ལ་གནས་མེད། ཁམས་ཐམས་ཅད་ནི་མ་སྐྱེས་པའོ། །མཁས་པ་དག་ནི་ཁམས་ཀྱི་རྣམས་ལ་ཁམས་སྐྱེ་བར་མི་དམིགས། ཁམས་ལ་འགོག་པར་མི་ དམིགས། ཁམས་ལ་གནས་པར་མི་དམིགས་སོ། །ཁམས་ཐམས་ཅད་ནི་མ་སྐྱེས་པ་མ་བྱུང་བ། མི་གནས་པ། ཐོག་མ་ནས་དམིགས་སུ་མེད་པའོ། །མཁས་པ་དག་ནི་མིང་ཙམ་དུ་བཏགས་པའི་ཁམས་ལ་མི་ཆགས། ཆགས་པར་མི་བྱེད། མི་འཛིན། མི་རྟོག་གོ། །དེ་བས་ན་མཁས་པ་དག་ནི་ཁམས་ཐམས་ཅད་ལ་ཁམས་མ་སྐྱེས་པར་ཤེས་ཤིང་མཐོང་སྟེ། མ་སྐྱེས་པས་ན་འགོག་པ་མེད་ཏེ། དོན་དམ་པ་ལ་ཁམས་ཐམས་ཅད་དམིགས་སུ་མེད་དོ། །ཀུན་རྫོབ་ཏུ་ན་ཆོས་ཀྱི་ཁམས་ 55-1-45a རྣམས་རྣམ་པར་ཕྱེ་སྟེ་བརྗོད་དོ། །དོན་དམ་པར་ན་ཁམས་སུ་བརྗོད་པ་ཡང་མེད་དོ། །མཁས་པ་དག་ནི་ཁམས་ཐམས་ཅད་དོན་དམ་པའི་དོན་དུ་ཤེས་ཤིང་རྟོགས་སོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྣམས་དེ་ལྟར་ཁམས་བཅྭ་བརྒྱད་དང་། ཁམས་གསུམ་དང་། སེམས་ཅན་གྱི་ཁམས་དང་། བདག་གི་ཁམས་དང་། ནམ་མཁའི་ཁམས་རྟོགས་ཤིང་རྣམ་པར་ཕྱེ་བ་ཁོང་དུ་ཆུད་དོ། །བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ཁོང་དུ་ཆུད་ཅིང་རྟོགས་ པའི་ཚེ་ཁམས་སུ་མི་དམིགས། ཁམས་སུ་མི་མཐོང་། ཐམས་ཅད་ཀྱི་མིང་ཡང་རྟོགས་ཤིང་ཁམས་ཐམས་ཅད་ཁམས་མེད་པར་འཇུག་པ་ལ་ཡིད་ཆེས་སོ། །ཁམས་སུ་རྣམ་པར་ཕྱེ་བ་ཡང་ཤེས་ཤིང་ཀུན་རྫོབ་ཏུ་ཁམས་ཐམས་ཅད་རྣམ་པར་ ཕྱེ་ནས་ཁམས་ཐམས་ཅད་དོན་དམ་པར་ཞུགས་པར་ཡང་ཤེས། ཁམས་མེད་པའི་སྦྱོར་བ་ཡང་ཤེས་ཤིང་སེམས་ཅན་རྣམས་ལ་ཁམས་ཀྱི་རྣམས་རྣམ་པར་སྟོན་ཏེ། སེམས་ཅན་རྣམས་ཁམས་ཀྱི་སྦྱོར་བ་ལ་ཤིན་ཏུ་གནས་པར་ཡང་བྱེད་དོ། ། ཀུན་རྫོབ་ཏུ་ཚིག་དང་སྨྲ་བས་སེམས་ཅན་རྣམས་ལ་ཁམས་མེད་པའི་ཆོས་སྟོན་ཀྱང་མཚན་མ་གཉིས་སུ་ཁམས་མི་སྟོན་ཏོ། །ཁམས་ཐམས་ཅད་གཉིས་སུ་མེད་ཀྱང་ཐབས་ཀྱིས་ཁམས་ཀྱི་རྣམས་རྟེན་ཅིང་འབྲེལ་ཏེ་བྱུང་བར་སྟོན་ཏོ། ། ཀུན་རྫོབ་ཏུ་ཚིག་དང་སྨྲ་བས་སེམས་ཅན་རྣམས་སྨིན་པར་བྱེད་ཀྱང་སེམས་ཅན་གྱི་རྣམས་ལ་དོན་དམ་པ་སྟོན་ཏོ། །ཁམས་ཀྱི་ཁྱད་པར་གྱི་རྣམ་པ་ལ་ཁམས་གྱང་ཁམས་ཐམས་ཅད་མེད་པར་ཡིད་ཆེས་ཤིང་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་དེ་བཞིན་གཤེགས་པ་དོན་དམ་པས་ཁམས་སུ་མི་དམིགས། ཁམས་ཀྱི་ཆོས་སུ་མི་དམིགས་སོ། །འཇིག་རྟེན་འཛིན་ངས་ནི་ཁམས་ཐམས་ཅད་འགགས་པའང་མེད། བཅད་པ་ཡང་མེད་པར་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པ་ལ་ཁམས་ཀྱི་རྣམས་མེད་དོ། །ཁམས་ཐམས་ཅད་ལ་ཁམས་གང་ཡང་མེད་དེ་ངེས་པ་མེད་དོ། ཁམས་ཐམས་ཅད་ནམ་མཁར་འཇུག་པས་ཁམས་ཐམས་ 55-1-45b ཅད་མ་སྐྱེས་པའི་མཚན་ཉིད་དོ། །དེ་བཞིན་གཤེགས་པས་ཁམས་ཐམས་ཅད་ལ་དེ་ལྟ་བུའི་ཚུལ་གྱིས་ཐུགས་སུ་ཆུད་དོ། །དེ་བཞིན་གཤེགས་པས་ཁམས་མ་གསུངས་ཆོས་རྣམས་ཀྱི་སྟོབས་ཀྱང་མ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ ཐམས་ཅད་ཅི་འང་མེད་པའི་ཁམས་མི་གསུང་ངོ་། །འཇིག་རྟེན་འཛིན་དེ་བཞིན་གཤེགས་པས་ནི་ཅིའང་མེད་པའི་ཁམས་གསུངས་མོད་ཀྱི་དེ་ལ་ཡང་དག་པར་ན་ཁམས་སུ་གསུངས་པ་མེད་དེ། འཇིག་རྟེན་འཛིན་དེ་ལྟར་ན་ཁམས་རྣམས་ཀྱི་ རྣམ་པར་འབྱེད་པ་ལ་མཁས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཁམས་རྣམ་པར་འབྱེད་པ་ལ་ཤིན་དུ་མཁས་པ་དང་། ཁམས་ཐམས་ཅད་བཏགས་པ་ཙམ་དུ་ཤེས་པ་དང་། ཀུན་རྫོབ་ཀྱི་ཁམས་ཙམ་ དུ་ཤེས་པ་དང་། དོན་དམ་པའི་ཁམས་ཤེས་པ་དང་། ཁམས་ཀྱི་ངེས་པ་ཤེས་པ་དང་། ཀུན་རྫོབ་ཀྱི་བདེན་པ་ཤེས་པ་དང་། ཁམས་རྣམ་པར་འབྱེད་པ་ལ་མཁས་པ་དང་། ཅི་དང་ཅི་ལྟ་བུ་དང་ལྡན་པ་ཤེས་པ་དང་། ཁམས་ཀྱི་འདུས་པ་ཤེས་པ་དང་། ཁམས་ཀྱི་འཇུག་པ་ཤེས་པ་དང་། བདེན་པའི་ཁམས་ཀྱི་འཇུག་པ་ཤེས་པ་དང་། ཁམས་ཀྱི་ཁྱད་པར་ལ་མཁས་པ་དང་། ཁམས་ཐམས་ཅད་ཁམས་མེད་པར་ཤེས་པ་དང་། ཁམས་ཐམས་ཅད་ནམ་མཁའི་ཁམས་དང་མཐུན་པར་ཤེས་ཏེ་ ཁམས་རྣམས་ལ་བྱེ་བྲག་ཏུ་མི་འབྱེད་པ་དང་། ཁམས་རྣམས་ལ་བྱེ་བྲག་ཏུ་མི་དམིགས། བྱེ་བྲག་དུ་མི་བརྗོད་དོ། །སེམས་ཅན་རྣམས་ལ་ཁམས་འཇིག་པ་སྟོན་པ་ལ་མཁས་པར་འགྱུར་རོ། །འཇིག་རྟེན་འཛིན་འདི་ལྟ་སྟེ། སྒྱུ་མ་མཁན་ མཁས་པ་ཞིག་སེམས་ཅན་ལ་སྒྱུ་མ་རྣམ་པ་སྣ་ཚོགས་བསྟན་ཏེ། སྒྱུ་མའི་དངོས་པོ་རྣམ་པ་སྣ་ཚོགས་ཤེས་པར་བྱེད་དོ། །དེ་ལ་མཛའ་ཞིང་བཤེས་པ་དག་གིས་འདི་སྐད་དུ་འདི་ནི་སྒྱུ་མའོ། །སྒྱུ་མར་བྱས་པའི་དངོས་པོ་སྟེ། སྒྱུ་མ་དེ་ལ་ཡང་ དག་པ་མེད་དོ། །ཕྱིན་ཅི་ལོག་ཏུ་སེམས་ཅན་ལ་སྟོན་ཏོ་ཞེས་སྨྲས་ན་མཁས་པ་དག་ནི་སྒྱུ་མར་ཤེས་པར་འགྱུར་རོ། །འཇིག་རྟེན་འཛིན་འཇིག་རྟེན་གྱི་རང་བཞིན་ནི་སྒྱུ་མ་ལྟ་བུ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྒྱུ་ 55-1-46a མ་ལྟ་བུའི་ཆོས་ལ་ཞུགས་ན་འཇིག་རྟེན་སྒྱུ་མའི་རང་བཞིན་དུ་ཤེས་སོ། །འཇིག་རྟེན་སྤྱོད་པ་ནི་སྒྱུ་མ་ལྟ་བུ་སྟེ། སྦྱོར་བའི་སྟོབས་ཀྱིས་སེམས་ཅན་དག་ལ་འཇིག་རྟེན་སྒྱུ་མ་ལྟ་བུར་སྟོན་ཏོ། །གང་ཞིག་འཇིག་རྟེན་ལ་ཡང་དག་པའི་ བདེན་པར་འཛིན་ན་འཇིག་རྟེན་ཡང་དག་པ་མ་ཡིན་པ་སྒྱུ་མ་ལྟ་བུར་སྟོན་ཏོ། །དེ་ལ་མཁས་པ་བློ་ཟབ་མོ་དབང་པོ་རྣོ་བ་དག་ནི་ཟུར་ཙམ་བསྟན་པས་ཆོས་ཐམས་ཅད་སྟོང་པ་ཉིད་དང་། སྒྱུ་མ་ལྟ་བུ་དང་། མི་བདེན་པ་དངོས་པོ་མེད་པར་ཤེས་ཏེ། ཆོས་ཐམས་ཅད་ཀྱིས་བུས་པ་སོ་སོའི་སྐྱེ་བོ་དག་བསླུས་པ་དང་། ཆོས་ཐམས་ཅད་ཡང་དག་པ་མ་ཡིན་པའི་རྐྱེན་ལ་རག་ལུས་པར་ཤེས་སོ། །འཇིག་རྟེན་འཛིན་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཁམས་ཀྱི་ སྤྱོད་པ་ལ་འཇུག་པར་འདོད་པ་དག་ཤིན་ཏུ་ཟབ་མོའི་མདོ་སྡེ་བརྗོད་དུ་མེད། དམིགས་སུ་མེད་པ། ཁམས་ཐམས་ཅད་ཤེས་ཤིང་མཐོང་བར་བྱེད་པ་སྟོན་པ། ཁམས་ཐམས་ཅད་ཡི་གེ་མེད་པ། འདུས་པ་མེད་པ་བརྗོད་དུ་མེད་པ། ཁམས་ཐམས་ ཅད་ཀྱི་ཐབས་དང་ཤེས་རབ་སྟོན་པ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་འཇུག་པར་བྱེད་པ་སྟོན་པ། གཞན་ཡང་ཆོས་ཐམས་ཅད་ཀྱི་ཡང་དག་པ་ཉིད་བརྗོད་པ། འདི་ལྟ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་འདུས་ མ་བྱས་པ་དང་། དབང་དང་དབང་མ་ཡིན་པ་དང་། སྤྱོད་པ་ལ་འཇུག་པ་དང་། དོན་དམ་པ་དང་ཀུན་རྫོབ་ཀྱི་དོན་དང་། ངེས་པའི་དོན་གྱི་མདོ་སྡེ་དང་བཀྲི་བའི་དོན་གྱི་མདོ་སྡེ་དང་། རྟེན་ཅིང་འབྲེལ་ཏེ་བྱུང་བའི་རྣམ་པར་གྲོལ་བའི་མདོ་སྡེ་ཟབ་མོ་འདི་ ལས་བརྗོད་པ་ཐམས་ཅད་ལ་བརྩོན་པར་བྱའོ། །ཁམས་བཅྭ་བརྒྱད་ཅེས་བྱ་བའི་ལེའུ་སྟེ་གསུམ་མོ།། །། འཇིག་རྟེན་འཛིན་ཅེས་བྱ་བའི་མདོ། །བམ་པོ་གསུམ་པ། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་འཛིན་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་མཆེད་བཅུ་གཉིས་ལ་མཁས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་མཆེད་བཅུ་གཉིས་རྣམ་པར་འབྱེད་ཅིང་ཡང་དག་པར་རྟོག་པ་ན་འདི་སྙམ་དུ་ 55-1-46b མིག་ལ་མིག་གི་སྐྱེ་མཆེད་དམིགས་སུ་མེད། མིག་ལ་མིག་གི་སྐྱེ་མཆེད་དུ་ངེས་པ་མེད་དོ། །མིག་གི་སྐྱེ་མཆེད་ཀྱང་དངོས་པོར་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། མིག་གི་སྐྱེ་མཆེད་ནི་རྐྱེན་མང་པོ་ལས་སྐྱེས་པ་ཕྱིན་ཅི་ལོག་ལས་བྱུང་བའོ། ། གཟུགས་ལ་དམིགས་པའི་ཕྱིར་གཟུགས་ལ་རག་ལུས་པ་སྟེ། གཉིས་ཕྲད་པ་ལས་གཟུགས་ཀྱི་རྐྱེན་གྱིས་མིག་གི་སྐྱེ་མཆེད་ཀྱི་རྐྱེན་ཡོད་པར་གྱུར་ཏེ། གཟུགས་དང་མིག་གི་སྐྱེ་མཆེད་གཉིས་གཅིག་ལ་གཅིག་བལྟོས་པའི་ཕྱིར་མིག་གི་ གཟུགས་ཤེས་བཤད་དོ། །འདི་ལྟ་སྟེ། མིག་དང་གཟུགས་ཤེས་བྱ་བ་གཟུགས་ནི་མིག་གི་སྐྱེ་མཆེད་འབྱུང་བར་བྱེད་པའི་སྒོ་ཡིན་ལ་མིག་ཀྱང་གཟུགས་ཀྱི་སྐྱེ་མཆེད་འབྱུང་ཞིང་སྣང་བར་བྱེད་པས་དེ་བས་ན་སྐྱེ་མཆེད་ཀྱང་གཟུགས་ཀྱི་རྐྱེན་ གྱིས་སྐྱེ་མཆེད་ཀྱི་སྒོ་ཞེས་བཏགས་པས་མིག་གི་སྐྱེ་མཆེད་ཅེས་བྱ་སྟེ། མིག་གིས་མཐོང་བའི་ཕྱིར་གཟུགས་ཀྱི་སྐྱེ་མཆེད་ཅེས་བྱའོ། །ཀུན་རྫོབ་ཏུ་ཡོད་པར་གསུངས་ཀྱི་མིག་ཀྱང་གཟུགས་ལ་མི་གནས། གཟུགས་ཀྱང་མིག་ལ་མི་གནས། མིག་མིག་ལ་མི་གནས། གཟུགས་ཀྱང་གཟུགས་ལ་མི་གནས་ཏེ། རྐྱེན་མང་པོ་ལས་གཟུགས་སུ་དམིགས་པ་བྱུང་བས་མིག་གི་སྐྱེ་མཆེད་ཅེས་བཏགས་སོ། །གཞན་ཡང་རྟེན་ཅིང་འབྲེལ་ཏེ་བྱུང་བ་ལས་མིག་གི་ཤེས་པ་དང་། མཐོང་བའི་ མཚན་ཉིད་སྐྱེ་བས་གཟུགས་ཀྱི་སྐྱེ་མཆེད་ཅེས་བཏགས་སོ། །ཇི་ལྟར་ན་ཀུན་རྫོབ་ཏུ་ཕྱིན་ཅི་ལོག་ཏུ་བཤད་པའི་ཟླས་དོན་དམ་པར་མིག་གི་སྐྱེ་མཆེད་དམིགས་སུ་མེད་ཅིང་གཟུགས་ཀྱི་སྐྱེ་མཆེད་དམིགས་སུ་མེད་པ་བསྟན་པ་ཞེ་ན། མཁས་པ་ དག་ནི་སྐྱེ་མཆེད་རྣམས་བཙལ་ན་ཡང་དག་པར་ཡོད་པར་མི་མཐོང་སྟེ། བུས་པ་སོ་སོའི་སྐྱེ་བོ་བློ་ཕྱིན་ཅི་ལོག་ཏུ་གྱུར་པ་དག་ནི་མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་མཚན་མ་གཉིས་སུ་འཆད་དོ། །མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་ སྐྱེ་མཆེད་དེ་ཉིད་ཡང་དག་པ་མ་ཡིན་པའི་སྐྱེ་མཆེད་བསྟན་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་རྣམས་ཀྱི་དེ་ཁོ་ནའི་མཚན་ཉིད་ཤེས་པར་བྱ་བའི་ཕྱིར་སྐྱེ་མཆེད་རྣམས་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བ་ཕྱིན་ཅི་ལོག་ཏུ་མངོན་པར་འབྱེད་པ་དང་ 55-1-47a ལྡན་པ་ལས་བྱུང་སྟེ། སྐྱེ་མཆེད་ཀྱི་མཚན་ཉིད་དུ་ཡང་དག་པར་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། མིག་གི་སྐྱེ་མཆེད་དང་གཟུགས་ཀྱི་སྐྱེ་མཆེད་ནང་ན་མི་གནས། ཕྱི་རོལ་ན་མི་གནས། གཉི་གའི་བར་ན་མི་གནས་སོ། ། མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་གྱི་མ་ཡིན་ཏེ། འོན་ཀྱང་ད་ལྟར་གྱི་རྒྱུ་དང་རྐྱེན་འདུས་པ་ལས་གཟུགས་སུ་ཤེས་པས་མིག་གི་སྐྱེ་མཆེད་དུ་བརྗོད་དེ། བུས་པ་སོ་སོའི་སྐྱེ་བོ་དག་སྤྱོད་པ་ བཞིན་ནོ། །མཁས་པ་དག་ནི་སྐྱེ་མཆེད་རྣམས་ཡང་དག་པ་མ་ཡིན་པ་ཅིའང་མེད་པ། རྣམ་པར་བརྟགས་པའི་ཕྱིན་ཅི་ལོག་ལས་བྱུང་བར་ཁོང་དུ་ཆུད་པས་སྐྱེ་མཆེད་མ་ཡིན་པ་ནི་སྐྱེ་མཆེད་དུ་མཐོང་ཞིང་ཤེས་སོ། །སྐྱེ་མཆེད་ཀྱི་མཚན་ཉིད་མི་བརྗོད་ ཅིང་སྐྱེ་མཆེད་ལ་མཚན་ཉིད་ངེས་པ་མེད་དེ། རྟེན་ཅིང་འབྲེལ་ཏེ་འབྱུང་བར་དེ་བཞིན་གཤེགས་པས་གསུངས་སོ། །དེ་དག་ནི་སྐྱེ་མཆེད་དུ་མཐོང་བ་དང་ཤེས་པ་ཞེས་བྱའོ། །འདི་ལྟ་སྟེ། སྐྱེ་མཆེད་རྣམས་ནི་ཡང་དག་པ་མ་ཡིན་པ། ཅི་འདི་མེད་པ། རྒྱུ་དང་ རྐྱེན་ལ་རག་ལུས་པ། ཕྱིན་ཅི་ལོག་དང་ལྡན་པའི་འདུ་བྱེད་ལས་བྱུང་བའོ། །སྐྱེ་མཆེད་ནི་བྱས་པ་མེད་པ། བྱེད་པ་མེད་དེ། མིག་གི་སྐྱེ་མཆེད་གཟུགས་ཀྱི་སྐྱེ་མཆེད་དུ་རྣམ་པར་མི་རྟོག །གཟུགས་ཀྱི་སྐྱེ་མཆེད་ཀྱང་མིག་གི་སྐྱེ་མཆེད་དུ་མི་ཤེས་རྣམ་པར་ མི་རྟོག་སྟེ། གཉི་གའི་མཚན་མ་དང་བྲལ་བའོ་ཞེས་ཆོས་ཉིད་ཀྱིས་འབྲེལ་པའི་མཚན་ཉིད་ཀྱིས་ན་དེ་ལ་རྣམ་པར་བརྟག་ཅིང་བརྗོད་དུ་མེད་དོ། །སྐྱེ་མཆེད་ཀྱི་མཚན་ཉིད་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བས་བུས་པས་ཕྱིན་ཅི་ལོག་ཏུ་ཤེས་པ་དང་། འཕགས་ པས་ཁོང་དུ་ཆུད་ཅིང་རྟོགས་པར་ཇི་བཞིན་ཏེ། མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་ནི་མ་སྐྱེས་པ། མི་འགག་པ། མ་འོངས་པ། མི་འགྲོ་བའི་མཚན་ཉིད་ཡིན་པས་མིག་གིས་མིག་མི་ཤེས། མིག་གིས་མིག་དུ་རྣམ་པར་མི་རྟོག །གཟུགས་ ཀྱིས་གཟུགས་མི་ཤེས། གཟུགས་ཀྱིས་གཟུགས་སུ་རྣམ་པར་མི་རྟོག་གོ། །དེ་ཅིའི་ཕྱིར་ཞེ་ན། གཉི་ག་སྟོང་པའི་ཕྱིར་རོ། །གཉི་ག་བྲལ་བའི་ཕྱིར་མིག་གིས་མིག་གི་མཚན་ཉིད་མི་ཤེས། གཟུགས་ཀྱིས་གཟུགས་ཀྱི་མཚན་ཉིད་མི་ཤེས། 55-1-47b མིག་དང་གཟུགས་གཉི་ག་ལ་མཚན་ཉིད་མེད་ཆོས་མེད་དེ། དེ་ལ་ངེས་པའི་མཚན་ཉིད་མེད་པས་མིག་གིས་མིག་མ་བྱས། མིག་གིས་མིག་ཏུ་མི་ཤེས་སོ། །གཟུགས་ཀྱིས་གཟུགས་མ་བྱས། གཟུགས་ཀྱིས་གཟུགས་མི་ཤེས་སོ། ། གཉི་ག་མེད་པའི་ཕྱིར་མིག་ཀྱང་བདག་གོ་སྙམ་དུ་མི་སེམས། གཟུགས་ཀྱང་བདག་ནི་གཟུགས་སོ་སྙམ་དུ་མི་སེམས། མིག་དང་གཟུགས་ཀྱི་བདག་ཉིད་ནི་སྒྱུ་མའི་ངོ་བོ་ཉིད་དེ། ཡང་དག་པ་མ་ཡིན་པའི་བླ་དགས་སུ་མིག་དང་གཟུགས་ཤེས་བརྗོད་ དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་མིག་གི་སྐྱེ་མཆེད་དང་གཟུགས་ཀྱི་སྐྱེ་མཆེད་ལ་ཇི་ལྟར་རྣམ་པར་འབྱེད་ཅིང་རྟོག་པ། བཞིན་དུ་རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་ཡང་དེ་བཞིན་ནོ། །འཇིག་རྟེན་འཛིན་ དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་ཀྱི་སྐྱེ་མཆེད་ལ་རྣམ་པར་འབྱེད་ཅིང་རྟོག་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡིད་ཀྱི་སྐྱེ་མཆེད་ལ་རྣམ་པར་འབྱེད་ཅིང་རྟོག་པའི་ཚེ་དེ་འདི་ སྙམ་དུ་ཡིད་ཀྱི་སྐྱེ་མཆེད་དམིགས་སུ་མེད་ཡིད་ལ་སྐྱེ་མཆེད་དུ་ངེས་པའི་མཚན་ཉིད་མེད་དེ། ཡིད་ཀྱི་སྐྱེ་མཆེད་ལ་དངོས་པོ་མེད་པར་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། ཡིད་ཀྱི་སྐྱེ་མཆེད་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བས་ཕྱིན་ཅི་ལོག་ལས་ སྐྱེས་ཏེ། ཆོས་ཀྱི་སྐྱེ་མཆེད་ལ་རག་ལུས་པས་གཉིས་ཕྲད་པ་ལས་བྱ་བ་མེད་པར་འགྱུར་རོ། །ཡིད་ཀྱི་སྐྱེ་མཆེད་ཀྱང་ཆོས་ཀྱི་སྐྱེ་མཆེད་ཀྱི་རྐྱེན་གྱིས་འབྱུང་ལ། ཆོས་ཀྱི་སྐྱེ་མཆེད་ཀྱི་རྐྱེན་གྱིས་རྣམ་པར་འབྱེད་པར་གྱུར་ཏེ། མཚན་ཉིད་ གཉིས་སུ་ཕྱེའོ། །ཡིད་ལ་བརྟན་ནས་ཆོས་ཀྱི་སྐྱེ་མཆེད་ཀྱི་གནས་ཡོད་པར་འགྱུར་ཏེ། ཡིད་ནི་ཆོས་སྐྱེ་ཞིང་མཆེད་པར་བྱེད་པའི་སྒོ་ཡིན་ལ་ཆོས་ཀྱི་སྐྱེ་མཆེད་ཀྱང་ཡིད་ཀྱི་སྒོ་ཡིན་ནོ། །དེ་བས་ན་ཆོས་ཀྱི་སྐྱེ་མཆེད་ཅེས་གདགས་སོ། །ཆོས་ ཀྱི་སྐྱེ་མཆེད་ཀྱི་སྒོའི་རྐྱེན་ཀྱིས་ཡིད་ཀྱི་སྐྱེ་མཆེད་དུ་བརྗོད་དེ། ཡིད་ཀྱི་མཚན་ཉིད་ཀྱི་སྒོ་བསྟན་ཅིང་ཤེས་པར་བྱ་བའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་ཅེས་བརྗོད་པར་གྱུར་ཏོ། །ཀུན་རྫོབ་ཀྱི་བདེན་པ་ཡང་དག་པར་བཤད་ཀྱི་ཡིད་ཀྱང་ཆོས་ལ་མི་བརྟེན་ 55-1-48a ཆོས་ཀྱང་ཡིད་ལ་མི་བརྟེན་ཏེ། རྟེན་ཅིང་འབྲེལ་ཏེ་འབྱུང་བས་ཆོས་རྣམས་རྐྱེན་དུ་གྱུར་ཏེ་ཡིད་ཀྱི་སྐྱེ་མཆེད་ཅེས་བཤད་དོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་ཡིད་ཀྱི་མཚན་ཉིད་བསྟན་པའི་ཕྱིར་རོ། །ཆོས་ཀྱི་སྐྱེ་མཆེད་བརྗོད་དེ་ ཀུན་རྫོབ་ཏུ་ཕྱིན་ཅི་ལོག་བཤད་པའི་ཟླས་དོན་དམ་པར་ཡིད་ཀྱི་སྐྱེ་མཆེད་དམིགས་སུ་མེད། ཆོས་ཀྱི་སྐྱེ་མཆེད་དམིགས་སུ་མེད་པར་གསུངས་སོ། །མཁས་པ་དག་ནི་སྐྱེ་མཆེད་ལ་རྣམ་པར་བརྟགས་ན་ཡང་དག་པར་ཡོད་པར་མི་མཐོང་ ངོ་། །བུས་པ་སོ་སོའི་སྐྱེ་བོ་བློ་ཕྱིན་ཅི་ལོག་ཏུ་གྱུར་པ་དག་ནི་ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་ཅེས་མཚན་མ་རྣམ་པ་གཉིས་སུ་བརྗོད་དོ། །ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་ནི་ཡང་དག་པ་མ་ཡིན་པ། ཅི་ཡང་མེད་པ་དེ་ཁོ་ ན་ཉིད་ཇི་བཞིན་དུ་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པས་སྐྱེ་མཆེད་ཅེས་གསུངས་སོ། །སྐྱེ་མཆེད་རྣམས་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བ་ཕྱིན་ཅི་ལོག་དང་ལྡན་པའི་འདུ་བྱེད་ལས་བྱུང་བས་དེ་ལ་ནི་ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་ མཆེད་དུ་ཡང་དག་པར་དམིགས་སུ་མེད་དོ། །ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་ནི་ནང་ན་མི་གནས། ཕྱི་རོལ་ན་མི་གནས། གཉིས་གའི་བར་ན་མི་གནས་སོ། །གཞན་ཡང་ཡིད་ཀྱི་སྐྱེ་མཆེད་ནི་འདས་པ་ཡང་མ་ཡིན། མ་འོངས་ པ་ཡང་མ་ཡིན་ལ། ད་སྟར་གྱི་ཡང་མ་ཡིན་ཏེ། ད་ལྟར་གྱི་འཕྲལ་གྱི་རྐྱེན་ཤེས་པ་ལས་བུས་པ་སོ་སོའི་སྐྱེ་བོས་བསམས་པའི་རྗེས་སུ་ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་ཅེས་བརྗོད་དོ། །མཁས་པ་དག་ནི་ཡིད་ཀྱི་སྐྱེ་མཆེད་དང་ ཆོས་ཀྱི་སྐྱེ་མཆེད་ལ་ཡང་དག་པ་མ་ཡིན་པ། ཅི་ཡང་མེད་པ། ཕྱིན་ཅི་ལོག་ཏུ་རྣམ་པར་རྟོག་པ་ལས་བྱུང་བ་སྐྱེ་མཆེད་མ་ཡིན་པ་ལ་སྐྱེ་མཆེད་དུ་ཁོང་དུ་ཆུད་པར་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་མཆེད་རྣམས་ལ་ངེས་པར་ སྐྱེ་མཆེད་ཀྱི་མཚན་ཉིད་མེད་པའི་ཕྱིར་རོ། །མཁས་པ་དག་ནི་དེ་ལྟར་སྐྱེ་མཆེད་རྣམས་ལ་ཡང་དག་པ་མ་ཡིན་པ་ཅི་ཡང་མེད་པར་རྟོགས་ཏེ། ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་རང་བཞིན་དམིགས་སུ་མེད། ཡིད་ཀྱི་སྐྱེ་མཆེད་ 55-1-48b དང་ཆོས་ཀྱི་སྐྱེ་མཆེད་ལས་བྱུང་བ་དེ་ཁོ་ནའི་མཚན་ཉིད་དུ་ཡང་མི་དམིགས་སོ། །དེ་ལྟར་ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བས་དེ་བཞིན་གཤེགས་པས་ཀྱང་སྐྱེ་མཆེད་རྣམས་ཀྱི་ཤེས་པ་དང་མཐོང་ བའི་མཚན་ཉིད་གསུངས་པ་ནི་འདི་ལྟ་སྟེ། སྐྱེ་མཆེད་རྣམས་ཡང་དག་པ་མ་ཡིན་པ། ཅི་ཡང་མེད་པ། ཕྱིན་ཅི་ལོག་དང་ལྡན་པའི་འདུ་བྱེད་ལས་བྱུང་བ། རྒྱུ་དང་རྐྱེན་ལ་རག་ལུས་པ། ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་བྱས་ པ། བྱེད་པ། བྱེད་པ་མེད་པ། ཡིད་ཀྱི་སྐྱེ་མཆེད་ཀྱིས་ཆོས་ཀྱི་སྐྱེ་མཆེད་དུ་རྣམ་པར་མི་རྟོག །ཆོས་ཀྱི་སྐྱེ་མཆེད་ཀྱང་ཡིད་ཀྱི་སྐྱེ་མཆེད་དུ་རྣམ་པར་མི་རྟོག་པར་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། གཉི་གའི་དང་བྲལ་བའི་ཕྱིར་རོ། དེ་ལྟར་མཚན་ཉིད་གཉིས་དང་བྲལ་བས་ན་དེ་ལ་རྣམ་པར་དབྱེར་མེད་དོ། །སྐྱེ་མཆེད་དེ་དག་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བ་ཡིན་ཡང་བུས་པ་སོ་སོའི་སྐྱེ་བོ་དག་ཕྱིན་ཅི་ལོག་ཏུ་སེམས་པའི་རྗེས་སུ་བརྗོད་པ་ཡིན་ནོ། །འཕགས་པ་ རྣམས་ཀྱིས་ཁོང་དུ་ཆུད་ཅིང་རྟོགས་པ་ལྟར་ན་ཡིད་ཀྱི་སྐྱེ་མཆེད་ཀྱང་མི་སྐྱེ་བ། མ་སྐྱེས་པ། མི་འགག་པ། མི་འོང་བ། མ་སོང་བ་སྟེ། ཡིད་ཀྱིས་ཡིད་མི་ཤེས། ཡིད་དུ་རྣམ་པར་མི་རྟོག །ཆོས་ཀྱིས་ཆོས་སུ་མི་ཤེས། ཆོས་སུ་རྣམ་ པར་མི་རྟོག་སྟེ། གཉི་ག་སྟོང་པའི་ཕྱིར་རོ། །གཉི་ག་དང་བྲལ་བའི་ཕྱིར་ཡིད་ཀྱིས་ཡིད་ཀྱི་མཚན་ཉིད་མི་ཤེས། ཆོས་ཀྱིས་ཆོས་ཀྱི་མཚན་ཉིད་མི་ཤེས་ཏེ། མཚན་ཉིད་དེ་གཉི་ག་ཅི་ཡང་མེད་པས་དེ་ལ་ནི་ངེས་པའི་ཆོས་གཅིག་ ཀྱང་མེད་དོ། །ཡིད་ཀྱིས་མི་འགྲུབ་ལ་ཡིད་འཇིག་པར་ཡང་མི་ནུས། ཆོས་ཀྱིས་ཀྱང་ཆོས་མི་འགྲུབ་ལ་ཆོས་འཇིག་པར་མི་ནུས་སོ། །གཉི་ག་མེད་པས་ཡིད་ཀྱི་སྐྱེ་མཆེད་ནི་བདག་ཡིད་ཀྱི་སྐྱེ་མཆེད་དོ། །སྙམ་དུ་མི་སེམས་སོ། ། ཆོས་ཀྱི་སྐྱེ་མཆེད་ཀྱང་བདག་ནི་ཆོས་ཀྱི་སྐྱེ་མཆེད་དོ་སྙམ་དུ་མི་སེམས་སོ། །དེ་གཉི་ག་སྟོང་པས་སྒྱུ་མ་ལྟ་བུ་སྟེ། མིང་དང་ཚིག་ཏུ་རྣམ་པར་ཕྱེ་ནས་བཏགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡིད་ཀྱི་སྐྱེ་ 55-1-49a མཆེད་དང་ཆོས་ཀྱི་སྐྱེ་མཆེད་དེ་ལྟ་བུ་རྣམ་པར་འབྱེད་ཅིང་རྟོག་གོ། །འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་ལ་ རྣམ་པར་འབྱེད་ཅིང་རྟོག་པ་ཞེ་ན། འདི་ལྟ་སྟེ། སྐྱེ་མཆེད་བཅུ་གཉིས་ནི་ཐམས་ཅད་ཀྱང་ཡང་དག་པ་མ་ཡིན་པ་རྐྱེན་མང་པོ་དང་། ཕྱིན་ཅི་ལོག་ཏུ་ལྡན་པ་ལས་སྐྱེས་པ་སྟེ། མཚན་མ་གཉིས་སུ་གྱུར་པའི་ཕྱིར་ཕྱི་དང་ནང་ གཉིས་སོ། །བུས་པ་སོ་སོའི་སྐྱེ་བོ་དག་ཡང་དག་པའི་ཆོས་མ་ཐོས་པ་སྐྱེ་མཆེད་བཅུ་གཉིས་ཀྱི་ཡང་དག་པ་ཉིད་མི་ཤེས་པའི་ཕྱིར་མིག་གི་སྐྱེ་མཆེད་ལ་ཆགས་ནས་བདག་མིག་གི་སྐྱེ་མཆེད་ཅེས་ཆགས། གཟུགས་ཀྱི་ སྐྱེ་མཆེད་ལ་ཆགས་ནས་བདག་གཟུགས་ཀྱི་སྐྱེ་མཆེད། བདག་གི་གཟུགས་ཀྱི་སྐྱེ་མཆེད་ཅེས་ཆགས་པ་ནས་རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་དང་། ཡིད་དང་། ཆོས་ཀྱི་བར་དུ་བདག་ཡིད། བདག་གི་ཡིད། བདག་ཆོས། བདག་གི་ཆོས་སོ་ཞེས་ཆགས་སོ། །དེ་ལྟར་ཆགས་པས་ན་སྐྱེ་མཆེད་བཅུ་གཉིས་ཀྱིས་ཀུན་ནས་ཀླགས་ཤིང་བཅིངས་ཏེ་ལམ་རྒྱུད་ལྔར་ཡང་དང་ཡང་འཁོར་བར་གྱུར་ནས། འབྱུང་བའི་ལམ་མི་ཤེས་སོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་སྐྱེ་མཆེད་བཅུ་གཉིས་ལ་ཡང་དག་པར་བརྟགས་ན་སྐྱེ་མཆེད་བཅུ་གཉིས་རྣམས་ཡང་དག་པ་མ་ཡིན་པ། སྒྱུ་མ་སྙིང་པོ་མེད་པ། གསོག །གསོབ་ལྟ་བུ། སྟོང་པ། སྒྱུ་མ་ལྟ་བུར་མཐོང་། མིག་གི་སྐྱེ་མཆེད་ལ་བདག་གམ་བདག་གི་བར་མི་ཆགས་པ་ནི་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་དུ་བདག་གམ་བདག་གི་བར་མི་ཆགས་སོ། །དེ་ལྟར་མི་ཆགས་པས་ན་རྣམ་པར་མི་རྟོག་སྟེ། བྱང་ཆུབ་སེམས་དཔའ་ རྣམས་དེ་ལྟར་སྐྱེ་མཆེད་བཅུ་གཉིས་ལ་ཤིན་ཏུ་མཁས་སོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་སྐྱེ་མཆེད་རྣམས་ཀྱི་ཐབས་ལ་མཁས་པས་སྐྱེ་མཆེད་བཅུ་གཉིས་ཐམས་ཅད་ལ་ 55-1-49b མ་ཆགས་མི་ཐོགས། སྐྱེ་མཆེད་རྣམས་ཤེས་པར་བྱ་བ་དང་མཐོང་བར་བྱ་བ་ལ་ཡང་རྟོག་ལ་སྐྱེ་མཆེད་རྣམས་རྣམ་པར་འབྱེད་མ་ལ་ཡང་མཁས་པས་རྐྱེན་མང་པོ་ལས་སྐྱེས་པའི་ཆོས་ཀྱི་སྐྱེ་མཆེད་བཅུ་གཉིས་ཁོང་དུ་ཆུད་ཅིང་ རྟོགས་པ་དང་། མཚན་མ་མེད་པས་སྐྱེ་མཆེད་བཅུ་གཉིས་ཀྱི་མཚན་མ་འཇིག་པ་དང་། སྐྱེ་མཆེད་རྣམས་རྟེན་པའི་ལམ་གྱི་རྗེས་སུ་མི་གནས་པ་དང་། སྐྱེ་མཆེད་རྣམས་ཀྱི་མཚན་ཉིད་མེད་པར་ཤེས་པ་དང་། མཚན་ཉིད་རྣམས་ ཀྱི་སྦྱོར་བའི་ཐབས་ཀྱི་མཐའ་དག་ཀྱང་ཤེས་ཤིང་རྟོགས་སོ། །འཇིག་རྟེན་འཛིན་འདི་ལྟ་སྟེ། སྒྱུ་མ་མཁན་གྱིས་སྒྱུ་མ་བྱས་པའི་འཁྲུལ་འཁོར་ལས་ཕྱོགས་བཞི་ནས་ཆུ་འབབ་པ་ལྟར་སྐྱེ་མཆེད་བཅུ་གཉིས་ཀྱང་དེ་བཞིན་དུ་ཕྱི་ནང་ གི་རྟེན་ཅིང་འབྲེལ་བ་ལས་བྱ་བ་ཀུན་བྱེད་པར་གྱུར་ཏེ། དེ་ལ་ནི་ཡང་དག་པར་དངོས་པོར་དམིགས་སུ་མེད་དོ། །སྐྱེ་མཆེད་བཅུ་གཉིས་པོ་འདི་སྔོན་གྱི་ལས་གྱི་འཁྲུལ་འཁོར་གྱིས་རྣམ་པར་བཅིངས་པས་བྱ་བ་ཀུན་བྱས་པར་གྱུར་ཏོ། ། འཇིག་རྟེན་འཛིན་འདི་ལྟ་སྟེ། སྐྱེ་མཆེད་ཅེས་བྱ་བ་ནི་བུས་པ་སོ་སོའི་སྐྱེ་བོ་ཤེས་པའི་བློ་མེད་པ་དག་གི་ཉོན་མོངས་པ་སྐྱེ་ཞིང་མཆེད་པར་བྱེད་པའི་སྒོའི་མིག་ནི་གཟུགས་ཀྱི་སྒོ་སྟེ། བྱམས་པ་དང་སྡང་བ་སྐྱེད་པའི་ཕྱིར་རོ། །གཟུགས་ ཀྱང་མིག་གི་སྒོ་སྟེ། བྱམས་པ་དང་སྡང་བ་སྐྱེད་པའི་ཕྱིར་རོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་བར་དུ་སྟེ། ཡིད་ཆོས་ཀྱི་སྒོར་གྱུར་པས་བྱམས་སྡང་སྐྱེད་དོ། །ཆོས་ཀྱང་ཡིད་ཀྱི་སྒོར་གྱུར་པས་བྱམས་ སྡང་སྐྱེད་ལ་དེ་ལྟར་སྐྱེ་མཆེད་བཅུ་གཉིས་ནི་བྱམས་སྡང་དང་འཚོགས་ཤིང་འདུས་པ་སྟེ་ཡང་དག་པའི་མཚན་ཉིད་མི་ཤེས་སོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སྐྱེ་མཆེད་རྣམས་ ཀྱི་རང་བཞིན་གྱི་ངོ་བོ་དང་། སྐྱེ་མཆེད་ཀྱི་མཚན་ཉིད་ལ་ཤིན་དུ་ལེགས་པར་རྟོགས་པས་བྱམས་པ་དང་སྡང་བས་རྣམ་པར་འཆིང་བར་མི་འགྱུར། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་མཆེད་ 55-1-50a རྣམས་ཤིན་དུ་རྟོགས་སོ། །སྐྱེ་མཆེད་བཅུ་གཉིས་ཤེས་པར་བྱ་བའི་ལེའུ་སྟེ་བཞིའོ།། །། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ བཅུ་གཉིས་རྣམ་པར་འབྱེད་ཅིང་རྟོག་པ་ལ་མཁས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་གཉིས་ལ་རྣམ་པར་འབྱེད་ཅིང་རྟོག་པ་ནི་འདི་ལྟ་སྟེ། ཅི་ཡང་མེད་པའི་ ཕྱིར་མ་རིག་པ་ཞེས་བཏགས་ཏེ། མ་རིག་པ་ལ་ཆོས་མེད་པའི་ཕྱིར་མ་རིག་པ་ཞེས་བཏགས། མ་རིག་པས། མ་རིག་པ་མི་ཤེས་པའི་ཕྱིར་མ་རིག་པ་ཞེས་བརྗོད་དོ། །ཇི་ལྟར་ན་རིག་པ་མི་ཤེས་པས་མ་རིག་པ་ཞེ་ན། མ་རིག་པ་ལ་ངེས་པའི་ཆོས་སུ་དམིགས་སུ་མེད་པས་མ་རིག་པ་ཞེས་བྱའོ། །ཅིའི་ཕྱིར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེ་ན། ཆོས་ཐམས་ཅད་ནི་ཅི་ཡང་མེད་པ་སྟེ། བུས་པ་སོ་སོའི་སྐྱེ་བོ་དག་རྣམ་པར་འདུ་བྱེད་ པས་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱའོ། །འདུ་བྱེད་ལས་རྣམ་པར་ཤེས་པ་སྐྱེ་བས་ན་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ། །མིང་དང་གཟུགས་ནི་མཚན་ཉིད་གཉིས་ཏེ། དེ་བས་ན་རྣམ་པར་ཤེས་པའི་རྐྱེན་ གྱིས་མིང་དང་གཟུགས་སོ། །མིང་དང་གཟུགས་ལས་དྲུག་གི་སྐྱེ་མཆེད་སྐྱེས་པས་དེ་བས་ན་མིང་དང་གཟུགས་ཀྱི་རྐྱེན་ཀྱིས་དྲུག་གི་སྐྱེ་མཆེད་དོ། །དྲུག་གི་སྐྱེ་མཆེད་ལས་རེག་པ་སྐྱེ་བས་དེ་བས་ན་སྐྱེ་མཆེད་དྲུག་གི་རྐྱེན་ཀྱིས་ རེག་པའོ། །རེག་པ་ལས་ཚོར་བ་སྐྱེ་བས་དེའི་ཕྱིར་རེག་པའི་རྐྱེན་ཀྱིས་ཚོར་བའོ། །ཚོར་བ་ལས་སྲེད་པ་སྐྱེ་སྟེ། དེ་བས་ན་ཚོར་བའི་རྐྱེན་ཀྱིས་སྲེད་པའོ། །སྲེད་པ་ལས་ལེན་པ་སྐྱེ་སྟེ། དེ་བས་ན་སྲེད་པའི་རྐྱེན་ཀྱིས་ལེན་པའོ། ། ལེན་པ་ལས་སྲིད་པ་འབྱུང་སྟེ། དེ་བས་ན། ལེན་པའི་རྐྱེན་ཀྱིས་སྲིད་པའོ། སྲིད་པ་ལས་སྐྱེ་བ་བྱུང་བས་དེ་བས་ན་སྲིད་པའི་རྐྱེན་ཀྱིས་སྐྱེ་བའོ། །སྐྱེ་བས་རྒ་བ་དང་། ཤི་བ་དང་། སློས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། 55-1-50b སྡུག་བསྔལ་བ་འབའ་ཞིག་གི་ཕུང་པོར་གྱུར་པས་དེ་བས་ན་སྐྱེ་བའི་རྐྱེན་ཀྱིས་རྒ་བ་དང་། ཤི་བ་དང་། ཡིད་བློང་བ་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བའི་ཕུང་པོ་ཞེས་བརྗོད་དེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ ཞིག་ཏུ་གྱུར་ཏོ། །དེ་ལ་ཀུན་འདུས་པ་ནི་བློ་ཕྱིན་ཅི་ལོག་ཏུ་གྱུར་ནས་རིག་པ་དང་འགལ་བར་བྱེད་ཅིང་མ་རིག་པའི་ཕུང་པོར་བསགས་ནས་སྲིད་པ་ཕྱི་མའི་འདོད་པ་སྐྱེད་དེ་དགའ་བ་དང་ཆགས་པ་ལ་གནས་ཐམས་ཅད་དུ་སྐྱེ་བ་ཚོལ་བ་ནི་ སྲིད་པའི་ཕུང་པོའོ། །འཇིག་རྟེན་འཛིན་འཇིག་རྟེན་འདི་དག་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཀྱིས་རྣམ་པར་བཅིངས་ཏེ་མ་རིག་པས་ལྡོངས་ནས་མ་རིག་པའི་མུན་པས་གཡང་སར་འཐོམ་ཞིང་མ་རིག་པའི་ཐོག་མར་ འགྲོ་བས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་རྫོགས་པར་སྐྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་མ་རིག་པའི་ཡང་དག་པའི་མཚན་ཉིད་ལ་ཤིན་དུ་བརྟགས་ན་མ་རིག་པ་ཉིད་སྟོང་པ་ཉིད་ཐོག་མའི་མཐའ་དམིགས་སུ་ མེད་པར་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། མ་རིག་པ་མེད་པའི་ཕྱིར་ཐོག་མའི་མཐའ་ཞེས་བྱ་བ་མེད་པས་མཁས་པ་དག་གིས་མཐའ་མེད་པས་ཐོག་མའི་མཐར་རྟོགས་ཏེ་ཐོག་མའི་མཐར་རྣམ་པར་མི་འབྱེད་དོ། །རྣམ་པར་རྟོག་པ་ཡོངས་སུ་ གཅད་པས་མ་རིག་པ་ལ་མི་ཆགས་སོ། །ཆོས་ཐམས་ཅད་ཅི་ཡང་མེད་པས་ཆོས་ནི་ཇི་ལྟར་བཤད་པ་ལྟར་མ་ཡིན་ཏེ་ཆོས་ཐམས་ཅད་ཅི་ཡང་མེད་ཅེས་བརྗོད་ན་ཡང་དེ་ཉིད་མ་རིག་པ་ཤེས་ཤིང་མཐོང་བའོ། །གང་ཆོས་ཐམས་ཅད་ཆུད་ཅིང་ རྟོགས་ན་དེ་དེ་ཉིད་རིག་པ་སྟེ། དེ་ཉིད་ལས་རིག་པ་གཞན་ཞེས་བྱ་བ་མེད་ཀྱི། གང་རིག་པ་ཤེས་ཤིང་མཐོང་བ་ཉིད་རིག་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་མ་རིག་པ་ཤེས་ཤིང་མཐོང་བ་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ཅི་ཡང་མེད་ པ། ཆོས་ཐམས་ཅད་ཅི་ཡང་དམིགས་སུ་མེད་པ། ཆོས་ཐམས་ཅད་ཡང་དག་པ་མ་ཡིན་པ་ཕྱིན་ཅི་ལོག་པ། ཆོས་ཐམས་ཅད་ཇི་ལྟར་བཤད་པ་ལྟར་མ་ཡིན་པར་རིག་པ་ན་མ་རིག་པར་ཤེས་ཤིང་མཐོང་སྟེ། མ་རིག་པ་ཤེས་ཤིང་ 55-1-51a མཐོང་བ་ནི་རིག་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མ་རིག་པ་དམིགས་སུ་མེད་པའི་ཕྱིར་རོ། །མ་རིག་པའི་རྐྱེན་ཀྱིས་འདུ་བྱེད་ཅེས་བྱ་བ་ཡང་ཆོས་ཐམས་ཅད་ཅི་ཡང་མེད་དེ། བུས་པ་སོ་སོའི་སྐྱེ་བོ་དག་མ་རིག་པའི་མུན་ པར་འཐོམ་པས་ཕྱིན་ཅི་ལོག་ཏུ་འདུ་བྱེད་ཀྱི་ལས་རྣམས་བྱེད་དེ་འདུ་བྱེད་ཀྱི་ལས་དེ་ནི་གཟུགས་མེད། གནས་མེད་པས་མ་རིག་པས་ཀྱང་འདུ་བྱེད་ཀྱི་ལས་སྐྱེད་མི་ནུས་ལ་བྱས་པའི་ཆོས་མེད་པས་མ་རིག་པའི་རྐྱེན་ཀྱིས་འདུ་བྱེད་ ཅེས་བརྗོད་དོ། །འདུ་བྱེད་ཀྱི་ལས་ནི་འདས་པ་འམ་འོང་བའི་གནས་སོང་བའི་གནས་ཀྱང་མེད་ལ་འདུ་བྱེད་ཀྱི་གནས་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་གྱི་མ་ཡིན་པས་མ་རིག་པ་ཡང་མ་རིག་པས་སྟོང་། འདུ་བྱེད་ ཀྱི་ལས་ཀྱང་འདུ་བྱེད་ཀྱི་ལས་ཀྱིས་སྟོང་སྟེ། འདུ་བྱེད་ཀྱི་ལས་ལ་གནས་མེད་ཀྱང་མ་རིག་པ་ལ་བརྟེན་ནས་འདུ་བྱེད་ཀྱི་ལས་ཀྱང་མ་རིག་པ་ལ་མི་གནས། མ་རིག་པ་ཡང་འདུ་བྱེད་ཀྱི་ལས་ལ་མི་གནས་ཏེ། མ་རིག་པས་ཡང་མ་རིག་ པ་མི་ཤེས། འདུ་བྱེད་ཀྱི་ལས་ཀྱང་འདུ་བྱེད་ཀྱི་ལས་མི་ཤེས་ཏེ། དེ་ལྟར་མ་རིག་པ་དང་། འདུ་བྱེད་ཀྱི་ལས་ནི་ཕྱིན་ཅི་ལོག་གི་དབང་གིས་མ་རིག་པ་ལས་སྐྱེས་ཀྱང་དེ་ལ་ནི་མ་རིག་པ་དམིགས་སུ་མེད། མ་རིག་པའི་རང་བཞིན་དམིགས་ སུ་མེད། འདུ་བྱེད་ཀྱི་ལས་དམིགས་སུ་མེད། འདུ་བྱེད་ཀྱི་ལས་ཀྱི་རང་བཞིན་དམིགས་སུ་མེད་ཀྱི་མུན་པའི་ཐིབས་པོ་ལས་མུན་པ་ཞེས་བཏགས་ཏེ། མ་རིག་པའི་མུན་པའི་ཐིབས་པོ་ལས་ནི་འདུ་བྱེད་ཀྱི་ལས་ཤེས་རྣམ་པར་རྟོག་སྟེ། ཅི་ཡང་མེད་པའི་ཆོས་ལས་བྱ་བ་བྱས་པས་མ་རིག་པ་དང་འདུ་བྱེད་ཀྱི་ལས་ནི་ཅི་ཡང་མེད་པའོ། །འདུ་བྱེད་ཀྱི་རྐྱེན་ཀྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་འདུ་བྱེད་ཀྱི་ལས་ལ་མི་གནས་ལ་འདུ་བྱེད་ཀྱི་ལས་དང་ ཡང་མ་བྲལ་ཏེ་རྣམ་པར་ཤེས་པ་སྐྱེས་ཀྱང་འདུ་བྱེད་ཀྱི་ལས་ཀྱིས་རྣམ་པར་ཤེས་པ་བསྐྱེད་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདུ་བྱེད་ཀྱི་ལས་ཀྱང་འདུ་བྱེད་ཀྱི་ལས་སུ་མི་ཤེས་ལ་འདུ་བྱེད་ཀྱི་ལས་ལ་བལྟོས་པའང་མ་ཡིན་ཏེ། 55-1-51b སྐྱེ་བོ་བློ་ཕྱིན་ཅི་ལོག་ཏུ་གྱུར་པ་དག་འདུ་བྱེད་ཀྱི་ལས་ཀྱི་རྣམ་པར་ཤེས་པ་སྐྱེད་མོད་ཀྱི་རྣམ་པར་ཤེས་པ་དེ་ནི་འདུ་བྱེད་ཀྱི་ལས་ཀྱི་ནང་ན་མི་གནས། འདུ་བྱེད་ཀྱི་ལས་ཀྱི་ཕྱི་རོལ་ན་མི་གནས། གཉི་གའི་བར་ན་ཡང་མི་གནས་ཏེ། རྣམ་པར་ ཤེས་པ་སྐྱེ་བ་ཡང་མེད་མོད་ཀྱི་འདུ་བྱེད་ཀྱི་ལས་ཀྱི་རྒྱུན་གཅིག་གིས་གསབས་ཏེ་མ་ཆད་པ་ལས་རྣམ་པར་ཤེས་པ་སྐྱེས་སོ། །མཁས་པ་དག་ནི་རྣམ་པར་ཤེས་པའི་མཚན་ཉིད་བཙལ་ན་དམིགས་སུ་མེད་དེ་རྣམ་པར་ཤེས་པ་སྐྱེ་བར་མི་དམིགས་ པ་རྣམ་པར་ཤེས་པས་རྣམ་པར་ཤེས་པ་མི་ཤེས། རྣམ་པར་ཤེས་པས་རྣམ་པར་ཤེས་པར་མི་མཐོང་། རྣམ་པར་ཤེས་པས་རྣམ་པར་ཤེས་པ་ལ་མི་གནས་སོ། །རྣམ་པར་ཤེས་པའི་རྐྱེན་ཀྱིས་མིང་དང་གཟུགས་ཤེས་བྱ་བ་ན་མིང་དང་ གཟུགས་རྣམ་པར་ཤེས་པ་ལ་མི་གནས། རྣམ་པར་ཤེས་པའི་ཕ་རོལ་ན་མིང་དང་གཟུགས་མི་སྐྱེ་སྟེ། མིང་དང་གཟུགས་དེ་ནི་རྣམ་པར་ཤེས་པ་ལས་མ་འོངས་ཀྱི་རྣམ་པར་ཤེས་པས་དམིགས་པས་བུས་པ་སོ་སོའི་སྐྱེ་བོའི་ལྡོངས་ པ་དག་མིང་དང་གཟུགས་སུ་ཆགས་ཏེ། རྣམ་པར་ཤེས་པས་མིང་དང་གཟུགས་བསྐྱེད་པ་ནི་མ་ཡིན་ནོ། །མཁས་པ་དག་ནི་དེ་ལ་བརྟགས་ན་མིང་དང་གཟུགས་སུ་མི་དམིགས་མི་མཐོང་སྟེ། མིང་ཞེས་བྱ་བ་ནི་གཟུགས་མེད་ཕྱོགས་ མེད་དེ་ལོག་པར་རྣམ་པར་རྟོག་པ་ལས་སྐྱེས་སོ། །གཟུགས་ཀྱི་མཚན་ཉིད་རྣམ་པར་ཤེས་པའི་རྐྱེན་ཀྱིས་ཡོད་ཅེས་བྱ་བ་རྣམ་པར་ཤེས་པ་ཉིད་དམིགས་སུ་མེད་པ་ཡིན་ན་རྣམ་པར་ཤེས་པའི་རྐྱེན་ཀྱིས་གཟུགས་སྐྱེ་བ་ལྟ་ཅི་སྨོས་ཏེ། གཟུགས་ཤེས་ངེས་པར་བཏགས་པའི་གནས་མེད་དོ། །མིང་དང་གཟུགས་ཀྱི་རྐྱེན་ཀྱིས་དྲུག་གི་སྐྱེ་མཆེད་ཅེས་བྱ་བ་དེ་དྲུག་གི་སྐྱེ་མཆེད་ཀྱི་རྐྱེན་ཀྱིས་གསུགས་སྐྱེ་ཞེས་བྱ་བར་མ་རུང་སྟེ། མིང་ནི་ལུས་ལ་གནས་པས་དབུགས་ ཕྱི་ནང་དུ་རྒྱུ་བས་ལུས་དང་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་བཏས་པར་བྱེད་དེ། སྐྱེ་མཆེད་དྲུག་ནི་སྒྱུ་མ་ལྟ་བུ་མེད་པ་ལས་རྣམ་པར་རྟོག་པ་ལས་བྱུང་སྟེ། ཕྱིན་ཅི་ལོག་ཏུ་བྱ་བ་ཡོད་དོ། །དྲུག་གི་སྐྱེ་མཆེད་ཀྱི་རྐྱེན་ 55-1-52a ཀྱིས་རེག་བྱ་ཞེས་བྱ་བ་ནི་རེག་བྱ་དེ་གཟུགས་ལ་བརྟེན་ཏེ་ཡོད་པ་ཡིན་ན། རེག་བྱ་ནི་གཟུགས་ལ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་ཤེས་པ་མེད་པའི་རང་བཞིན་ཅན་ཏེ། རྡོ་དང་ཤིང་དང་ཐ་མི་དད་ཀྱང་སྐྱེ་ མཆེད་དྲུག་ལས་བྱུང་བའི་ཕྱིར་རེག་བྱ་ཞེས་རྣམ་པར་ཕྱེ་སྟེ་བཏགས་སོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་མཆེད་དྲུག་ཉིད་ཡང་དག་པ་མ་ཡིན་པ་ཅི་ཡང་མེད་ན་རེག་བྱ་ལྟ་ཅི་སྨོས་ཏེ། རེག་བྱ་ནི་སྟོང་པ་ཅི་ཡང་མེད་པ་སྟེ། རྣམ་པར་རྟོག་པའི་ཕྱིན་ ཅི་ལོག་ལས་སྐྱེས་ཏེ། རེག་བྱ་ནི་ཡུལ་ན་མི་གནས་ཕྱོགས་ན་མི་གནས་སོ། །རེག་བྱ་ཉིད་སྟོང་པ་སྟེ་རེག་བྱའི་མཚན་ཉིད་མེད་པས་རེག་བྱས་སྐྱེ་མཆེད་དྲུག་མི་ཤེས། སྐྱེ་མཆེད་དྲུག་ཀྱང་རེག་བྱས་མི་ཤེས་སོ། །རེག་བྱའི་རྐྱེན་ཀྱིས་ ཚོར་བ་ཞེས་བྱ་བ་ནི་ཚོར་བ་དེ་རེག་བྱའི་ནང་ན་མི་གནས། རེག་བྱའི་ཕྱི་རོལ་ན་མི་གནས་སོ། །གཉི་གའི་བར་ན་མི་གནས། རེག་བྱ་དེ་གུད་ནས་ཚོར་བ་ལ་བལྟོས་ཏེ་འོངས་པ་མ་ཡིན་གྱི་རེག་བྱ་ལས་ཚོར་བ་སྐྱེས་སོ། །རེག་བྱ་ཉིད་ཀྱང་ཡང་ དག་པ་མ་ཡིན་ཏེ་མེད་ན་ཚོར་བ་ལྟ་ཅི་སྨོས་ཏེ་ཚོར་བ་ལ་ངེས་པའི་མཚན་ཉིད་མེད། ཚོར་བ་ནི་མེད་པ་ལས་ཕྱིན་ཅི་ལོག་ཏུ་རྟོག་པ་སྐྱེ་སྟེ་ཕྱིན་ཅི་ལོག་ཏུ་བྱ་བ་ཡོད་དོ། །ཚོར་བའི་རྐྱེན་ཀྱིས་སྲེད་པ་ཞེས་བྱ་བ་ནི་ཚོར་བ་དེ་གུད་ན་སྲེད་པ་ལ་ བལྟོས་ཏེ་འོངས་པ་མ་ཡིན། ཚོར་བ་ཉིད་སྲེད་པ་དང་ལྷན་ཅིག་པ་མ་ཡིན། ཚོར་བས་ཡང་སྲེད་པ་མི་ཤེས་ལ་སྲེད་པ་ལ་རྣམ་པར་མི་རྟོག །སྲེད་པ་ལ་ཡང་ཚོར་བ་མི་ཤེས་ལ་ཚོར་བ་ལ་རྣམ་པར་མི་རྟོག །སྲེད་པ་ཡང་ཚོར་བ་དང་ ལྷན་ཅིག་པ་མ་ཡིན་ཏེ། སྲེད་པ་སྲེད་པ་ལ་མི་གནས་པ་ལ་སྲེད་པ་ལས་གུད་ན་ཡང་ཚོར་བ་ཡོད་པ་མ་ཡིན་ནོ། །ཚོར་བ་ཉིད་ལ་ཚོར་བའི་མཚན་ཉིད་མེད་ན་ཚོར་བའི་རྐྱེན་ཀྱིས་སྲེད་པ་ཞེས་བྱ་བ་ལྟ་ཅི་སྨོས་ཏེ། ཚོར་བ་སྲེད་པའི་ནང་ན་མི་ གནས། ཚོར་བའི་ཕྱི་རོལ་ན་མི་གནས། གཉི་གའི་བར་ན་མི་གནས། སྲེད་པ་ཉིད་ཀྱང་སྲེད་པའི་ནང་ན་མི་གནས། སྲེད་པའི་ཕྱི་རོལ་ན་མི་གནས། གཉི་གའི་བར་ན་མི་གནས་ཏེ། སྲེད་པའི་ནང་ན་སྲེད་པའི་མཚན་ཉིད་དམིགས་སུ་ 55-1-52b མེད་དེ། སྲེད་པ་དེ་ནི་ཡང་དག་པ་མ་ཡིན་པ་ཕྱིན་ཅི་ལོག་དང་ལྡན་པའི་རྣམ་པར་རྟོག་པ་ལས་སྲེད་པ་ཞེས་བཏགས་ཀྱི་སྲེད་པ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་མ་ཡིན་ནོ། །སྲེད་པ་དེ་ནི་བཅིངས་པ་ལས་སྲེད་པ་སྐྱེས་པ་མ་ཡིན། བཅིངས་པ་མ་ཡིན་པ་ལས་ཀྱང་མ་ཡིན་ཏེ། རྒྱུ་དང་རྐྱེན་གཅིག་གིས་གཅིག་བསབ་པའི་རྒྱུན་མ་ཆད་པ་ལས་ཚོར་བའི་རྐྱེན་ཀྱིས་སྲེད་པ་ཞེས་བཏགས་སོ། །མཁས་པ་དག་ནི་སྲེད་པའི་ཡུལ་ན་མི་གནས། ཕྱོགས་ན་མི་གནས། གཏོང་པ་གསོབ་ གསོག་ལྟ་བུ། སྙིང་པོ་མེད་པ། ཡང་དག་པ་མ་ཡིན་ཏེ་ཅི་ལ་ཡང་མེད་པར་ཤེས་སོ། །སྲེད་པའི་རྐྱེན་ཀྱིས་ལེན་པ་ཞེས་བྱ་བ་ནི་སྲེད་པ་གུད་ནས་ལེན་པ་ལ་བལྟོས་ཏེ་འོངས་པ་མ་ཡིན། སྲེད་པ་དང་ལེན་པ་ལྷན་ཅིག་པ་མ་ཡིན་ཏེ། སྲེད་པ་ལས་ ལེན་པ་མ་བསྐྱེད་ཀྱང་སྲེད་པ་ཡོད་པས་རྒྱུ་དང་རྐྱེན་ལྷན་ཅིག་པའི་ཕྱིར་རྗེས་སུ་ལེན་པ་ཞེས་བྱ་བ་བཏགས་སོ། །ལེན་པ་དང་སྲེད་པ་ལྷན་ཅིག་པ་མ་ཡིན་ཏེ་སྲེད་པ་ལས་གཞན་པ་འང་མ་ཡིན་ནོ། །སྲེད་པ་ཡང་ལེན་པ་དང་ལྷན་ཅིག་པ་མ་ཡིན་ཏེ། ལེན་པ་ལས་ཐ་མི་དད་པས་སྲེད་པའི་ནང་ན་མི་གནས། སྲེད་པའི་ཕྱི་རོལ་ན་མི་གནས། གཉི་གའི་བར་ན་མི་གནས་ཏེ། སྲེད་པ་ཉིད་ཀྱང་དམིགས་སུ་མེད་ན་སྲེད་པའི་རྐྱེན་ཀྱིས་ལེན་པ་ཞེས་བྱ་བ་ལྟ་ཅི་སྨྲོས་ཏེ། ལེན་པའི་ངེས་པའི་མཚན་ ཉིད་དམིགས་སུ་མེད་དོ། །མཁས་པ་དག་ནི་ལེན་པ་དེ་ཡང་དག་པ་མ་ཡིན་པ་ཅི་ཡང་མེད་པར་རྟོགས་ཏེ། ལེན་པའི་ནང་ན་ལེན་པའི་མཚན་ཉིད་མེད་པས་ལེན་པ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་མ་ཡིན་ཏེ། ལེན་པ་ནི་ ལེན་པའི་ནང་ན་མི་གནས། ལེན་པའི་ཕྱི་རོལ་ན་མི་གནས། གཉི་གའི་བར་ན་མི་གནས་ཏེ། ཕྱིན་ཅི་ལོག་ལས་བྱུང་བ་རྒྱུ་དང་རྐྱེན་ལས་སྐྱེས་པའོ། །རྐྱེན་མང་པོ་འདུས་པ་ལས་ལེན་པ་ཞེས་བྱ་སྟེ། ཆོས་གང་ཡང་ལྷན་ཅིག་པ་འམ། སོ་སོ་བ་མེད་དོ། །ལེན་པ་ངོ་བོ་ཉིད་མེད་དེ་ངེས་པའི་ཆོས་མེད་ཀྱང་བུས་པ་སོ་སོའི་སྐྱེ་བོ་དག་ནི་ཡང་དག་པ་མ་ཡིན་པའི་ལེན་པ་ལ་ཚོར་བར་བྱེད་དོ། །འདུ་བྱེད་ཐམས་ཅད་ཡང་དག་པ་མ་ཡིན་པས་འཇིག་རྟེན་པ་དག་ནི་ལེན་ 55-1-53a པས་རྣམ་པར་བཅིངས་སོ། །མཁས་པ་དག་ནི་ལེན་པ་ལ་ཡང་དག་པ་མ་ཡིན་པ། སྟོང་པ། སྙིང་པོ་མེད་པ། དངོས་པོ་མེད་པ་ངེས་པའི་ཆོས་ཅུང་ཟད་ཙམ་ཡང་དམིགས་སུ་མེད་པར་རྟོགས་སོ། །ལེན་པའི་རྐྱེན་ཀྱིས་སྲིད་ པ་ཞེས་བྱ་བ་ནི་ལེན་པ་ཡང་སྲིད་པ་ལ་བལྟོས་ཏེ་འོངས་པ་མ་ཡིན་ལ། ལེན་པས་སྲིད་པ་བསྐྱེད་ནུས་པའི་ཕྱིར་ལེན་པའི་རྐྱེན་ཀྱིས་སྲིད་པ་ཞེས་བྱ་བ་མ་ཡིན་གྱི་སྲིད་པ་དེ་ནི་ལེན་པའི་ནང་ན་ཡང་མི་གནས། ལེན་པའི་ཕྱི་རོལ་ན་ཡང་མི་གནས། གཉི་གའི་བར་ན་ཡང་མི་གནས་ཏེ། སྲིད་པའི་དེ་ནི་ལེན་པ་ལ་མི་གནས། ལེན་པ་ཡང་སྲིད་པ་དང་ལྷན་ཅིག་པ་འམ་སོ་སོ་བ་མ་ཡིན་མོད་ཀྱི་རྐྱེན་མང་པོ་འདུས་པ་ལས་ན་ལེན་པའི་རྐྱེན་ཀྱིས་སྲིད་པ་ཞེས་བརྗོད་ཀྱི་ལེན་པས་སྲིད་པ་སྐྱེད་ ནུས་ལ་ལེན་པས་སྲིད་པ་རྣམ་པར་མི་འབྱེད་དོ། །ལེན་པ་ཉིད་ཡང་དག་པ་མ་ཡིན་པ་ཅི་ཡང་མེད་པ་ཡིན་ན་ལེན་པའི་རྐྱེན་ཀྱིས་སྲིད་པ་ཞེས་བྱ་བ་ལྟ་ཅི་སྨོས་ཏེ་སྲིད་པ་ལ་ལྟོས་པ་མེད་དོ། །སྲིད་པ་ཉིད་སྲིད་པ་ཞེས་དམིགས་སུ་མེད་དེ་སྲིད་ པ་ཉིད་ཀྱང་སྲིད་པའི་ནང་ན་མི་གནས། སྲིད་པའི་ཕྱི་རོལ་ན་མི་གནས་ཏེ། གཉི་གའི་བར་ན་མི་གནས་པས་སྲིད་པ་དེ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན་ད་ལྟར་མ་ཡིན་ནོ། །མཁས་པ་དག་ནི་སྲིད་པ་དེ་ནི་ཡང་དག་པ་མ་ ཡིན་པ་ཕྱིན་ཅི་ལོག་དང་ལྡན་པ་ལྷན་ཅིག་པའམ་སོ་སོ་བ་མ་ཡིན་པས་སྲིད་པ་ནི་ཤེས་པ་མེད་པའི་རང་བཞིན་ཅན་རྣམ་པར་མི་འབྱེད། སྲིད་པ་དེ་ནི་ཡུལ་ན་མི་གནས། ཕྱོགས་ན་མི་གནས་སོ། །སྲིད་པ་དེ་ནི་སྔ་མའི་མཐའ་མེད། ཕྱི་མའི་མཐའ་མེད། ད་ལྟར་གྱི་མཐའ་མེད་དོ། །སྲིད་པ་དེ་ནི་ཡོད་པ་མ་ཡིན། མེད་པ་མ་ཡིན་པས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཀྱི་ནང་དུ་སྲིད་པའོ་ཞེས་ཁོང་དུ་ཆུད་ཅིང་རྟོགས་སོ། །མཁས་པ་བློ་ཅན་དག་ནི་སྲིད་པ་ ལ་སྟོང་པ་ཉིད་སྙིང་པོ་མེད་པ། གསོབ། གསོག་ལྟ་བུར་ཡོངས་སུ་རྟོགས་སོ། །སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་ནི་སྲིད་པ་དེ་སྐྱེ་བ་ལ་བལྟོས་ནས་འོངས་པ་མ་ཡིན་སྐྱེ་བ་དེ་སྲིད་པ་དང་ལྷན་ཅིག་པ་ཡང་མ་ཡིན། སོ་སོ་བ་ 55-1-53b ཡང་མ་ཡིན་ལ། སྐྱེ་བ་དེ་ནི་སྲིད་པའི་ནང་ན་མི་གནས། སྲིད་པའི་ཕྱི་རོལ་ན་མི་གནས། གཉི་གའི་བར་ན་མི་གནས་ཏེ། སྲིད་པས་སྐྱེ་བ་མ་བསྐྱེད་ལ་སྲིད་པ་ལས་གུད་ནས་སྐྱེ་བར་འགྱུར་བ་མ་ཡིན་གྱི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་ གཉིས་གཅིག་གིས་གཅིག་བསབས་པ་རྒྱུན་མ་ཆད་པ་ལས་སྲེད་པའི་རྐྱེན་ཀྱིས་སྐྱེ་བ་ཞེས་བརྗོད་དོ། །སྲིད་པ་དང་སྐྱེ་བ་གཅིག་གིས་གཅིག་རྐྱེན་བྱས་པ་ཡང་མ་ཡིན། རྐྱེན་མ་བྱས་པ་ཡང་མ་ཡིན་ཏེ། སྲིད་པ་ཉིད་ཀྱང་དམིགས་སུ་ མེད་ན་སྲིད་པའི་རྐྱེན་ཀྱིས་སྐྱེ་བ་སྐྱེས་པ་ལྟ་ཅི་སྨོས་ཏེ། མཁས་པ་དག་ནི་སྐྱེ་བ་དེ་ནི་སྲིད་པ་ལ་མི་གནས་ལ་སྐྱེ་བ་ལ་སྐྱེ་བའི་མཚན་ཉིད་མེད། སྐྱེ་བ་ལ་རང་བཞིན་མེད། སྐྱེ་བ་ལ་ངོ་བོ་ཉིད་མེད་པས་ངེས་པར་དམིགས་སུ་རུང་བའི་ཆོས་ གཅིག་ཙམ་ཡང་མེད་པར་རྟོགས་སོ། །མཁས་པ་དག་གི་དེ་ལྟར་སྐྱེ་བ་ལ་རང་བཞིན་མེད་ལ་ཅི་ཡང་མེད་དེ། རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་གཅིག་གིས་གཅིག་བསབས་པའི་རྒྱུན་ཙམ་ཞིག་བསྟན་པའི་ཕྱིར་སྲིད་པའི་ རྐྱེན་ཀྱིས་སྐྱེ་བ་ཞེས་བརྗོད་པར་ཡོངས་སུ་རྟོགས་སོ། །སྐྱེ་བ་ལ་ལྷན་ཅིག་པའམ་སོ་སོ་བའི་ཆོས་མེད་དེ། སྐྱེ་བ་དེ་སྲིད་པའི་ནང་ན་མི་གནས། སྲིད་པའི་ཕྱི་རོལ་ན་མི་གནས། གཉི་གའི་བར་ན་ཡང་མི་གནས་སོ། །སྐྱེ་བ་དེ་འདས་ པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་མ་ཡིན། སྐྱེ་བ་དེ་སྔ་མའི་མཐའ་དང་། ཕྱི་མའི་མཐའ་དང་། བར་གྱི་མཐར་དམིགས་སུ་མེད་དོ། །སྐྱེ་བ་དེ་དངོས་པོར་དམིགས་སུ་མེད་པས་མཁས་པ་དག་རྒྱུ་དང་རྐྱེན་མང་པོ་འདུས་པ་དང་། ཕྱིན་ཅི་ལོག་དང་ལྡན་པའི་ཡང་དག་པ་མ་ཡིན་པ། ཅི་ཡང་མེད་པ་སྒྱུ་མ་ལྟ་བུ་ལས་སྐྱེས་པར་ཡོངས་སུ་རྟོགས་སོ། །སྐྱེ་བའི་རྐྱེན་ཀྱིས་རྒ་ཤི་དང་། སློས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་ཞེས་བྱ་བ་ནི་སྐྱེ་བ་ དེ་རྒ་ཤི་དང་། སློས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་ལ་བལྟོས་ཏེ་འོངས་པ་མ་ཡིན་གྱི་སྐྱེ་བས་ཀྱང་རྒ་ཤི་དང་། སློས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་བསྐྱེད་མི་ནུས་སོ། །རྒ་ཤི་ 55-1-54a དང་། སློས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་སྐྱེ་བའི་ནང་ན་མི་གནས། སྐྱེ་བའི་ཕྱི་རོལ་ན་མི་གནས། གཉི་གའི་བར་ན་ཡང་མི་གནསོ། །རྒ་ཤི་དང་། སློས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་ པ་དང་། སྡུག་བསྔལ་བ་སྐྱེ་བ་གནས་ཏེ་སྐྱེ་བའི་ཕྱིར་རྒ་ཤི་དང་། སློས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་བརྗོད་པ་ཡང་རྒྱུ་དང་རྐྱེན་མང་པོ་ལས་སྐྱེ་བའི་ཆོས་བསྟན་པའི་ཕྱིར་རོ། །སྐྱེ་བ་ཉིད་རྒ་ཤི་དང་། སློས་པའི་ མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་ལྷན་ཅིག་པ་ཡང་མ་ཡིན། སོ་སོ་བ་ཡང་མ་ཡིན་ནོ། །སྐྱེ་བ་ལ་སྐྱེ་བ་ཉིད་ཀྱང་དམིགས་སུ་མེད་ན་སྐྱེ་བའི་རྐྱེན་ཀྱིས་རྒ་ཤི་དང་། སློས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་ བསྔལ་བ་ལྟ་ཅི་སྨོས། རྒ་ཤི་དང་སྡུག་བསྔལ་ཉིད་ལ་རྒ་ཤི་དང་སྡུག་བསྔལ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྒ་ཤི་སྡུག་བསྔལ་གྱི་ནང་ན་མི་གནས། ཕྱི་རོལ་གྱི་ནང་ན་མི་གནས། གཉི་གའི་བར་ན་མི་གནས་སོ། །རྒ་ཤི་དང་སྡུག་ བསྔལ་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་གྱི་མ་ཡིན་ནོ། །རྒ་ཤི་དང་སྡུག་བསྔལ་ཉིད་རྒ་ཤི་དང་། སྡུག་བསྔལ་དང་ལྷན་ཅིག་པ་མ་ཡིན། སོ་སོ་བ་ཡང་མ་ཡིན་ནོ། །ཕྱིན་ཅི་ལོག་དང་ལྡན་པ་རྒྱུ་དང་རྐྱེན་མང་པོ་འདུས་པ་ རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཚོགས་པ་ལས་སྐྱེ་བའི་རྐྱེན་ཀྱིས་རྒ་ཤི་དང་སྡུག་བསྔལ་བ་ཞེས་བརྗོད་དོ། །རྒ་ཤི་དང་སྡུག་བསྔལ་ལ་གནས་མེད། རྒ་ཤི་དང་། སྡུག་བསྔལ་ལ་ངེས་པའ་མཚན་ཉིད་དམིགས་སུ་མེད་དོ། །རྒ་ཤི་ དང་སྡུག་བསྔལ་ལ་འདས་པའི་མཐའ་དང་། མ་འོངས་པའི་མཐའ་དང་། ད་ལྟར་གྱི་མཐའ་དམིགས་སུ་མེད་དོ། །མཁས་པ་དག་ནི་རྒ་ཤི་དང་སྡུག་བསྔལ་ལ་ཡང་དག་པ་མ་ཡིན་པ། ཅི་ཡང་མེད་པ་ཕྱིན་ཅི་ལོག་དང་ལྡན་པ། ངོ་བོ་ཉིད་ མེད་པ། མ་བྱས་པ། མ་བྱུང་བ། མ་སྐྱེས་པར་ཡོངས་སུ་རྟོགས་སོ། །དེ་ལྟར་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ཀྱིས་ཆོས་ལ་རྟོག་པའི་ཚེ་རྟེན་ཅིང་འབྲེལ་ཏེ་བྱུང་བའི་ཆོས་ལ་འདས་པ་འམ། མ་འོངས་པ་འམ། ད་ལྟར་གྱིར་ 55-1-54b མ་མཐོང་ངོ་། །རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ཀྱི་ཆོས་ཀྱི་མཚན་ཉིད་མི་མཐོང་སྟེ། རྟེན་ཅིང་འབྲེལ་ཏེ་བྱུང་བ་ལ་རྐྱེན་མེད་པ་དང་། མ་སྐྱེས་པ་དང་། མཚན་མ་མེད་པ་དང་། མངོན་པར་འདུ་བྱས་པ་མེད་པ་དང་། མ་བྱུང་བ་ དང་། བྱས་པའི་དངོས་པོ་མེད་པ་དང་། ཐོག་མ་ནས་ཆོས་ཐམས་ཅད་ཅི་ཡང་མེད་པར་ཤེས་ཤིང་རྟོགས་སོ། །དེ་ལྟར་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ཁོང་དུ་ཆུད་ཅིང་རྟོགས་པས་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ལ་བྱས་པ་འམ་ བྱེད་པ་ཡོད་པར་མྱི་མཐོང་ངོ་། །གལ་ཏེ་ཆོས་རྣམས་རྒྱུ་ལས་བྱུང་ན་རྒྱུ་མེད་པའི་ཕྱིར་ཆོས་དེ་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་མ་རིག་པའི་དོན་གྱི་རྗེས་སུ་ཞུགས་པས་ཆོས་ཐམས་ཅད་དམིགས་སུ་མེད་པར་རྟོགས་སོ། །དེ་ལྟར་ རྟོག་པ་དེ་ལ་ཞུགས་ན་རྐྱེན་མེད་པ་ཉིད་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ཡིན་ཏེ་དེ་ལ་སྐྱེ་བ་མེད་དོ། །བྱང་ཆུབ་སེམས་དཔས་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ཡང་དག་པ་མ་ཡིན་པ་ལས་སྐྱེས་པར་རྟོགས་སོ། །མ་རིག་པའི་དོན་ གྱི་རྗེས་སུ་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་རྟོགས་པས་ཆོས་བྱ་བ་མེད་ན་ཆོས་སུ་གདགས་པ་ཡང་མེད་དེ། དེ་བས་ན་མ་རིག་པའི་དོན་གྱི་རྗེས་སུ་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ཁོང་དུ་ཆུད་ཅིང་རྟོགས་སོ། །མ་རིག་པ་ནི་ མ་སྐྱེས་པ། མ་བྱས་པ། མ་བྱུང་བ། ངོ་བོ་ཉིད་མེད་པ། ངེས་པའི་ཆོས་མེད་པ། རྒྱུ་མེད་པ། ཅི་ཡང་མེད་པ་སྟེ། བྱང་ཆུབ་སེམས་དཔའ་དེའི་རིག་པ་དང་མ་རིག་པ་གཉིས་སུ་རྣམ་པར་མི་འབྱེད་ཏེ་མ་རིག་པའི་ཡང་དག་པའི་མཚན་ ཉིད་དེ་རིག་པ་ཉིད་དོ། །མ་རིག་པའི་རྒྱུ་ལས་ཆོས་ཐམས་ཅད་ཅི་ཡང་མེད་པ་དང་། ཆོས་ཐམས་ཅད་རྐྱེན་མེད་པ་དང་། རྣམ་པར་རྟོག་པ་མེད་དོ། །དེ་བས་ན་མ་རིག་པའི་དོན་གྱི་རྗེས་སུ་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ རྟོགས་སོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ཀྱི་ཐབས་དང་ཤེས་རབ་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་གང་དེ་ལྟར་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་ 55-1-55a གཉིས་ལྷན་ཅིག་པ་དང་སོ་སོ་བ་རྟོགས་ན་དེ་ནི་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཤེས་རབ་ལེགས་པར་ཐོབ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་དང་། འགོག་པར་རྟོག་ན་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ལ་ མཁས་པ་མ་ཡིན་གྱི་གང་རྐྱེན་མང་པོ་ལས་འདུ་བ་དང་བྲལ་བར་ཤེས་པ་དེ་ནི་མི་སྐྱེ་བའི་ཤེས་རབ་ཐོབ་པ་ཞེས་བྱའོ། །གང་མི་སྐྱེ་བའི་ཤེས་རབ་ཐོབ་པ་དེ་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་རྟོགས་པ་ཞེས་བྱའོ། །དེ་བས་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མི་སྐྱེ་བའི་ཤེས་རབ་རྟོགས་པ་འམ་རེག་པ་འདོད་ན་དེ་ལྟར་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ཀྱི་ཤེས་རབ་ལ་ནན་ཏན་དུ་བྱའོ། །དེས་ན་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ཀྱི་མི་སྐྱེ་ བའི་མཚན་ཉིད་རྟོགས་ཤིང་རིག་པར་འགྱུར་རོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མི་སྐྱེ་བ་ཉིད་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་སུ་ཤེས་ན་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ཀྱི་སྦྱོར་ བ་ལ་ཐོབ་པར་འགྱུར་རོ། །དེ་ལྟར་མི་སྐྱེ་བའི་མཚན་ཉིད་དུ་ཁམས་གསུམ་ཤེས་ཤིང་མཐོང་བ་དེས་ནི་མྱུར་དུ་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་ད་ལྟར་གྱི་བཞུགས་པའི་སངས་རྒྱས་འདི་ཉིད་ ལས་འདི་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་འཐོབ་པ་དང་། བྱང་ཆུབ་སེམས་དཔའ་དེ་རིང་པོར་མི་ཐོགས་པར་ལུང་སྟོན་པ་དང་། མཐར་ཀྱིས་ལུང་སྟོན་པར་ཡང་འགྱུར་རོ། །འཇིག་རྟེན་ འཛིན་དེ་ལྟར་ཤིན་དུ་དགེ་བ་ལུང་བསྟན་པ་ཐོབ་པས་རབ་ཏུ་བདེ་བའི་སེམས་སུ་འགྱུར་ཏེ། ཆོས་ཐམས་ཅད་ལ་གཏད་ཅིང་འཇུག་པའི་སྦྱོར་བ་ལས་ཤེས་རབ་ཀྱི་སྣང་བ་ཐོབ་པར་འགྱུར་རོ། །དེ་ལྟར་རྟེན་ཅིང་འབྲེལ་ཏེ་བྱུང་བ་ བཅུ་གཉིས་ལ་མ་སྐྱེས་པ་ཉིད་དུ་རྟོགས་པས་ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ལ་བསྙེན་བཀུར་བྱེད་པར་འགྱུར་རོ། །གང་ཟག་དེ་བདུད་མ་རུངས་པ་རྣམས་ཀྱིས་སྤ་མི་འགོང་བར་འགྱུར། དེས་སྐྱེ་ཞིང་འཁོར་བའི་རྒྱུན་ 55-1-55b ལས་རྒལ་ཏེ་སྐམ་སར་ཕྱིན་པར་འགྱུར། དེས་མ་རིག་པའི་འདམ་རྫབ་ལས་ཐར་བར་འགྱུར། དེས་རབ་ཏུ་བདེ་བའི་གནས་སུ་ཕྱིན་པར་འགྱུར་རོ། །འཇིག་རྟེན་འཛིན་གང་ཞིག་ད་ལྟར་བཞུགས་ཀྱང་རུང་། མྱ་ངན་ལས་འདས་ཀྱང་རུང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཀྱི་སྦྱོར་བ་ལ་གལ་ཏེ་ཉན་ནམ། དད་དམ། ཀློག་གམ། འདོན་ཏམ། རྣལ་འབྱོར་དུ་བྱེད་ན་དེས་ནི་རིང་པོ་མི་ཐོགས་པར་མ་སྐྱེས་པའི་ཆོས་ཀྱི་བཟོད་པ་ཐོབ་པར་ངས་ལུང་སྟོན་ཏོ། །དེས་རིང་པོ་མི་ ཐོགས་པར་ད་ལྟར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་ངས་ཀྱང་བསྟན་ཏོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཤེས་པར་བྱ་བའི་ལེའུ་སྟེ་ལྔ་པའོ།། །། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པ་ཉེ་བར་གཞག་པ་རྣམས་ལ་མཁས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པ་ཉེ་བར་གཞག་པ་བཞི་ ལ་རྣམ་པར་འབྱེད་ཅིང་རྟོག་གོ། །བཞི་གང་ཞེ་ན། ལུས་ལ་ལུས་ཀྱི་རྗེས་སུ་རྟོག་པ་དང་། ཚོར་བ་ལ་ཚོར་བའི་རྗེས་སུ་རྟོག་པ་དང་། སེམས་ལ་སེམས་ཀྱི་རྗེས་སུ་རྟོག་པ་དང་། ཆོས་ལ་ཆོས་ཀྱི་རྗེས་སུ་རྟོག་པའོ། །དེ་ལ་ཇི་ལྟར་ན་ ལུས་ལ་ལུས་ཀྱི་རྗེས་སུ་རྟོག་པ་ནས། ཚོར་བ་དང་། སེམས་དང་། ཆོས་ལ་ཚོར་བ་དང་། སེམས་དང་ཆོས་ཀྱི་བར་དུ་རྗེས་སུ་རྟོག་པ་ཞེ་ན། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལུས་ལ་རྣལ་ འབྱོར་དུ་སྤྱོད་ཅིང་ལུས་ཀྱི་རྗེས་སུ་རྟོག་པ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་ཀྱི་མཚན་ཉིད་ལ་རྟོག་གོ། །འདི་ལྟ་སྟེ། ལུས་འདི་ནི་མི་རྟག་པ། སྡུག་བསྔལ་བ། ནད་ལྟ་བུ་ཤུ་བ་ལྟ་བུ། སྡུག་བསྔལ་གྱིས་གཟིར་བ། ཉམས་པ་དང་། འཕོ་བ་དང་། འཇིག་པའི་མཚན་ཉིད་དོ། །ལུས་འདི་ནི་ཤིན་དུ་མི་གཙང་བ་སྟེ་མི་སྡུག་པ། མི་གཙང་བ་སྣ་ཚོགས་ཀྱིས་ཡོངས་སུ་གང་བ། བུ་ག་དགུ་ནས་མི་གཙང་བ་རྟག་ཏུ་ཟག་པའོ། །ལུས་འདི་ནི་ཤིན་ཏུ་མནམ་པ་སྟེ་ 55-1-56a ངན་སྐྱུགས་ཀྱི་རྐྱལ་པ་འགྲོ་ཤེས་པ་དང་འདྲའོ། །དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་འདི་ལ་བརྟགས་ན་ལུས་འདི་ལ་སྤུ་ཉག་མ་ཙམ་གྱི་གཙང་བ་འམ་ཡིད་དུ་འོང་བ་མི་རྙེད་དོ། །ལུས་འདི་ནི་རུས་པ་དང་། རྒྱུས་པ་དང་། ལྤགས་པ་དང་། ཤས་ཡོངས་སུ་དཀྲིས་ཤིང་སླས་ནས་སྔོན་གྱི་ལས་ཀྱི་རྒྱུ་དང་རྐྱེན་དང་འབྲས་བུ་རྣམ་པར་སྨིན་པ་ལས་བྱུང་སྟེ། ཀུན་འབྱུང་དང་ལེན་པས་ཡོངས་སུ་བཅིངས་པར་ཤེས་སོ། །དེ་ལ་ཀུན་འབྱུང་ནི་གང་། ལེན་པ་ནི་གང་ ཞེ་ན། སྔོན་གྱི་རྒྱུ་དང་རྐྱེན་ལས་ལུས་འདི་བྱུང་བས་ན་ལེན་པ་ཞེས་བཏགས་སོ། །ད་ལྟར་གྱི་ཚེ་འདི་ལ་ལུས་བཀྲུས་ནས་ཁ་ཟས་དང་། གོས་དང་། ཁྲི་སྟན་དང་། སྨན་གྱིས་གསོས་པ་ནི་ཀུན་འབྱུང་ཞེས་བྱ་སྟེ། དེ་ལྟར་ད་ལྟར་གྱི་རྒྱུ་ དང་རྐྱེན་ནི་ཀུན་འབྱུང་ཞེས་བྱ། སྔོན་གྱི་འབྲས་བུ་རྣམ་པར་སྨིན་པའི་མཐུས་རྣམ་པར་བཅིངས་ནས་བྱ་བ་ཀུན་བྱེད་པ་ནི་ལེན་པ་ཞེས་བྱའོ། །ཡང་ལུས་འདི་ནི་ཆེན་པོ་བཞི་ལས་བྱས་ཏེ་ངེས་པར་ཡང་དག་པར་མཚན་ཉིད་མེད་གཟུགས་ ཀྱི་ཕུང་པོར་གཏོགས་པ་རྣམས་ལ་ལུས་ཤེས་བཏགས་སོ། །ཅིའི་ཕྱིར་ལུས་ཤེས་བྱ་ཞེ་ན། བྱ་བ་བྱེད་ནུས་པའི་ཕྱིར་ལུས་ཤེས་བྱའོ། །རྟེན་པའི་གནས་ལ་ཞེན་ཅིང་ཆགས་པའི་ཕྱིར་ལུས་ཤེས་བྱའོ། །ཡིད་ཀྱི་རྗེས་སུ་ཀུན་བྱེད་པའི་ ཕྱིར་ལུས་ཤེས་བྱའོ། །རྣམ་པར་རྟོག་པ་ལས་བྱུང་བའི་ཕྱིར་ལུས་ཤེས་བྱའོ། །སྒྱུ་མ་འདུས་པ་ལས་བྱས་པའི་ཕྱིར་ལུས་ཤེས་བྱའོ། །ལས་དང་འདུས་པའི་ཕྱིར་ལུས་ཤེས་བྱའོ། །ལུས་འདི་ནི་རིང་པོ་མི་ཐོགས་པར་མཐར་འགྱུར་ཞིང་ འཕོ་བ་སྟེ་མི་རྟག་པ་ངེས་པ་མེད་པར་འགྱུར་བའི་མཚན་ཉིད་མེད་དོ། །ལུས་འདི་ནི་ལུས་ཀྱི་ནང་ན་མི་གནས། ལུས་ཀྱི་ཕྱི་རོལ་ན་མི་གནས། དེ་གཉི་གའི་བར་ན་མི་གནས་སོ། །ལུས་འདི་ནི་ལུས་སུ་མི་ཤེས་པ་ལུས་སུ་མི་མཐོང་ངོ་། །ལུས་འདི་ ནི་བྱེད་པ་མེད་པ། གཡོ་བ་མེད་པ། སྨོན་ཅིང་རེ་བ་མེད། སེམས་མེད་དེ། རྡོ་དང་ཤིང་དང་ཐ་མི་དད་དོ། །ལུས་འདི་ལ་ལུས་ཀྱི་མཚན་ཉིད་དུ་ངེས་པ་མེད་དོ། །དེ་ལྟར་ཡང་དག་པར་ལུས་ལ་རྣམ་པར་འབྱེད་ཅིང་བརྟགས་ན་བྱས་པ་མེད། བྱེད་ 55-1-56b པ་མེད་ལུས་འདི་ལ་སྔ་མའི་མཐའ་མེད། ཕྱི་མའི་མཐའ་མེད། བར་གྱི་མཐའ་མེད་དོ། །ལུས་འདི་ལ་རྟག་པ། བརྟན་པ། སྲ་བའི་མཚན་གཅིག་ཀྱང་མེད། ཇི་ལྟར་ཆུའི་དབུ་བ་གཟུང་ཞིང་བཅང་དུ་མི་བཟོད་པ་བཞིན་ནོ། །ལུས་འདི་ནི་ སྲིན་བུ་བརྒྱད་ཁྲི་གནས་པའི་ཁྱིམ་མོ། །ལུས་འདི་ནི་ལས་རྣམ་པ་སྣ་ཚོགས་ཀྱིས་རྣམ་པར་འཚེ་བའོ། །སྡུག་བསྔལ་རྣམ་པ་གསུམ་གྱི་ཕྱིར་ལུས་འདི་སྡུག་བསྔལ་བ་སྟེ། མགོན་མེད་པས་ན་འདུ་བྱེད་ཀྱི་སྡུག་བསྔལ་དང་། འགྱུར་བའི་ སྡུག་བསྔལ་དང་། སྡུག་བསྔལ་བའི་ཡང་སྡུག་བསྔལ་བས་རྣམ་པར་འཚེ་བས་ན་སྡུག་བསྔལ་ཐམས་ཅད་ཀྱིས་སྡུག་བསྔལ་བ་མང་པོའི་སྣོད་དོ། །དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་ལ་ལུས་ཀྱི་རྗེས་སུ་རྟོགས་ནས་ཡང་འདིར་ སྙམ་དུ་ལུས་འདི་ནི་བདག་མ་ཡིན། གཞན་མ་ཡིན་དབང་མེད་པ། འདིར་རང་ཉམ་བྱར་མེད་པ། བྱས་པའོ་སྙམ་དུ་སེམས་སོ། །ལུས་འདི་ནི་དངོས་པོ་མེད་པ་ངེས་པའི་ཆོས་སུ་དམིགས་སུ་མེད་པའོ། །ལུས་འདི་ནི་རང་བཞིན་གྱིས་སྟོང་ པ་སྟེ་ངེས་པའི་མཚན་ཉིད་མེད་པའོ། །ལུས་འདི་ནི་ཡང་དག་པ་མ་ཡིན་པ་ལས་བྱུང་བ་འཁྲུལ་འཁོར་ལས་བྱས་པ་ལྟ་བུ་སྟེ། སྔོན་གྱི་ལས་ཀྱི་རྒྱུ་དང་རྐྱེན་ལས་བྱུང་བས་ན་ལུས་འདི་ལ་ནི་བདག་དང་བདག་གི་ཞེས་འདུ་ཤེས་བསྐྱེད་ པའི་མི་རིགས་ཏེ། བདག་ཅག་ཀྱང་ལུས་དང་སྲོག་ལ་མི་བལྟའོ་སྙམ་དུ་མི་སེམས་སོ། །བྱང་ཆུབ་སེམས་དཔས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྟོག་པའི་ཚེ་ལུས་འདི་དང་ལྷན་ཅིག་པ་འམ་སོ་སོ་བར་མི་དམིགས་ཏེ། གཞན་ནས་འོངས་པ་འམ། གུད་དུ་འགྲོ་བའི་གནས་ཡོད་པར་རམ་རྟེན་པའི་གནས་ཡོད་པར་མི་བལྟའོ། །ལུས་འདི་ལ་འདས་པ་འམ། མ་འོངས་པ་འམ། ད་ལྟར་གནས་པར་རྣམ་པར་མི་རྟོག་པས་ལུས་དང་སྲོག་ལ་མི་གནས། ལུས་ལ་བདག་ གམ་བདག་གི་བར་མི་ཆགས་ཏེ། ལུས་སུ་འཛིན་པ་ཡོངས་སུ་སྤོང་ངོ་། །བྱང་ཆུབ་སེམས་དཔའ་དེས་དེ་ལྟར་ལུས་འདི་ལ་སྟོང་པ་ཉིད་དང་། བདག་མེད་པ། བདག་གི་བ་མེད་པར་ཡོངས་སུ་རྟོགས་ཏེ། ལུས་འདི་ལ་བདག་དང་བདག་གི་བར་ 55-1-57a དམིགས་སུ་མེད་པས་ན་ལུས་ཀྱི་མཚན་ཉིད་དུ་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་དེས་དེ་ལྟར་ལུས་ཀྱི་མཚན་ཉིད་དུ་མི་དམིགས་པས་ན་ལུས་སུ་འཇུག་པ་ལ་རེ་བ་མེད་དེ་ལུས་བསྐྱེད་པ་འམ་འབྱུང་བའི་ལམ་མེད་དོ། ། དེ་འཇུག་པ་གང་ཞེ་ན། ལུས་འདི་ལ་བྱས་པ་མེད། བྱུང་བ་མེད་པའོ། །ལུས་འདི་ནི་མ་བྱས་པ། མ་བྱུང་བའི་མཚན་ཉིད་པས་ན་རྒྱུ་དང་རྐྱེན་མང་པོ་ལས་སྐྱེས་སོ། །རྒྱུ་དང་རྐྱེན་འདུས་པ་ལས་ལུས་སུ་གྱུར་ཏེ་རྒྱུ་དང་རྐྱེན་ཡང་དག་པ་ མ་ཡིན་པ། ཅི་ཡང་མེད་པ། ཕྱིན་ཅི་ལོག་དང་ལྡན་པ། སྟོང་པ་ཉིད། སྙིང་པོ་མེད་པ་སྟེ། རྒྱུ་དང་རྐྱེན་དེ་ལས་ལུས་འདི་སྐྱེས་པར་གྱུར་ཏོ། །རྒྱུ་དང་རྐྱེན་ཉིད་སྐྱེ་བ་མེད་པ། མཚན་མ་མེད་པས་ན་དེ་ལྟར་ལུས་ལ་རྟོག་པའི་ཚེ། ལུས་མ་ སྐྱེས་པའི་མཚན་ཉིད་ལ་འཇུག་པར་འགྱུར་རོ། །དེ་ལྟར་ཞུགས་ནས་ལུས་ལ་མཚན་ཉིད་མེད་པར་རྟོག་གོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་ལ་མཚན་ཉིད་མེད་པར་རྟོགས་པས་ན་ལུས་འདི་ལ་མཚན་མ་མེད་པར་ཤེས་སོ། །མཚན་ མར་དམིགས་སུ་མེད་པས་ན་སྐྱེ་བ་མེད་པར་ཤེས་སོ། །ལུས་འདི་ནི་འདས་པའི་མཚན་མའམ། མ་འོངས་པའི་མཚན་མ་འམ། ད་ལྟར་གྱི་མཚན་མར་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལུས་འདི་ལ་ངོ་བོ་ཉིད་དུ་ངེས་པའི་ཆོས་ སུ་དམིགས་སུ་མེད་དེ་ལུས་འདི་ནི་བདག་དང་གཞན་དུ་དམིགས་སུ་མེད་པའི་ཕྱིར་རོ། །དེ་ལྟར་ཡོངས་སུ་རྟོག་པ་ན་ལུས་འདི་གང་ནས་ཀྱང་མ་འོངས་ལ་གང་དུ་མི་འགྲོ་བར་ཤེས་ཏེ། ལུས་འདི་མ་སྐྱེས་པ་དང་མི་འགག་པའི་ལམ་ལ་ འཇུག་པར་འགྱུར་རོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་ལུས་ལ་ལུས་ཀྱི་རྗེས་སུ་འཇུག་པ་ལ་ལུས་ཀྱི་རྗེས་སུ་འཇུག་པའི་ཡང་དག་པའི་མཚན་ཉིད་ལ་རྟོག་པ་ནི་ལུས་སུ་ཞེན་ཅིང་ ཆགས་པ་ཡོངས་སུ་སེལ་ཅིང་ཆོད་པར་འགྱུར་ཏེ། དྲན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་ལ་དེ་མ་ཐག་ཏུ་གནས་པར་འགྱུར་རོ། །དེ་དག་ནི་ལུས་ལ་ལུས་ཀྱི་རྗེས་སུ་རྟོག་པ་ལ་རྣལ་འབྱོར་པ་ཞེས་བྱའོ། །འཇིག་རྟེན་འཛིན་དེ་ལ་ 55-1-57b ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚོར་བ་ལ་ཚོར་བའི་རྗེས་སུ་རྟོག་པ་ལ་རྣལ་འབྱོར་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྡུག་བསྔལ་གྱི་ཚོར་བ་དང་། བདེ་བའི་ཚོར་བ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་ བ་ཡང་མ་ཡིན་པའི་ཚོར་བ་སྟེ་ཚོར་བ་གསུམ་པོ་ལ་རྟོག་པ་ན་གང་ནས་ཀྱང་མ་འོངས་ལ། གང་དུ་འང་མི་འགྲོ་བར་རྟོགས་ཏེ། ཡང་དག་པ་མ་ཡིན་པའི་རྐྱེན་དང་། སྔོན་གྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་དང་། ཕྱིན་ཅི་ལོག་དང་ལྡན་པའི་ གཟུགས་བྱས་པར་ཤེས་སོ། །ཚོར་བ་ལ་ཡང་དག་པ་མ་ཡིན་པའི་ལོག་པར་རྣམ་པར་རྟོག་པ་ལས་བྱུང་བར་ཤེས་སོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ཚོར་བ་རྣམས་ལ་རྟོག་པ་ན་འདས་པའི་ཚོར་བ་ལ་མི་དམིགས། མ་འོངས་པའི་ཚོར་བ་ལ་ མི་དམིགས། ད་ལྟར་གྱི་ཚོར་བ་ལ་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་འདས་པའི་ཚོར་བ་རྣམས་ལ་སྟོང་པ་ཉིད་དང་། བདག་མེད་པ། བདག་གི་བ་མེད། མི་རྟག་པ། མི་བརྟན་པ། སྙིང་པོ་མེད་པ། མི་འགྱུར་བ། མཚན་ཉིད་མེད་པར་བལྟའོ། ། འདས་པའི་ཚོར་བ་ལ་ཡང་སྟོང་པའི་མཚན་ཉིད་དང་། ཞི་བའི་མཚན་ཉིད་དང་། མཚན་མ་མེད་པའི་མཚན་ཉིད་དུ་རྟོགས་སོ། །མ་འོངས་པའི་ཚོར་བ་རྣམས་ལ་ཡང་སྟོང་པ་ཉིད་དང་། བདག་མེད་པ། བདག་གི་བ་མེད་པ། མི་རྟག་པ། མི་བརྟན་པ། སྙིང་པོ་མེད་པ། མི་འགྱུར་བ། མེད་པར་བལྟའོ། །མ་འོངས་པའི་ཚོར་བ་རྣམས་ལ་ཡང་སྟོང་པའི་མཚན་ཉིད་དང་། ཞི་བའི་མཚན་ཉིད་དང་། མཚན་མ་མེད་པའི་མཚན་ཉིད་དུ་རྟོག་གོ། །བྱང་ཆུབ་སེམས་དཔའ་དེ་ལྟར་རྟོག་པ་ན་འདི་སྙམ་དུ་ ཚོར་བ་ནི་ངེས་པའི་མཚན་ཉིད་མེད་པ། དངོས་པོ་མེད་པ། གཅིག་ཏུ་ངེས་པའི་ཆོས་མེད་དེ་མི་འདྲ་བ་ལས་ཡང་དང་ཡང་སྐྱེ་ཞིང་འགོག་གོ་སྙམ་དུ་སེམས་སོ། །ཚོར་བ་ལ་གནས་པའི་དུས་མེད་དོ། །སྙམ་དུ་སེམས་པའི་ཚེ་བྱང་ཆུབ་ སེམས་དཔའ་ཡང་འདི་སྙམ་དུ་ཚོར་བ་ནི་བྱས་པ་མེད། བྱེད་པ་མེད་དེ། བུས་པ་སོ་སོའི་སྐྱེ་བོ་དག་ཕྱིན་ཅི་ལོག་དང་ལྡན་པའི་སེམས་ལས་ཚོར་བ་རྣམ་པ་གསུམ་སྐྱེད་དེ། དེ་ཡང་སྔོན་གྱི་ལས་ཀྱི་རྒྱུ་དང་ད་ལྟར་གྱི་རྐྱེན་འདུས་པ་ལས་ 55-1-58a ཚོར་བ་ཡོད་པར་གྱུར་ཏོ། །ཚོར་བ་ནི་ཀུན་ཀྱང་སྟོང་པ། མི་བརྟན་པ། སྙིང་པོ་མེད་པ། ཡང་དག་པ་མ་ཡིན་པའི་ཆོས་ཉིད་དེ་ཁང་པ་སྟོང་པ་དང་མཚུངས་སོ། །དེ་ལྟར་ཡོངས་སུ་རྟོག་པའི་ཚེ་ཚོར་བ་མང་པོའི་རྒྱུ་ལས་སེམས་གཅིག་ ཏུ་གནས་ཏེ། བྱང་ཆུབ་སེམས་དཔའ་དེའི་ཚེ་ཚོར་བ་རྣམས་ལ་འདུས་ནས་འགག་པའི་མཚན་ཉིད་ཆུད་ཅིང་རྟོག་ཏེ་ཚོར་བ་རྣམས་ལ་འདུས་པའི་ཡང་མ་ཡིན་སོ་སོ་བ་ཡང་མ་ཡིན་པར་བལྟའོ། །གཞན་ཡང་ཚོར་བའི་ནང་ན་ཚོར་བ་མི་མཐོང་ སྟེ་འདི་སྙམ་དུ་ཚོར་བ་རྣམས་སྟོང་པ་ཉིད་དོ་སྙམ་དུ་སེམས་སོ། །རང་བཞིན་སྟོང་པས་ཚོར་བའི་རྣམས་ལ་མ་སྐྱེས་པའི་མཚན་ཉིད་དུ་རྟོགས་སོ། །ཚོར་བ་རྣམས་མ་སྐྱེས་པ་མི་འགོག་པས་གྲུབ་པའི་མཚན་ཉིད་མེད་པར་རྟོགས་སོ། ། དེ་ལྟར་ཚོར་བ་རྣམས་ཡིད་ལ་བྱེད་པར་ཆགས་པ་མེད་དོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚོར་བ་རྣམས་ཀྱི་མཚན་ཉིད་ཤེས་ཤིང་མཐོང་ངོ་། །ཚོར་བ་རྣམས་དང་བྲལ་ཏེ་ཚོར་བ་རྣམས་ལ་མི་གནས་པས་ཚོར་བ་རྣམས་སེམས་བཏང་སྙོམས་པར་ འགྱུར་ཏེ། དེས་ན་བཏང་སྙོམས་ཀྱི་ཏིང་ངེ་འཛིན་ཡང་ཐོབ་པར་འགྱུར་རོ། །འཇིག་རྟེན་འཛིན་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚོར་བ་ལ་ཚོར་བའི་རྗེས་སུ་རྟོག་པ་གང་ལ་རྣལ་འབྱོར་པ་ཞེས་བྱའོ། ། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ལ་སེམས་ཀྱི་རྗེས་སུ་རྟོག་པ་ལ་རྣལ་འབྱོར་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ལ་སྐྱེ་བ་དང་། འགོག་པ་དང་། གནས་ པ་དང་། འཕོ་བའི་མཚན་ཉིད་དུ་ཡོངས་སུ་རྟོག་གོ། །དེ་ལྟར་ཡོངས་སུ་རྟོག་པ་ན་འདི་སྙམ་དུ་སེམས་འདི་ནི་གང་ནས་ཀྱང་མ་འོངས་ལ། གང་དུ་ཡང་མི་འགྲོ་སྟེ། རྣམ་པར་ཤེས་པ་དང་རྐྱེན་ལས་སྐྱེས་པས་དངོས་པོ་མེད་དེ་ངེས་པའི་ ཆོས་སུ་དམིགས་སུ་མེད་དོ་སྙམ་དུ་སེམས་སོ། །སེམས་འདི་ནི་འོངས་པ་ཡང་མེད། སོང་བ་ཡང་མེད། གནས་པ་འམ་འཕོ་བ་ཡང་དམིགས་སུ་མེད་དོ། །སེམས་འདི་ནི་འདས་པ་ཡང་མ་ཡིན། མ་འོངས་པ་དང་། ད་ལྟར་གྱི་མ་ཡིན་ཏེ། 55-1-58b སེམས་འདི་ནི་རྣམ་པར་ཤེས་པ་དང་། རྐྱེན་དང་། རྣམ་པར་རྟོག་པ་ལས་སྐྱེས་སོ། །སེམས་ནི་ནང་ན་མི་གནས། ཕྱི་རོལ་ན་མི་གནས། གཉི་གའི་བར་ན་མི་གནས་ཏེ། སེམས་འདི་ནི་སྐྱེ་ཞིང་འབྱུང་བའི་མཚན་མ་གཅིག་ཙམ་ཡང་མེད་ པའོ། །སེམས་འདི་ནི་ངོ་བོ་ཉིད་མེད་པའི་ངེས་པ་མེད་པ། སྐྱེད་པ་མེད་པ། སྐྱེས་པ་མེད་པ་སྟེ། ལས་སྣ་ཚོགས་འབྱུང་བའི་ཕྱིར་སེམས་ཤེས་བྱའོ། །རྣམ་པར་ཤེས་པའི་རྐྱེན་སྣ་ཚོགས་ལས་སེམས་ཤེས་བྱའོ། །སྐད་ཅིག་སྐད་ཅིག་ གིས་སྐྱེ་ཞིང་འགོག་པ་གཅིག་གིས་བསགས་པ་རྒྱུན་མི་ཆད་པས་སེམས་ཤེས་བྱ་སྟེ། དེ་ནི་སོ་སོའི་སྐྱེ་བོ་དག་སེམས་ཀྱིས་མི་དམིགས་པའི་མཚན་ཉིད་ཁོང་དུ་ཆུད་ཅིང་རྟོགས་པ་བྱ་བའི་ཕྱིར་རོ། །སེམས་ལ་སེམས་ཀྱི་མཚན་ཉིད་ མེད་དོ། །སེམས་འདི་ནི་ཐོག་མ་ནས་མ་སྐྱེས་པ། མ་བྱུང་བ། ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་སྟེ། བློ་བུར་གྱི་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་རྣམ་པར་རྟོག་ཀྱང་སེམས་ཀྱིས་སེམས་མི་ཤེས་སེམས་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སེམས་འདི་ནི་སྟོང་པ་ཉིད་དེ་སྟོང་པ་ཉིད་པས་ན་ངོ་བོ་ཉིད་མེད་པའོ། །སེམས་འདི་ནི་ངེས་པའི་ཆོས་ཅན་མ་ཡིན་ཏེ། ངེས་པའི་ཆོས་སུ་དམིགས་སུ་མེད་པའི་ཕྱིར་རོ། །སེམས་འདི་ནི་གཅིག་དང་ཐ་དད་པའི་ཆོས་མེད་པའི་ཕྱིར་རོ། །སེམས་ འདི་ནི་སྔ་མའི་མཐའ་ཡང་དམིགས་སུ་མེད་ལ་ཕྱི་མའི་མཐའ་ཡང་དམིགས་སུ་མེད་དེ་བར་གྱི་མཐའ་ཡང་དམིགས་སུ་མེད་དོ། །སེམས་འདི་ནི་གཟུགས་མེད་དེ་མཐོང་བར་མི་ནུས་པས་སེམས་ཉིད་ཀྱིས་སེམས་མི་མཐོང་ལ་ རང་བཞིན་མི་ཤེས་ཏེ། བུས་པ་སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་དང་ལྡན་པ་དག་ཡང་དག་པ་མ་ཡིན་པའི་རྐྱེན་དང་རྣམ་པར་ཤེས་པས་དམིགས་པས་ཕྱིར་འབྱུང་ངོ་། །སེམས་འདི་ནི་སྟོང་པ་ཉིད་དེ་བདག་མེད་པ། བདག་གི་བ་མེད་པ། མི་ རྟག་པ། མི་བརྟན་པ། སྙིང་པོ་མེད་པ། མི་འགྱུར་བའི་ཆོས་ཅན་མ་ཡིན་པའོ། །ད་ལྟར་སེམས་ཤིང་ཡིད་ལ་བྱེད་པ་ན་སེམས་ཀྱི་དྲན་པ་ཉེ་བར་གཞག་པ་འཐོབ་སྟེ། གང་ཟག་དེ་དེའི་ཚེ་ན་སེམས་སམ། སེམས་མ་ཡིན་པར་རྣམ་ 55-1-59a པར་མི་རྟོག་སྟེ། སེམས་ལ་མ་སྐྱེས་པའི་མཚན་ཉིད་དུ་ལེགས་པར་ཤེས་པས་སེམས་མ་སྐྱེས་པ་ཉིད་དུ་འང་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ལ་ངེས་པའི་རང་བཞིན་མེད་དེ། ངེས་པའི་མཚན་ཉིད་མེད་པའི་ཕྱིར་རོ། །མཁས་ པ་དག་ནི་དེ་ལྟར་སེམས་ལ་མ་སྐྱེས་པ་དང་། མཚན་ཉིད་མེད་པར་ཆུད་ཅིང་རྟོགས་སོ། །དེའི་ཚེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཀྱི་འདུས་པ་དང་འགོག་པའི་མཚན་ཉིད་རྟོགས་ཏེ། དེ་ལྟར་རྟོགས་པ་ན་སེམས་པ་ན་ཀུན་འབྱུང་ངམ་ འགོག་པའི་མཚན་ཉིད་མ་རྙེད་དོ། །སེམས་ལ་འགོག་པ་འམ་མི་འགོག་པར་རྣམ་པར་མི་རྟོག་པའི་སེམས་ཀྱི་དེ་བཞིན་ཉིད་རྣམ་པར་དག་པའི་མཚན་ཉིད་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་སེམས་རྣམ་པར་ དག་པས་ན་བློ་བུར་གྱི་ཉོན་མོངས་པས་ཉོན་སྨོངས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་བདག་གི་སེམས་རྣམ་པར་དག་པ་ཉིད་དུ་ཤེས་ཤིང་མཐོང་བས་སེམས་ཅན་དག་གི་སེམས་ཀྱང་རྣམ་པར་དག་པར་ ཤེས་ཏེ་སྙམ་དུ་སེམས་སོ། །སེམས་དྲི་མ་ཡོད་པས་ན། སེམས་རྣམ་པར་དག་པས་ན་སེམས་ཅན་ཡང་རྣམ་པར་དག་པའོ་སྙམ་སེམས་ཤིང་ཡིད་ལ་བྱེད་པ་ན་སེམས་ལ་དྲི་མའི་མཚན་ཉིད་དམ་སེམས་ལ་རྣམ་པར་དག་པའི་མཚན་ ཉིད་དུ་མི་དམིགས་ཏེ། སེམས་ཉིད་རྟག་ཏུ་རྣམ་པར་དག་པའི་མཚན་ཉིད་དུ་ཤེས་སོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལ་ཆོས་ཀྱི་རྗེས་སུ་རྟོག་པ་ལ་རྣལ་འབྱོར་པ་ཞེ་ན། བྱང་ཆུབ་སེམས་དཔའ་ རྣམས་ཆོས་ཐམས་ཅད་ལ་ནང་ངམ། ཕྱི་རོལ་ལམ། གཉི་གའི་བར་ན་ཡོད་པར་མི་རྟོག་གོ། །གཞན་ཡང་ཆོས་ལ་འདས་པ་འམ། མ་འོངས་པ་འམ། ད་ལྟར་གྱིར་མི་དམིགས་ཏེ་ཆོས་ཐམས་ཅད་རྐྱེན་མང་པོ་ལས་སྐྱེས་ཏེ། ཕྱིན་ཅི་ལོག་ལས་ བྱུང་བའི་ངེས་པའི་མཚན་ཉིད་མེད་པའོ། །འདི་ལྟར་ཐམས་ཅད་གང་ཟག་དབང་ངོ་ཞེས་བྱ་བ་དང་ཆོས་ཀྱི་ངོ་བོ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་ལ་ཆོས་ཤེས་བྱ་བ་མེད་དེ། ཆོས་རྣམས་ནི་ཆོས་རྣམས་ཀྱི་ནང་ན་མི་གནས། ཆོས་རྣམས་ 55-1-59b ཀྱི་ཕྱི་རོལ་ན་མི་གནས། གཉི་གའི་བར་ན་མི་གནས་སོ། །ཆོས་ནི་ཆོས་དང་ལྷན་ཅིག་པ་འང་མ་ཡིན། སོ་སོ་བ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངེས་པའི་མཚན་ཉིད་མེད་པའོ། །ཆོས་ཐམས་ཅད་ཡོད་པ་མ་ཡིན་པས་ ན་གཡོ་བ་མ་ཡིན་པས་ན་གཡོ་བ་མེད་བྱས་པ་མེད་དོ། །ཆོས་ཐམས་ཅད་ནམ་མཁའ་ལྟ་བུ་སྟེ་ཅི་ཡང་མེད་པའོ། །ཆོས་ཐམས་ཅད་ནི་སླུ་བའི་ཆོས་ཅན། སྒྱུ་མའི་མཚན་ཉིད་དམིགས་སུ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་རྣམ་པར་ དག་པ་སྟེ། ཅིས་ཀྱང་མ་གོས་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་མི་ལེན་པའི་མཚན་ཉིད་དེ། ལེན་པ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྟེ། རྨི་ལམ་ཉིད་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་གཟུགས་མེད་པ་སྟེ། གཟུགས་ཅི་ཡང་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟེ། གཟུགས་བརྙན་ཉིད་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་མིང་མེད་མཚན་མ་མེད་དེ། མིང་དང་མཚན་མ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་བྲག་ ཆ་ལྟ་བུ་སྟེ། ཡང་དག་པ་མ་ཡིན་པ་ལས་བྱུང་བས་ཅི་ཡང་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་སྟེ། རང་བཞིན་དམིགས་སུ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་སྨིག་རྒྱུ་ལྟ་བུ་སྟེ། ཅི་ཡང་མེད་པར་ཤེས་པའི་ཕྱིར་རོ། ། བྱང་ཆུབ་སེམས་དཔའ་དེ་ལྟར་ཆོས་ཐམས་ཅད་ལ་ཡོངས་སུ་རྟོག་ན་ཆོས་ཐམས་ཅད་ལ་མཚན་ཉིད་གཅིག་པ་འམ་མཚན་ཉིད་ཐ་དད་པར་མི་མཐོང་། ཆོས་དང་ཆོས་ལྷན་ཅིག་པ་འམ་སོ་སོ་བར་མི་མཐོང་། ཆོས་ལ་ཆོས་གནས་པར་ ཡང་མི་མཐོང་སྟེ། དེ་ལྟར་རྟོག་ན་ཆོས་ཐམས་ཅད་གཞན་ནས་འོངས་པར་ཡང་མི་མཐོང་ངོ་། །ཆོས་ཐམས་ཅད་ལ་གནས་པའི་གནས་ཡོད་པར་ཡང་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ལ་གནས་མེད། རྟེན་མེད། བྱུང་བ་མེད་དེ། ཆོས་ཐམས་ཅད་གནས་མེད་པ་ནི་རྟེན་མེད་པ་གནས་མེད་པའི་ཕྱིར་རོ། །དམིགས་པའི་གནས་མེད་པའི་ཕྱིར་རོ། །འཇིག་རྟེན་འཛིན་ཆོས་ཐམས་ཅད་ལ་བྱེ་བྲག་མེད་པ་ནི་ཆོས་ཐམས་ཅད་བྱེ་བྲག་ཏུ་དབྱེ་བའི་མཚན་མ་ 55-1-60a མེད་དེ། རྐྱེན་མང་པོ་ལས་སྐྱེས་པས་ཕྱིན་ཅི་ལོག་ཏུ་བྱ་བ་ཡོད་ཀྱང་ཆོས་ཐམས་ཅད་ནི་ཡུལ་ན་མི་གནས། ཕྱོགས་ན་མི་གནས་སོ། །མཁས་པ་དག་ནི་ཆོས་ཐམས་ཅད་ལ་མཚན་ཉིད་གཅིག་པ་ཡང་མ་ཡིན། མཚན་ཉིད་གཉིས་ སུ་ཡོད་པ་ཡང་མ་ཡིན། ཐ་དད་པའི་མཚན་ཉིད་དུ་ཡང་མ་ཡིན་པར་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་ཆོས་ཐམས་ཅད་ནི་མ་སྐྱེས་པ། མ་བྱུང་བ། བྱས་པ་མེད་པ་སྟེ། ཆོས་ཐམས་ཅད་ནི་རང་བཞིན་དང་བྲལ་བ། ངོ་བོ་ཉིད་ མེད་པ་སྟེ། རང་བཞིན་ལས་འདས་པའི་ཕྱིར་རོ། །ཆོས་ཐམས་ཅད་གནས་མེད་པ་ནི་ཕྱིན་པའི་གནས་མེད་པའི་ཕྱིར་རོ། །དེ་ལྟར་ཆོས་ཐམས་ཅད་ལ་ཤིན་དུ་རྟོག་པ་ན་ཆོས་ཐམས་ཅད་ལ་བདག་མེད་གང་ཟག་མེད་པར་ལེགས་པར་ཆུད་ཅིང་རྟོགས་ སོ། །ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་རྟོགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་ན་ཆོས་ཐམས་ཅད་མཚན་མ་མེད་པར་རྟོགས་སོ། །མཚན་མ་མེད་པར་བལྟ་བས་ཆོས་ཐམས་ཅད་ལ་སྨོན་པ་མི་འབྱུང་སྟེ། དེའི་ཚེ་ཆོས་ཐམས་ཅད་མ་སྐྱེས་པ་ཉིད་དུ་རྟོགས་ པས་འདི་སྙམ་དུ་སེམས་ཏེ། འདི་ལ་ཡང་དག་པར་ཆོས་གང་ཡང་སྐྱེ་བའམ་འགོག་པ་མེད་པར་སེམས་སོ། །དེ་ལྟར་རྟོག་པའི་ཚེ་སེམས་རྩེ་གཅིག་དུ་གནས་པས་ན་དེ་ཉིད་ཀྱིས་ན་ཆོས་ཐམས་ཅད་མ་སྐྱེས་པ་ཉིད་དུ་ཁོང་དུ་ཆུད་ཅིང་ཆོས་ཐམས་ ཅད་ཀྱི་ཀུན་འབྱུང་དང་འགོག་པ་ཟད་པ་ཡང་མཐོང་ཞིང་ཤེས་སོ། །ཆོས་ཐམས་ཅད་མཚན་མ་དང་བྲལ་རང་བཞིན་དང་བྲལ་བར་ཡང་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་ཆོས་ཐམས་ཅད་ལ་ངེས་པའི་མཚན་ཉིད་མེད་པས་ན་ ཆོས་ཐམས་ཅད་མཚན་མ་མེད་ཅིང་མཚན་མ་དང་བྲལ་བར་ཁོང་དུ་ཆུད་དོ། །འཇིག་རྟེན་འཛིན་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ལ་ཆོས་ཀྱི་རྗེས་སུ་རྟོག་པ་ལ་རྣལ་འབྱོར་པ་ཞེས་བྱའོ། །དེ་ལྟར་རྟོགས་ པ་ནི་ཆོས་ལ་དམིགས་པ་མེད། ལེན་པ་མེད་དེ། ཆོས་ལ་བསྐྱེད་པར་མི་བྱེད། གནས་པར་མི་བྱེད། འགོག་པར་མི་བྱེད་པར་ནན་ཏན་བྱེད་དེ། དེས་ཆོས་ཐམས་ཅད་ཀྱི་མི་འགོག་པ་ཟད་པའི་མཚན་ཉིད་དང་རབ་ཏུ་ཞི་བའི་མཚན་ཉིད་ཀྱང་ 55-1-60b མཐོང་ངོ་། །འཇིག་རྟེན་འཛིན་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པ་ཉེ་བར་གཞག་པ་བཞི་ལ་ཤིན་ཏུ་རྟོགས་པ་ཞེས་བྱའོ། །ཅིའི་ཕྱིར་དྲན་པ་ཉེ་བར་གཞག་པ་ཞེས་བྱ་ཞེ་ན། དྲན་པ་ཉེ་བར་གཞག་པ་ཞེས་ བྱ་བ་ནི་ཆོས་ཐམས་ཅད་བཞག་པའི་གནས་མེད། འབྱུང་བ་མེད། གནས་པའི་གནས་མེད་པར་དེ་ལྟར་འཇུག་ན་ཆོས་ཐམས་ཅད་ལ་དྲན་པ་མི་ཉམས་ཏེ་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །གཞན་ཡང་དྲན་པ་ཉེ་བར་གཞག་པའི་ཆོས་ཐམས་ ཅད་ནི་མི་གནས་པ་དང་། མ་སྐྱེས་པ་དང་། མི་ལེན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་བའི་དོན་ནི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་གོ། །། འཇིག་རྟེན་ འཇིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དབང་པོ་རྣམས་ལ་མཁས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་ལ་ཡང་དག་པར་རྟོག་གོ། ། ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །བྱང་ཆུབ་སེམས་དཔའ་རྣམས་དབང་པོ་ལྔ་པོ་ལ་རྣལ་འབྱོར་དུ་སྤྱོད་པ་ ན་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་ཏེ་བྱུང་བ་ལས་སྐྱེས་ཤིང་ཕྱིན་ཅི་ལོག་ལས་བྱུང་བ་དང་། ཡང་དག་པ་མ་ཡིན་པའི་རྐྱེན་ལས་འདུས་པས་མེ་མགལ་བསྐོར་བ་ལྟ་བུ་འམ་རྨི་ལམ་གྱི་རང་བཞིན་ལྟ་བུར་ཡིད་ཆེས་སོ། །ཆོས་ཐམས་ ཅད་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། བདག་མེད་པ་དང་། ཟུག་རྔུ་ལྟ་བུ་དང་། ཤུ་བ་ལྟ་བུ་སྟེ་སྙིང་པོ་མེད་པ། མི་བརྟན་པ། འགྱུར་ཞིང་འཇིག་པའི་མཚན་ཉིད་དུ་ཡིད་ཆེས་སོ། །གཞན་ཡང་ཆོས་ཐམས་ཅད་ ཡང་དག་པ་མ་ཡིན་པས་ཅི་ཡང་མེད་པ་སྟེ། ཁུ་ཚུར་སྟོང་པ་འམ། ཁ་དོག་སྡུག་གུ་སྣ་ཚོགས་ཀྱིས་བྱིས་པ་ཆུང་ངུ་བྲིད་པ་ལྟ་བུར་རྣམ་པར་བརྟགས་པ་ལས་བྱུང་བ་ལྟོས་པ་ལས་ཡོད་པ་ཙམ་དུ་ཟད་པས་དངོས་པོར་ངེས་པའི་ཆོས་ 55-1-61a སུ་གཅིག་ཙམ་ཡང་མེད་པར་ཡིད་ཆེས་སོ། །གཞན་ཡང་ཆོས་ཐམས་ཅད་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་གྱི་མ་ཡིན་པར་ཡིད་ཆེས་སོ། །ཆོས་ཐམས་ཅད་གང་ནས་ཀྱང་མ་འོངས་ལ་གར་ཡང་མི་འགྲོ་བར་ ཡིད་ཆེས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་མཚན་མ་མེད་པ་མངོན་པར་འདུས་མ་བྱས་པར་ཡིད་ཆེས་སོ། །ཆོས་ཐམས་ཅད་མ་སྐྱེས་པ་དང་། མངོན་པར་འདུས་མ་བྱས་པ་དང་། མ་བྱུང་བ་དང་། མཚན་མ་མེད་པ་དང་། མཚན་མ་དང་ བྲལ་བར་ཡང་ཡིད་ཆེས་སོ། །ཚུལ་ཁྲིམས་རྣམ་པར་དག་པ་དང་། ཏིང་ངེ་འཛིན་ཡོངས་སུ་དག་པ་དང་། ཤེས་རབ་རྣམ་པར་དག་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་སྟོན་པ་རྣམ་པར་དག་པ་ལ་ཡིད་ཆེས་སོ། །བྱང་ཆུབ་སེམས་དཔས་ ད་ལྟར་དད་པའི་དབང་པོ་ལྷུན་གྱིས་གྲུབ་ནས་ཕྱིར་མི་ལྡོག་པར་གྱུར་ཏེ། དད་པས་ཐོག་མར་འགྲོའོ། །དེ་བས་ན་ཁྲིམས་ལ་བདེ་བར་གནས་པས་དད་པ་མི་ཉམས་མི་ལྡོག་སྟེ། ཕྱིར་མི་ལྡོག་པའི་ཆོས་ལྷུན་གྱིས་གྲུབ་པས་མི་གཡོ་བའི་ དད་པ་ལ་གནས་ཏེ་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པའི་རྗེས་སུ་དད་པ་ཡོངས་སུ་སྨིན་པར་བྱེད་ཅིང་ངན་པར་ལྟ་བ་ཐམས་ཅད་ཡོངས་སུ་གཅོད་དོ། །ཆོས་མི་སྤོང་ཞིང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལས་གཞན་ཡང་མི་ཚོལ་ཏེ། རྟག་ཏུ་ཆོས་ཐམས་ཅད་ཀྱི་ཡང་དག་པའི་རྗེས་སུ་འཇུག་གོ། །དགེ་འདུན་གྱི་སྤྱོད་པའི་ཡང་དག་པའི་ལམ་ལ་འཇུག་གོ། །ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ཤིང་བཟོད་པ་ལྷུན་གྱིས་གྲུབ་པས་དེ་ལྟར་མི་གཡོ། མི་འགྱུར་བའི་ དད་པ་དང་། དད་པ་ཁྱད་པར་དུ་གྱུར་པས་དད་པའི་དབང་པོ་དང་ལྡན་པ་ཞེས་བྱའོ། །འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བརྩོན་འགྲུས་ཀྱི་དབང་པོ་ལ་ཡང་དག་པར་རྟོག་པ་དང་། བརྩོན་ འགྲུས་ཀྱི་དབང་པོ་ལྷུན་གྱིས་གྲུབ་པ་དང་། བརྩོན་འགྲུས་ཀྱི་དབང་པོ་ལ་ཤིན་ཏུ་མཁས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བརྩོན་འགྲུས་སྤྱོད་པ་ནི་མི་གཏོང་། རྒྱུན་མི་གཅོད་པར་སྒྲིབ་པ་ལྔ་བསལ་བའི་ 55-1-61b ཕྱིར་བརྩོན་འགྲུས་སྤྱོད་དོ། །འདི་ལྟར་ཟབ་མོའི་ཆོས་ཉན་པའི་ཕྱིར་བརྩོན་འགྲུས་སྤྱོད་དོ། །བྱང་ཆུབ་སམས་དཔའ་རྣམས་ཆོས་ཚོལ་བ་ལ་རྒྱུན་མི་ཆད་པས་བརྩོན་འགྲུས་རྩོམ་པ་ལས་ཕྱིར་མི་ལྡོག་གོ། །སྒྲིབ་པའི་ཆོས་ཡོངས་སུ་གཅོད་ པའི་ཕྱིར་བརྩོན་འགྲུས་རྩོམ་པ་ལ་ཞུམ་པ་མེད་དོ། །གཞན་ཡང་སྡིག་པ་མི་དགེ་བའི་ཆོས་རྣམ་པ་སྣ་ཚོགས་དང་འཇིག་པའི་ཆོས་ཡོངས་སུ་སྤོང་བའི་ཕྱིར་བརྩོན་འགྲུས་སྤྱོད་དོ། །གཞན་ཡང་དགེ་བའི་ཆོས་རྣམ་པ་སྣ་ཚོགས་སྤེལ་ཞིང་བསྐྱེད་ པའི་ཕྱིར་བརྩོན་འགྲུས་སྤྱོད་དོ། །ད་ལྟར་བྱང་ཆུབ་སེམས་དཔས་གདོན་མི་ཟ་བར་བརྩོན་འགྲུས་ལྷུན་གྱིས་གྲུབ་ཀྱང་བརྩོན་འགྲུས་ལ་མི་ཆགས་ཏེ་མཉམ་པའི་བརྩོན་འགྲུས་ལ་འཇུག་གོ། །དེ་ལྟར་ཕྱིར་མི་ལྡོག་པའི་བརྩོན་འགྲུས་ལྷུན་ གྱིས་གྲུབ་པས་གང་ཟག་དེ་ཡང་དག་པའི་སྦྱོར་བའི་ཆོས་ཐམས་ཅད་ཁོང་དུ་ཆུད་ཅིང་རྟོགས་ནས་བརྩོན་འགྲུས་རབ་ཏུ་སྤྱོད་དོ། །བརྩོན་འགྲུས་ཤིན་ཏུ་བརྩམས་པས་གཞན་གྱི་དྲིང་ལ་མི་འཇོག་སྟེ། བརྩོན་འགྲུས་བརྩམས་པ་ལས་ ཤེས་རབ་ཀྱི་སྣང་བ་ཐོབ་ཅིང་ཕྱིར་མི་ལྡོག་པའི་མཚན་ཉིད་ལྷུན་གྱིས་གྲུབ་པའོ། །དེ་ལྟར་བརྩོན་འགྲུས་ལས་ཕྱིར་མི་ལྡོག་པ་དང་བརྩོན་འགྲུས་ཁྱེད་པར་ཅན་དུ་གྱུར་པས་བརྩོན་འགྲུས་ཀྱི་དབང་པོ་དང་ལྡན་པ་ཞེས་བྱའོ། །འཇིག་ རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་དབང་པོ་ཐོབ་ཅིང་དྲན་པའི་དབང་པོ་ལ་ཤིན་དུ་རྣལ་འབྱོར་ཅན་དུ་གྱུར་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་ པ་རྩེ་གཅིག་དུ་སྡུད་ཅིང་སྦྱིན་པ་བྱིན་པ་ལ་འཇམ་པ་དང་། ཚངས་པར་སྤྱོད་པ་དང་ལྡན་པར་མཐར་ཕྱིན་པར་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་སྲུང་བ་དང་། ཏིང་ངེ་འཛིན་ཀྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་ གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་སྟོན་པའི་ཕུང་པོ་ཤིན་ཏུ་སྲུང་ངོ་། །རྟག་ཏུ་ལུས་དང་ངག་དང་ཡིད་ཀྱི་ལས་ལ་སེམས་ཤིང་དྲན་པར་བྱེད། རྟག་ཏུ་མཐར་ཕྱིན་པའི་དངོས་པོ་ལ་སེམས་ཤིང་དྲན་པར་བྱེད། 55-1-62a ཆོས་ཐམས་ཅད་སྐྱེ་བ་དང་། །འགོག་པ་དང་། གནས་པ་དང་། འཕོ་བའི་མཚན་ཉིད་ཀྱི་ཐབས་ལ་སེམས་ཤིང་དྲན་པར་བྱེད། སྡུག་བསྔལ་བ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་གྱི་བདེན་པ་མཐོང་བ་དང་། ཤེས་པར་བྱ་བ་ ལ་སེམས་ཤིང་དྲན་པར་བྱེད། དབང་པོ་རྣམས་དང་། སྟོབས་དང་། བྱང་ཆུབ་ཀྱི་ཕྱོགས་དང་། ལམ་དང་ཏིང་ངེ་འཛིན་དང་། རྣམ་པར་གྲོལ་བ་དང་། སྙོམས་པར་འཇུག་པའི་སྦྱོར་བ་ལ་སེམས་ཤིང་དྲན་པར་བྱེད། ཆོས་ཐམས་ཅད་མི་སྐྱེ་བ་དང་། མི་ འགག་པ་དང་། མངོན་པར་འདུས་མ་བྱས་པ་དང་། མ་བྱུང་བ་དང་། བརྗོད་དུ་མེད་པའི་མཚན་ཉིད་དུ་སེམས་ཤིང་དྲན་པར་བྱེད། རྟག་ཏུ་མ་སྐྱེས་པའི་ཤེས་རབ་འཐོབ་པར་བྱ་བ་ལ་སེམས་ཤིང་དྲན་པར་བྱེད། བཟོད་པའི་ཡེ་ཤེས་དང་། སྤོང་བའི་ ཡེ་ཤེས་དང་། འགོག་པའི་ཡེ་ཤེས་ཕུན་སུམ་ཚོགས་པར་འདོད་པ་ལ་སེམས་ཤིང་དྲན་པར་བྱེད། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཕུན་སུམ་ཚོགས་པར་འདོད་པ་ལ་དྲན་པར་བྱེད། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་ཀྱིས་སེམས་ ལ་གླགས་མི་རྙེད་པར་སེམས་ཤིང་དྲན་པར་བྱེད། རྟག་ཏུ་ཐོགས་པ་མེད་པའི་ཡེ་ཤེས་དྲན་པར་བྱ་བ་ལ་སེམས་ཤིང་དྲན་པར་བྱེད་དེ། ཡང་དག་པར་སེམས་པ་ན་ལུས་ཀྱི་ཆོས་དེ་དག་རིག་པས་དྲན་པ་དེ་ལས་མི་ལྡོག་མི་ཉམས་སོ། །དེ་ལྟར་ རྟོག་པ་ལས་གཞན་གྱི་དྲིང་ལ་མི་འཇོག་ན་གང་ཟག་དེས་དེ་ལྟ་བུའི་སྙིང་པོ་ཡོད་པའི་དྲན་པ་ཁྱད་པར་ཅན་དུ་གྱུར་པས་དྲན་པའི་དབང་པོ་དང་ལྡན་པ་ཞེས་བྱའོ། །འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཏིང་ངེ་འཛིན་གྱི་དབང་པོ་ཐོབ་ཅིང་ཏིང་ངེ་འཛིན་གྱི་སྦྱོར་བ་ཐོབ་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཕགས་པའི་ས་ལ་གནས་པ་ན་རྟག་ཏུ་ཏིང་ངེ་འཛིན་སྤྱོད་ཀྱང་ཏིང་ངེ་འཛིན་ལ་མི་གནས། ཏིང་ངེ་འཛིན་ལ་མི་ཆགས་ཏེ། ཏིང་ངེ་འཛིན་ཀྱི་མཚན་ཉིད་ལ་ཤིན་དུ་འཇུག་པ་དང་། ཏིང་ངེ་འཛིན་ཀྱི་སྦྱོར་བ་ལ་ཤིན་དུ་ཐོབ་པ་དང་། ཏིང་ངེ་འཛིན་ཤིན་དུ་བསྐྱེད་པ་དང་། མི་དམིགས་པའི་ཏིང་ངེ་འཛིན་སྤྱོད་པས་ཏིང་ངེ་འཛིན་ཐམས་ཅད་ 55-1-62b ཀྱི་སྒོ་ལ་ཤིན་དུ་མཁས་པ་དང་། ཏིང་ངེ་འཛིན་དུ་འཇུག་པ་ལ་མཁས་པ་དང་། ཏིང་ངེ་འཛིན་གནས་པ་ལ་མཁས་པ་དང་། ཏིང་ངེ་འཛིན་ལས་ལྡང་བ་ལ་མཁས་པ་དང་། ཏིང་ངེ་འཛིན་ལ་མི་རྟེན་པ་དང་། དམིགས་པའི་མཚན་ཉིད་ལ་ཤིན་ དུ་མཁས་པ་དང་། དེ་བཞིན་ཉིད་ཀྱི་མཚན་ཉིད་དམིགས་པ་ལ་མཁས་པའོ། །ཏིང་ངེ་འཛིན་ཐམས་ཅད་ཀྱི་རོ་ལའང་མཁས་ཏེ། ཏིང་ངེ་འཛིན་ལ་དབང་དུ་གྱུར་པས་གཞན་གྱི་དྲིང་ལ་མི་འཇོག་ཅིང་ཏིང་ངེ་འཛིན་ཀྱི་དབང་དུ་མི་འགྱུར་ཏེ། ཏིང་ངེ་འཛིན་ལས་དབང་དང་མཐུ་ཡང་ཐོབ་བོ། །ཏིང་ངེ་འཛིན་ལས་དཀའ་བ་ཅུང་ཟད་ཀྱང་མེད་པར་འདོད་པ་བཞིན་དུ་གང་ཟག་དེས་དེ་ལྟར་ཏིང་ངེ་འཛིན་ཁྱད་པར་ཅན་དུ་གྱུར་པས་ན། ཏིང་ངེ་འཛིན་གྱི་དབང་པོ་ཐོབ་པ་དང་། ཏིང་ངེ་འཛིན་ གྱི་དབང་པོ་སྦྱོར་བ་ཐོབ་པ་ཞེས་བྱའོ། །འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་དབང་པོ་དང་ལྡན་པ་དང་། ཤེས་རབ་ཀྱི་དབང་པོ་སྦྱོར་བ་ཐོབ་པ་ཞེ་ན། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་དབང་པོ་ཁོང་དུ་ཆུད་ཅིང་རྟོགས་པ་ནི་འདི་ལྟ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་རྣམས་འགོག་པར་འགྱུར་རོ། །གང་ཟག་དེས་དེ་ལྟར་ཤེས་རབ་ཀྱི་གནས་དང་ཤེས་རབ་ ཀྱི་ལས་ཁོང་དུ་ཆུད་ཅིང་རྟོགས་པས་རྟོག་པ་ལས་དབེན་དེ་རྟོག་པ་བཏང་སྙོམས་སུ་གྱུར་པས་མྱ་ངན་ལས་འདའ་བ་ལ་རྗེས་སུ་གཞོལ་བའི་ཤེས་རབ་ཡོངས་སུ་རྫོགས་པར་འགྱུར་རོ། །ཤེས་རབ་ཀྱི་དབང་པོ་ལྷུན་གྱིས་གྲུབ་པས་ཁམས་ གསུམ་འདི་དག་ནི་ཀུན་གཅིག་ཏུ་འབར་བར་ཤེས་སོ། །ཁམས་གསུམ་འདི་དག་ནི་ཐམས་ཅད་ཀྱང་སྡུག་བསྔལ་བ་སྟེ་ཤེས་རབ་དེ་ལྟ་བུས་ན་ཁམས་གསུམ་ན་མི་གནས་སོ། །གང་ཟག་དེས་དེ་ལྟར་ཁམས་གསུམ་འདི་ དག་ཐམས་ཅད་ཀྱིས་སྟོང་པ་ཉིད་དེ། མཚན་མ་མེད་པ། སྨོན་པ་མེད་པ། མ་སྐྱེས་པ། མངོན་པར་འདུས་མ་བྱས་པ། མ་བྱུང་བ། འདུས་བྱས་ཀྱི་ཆོས་ཀྱི་ལམ་ལས་འདས་པ། སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པར་རྟོག་ 55-1-63a པས་མགོའི་ཐོད་ལ་མེ་འབར་བ་བཞིན་དུ་བརྩོན་འགྲུས་ཤིན་དུ་རྩོམ་མོ། །བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་ནི་གཞིག་ནུས་པ་མེད་དེ། ཤེས་རབ་དེ་ལྟ་བུ་ཁོང་དུ་ཆུད་པས་ཁམས་གསུམ་ལས་ཤིན་དུ་འདས་ཏེ་ཁམས་ ཀྱི་དངོས་པོ་ལ་མི་གནས་སོ། །འདུས་བྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བཅད་དེ། རྣམ་པར་ཆགས་པ་དང་བཅིངས་བའི་ཆོས་ལ་མི་གནས་སོ། །འདོད་པའི་རྣམ་པ་ལྔ་ལ་སེམས་ཀྱིས་སྐྱོ་ཞིང་གཟུགས་ཡོད་པ་དང་གཟུགས་མེད་པའི་ཁམས་ ལ་མི་གནས་པས་ཤེས་རབ་ཁྱད་པར་ཅན་དང་ལྡན་ཞིང་རྒྱ་མཚོ་ཆེན་པོ་ལྟར་ཡོན་ཏན་ཚད་མེད་པ་དང་ལྡན་ནོ། །ཤེས་རབ་དེས་ན་ཆོས་ཐམས་ཅད་ཀྱི་སྦྱོར་བ་ལ་ཐོགས་པ་མེད་པར་འགྱུར་རོ། །གང་ཟག་དེས་དེ་ལྟར་ཤེས་རབ་ཀྱི་ཁམས་ གསུམ་ཁོང་དུ་ཆུད་ཅིང་རྟོགས་པས་ཁམས་གསུམ་ལ་སེམས་མི་ཆགས་ཏེ་ཤེས་རབ་ཁྱད་པར་ཅན་དུ་གྱུར་པས་ཤེས་རབ་ཀྱི་དབང་པོ་དང་། ཤེས་རབ་ཀྱི་སྦྱོར་བ་ཐོབ་པ་ཞེས་བྱའོ། །འཇིག་རྟེན་འཛིན་ཅིའི་ཕྱིར་དབང་པོ་ཞེས་བྱ་ཞེ་ན། མཆོག་ ཏུ་གྱུར་པའི་ཕྱིར་དབང་པོ་ཞེས་བྱ། མི་གཡོ་བའི་ཕྱིར་དབང་པོ་ཞེས་བྱ། མི་ཤིགས་པའི་ཕྱིར་དབང་པོ་ཞེས་བྱ། ཕྱིར་མི་ལྡོག་པའི་ཕྱིར་དབང་པོ་ཞེས་བྱ། གཞན་གྱི་དྲིང་མི་འཇོག་པའི་ཕྱིར་དབང་པོ་ཞེས་བྱ། མི་འཕྲོགས་པའི་ཕྱིར་དབང་ པོ་ཞེས་བྱ། ཡང་དག་པའི་ཆོས་ལ་གཞོལ་བའི་ཕྱིར་དབང་པོ་ཞེས་བྱ། མི་ཆགས་པའི་ཕྱིར་དབང་པོ་ཞེས་བྱ། མ་བྲལ་བའི་ཕྱིར་དབང་པོ་ཞེས་བྱའོ། །གཞན་ཡང་འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ སེམས་ཅན་རྣམས་ཀྱིས་དབང་པོ་ལ་ཤིན་དུ་མཁས་པའི་དབང་པོ་རྣམས་ཀྱི་ཁྱད་པར་སློབ་པ་ལ་ཡང་མཁས་པར་བྱེད་དོ། །བྱང་ཆུབ་སེམས་དཔས་འདོད་ཆགས་དང་ལྡན་པའི་སེམས་ཀྱི་དབང་པོ་རྣམས་ཀྱང་ཤེས། སེམས་ ཅན་འདོད་ཆགས་དང་བྲལ་བའི་དབང་པོ་ཡང་ཤེས། སེམས་ཅན་ཞེ་སྡང་དང་ལྡན་པའི་དབང་པོ་ཡང་ཤེས། སེམས་ཅན་ཞེ་སྡང་དང་བྲལ་བའི་དབང་པོ་ཡང་ཤེས། སེམས་ཅན་གཏི་མུག་དང་ལྡན་པའི་དབང་པོ་ཡང་ཤེས། 55-1-63b སེམས་ཅན་གཏི་མུག་དང་བྲལ་བའི་དབང་པོ་ཡང་ཤེས། སེམས་ཅན་ངན་སོང་དུ་ལྟུང་བར་འགྱུར་བའི་དབང་པོ་ཡང་ཤེས། སེམས་ཅན་ལྷར་སྐྱེ་བ་དང་མིར་སྐྱེ་བའི་དབང་པོ་ཡང་ཤེས། སམས་ཅན་དེས་པའི་སེམས་ཅན་གྱི་དབང་པོ་ ཡང་ཤེས། སེམས་ཅན་གྱི་དབང་པོ་རབ་དང་། སེམས་ཅན་གྱི་དབང་པོ་འབྲིང་དང་། སེམས་ཅན་གྱི་དབང་པོ་ཐ་མ་ཡང་ཤེས། སེམས་ཅན་གྱི་དབང་པོ་ཉམས་པ་དང་། སེམས་ཅན་གྱི་དབང་པོ་མ་ཉམས་པ་ཡང་ཤེས། སེམས་ཅན་ བརྩོན་པ་དང་མི་བརྩོན་པའི་དབང་པོ་ཡང་ཤེས། སེམས་ཅན་ཐབས་ལ་མཁས་པ་དང་། ཐབས་ལ་མི་མཁས་པ་ཡང་ཤེས། སེམས་ཅན་ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། དྲི་མ་དང་བཅས་པ་དང་། དྲི་མ་མེད་པ་དང་། ཞེ་སྡང་དང་བཅས་པ་དང་། ཞེ་སྡང་མེད་པ་དང་། རྗེས་སུ་གཞོལ་བ་དང་། རྗེས་སུ་མི་གཞོལ་བ་དང་། ཐོགས་པ་དང་བཅས་པ་དང་། ཐོགས་པ་མེད་པ་ལ་དབང་པོ་ཡང་ཤེས། སེམས་ཅན་གྱིས་འདོད་པའི་ཁམས་ ཀྱི་འདུ་བྱེད་དང་། གཟུགས་ཡོད་པའི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་འདུ་བྱེད་ཀྱི་དབང་པོ་ཡང་ཤེས། སེམས་ཅན་གྱི་དགེ་བའི་རྩ་བ་སྡུག་པ་དང་། དགེ་བའི་རྩ་བ་སྲབ་པ་དང་། ངེས་པ་དང་། མ་ངེས་པ་དང་། ལོག་པར་ ངེས་པའི་དབང་པོ་ཡང་ཤེས། སེམས་ཅན་སེར་སྣ་དང་བཅས་པ་དང་། སེར་སྣ་མེད་པ་དང་། རྒོད་པ་དང་། མི་རྒོད་པ་དང་། སླུ་བའི་ཆོས་ཅན་དང་། མི་སླུ་བའི་ཆོས་ཅན་དང་། འཕྱར་བ་དང་། མི་འཕྱར་བ་དང་། ཁྲོ་ཞིང་མི་བཟོད་པ་དང་། དེས་ཤིང་ བཟོད་པ་དང་། ཤིན་དུ་སེར་སྣ་དང་བཅས་པ་དང་། སྦྱིན་པ་དང་ལྡན་པའི་དབང་པོ་ཡང་ཤེས། སེམས་ཅན་གྱི་དད་པའི་དབང་པོ་དང་། མ་དད་པའི་དབང་པོ་དང་། སྟི་སྟང་དང་བཅས་པ་དང་། སྟི་སྟང་མེད་པ་དང་། ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ ཁྲིམས་རྣམ་པར་མ་དག་པ་དང་། བཟོད་པ་དང་ལྡན་པ་དང་། ལེ་ལོ་དང་བཅས་པ་དང་། བརྩོན་འགྲུས་དང་ལྡན་པ་དང་། སེམས་གཡེང་བ་དང་། སེམས་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་དང་། འཆལ་བའི་ཤེས་རབ་དང་། ཤེས་རབ་ལྡན་ 55-1-64a པ་དང་། གླེན་པ་དང་། གླེན་པ་མེད་པ་དང་། ང་རྒྱལ་དང་བཅས་པ་དང་། ང་རྒྱལ་མེད་པ་དང་། ཡང་དག་པའི་ལམ་སྤྱོད་པ་དང་། ལམ་ངན་པ་སྤྱོད་པ་དང་། དྲན་པ་ཉམས་པ་དང་། དྲན་པ་དང་ལྡན་པ་དང་། བློ་དང་ལྡན་པ་དང་། དབང་པོ་འཁྲུགས་ པ་དང་། དབང་པོ་སྡུད་པ་དང་། དབང་པོ་ཉམས་པ་དང་། དབང་པོ་མ་ཉམས་པ་དང་། དབང་པོ་མ་དག་པ་དང་། དབང་པོ་དག་པ་དང་། ཐེག་པ་ཆུང་ངུའི་དབང་པོ་དང་། རང་སངས་རྒྱས་ཀྱི་དབང་པོ་དང་། བྱང་ཆུབ་སེམས་དཔའི་དབང་པོ་དང་། བླ་ན་མེད་པའི་ བྱང་ཆུབ་ཀྱི་དབང་པོ་ཡང་ཤེས་སོ། །བྱང་ཆུབ་སེམས་དཔའ་དེས་དེ་ལྟར་དབང་པོའི་ཁྱད་པར་དང་སྦྱོར་བ་ལས་ཤིན་དུ་འདས་པས་སེམས་ཅན་དེ་དག་གི་དབང་པོའི་ཁྱད་པར་རྣམ་པར་འབྱེད་པ་ལ་མཁས་པ་ཞེས་བྱའོ། །ཤེས་རབ་ཀྱིས་གཞན་གྱི་ དྲིང་ལ་མི་འཇོག་པའི་ཕྱིར་དབང་པོའི་སྦྱོར་བ་ཐོབ་པ་ཞེས་བྱའོ། །གཞན་གྱིས་མི་འཕྲོགས་པ་ཞེས་བྱ། མི་ཤིགས་པ་ཞེས་བྱ་ཕྱིར་མི་ལྡོག་པ་ཞེས་བྱ། སྦྱོར་བ་ཞེས་བྱ། སྟོབས་ཐོབ་པ་ཞེས་བྱ། དབང་པོ་ལ་འཇུག་པ་ཞེས་བྱ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ལ་སོགས་པའི་དབང་པོ་ཐོབ་པ་ཞེས་བྱ། དབང་པོ་མཆོག་ཐོབ་པ་ཞེས་བྱ། མི་འཇིགས་མི་གཡོ་བ་ཐོབ་པ་ཞེས་ བྱ། ཕ་རོལ་དུ་ཕྱིན་པ་ཞེས་བྱ། ཚད་མེད་པའི་ཡོན་ཏན་ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། ཆོས་ཐམས་ཅད་ལ་མཐུ་དང་དབང་མྱུར་དུ་ཐོབ་པར་འགྱུར་རོ། །དབང་པོ་ལྔ་ཞེས་བྱ་བའི་ལེའུ་སྟེ་བདུན་ནོ།། །། འཇིག་རྟེན་འཛིན་ཅེས་བྱ་ བའི་མདོ་བམ་པོ་བཞི་པ་སྟེ་ཐ་མ། འཇིག་རྟེན་འཛིན་གཞན་ཡང་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཕགས་པའི་ལམ་ལ་མཁས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ འཕགས་པའི་ལམ་ལ་བདེ་བར་གནས་པ་དག་གི་ལམ་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། འཕགས་པའི་ལམ་བརྒྱད་དེ། དེ་དག་ཀྱང་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་ 55-1-64b དང་ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །འཇིག་རྟེན་འཛིན་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ པོ་ལ་སྤྱོད་པ་ནི་གང་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་ལ་སྦྱོར་བ་ཐོབ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་ལྟ་བར་གྱུར་པས་ཡང་དག་པར་ལྟ་བ་ལ་བདེ་བར་གནས་ཏེ། ལྟ་བ་ཐམས་ ཅད་ཡོངས་སུ་གཅད་པའི་ཕྱིར་ལམ་ལ་ནན་ཏན་དུ་བྱེད་དེ། ལྟ་བ་ཐམས་ཅད་ཡོངས་སུ་གཅད་པའི་ཕྱིར་ལམ་ལ་བདེ་བར་གནས་ཤིང་མྱ་ངན་ལས་འདས་པར་ལྟ་བ་དང་། སངས་རྒྱས་སུ་ལྟ་བའི་བར་དུ་ཡང་ཡོངས་སུ་གཅོད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་ཇི་ཙམ་དུ་ལྟ་བར་གྱུར་པ་ཐམས་ཅད་ནི་མྱ་ངན་ལས་འདའ་བར་ལྟ་བ་དང་། སངས་རྒྱས་སུ་ལྟ་བའི་བར་དུ་ཐམས་ཅད་ཀྱང་ངན་པར་ལྟ་བ་སྟེ། ལྟ་བ་ལ་ཆགས་པ་ཐམས་ཅད་ཡོངས་སུ་འཇིག་ཅིང་གཞོམ་པའི་ཕྱིར་ཡང་དག་ པར་ལྟ་བ་ཞེས་བྱའོ། །གཞན་ཡང་ལྟ་བ་མེད་ཅིང་ལྟ་བར་མི་ལེན་པ་དང་། མི་སེམས་པ་དང་། མི་ཆགས་པ་དང་། མི་དམིགས་པ་དང་། མི་སྤྱོད་པ་དང་། ལྟ་བ་ཐམས་ཅད་དུ་རྣམ་པར་མི་རྟོག་པ་ནི་ཡང་དག་པར་ལྟ་བ་ཞེས་བྱའོ། །ཡང་དག་པར་ལྟ་བ་ དེས་ཅི་མཐོང་ཞེ་ན། འཇིག་རྟེན་འདི་དག་ཐམས་ཅད་ཡང་དག་པ་མ་ཡིན་པའི་ཕྱིན་ཅི་ལོག་ཏུ་ལྟ་བས་ཡོངས་སུ་བཅིངས་པར་མཐོང་ངོ་། །དེ་ལྟར་མཐོང་བའི་ཚེ་ན་ལྟ་བ་ཐམས་ཅད་ཡོངས་སུ་གཅད་པ་ལ་བདེ་བར་གནས་པ་ཞེས་བྱའོ། །ཡང་དག་པར་ ལྟ་བ་དེ་ཉིད་ལ་ཡང་མི་སེམས། མི་ལྟ། མི་ཆགས། རྣམ་པར་མི་རྟོག་སྟེ། མྱ་ངན་ལས་འདས་པར་ལྟ་བ་དང་། སངས་རྒྱས་སུ་ལྟ་བའི་བར་དུ་མེད་པ་ནི་ལྟ་བ་ཐམས་ཅད་མི་སྐྱེད་པ་ལ་ནན་ཏན་བྱེད་པའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་ཡང་དག་པར་ལྟ་ བས་ཆོས་ཐམས་ཅད་རབ་ཏུ་ཞི་བ་དང་། རང་བཞིན་གྱིས་མི་སྐྱེ་མི་འགོག་ཅིང་མྱ་ངན་ལས་འདས་པ་དང་མཐུན་པ་གང་ཞེ་ན། འདི་ལྟར་མི་རྟོག་པ་དང་རྣམ་པར་མི་རྟོག་པའི་ཆོས་ཐམས་ཅད་ལ་མི་རྟོག་རྣམ་པར་མི་རྟོག་མངོན་སུམ་དུ་བྱེད་པ་ 55-1-65a ཡང་མ་ཡིན། མི་མཐོ། མི་དམའ། མི་ལེན་མི་གཏོང་བ་སྟེ། དེ་ནི་འཇིག་རྟེན་ལས་འདས་པའི་ཡང་དག་པར་ལྟ་བ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་འཇིག་རྟེན་ལས་འདས་པའི་ཡང་དག་པར་ལྟ་བ་གང་ཞེ་ན། གང་འཇིག་རྟེན་དུ་ཡང་ མི་དམིགས། འཇིག་རྟེན་ལས་འདས་པར་ཡང་མི་དམིགས། འཇིག་རྟེན་ལས་རྒལ་བར་ཡང་མི་དམིགས་ཏེ་རྣམ་པར་མི་རྟོག་པས་ན་འཇིག་རྟེན་ལས་འདས་པའི་ཡང་དག་པར་ལྟ་བ་ཞེས་བྱའོ། །གཞན་ཡང་ཡང་དག་པར་ལྟ་བ་ཞེས་བྱ་བ་ ནི་འཇིག་རྟེན་ལ་ཇི་ལྟར་ཤེས་པ་དང་མཐོང་བ་ལྟར་འཇིག་རྟེན་ལས་འདས་པ་ཡང་དེ་བཞིན་ཏེ། གང་འཇིག་རྟེན་དང་། གང་འཇིག་རྟེན་ལས་འདས་པར་ཡང་རྣམ་པར་མི་རྟོག་ཅིང་རྣམ་པར་རྟོག་པའི་འདུ་ཤེས་ཐམས་ཅད་ཡོངས་སུ་གཅད་པའི་ ཕྱིར་འཇིག་རྟེན་ལས་འདས་པའི་ཡང་དག་པར་ལྟ་བ་ཞེས་བྱའོ། །གང་ཞིག་ངན་པར་ཡང་མི་ལྟ་ལ། ཡང་དག་པར་ཡང་མི་ལྟ་ཞིང་སེམས་ཀྱིས་རྟོག་པ་ཐམས་ཅད་ཡོངས་སུ་བཅད་པ་ནི་ཡང་དག་པར་ལྟ་བ་ཞེས་བྱའོ། །གཞན་ཡང་ ཡང་དག་པར་ལྟ་བ་ནི་ཆོས་ཐམས་ཅད་ལ་ཁྱད་པར་མེད་པ་ནི་ཡང་དག་པར་ལྟ་བ་ཞེས་བྱའོ། །གཞན་ཡང་ཡང་དག་པར་ལྟ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ངན་པར་ལྟ་བའི་དོན་ཤེས་པའོ། །གཞན་ཡང་ཡང་དག་པར་ལྟ་བ་ནི་ངན་ པར་ལྟ་བ་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་སྟེ། དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་ལྟ་བ་བདེ་བར་གནས་པ་ཞེས་བྱའོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པར་ལྟ་བ་ ལ་བདེ་བར་གནས་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་རྟོག་པ་ཤེས་ཏེ། དེ་འདི་སྙམ་དུ་ཇི་ཙམ་དུ་རྟོག་པར་གྱུར་པ་ཐམས་ཅད་ལོག་པ་ཡིན་པས་མྱ་ངན་འདས་པར་རྟོག་པ་འམ། སངས་རྒྱས་སུ་རྟོག་པའི་བར་དུ་ཐམས་ཅད་ ངན་པར་རྟོག་པའོ་སྙམ་དུ་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་རྟོག་པ་ཡོངས་སུ་བཅད་པ་ནི་ཡང་དག་པར་རྟོག་པ་ཞེས་བྱའོ། །རྣམ་པར་མི་རྟོག་པ་ནི་ཡང་དག་པར་རྟོག་པའོ། །རྣམ་པར་རྟོག་པ་དང་བཅས་པ་ནི་རྣམ་པར་རྟོག་ 55-1-65b པའོ་དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་རྟོག་པ་ཐམས་ཅད་ཀྱི་མཚན་ཉིད་མཐོང་ཞིང་ཤེས་པས་ན་ངན་པར་རྟོག་པ་མེད་དེ། གང་ཟག་དེ་ནི་འདི་འམ་གཞན་ཞེས་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་ལྟར་ཡང་དག་པའི་རྟོག་པ་ལ་གནས་པས་ ན་ཡང་དག་པར་རྟོག་པ་འམ་ངན་པར་ཡང་རྣམ་པར་མི་རྟོག་སྟེ། དེ་ལྟར་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བས་རྣམ་པར་རྟོག་པ་ལས་འདས་ཏེ་ཡང་དག་པའི་རྟོག་པ་ཞེས་བྱའོ། །ཡང་དག་པར་རྟོག་པ་ཞེས་བྱ་བ་ནི་རྣམ་པར་རྟོག་ པ་ཐམས་ཅད་ལས་ཡང་དག་པ་མ་ཡིན་པ། མི་བདེན་པ། ཕྱིན་ཅི་ལོག་ལས་བྱུང་བར་མཐོང་ཞིང་ཤེས་ཏེ། རྣམ་པར་རྟོག་པ་ཐམས་ཅད་ལ་རྣམ་པར་མི་རྟོག་གོ། །དེ་ལྟར་ཡང་དག་པར་རྟོག་པ་ལས་གནས་ནས་ཡང་དག་པ་འམ་ངན་པར་ རྟོག་པ་ལ་མི་དམིགས་ཏེ། རྣམ་པར་རྟོག་པ་དང་བྲལ་བ། རྣམ་པར་རྟོག་པ་ལས་འདས་པ། རྣམ་པར་རྟོག་པ་ཡོངས་སུ་བཅད་པས་ན་ཡང་དག་པར་རྟོག་པ་ཞེས་བྱའོ། །དེ་ལྟར་དེའི་ཚེ་ན་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་མ་བཅིངས་ཏེ། རྣམ་པར་རྟོག་པ་ཐམས་ཅད་ཀྱི་རང་བཞིན་མཉམ་པར་ཤེས་ཤིང་མཐོང་བ་ནི་ཡང་དག་པར་རྟོག་པ་ལས་གནས་པ་ཞེས་བྱའོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་ངག་ལ་རྩོམ་པ་ ནི་ཇི་སྙེད་ཀྱི་ཚིག་ཏུ་སྨྲ་བ་ཐམས་ཅད་ཡང་དག་པ་མ་ཡིན་པ། མི་བདེན་པ། ཕྱིན་ཅི་ལོག་ལས་བྱུང་བ། ལོག་པར་བརྟགས་པ། རྒྱུ་དང་རྐྱེན་མང་པོ་ལས་བྱུང་བར་ཤེས་ནས་འདི་སྙམ་དུ་ཇི་ཙམ་དུ་ཚིག་ཏུ་སྨྲ་བ་ཉིད་ལ་དམིགས་སུ་མེད་དེ། ཚིག་ ཐམས་ཅད་འགགས་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ངག་གི་ལས་ཐམས་ཅད་ཤེས་པ་ནི་ཡང་དག་པའི་ངག་ཅེས་བྱའོ། །ཚིག་ཏུ་སྨྲ་བའི་ངག་དེ་ཉིད་ཀྱང་གང་ནས་ཀྱང་མ་འོངས་ལ་གང་དུ་ཡང་མི་འགྲོ་བ་མཐོང་ན་ཡང་དག་པའི་ངག་ཅེས་ བྱའོ། །དེ་ལྟར་དེའི་ཚེ་ན་ཡང་དག་པའི་མཚན་ཉིད་ལ་བདེ་བར་གནས་པས་ཇི་ཙམ་དུ་ཚིག་ཏུ་སྨྲ་བ་ཐམས་ཅད་ཡང་དག་པའི་ངག་ཅེས་བྱའོ། །དེ་བས་ན་ཡང་དག་པའི་ངག་ལ་བདེ་བར་གནས་ན་དོན་དམ་པའི་རྣམ་པར་དག་པའི་ངག་གི་ལས་ 55-1-66a ལ་གནས་པ་ཞེས་བྱ་སྟེ། ངག་གི་ལས་ཀྱི་མཚན་ཉིད་ཤེས་ཤིང་མཐོང་བ་དང་། ཚིག་ཏུ་སྨྲ་བའི་ངག་ཐམས་ཅད་ཁོང་དུ་ཆུད་ཅིང་ཚིག་ཏུ་སྨྲ་བ་ཐམས་ཅད་འཁྲུལ་པ་མེད་པས་དེ་བས་ན་ཡང་དག་པའི་ངག་ལ་གནས་པ་ཞེས་བྱའོ། ། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལས་ཐམས་ཅད་ལ་ངན་པ་ལོག་པའི་ལས་སུ་ཤེས་སོ། །ལས་ཐམས་ཅད་ལ་ཡང་དག་པ་མ་ཡིན་པ། ཅི་ཡང་མེད་པ། མངོན་པར་འདུས་མ་བྱས་པ། མ་བྱུང་བར་ ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། ལས་ཐམས་ཅད་ལ་ངེས་པའི་མཚན་ཉིད་མེད་དེ། ལས་ཐམས་ཅད་འགོག་པའི་ཕྱིར་ཡང་དག་པའི་ལས་ཤེས་སོ། །ཡང་དག་པའི་ལས་ཤེས་བྱ་བ་ནི་ལས་ངན་པ་འམ་ལས་ཡང་དག་པར་རྣམ་པར་མི་རྟོག་ གོ། །ལས་རྣམས་ཀྱི་མཉམ་པ་ཉིད་ལ་ཞུགས་པས་ལོག་པ་འམ་ཡང་དག་པར་རྣམ་པར་མི་རྟོག་པས་དེའི་ཕྱིར་ཡང་དག་པའི་ལས་ཤེས་བྱའོ། །ཡང་དག་པའི་ལས་ཤེས་བྱ་བ་ནི་ཁམས་གསུམ་ལ་མ་ཆགས་པའི་དོན་ཡང་དག་པའི་ཇི་ ལྟ་བ་བཞིན་དུ་ཤེས་ཤིང་མཐོང་བའི་དོན་ཏོ། །ཡང་དག་པའི་དེ་ཁོ་ན་ཉིད་ལ་མཉམ་པ་ཉིད་དུ་གྱུར་པས་ཡང་དག་པའམ་ལོག་པར་མི་རྟོག་གོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ཡང་དག་པའི་ལས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལས་ ཐམས་ཅད་ཤེས་ཤིང་མཐོང་བའི་ཕྱིར་ཆོས་ཐམས་ཅད་མི་ལེན། མི་མཐོང་སྟེ་དེ་བས་ན་ཡང་དག་པའི་ལས་ཀྱི་མཐའ་ལ་ནན་ཏན་བྱེད་པ་ཞེས་བྱའོ། །ཡང་དག་པའི་ལས་ལ་ལས་ངན་པ་མེད་དེ་ཡང་དག་པ་ཇི་ལྟ་བ་ བཞིན་དུ་ཤེས་ཤིང་མཐོང་བས་ཡང་དག་པའི་ལས་ཀྱི་མཐའ་ལ་གནས་པ་ཞེས་བྱའོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཚོ་བ་ཐམས་ཅད་ལ་ལོག་པའི་འཚོ་བར་ཤིན་ཏུ་ ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་འཚོ་བའི་མཚན་མ་དང་། ཆོས་ཀྱི་མཚན་མ་དང་། ལེན་པའི་མཚན་མ་ནས་མྱ་ངན་ལས་འདའ་བའི་མཚན་མ་དང་སངས་རྒྱས་ཀྱི་མཚན་མའི་བར་དང་། རྣམ་པར་དག་པ་དང་སངས་ 55-1-66b རྒྱས་སུ་མཚན་མར་འཛིན་ཏེ། དེ་ལ་ཚོར་བ་རྣམ་པར་དག་པར་འཛིན་ན་ལོག་པར་འཚོ་བ་ཞེས་བྱའོ། །ཡང་དག་པར་འཚོ་བ་ནི་འཚོ་བའི་ཡོ་བྱད་ལ་ཆགས་པ་ཐམས་ཅད་བཏང་སྟེ་ཚོང་དཔོགས་ཀྱང་ཡོངས་སུ་བཅད་ ནས་རྟོག་པ་མེད་ཅིང་སྤྲོས་པ་མེད་ལ་སྤྲོས་པ་ཐམས་ཅད་ལས་འདས་པ་ནི་ཡང་དག་པའི་འཚོ་བ་ཞེས་བྱའོ། །ཡང་དག་པའི་འཚོ་བ་ལ་ངན་པའི་འཚོ་བ་འམ། ཡང་དག་པའི་འཚོ་བར་རྣམ་པར་མི་རྟོག་པ་ནི་ཐམས་ཅད་དུ་ རྣམ་པར་དག་པའི་འཚོ་བ་འཐོབ་པར་འགྱུར་བས་དེ་བས་ན་རྣམ་པར་དག་པའི་ཡང་དག་པའི་འཚོ་བ་ཐོབ་པ་ཞེས་བྱའོ། །གཞན་ཡང་འཚོ་བ་ཐམས་ཅད་ནི་ཀུན་ཀྱང་མ་སྐྱེས་པས་ལོག་པ་འམ་ཡང་དག་པ་མེད་དེ། གང་ཟག་དེ་ནི་རྣམ་པར་དག་པའི་འཚོ་བ་ཐོབ་ཅིང་ཡང་དག་པའི་ལམ་ལ་བདེ་བར་གནས་པ་སྤྲོས་པ་མེད་པའོ། །ཡང་དག་པའི་འཚོ་བ་དེ་ལ་གནས་པས་ཡང་དག་པའི་འཚོ་བ་མི་ལེན་ལོག་པར་འཚོ་བ་མི་སྤོང་སྟེ། དེ་བས་ན་ ཡང་དག་པའི་འཚོ་བ་ལ་གནས་པ་ཞེས་བྱའོ། །གང་དེའི་ཚེ་དེ་ལྟར་གྱུར་པ་ནི་ཡང་དག་པ་ལ་གནས་པ་ཞེས་ཀྱང་མི་བྱ། ངན་པ་ལ་གནས་པ་ཞེས་ཀྱང་མི་བྱ་སྟེ། རྣམ་པར་དག་པ་མཉམ་པ་ཉིད་ཀྱི་འཚོ་བ་ཐོབ་སྟེ། འཚོ་བའི་ མཚན་མ་དང་བྲལ་བས་གཡོ་བ་མེད། མངོན་པར་འདུ་བྱ་བ་མེད། འཚོ་བར་མི་ཏོག །འཚོ་བ་མ་ཡིན་པར་མི་རྟོག་གོ། །དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་སྟེ། དེ་བས་ན་ཡང་ དག་པའི་འཚོ་བ་ལ་གནས་པ་ཞེས་བྱའོ། །འཇིག་རྟེན་འཛིན་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་རྩོལ་བ་ལ་མཁས་པ་ནི་གང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཡང་དག་པའི་རྩོལ་བ་ལ་གནས་པ་ནི་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་བརྩོན་འགྲུས་ཀྱི་ལཾ་ཐམས་ཅད་གཅོད་པའི་ཕྱིར་ཡང་དག་པའི་རྩོལ་བ་ལ་གནས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྩོལ་བ་ཐམས་ཅད་ནི་ 55-1-67a ཀུན་ཀྱང་ལོག་པ་སྟེ། ཇི་ཙམ་དུ་བསྐྱེད་པ་དང་། བྱེད་པ་དང་། སྤྱོད་པ་ཐམས་ཅད་ཀྱང་ལོག་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་བྱེད་པ་ལོག་པ་ལས་བྱས་པར་ཡོད་པར་གྱུར་ཏེ་ཐམས་ཅད་ཡང་དག་པ་མ་ཡིན་ན། ཡང་དག་པ་མ་ཡིན་པས་ན་ལོག་པའོ། །ཡང་དག་པའི་རྩོལ་བ་ཞེས་བྱ་བ་ནི་བསྐྱེད་པ་མེད། བྱས་པ་མེད། སྤྱོད་པ་མེད། སྨོན་པ་མེད་དེ། ཆོས་ཐམས་ཅད་ལ་བྱས་པ་ཡོངས་སུ་བཅད་པའོ། །བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་ བྱེད་པ་ཡོངས་སུ་བཅད་པས་མྱ་ངན་ལས་འདས་པའི་མཚན་མའམ། སངས་རྒྱས་ཀྱི་མཚན་མའི་བར་དུ་ཡང་བྱེད་པའི་མཚན་མ་མི་སྐྱེད་དོ། །དེ་ལྟར་བྱ་བ་ཐམས་ཅད་ལ་ཡང་དག་པ་མ་ཡིན་པར་ཤེས་པས་བྱ་བ་མེད་པའི་ཕྱིར་རྣལ་ འབྱོར་དུ་སྤྱོད་དོ། །གང་ཡང་དག་པའི་རྩོལ་བ་ལ་ནི་མངོན་པར་འདུ་བྱ་བ་མེད་དེ། ཆོས་ཐམས་ཅད་མཉམ་པ། ཁྱད་པར་མེད་པ། མངོན་པར་འདུ་བྱ་བ་མེད་པ། མངོན་པར་འདུ་བྱེད་པའི་མཚན་མ་ལ་ཤིན་དུ་འདས་སོ། །བྱང་ཆུབ་སེམས་ དཔས་དེ་ལྟར་བརྩོན་འགྲུས་ལ་བརྩོན་འགྲུས་མ་ཡིན་པར་ཤེས་ཏེ། མི་ལེན་མི་གཏོང་བས་ཡང་དག་པའི་རྩོལ་བ་ལ་གནས་པ་ཞེས་བྱའོ། །ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས་ལ་དམིགས་སུ་མེད་པའི་དོན་ཏོ། །ཆོས་རྣམས་ལ་ ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་བའི་དོན་ཏོ། །གང་དེ་ལྟར་ཡང་དག་པའི་རྩོལ་བ་མཐོང་བ་ནི་ཡང་དག་པའི་རྩོལ་བའམ་ལོག་པའི་རྩོལ་བར་རྣམ་པར་མི་རྟོག་སྟེ། དེ་བས་ན་ཡང་དག་པའི་བརྩོན་འགྲུས་ཤེས་བྱའོ། ། འཇིན་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་དྲན་པ་ལ་མཁས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པ་ཐམས་ཅད་དྲན་པ་ལོག་པར་ཤེས་ སོ། །ཇི་ཙམ་དུ་དྲན་པ་ཉེ་བར་གཞག་པ་ཐམས་ཅད་དྲན་པ་ལོག་པའོ། །དེ་ཅིའི་ཕྱིར་ཞེ་ན། དྲན་པ་ཐམས་ཅད་ནི་དྲན་པ་ལོག་པ་སྟེ། གལ་ཏེ་གནས་ལ་དམིགས་ནས་དྲན་པ་སྐྱེད་ན་ཡང་དྲན་པ་ལོག་པ་སྟེ། གང་སེམས་པ་དང་དྲན་པ་ 55-1-67b མེད་པ་ནི་ཡང་དག་པའི་དྲན་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དྲན་པ་ཐམས་ཅད་ནི་ཡང་དག་པ་མ་ཡིན་པར་ལོག་པར་དམིགས་པའི་རྐྱེན་ལས་བྱུང་བས་ན་དེའི་ཕྱིར་ཇི་ཙམ་དུ་དྲན་པ་སྐྱེ་བར་གནས་དེ་ཐམས་ཅད་ལོག་པའོ། །དམིགས་པའི་ གནས་མི་སྐྱེ་མི་འགོག་པ་ནི་ཡང་དག་པའི་དྲན་པ་ཞེས་བྱའོ། །གང་དྲན་པའི་ལས་འབྱུང་བའི་གནས་མེད་པ་ནི་རྣམ་པར་དག་པའི་དྲན་པ་ལ་བདེ་བར་གནས་པ་ཞེས་བྱ་སྟེ། དེ་ལ་ནི་དྲན་པ་ལོག་པར་འབྱུང་བའི་གནས་མེད་དོ། །ད་ལྟར་ཆོས་ཐམས་ ཅད་ལོག་པར་ཤེས་ཤིང་མཐོང་བས་ཡང་དག་པའི་ཆོས་ལ་དྲན་པ་མེད་དེ། དེའི་ཕྱིར་ན་ཡང་དག་པའི་དྲན་པ་ལ་གནས་པ་ཞེས་བྱའོ། །ཡང་དག་པའི་དྲན་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནི་ལོག་པའི་དྲན་པ་དང་ཡང་དག་པའི་དྲན་པ་རྣམ་ པར་མི་འབྱེད་པའོ། །དེ་ལྟར་དྲན་པ་ཐམས་ཅད་ལ་དྲན་པའི་མཚན་མ་མེད་པར་ཁོང་དུ་ཆུད་ཅིང་རྟོགས་པས་རྟག་ཏུ་བཏང་སྙོམས་ཀྱི་སེམས་དྲུག་སྤྱོད་དེ། དེའི་ཕྱིར་ན་ཡང་དག་པའི་དྲན་པ་དང་གནས་པ་ཞེས་བྱའོ། །དེ་ལྟར་དེ་ལ་ཆགས་ ཤིང་ཞེན་པ་མེད་པས་དྲན་པ་མེད་པར་ཡང་རྣམ་པར་མི་རྟོག་གོ། །ཆོས་ཐམས་ཅད་ལ་དྲན་པ་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་སོ། །དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་དྲན་པ་ཐམས་ཅད་ཤེས་ཤིང་མཐོང་བས་དྲན་པ་འམ་དྲན་པ་ མ་ཡིན་པར་མི་ལེན། མི་གཏོང་སྟེ། དེ་བས་ན་ཡང་དག་པའི་དྲན་པ་ལ་གནས་པ་ཞེས་བྱའོ། །དེ་ལྟར་དྲན་པ་དེས་མཉམ་པ་འམ་མི་མཉམ་པ་ཉིད་དུ་ཡང་རྣམ་པར་མི་འབྱེད་ལ། དྲན་པ་དང་དྲན་པ་མ་ཡིན་པ་ལའང་མི་འཇུག་མི་དམིགས་སོ། ། དེ་ལྟར་མི་དམིགས་པས་དྲན་པ་ཐམས་ཅད་ལ་དྲན་པ་མ་ཡིན་པར་ཤེས་ཏེ། དྲན་པ་དང་དྲན་པ་མ་ཡིན་པ་ལ་སེམས་མི་བྱེད་དོ། །དེ་ལྟར་དེས་ཡང་དག་པའི་དྲན་པ་ལ་གནས་པས་བསྟན་དུ་མེད། བརྗོད་དུ་མེད། ཚིག་ཏུ་སྨྲ་བའི་ལམ་ཐམས་ ཅད་བཅད་པ། ཚིག་ཏུ་སྨྲ་བའི་ལམ་ཐམས་ཅད་དང་བྲལ་བའོ། །ཡང་དག་པ་ཇི་ལྟ་བ་བཞིན་ཚིག་ཏུ་སྨྲ་བ་ཐམས་ཅད་ཤེས་པས་བདག་གམ་གཞན་དུ་རྣམ་པར་མི་འབྱེད་དོ། །དེ་བས་ན་ཡང་དག་པའི་དྲན་པ་ལ་གནས་པ་ཞེས་བྱའོ། ། 55-1-68a འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་ཏིང་ངེ་འཛིན་ལ་གནས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཏིང་ངེ་འཛིན་ཐམས་ཅད་ལ་ ལོག་པའི་ཏིང་ངེ་འཛིན་དུ་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་ཆོས་ཐམས་ཅད་ལ་ཏིང་ངེ་འཛིན་དུ་མི་དམིགས་པ་ལ་ཞུགས་པ་ལས་ཏིང་ངེ་འཛིན་ལ་མཚན་མར་ཤེས། ཏིང་ངེ་འཛིན་གྱི་དགའ་བ་ལ་འཇུག་པས་ཏིང་ངེ་འཛིན་ ཀྱི་མཚན་མ་ཐམས་ཅད་ལོག་པའོ། །ལོག་པ་ནི་ཆགས་པའི་དོན་ཡིན་གྱི་དེ་ནི་ཏིང་ངེ་འཛིན་ཀྱི་དེ་ལྟ་མ་ཡིན་ནོ། །ཇི་ལྟར་དམིགས་པ་ལ་ཞུགས་པའི་མཚན་མ་ཉིད་ལོག་པའི་མཚན་མ་མེད་ཅིང་རེ་བ་མེད། སྤྲོས་པ་མེད། རྟོག་པ་མེད་ པ་ནི་ཏིང་ངེ་འཛིན་ཅེས་བྱའོ། །གལ་ཏེ་ཆགས་ཤིང་ཞེན་པ་མེད་ན་བདག་གམ་གཞན་དུ་རྣམ་པར་མི་རྟོག་སྟེ། ཆགས་པའི་དགའ་བ་བཅད་ནས་ཏིང་ངེ་འཛིན་གྱི་རོ་ལ་མི་ལེན་ཅིང་ཏིང་ངེ་འཛིན་ཏུ་འཇུག་པའི་མཚན་མ་བཅད་དེ་སེམས་ ཅི་ལ་ཡང་མི་གནས་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། །གཞན་ཡང་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱ་བ་ནི་ཏིང་ངེ་འཛིན་ཐམས་ཅད་ལ་མི་གནས་ཤིང་སྤྲོས་པ་མེད་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་ངོ་བོ་ཉིད་ རྟོགས་པས་ཏིང་ངེ་འཛིན་ཀྱི་མཚན་ཉིད་ལ་ཤིན་དུ་མཁས་ཤིང་སེམས་ཅི་ལའང་མི་ཆགས་པའོ། །བདག་དང་གཞན་དུ་རྟོག་པའི་ལམ་གཅོད་ཅིང་ཇི་སྐད་དུ་སྨྲ་བ་ལ་ཡང་རྣམ་པར་མི་རྟོག་ལ་རྣམ་པར་རྟོག་པ་ཐམས་ཅད་བཅད་པའི་ ཕྱིར་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། །གཞན་ཡང་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱ་བ་ནི་ཏིང་ངེ་འཛིན་ལོག་པ་འམ་ཡང་དག་པའི་འདུ་ཤེས་མི་སྐྱེད་ཅིང་འདུ་ཤེས་ཐམས་ཅད་བཅོམ་པ། འདུ་ཤེས་ཐམས་ཅད་བཅད་པ། འདུ་ཤེས་ཐམས་ཅད་འགགས་པའི་ཕྱིར་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། །ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱ་བ་ནི་ལོག་པ་འམ་ཡང་དག་པ་མི་སྐྱེད་ལ། ལོག་པ་འམ་ཡང་དག་པར་རྣམ་པར་མི་འབྱེད་པ་ནི་ཡང་དག་པའི་ཏིང་ངེ་ 55-1-68b འཛིན་ཅེས་བྱའོ། །དེ་ཅིའི་ཕྱིར་ཞ་ན། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དུ་སྦྱོར་བ་ཐམས་ཅད་ཁོང་དུ་ཆུད་ཅིང་ཡང་དག་པའི་ཏིང་ངེ་འཛིན་ལ་གནས་པས་ཏིང་ངེ་འཛིན་ནམ་ཏིང་ངེ་འཛིན་ཀྱི་མཚན་མས་འཆིང་བར་མི་འགྱུར་ཏེ། ཏིང་ངེ་ འཛིན་ཀྱི་མཚན་མ་ལ་ཤིན་དུ་འདས་པས་ཡང་དག་པའི་ཏིང་ངེ་འཛིན་ལ་གནས་པ་ཞེས་བྱའོ། །གཞན་ཡང་ཆོས་ཐམས་ཅད་ལ་སྤྲོས་པ་མེད་ཅིང་མཉམ་པའི་ཆོས་ལ་ལོག་པ་འམ་ཡང་དག་པར་སྤྲོས་པ་མེད་དོ། །ཡང་དག་པའི་ཏིང་ངེ་ འཛིན་ནི་ཆོས་ཐམས་ཅད་མཉམ་པའི་དོན་ཏོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་ཐམས་ཅད་དང་ཁམས་གསུམ་གྱི་འདུས་བྱས་ཀྱི་ཆོས་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལམ་རྒྱུད་ལྔར་འཁོར་བ་ ཐམས་ཅད་ཤེས་ཤིང་མཐོང་བའི་དོན་ཏོ། །འཇིག་རྟེན་འཛིན་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཕགས་པའི་ལམ་ལ་མཁས་པ་དང་། ལམ་གྱི་སྦྱོར་བ་ལ་མཁས་པ་སྟེ། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་ དུ་ཤེས་ཤིང་མཐོང་བས་མྱ་ངན་ལས་འདས་པའི་བར་དུ་ཕྱིན་པར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་ཅེས་བྱ་བའི་ལེའུ་སྟེ་བརྒྱད་དོ།། །། འཇིག་རྟེན་འཛིན་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ལ་མཁས་པ་ནི་གང་། འཇིག་རྟེན་དང་འཇིན་རྟེན་ལས་འདས་པའི་ཆོས་ལ་སྦྱོར་བ་ཐོབ་པ་ནི་གང་ཞེ་ན། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ དང་འཇིག་རྟེན་ལས་འདས་པའི་ཆོས་ཡང་དག་པ་ཉིད་དུ་རྟོགས་སོ། །དེ་ལ་འཇིག་རྟེན་གྱི་ཆོས་གང་ཞེ་ན། བྱང་ཆུབ་སེམས་དཔའ་འདི་སྙམ་དུ་ཇི་ཙམ་དུ་ཆོས་ལ་རྟོག་པ་དང་རྣམ་པར་རྟོག་པ་ནི་ཕྱིན་ཅི་ལོག་ལས་སྐྱེས་ཏེ་རྒྱུ་དང་རྐྱེན་ཀྱིས་ བསྐྱེད་པས་ཡང་དག་པ་མ་ཡིན་པ་ལ་རག་ལུས་སོ། །མཚན་མ་གཉིས་ལས་བྱུང་བས་སྟོང་པ་ཅི་ཡང་མེད་པ་ནི་ཉ་ཕྱིས་ལ་སྣང་བའི་ཁ་དོག་སྣ་ཚོགས་དང་མེ་འགལ་བསྐོར་བ་ལྟ་བུ་སྟེ་བུས་པ་སོ་སོའི་སྐྱེ་བོ་དག་སླུ་བའོ། །འཇིག་ཅིང་ 55-1-69a ཉམས་པའི་ཆོས་ཅན་ལས་བླ་དགས་སུ་འཇིག་རྟེན་ཅེས་བཏགས་པ་སྟེ་དེ་ལ་འཇིག་རྟེན་ཞེས་བྱའོ། །འཇིག་རྟེན་གྱི་ཆོས་འདི་དག་ནི་ཐམས་ཅད་བདེན་པ་མ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་རྐྱེན་ལས་སྐྱེས་པར་བྱས་པ་དང་བྱུང་ བའི་མཚན་ཉིད་མེད་དེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ལ་བཏགས་ཏེ་མིང་དང་གཟུགས་ཀྱི་ཕྱིར་བཤད་དོ། །བུས་པ་སོ་སོའི་སྐྱེ་བོ་སེམས་ཆགས་ཤིང་ཞེན་པས་རྣམ་པ་སྣ་ཚོགས་ཀྱི་ རྗེས་སུ་ཆགས་ཤིང་ཞེན་པ་ནི་ཁ་ཚར་དར་འཛིངས་པ་འམ། རྩྭ་ཁྲི་ཤིང་གླགས་པ་གཅིག་ལ་གཅིག་འབྲེལ་བ་ལྟ་བུ་སྟེ་ཕྱིན་ཅི་ལོག་དང་ལྡན་པ་རྗེས་སུ་འཇིག་རྟེན་གྱི་ཆོས་ཤེས་བརྗོད་དོ། །དེ་ལ་འཇིག་རྟེན་ལས་འདས་པའི་ཆོས་གང་ཞེ་ན། ཇི་ལྟར་ འཇིག་རྟེན་གྱི་ཆོས་ཐོགས་མ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་དབེན་པ་ནི་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མཁས་པ་དག་ནི་འཇིག་རྟེན་གྱི་ཆོས་ཀྱིས་དམིགས་སུ་མེད། འཇིག་རྟེན་ལས་འདས་པའི་ཆོས་ ཀྱང་དམིགས་སུ་མེད་དེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གནས་ཀྱང་དམིགས་སུ་མེད་དོ། །དེ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཡང་རྣམ་པར་བརྟག་ཏུ་མེད་དེ། འཇིག་རྟེན་ཀྱི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བརྗིད་ཀྱི་ འཇིག་རྟེན་གྱི་ཡང་དག་པའི་མཚན་ཉིད་ནི་འཇིག་རྟེན་ལས་འདས་པའོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ཞེས་བྱ་བ་ལ་ངེས་པའི་མཚན་ཉིད་དུ་དམྱིགས་སུ་མེད་དོ། །འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་མཚན་ཉིད་ནི་ཐོག་མ་ ནས་སྟོང་པ་ཉིད་དེ་འཇིག་རྟེན་གྱི་ཆོས་ལ་ངེས་པའི་མཚན་ཉིད་མེད་པའི་ཕྱིར་རོ། །འཇིག་རྟེན་ནི་ཐོག་མ་ནས་རབ་ཏུ་ཞི་བའི་མཚན་ཉིད་དོ། །བྱང་ཆུབ་སེམས་དཔས་དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ལ་དམིགས་ སུ་མེད་པར་རྟོག་པས་འཇིག་རྟེན་གྱི་ཆོས་ལ་ཡང་མི་ཆགས། འཇིག་རྟེན་ལས་འདས་པ་ལ་ཡང་མི་ཆགས་སོ། །དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ལ་མི་རྟོན་ཅིང་མི་ཆགས་པས་འཇིག་རྟེན་དང་རྩོད་པར་ 55-1-69b མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མཁས་པ་དག་ནི་འཇིག་རྟེན་ལ་ཡང་དག་པ་མ་ཡིན་པའི་མཚན་ཉིད་ཁོང་དུ་ཆུད་ཅིང་རྟོགས་སོ། །འཇིག་རྟེན་ལ་ཡང་དག་པ་མ་ཡིན་པར་མཐོང་བས་འཇིག་རྟེན་ནམ་འཇིག་རྟེན་ལས་འདས་ པར་མི་རྟོག་གོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་འཇིག་རྟེན་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་དོན་ཏོ། །འཇིག་རྟེན་གྱི་ཆོས་ཐམས་ཅད་དེར་མ་འདུས་པ་མེད་དེ་མཁས་པ་དག་གིས་བརྟགས་ན་ཕུང་པོ་མེད་དེ། ཕུང་པོས་ཕུང་པོར་མི་དམིགས། ཕུང་པོའི་རང་བཞིན་དུ་མི་དམིགས། ཕུང་པོ་འོངས་པའི་གནས་དམིགས་སུ་མེད། འདུག་པའི་གནས་ཀྱང་དམིགས་སུ་མེད། སོང་བའི་གནས་ཀྱང་དམིགས་སུ་མེད་དེ། ཕུང་པོ་ལྔ་དང་། སྐྱེ་མཆེད་ བཅུ་གཉིས་དང་། ཁམས་བཅྭ་བརྒྱད་ཀྱང་དམིགས་སུ་མེད། རྣམ་པར་བརྟག་ཏུ་མེད། མིང་མེད། རང་བཞིན་མེད། མཚན་ཉིད་མེད་སྤྱོད་དུ་མེད་པས་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །འཇིག་རྟེན་འཛིན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཡོངས་སུ་རྟོག་པའི་ཚེ་འཇིག་རྟེན་གྱི་ཆོས་རྣམས་འཇིག་རྟེན་ལས་འདས་པའི་ཆོས་དང་ལྷན་ཅིག་པ་མ་ཡིན། འཇིག་རྟེན་ལས་ འདས་པའི་ཆོས་ཀྱང་འཇིག་རྟེན་གྱི་ཆོས་དང་བྲལ་བ་མ་ཡིན། དེ་ལྟར་གང་ཟག་དེས་དེ་ལྟར་འཇིག་རྟེན་དང་མ་བྲལ་བར་འཇིག་རྟེན་ལས་འདས་པའི་ཆོས་ཀྱང་མཐོང་ངོ་། །འཇིག་རྟེན་ལས་འདས་པའི་ཆོས་དང་མ་བྲལ་བར་འཇིག་ རྟེན་གྱི་ཆོས་རྣམས་ཀྱང་མཐོང་ངོ་། །དེ་ལྟར་གང་ཟག་དེས་སྤྱོད་པ་རྣམ་པ་གཉིས་ལ་མི་དམིགས་པ་ནི་འདི་ལྟ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་འཇིག་རྟེན་གྱི་ཡང་དག་ པའི་མཚན་ཉིད་ནི་འཇིག་རྟེན་ལས་འདས་པའོ། །འཇིག་རྟེན་ལ་འཇིག་རྟེན་གྱི་མཚན་ཉིད་དམིགས་སུ་མེད། འཇིག་རྟེན་གྱི་ཆོས་ལ་འཇིག་རྟེན་གྱི་ཆོས་དམིགས་སུ་མེད་དེ། དེ་ལྟར་ཅི་ཡང་མེད་པས་ཆོས་དེ་རྟོགས་ཤིང་ 55-1-70a ཁོང་དུ་ཆུད་པ་ན་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །འཇིག་རྟེན་འཛིན་ཅི་སྟེ་འཇིག་རྟེན་ཞེས་བྱ་བ་འཇིག་རྟེན་ལས་འདས་པ་དང་ཐ་དད་པ་མ་ཡིན་ན་སངས་རྒྱས་བཅོམ་ལྡན་འདས་འཇིག་ཏེན་དུ་ཡང་མི་འབྱུང་ལ། དེ་བཞིན་ གཤེགས་པས་འཇིག་རྟེན་ཐམས་ཅད་དམིགས་པ་མེད་པར་ཡང་མི་གསུང་ངོ་། །འཇིག་རྟེན་ཐམས་ཅད་ནི་མ་སྐྱེས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་ཐམས་ཅད་ཤེས་ཤིང་མཐོང་ངོ་། །འཇིག་རྟེན་འཛིན་གང་འཇིག་རྟེན་དུ་མི་ དམིགས་ཤིང་འཇིག་རྟེན་ལ་མི་འཇུག་པ་དེ་ནི་འཇིག་རྟེན་ལས་འདས་པའོ། །དེ་བས་ན་འདི་ལྟར་ཤེས་པར་བྱ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་རྟོགས་ཤིང་འཇིག་རྟེན་དམིགས་སུ་མེད་པར་ཁོང་དུ་ཆུད་པས་འཇིག་རྟེན་ལས་ འདས་པ་ཞེས་བྱའོ། །དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། །ཇི་ཙམ་དུ་ཆོས་སུ་གཏོགས་པ་འཇིག་རྟེན་ནམ་འཇིག་རྟེན་ལས་འདས་པ་ཐམས་ཅད་མི་གཉིས་པ་དབྱེར་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ མཐོང་བས་འཇིག་རྟེན་ལས་འདས་པའི་ཆོས་ཤེས་གསུངས་སོ། །འཇིག་རྟེན་འཛིན་དེ་ལྟར་འཇིག་རྟེན་ནི་ཤིན་དུ་ཟབ་ཅིང་གཏིང་དཔག་དཀའ་བའོ། །འཇིག་རྟེན་གྱི་ཆོས་ལ་གནས་པ་དང་། འཇིག་རྟེན་གྱི་ཆོས་ལ་དམིགས་པ་དང་། འཇིག་རྟེན་ ལས་འདས་པའི་ཆོས་ལ་རེ་བ་དང་། ཀུན་རྫོབ་ཏུ་སྨྲ་བའི་ཚིག་ལ་དོན་དམ་པའི་མཚན་ཉིད་དུ་དམིགས་པ་དང་། ཆོས་གཉིས་ལ་གནས་པ་ནི་ཆོས་འདི་ལ་འབབ་ཅིང་འཇུག་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་གང་ཟག་དེ་ནི་འཇིག་ རྟེན་མི་ཤེས། འཇིག་རྟེན་ལས་འདས་པ་མི་ཤེས་ཏེ་ཆོས་རྣམ་པ་གཉིས་སྤྱོད་པའོ། །འཇིག་རྟེན་འཛིན་ཆོས་རྣམ་པ་གཉིས་སྤྱོད་པ་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཆུད་ཅིང་རྟོགས་པར་མི་འགྱུར་རོ། །འཇིག་རྟེན་འཛིན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ལ་ཤིན་དུ་མཁས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱོར་བ་ཡང་ཐོབ་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་ 55-1-70b པའི་ཆོས་ཤེས་བྱ་བའི་ལེའུ་སྟེ་དགུ་པའོ།། །། འཇིག་རྟེན་འཛིན་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུས་བྱས་དང་འདུས་མ་བྱས་པས་ཆོས་ལ་ཤིན་དུ་མཁས་པ་ནི་གང་། འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཀྱི་སྦྱོར་བ་ ཐོབ་པ་ནི་གང་ཞེ་ན། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདུས་བྱས་དང་འདུས་མ་བྱས་པའི་ཆོས་རྣམས་རྣམ་པར་འབྱེད་ཅིང་ཡང་དག་པར་རྟོག་གོ། །དེ་ལ་ཇི་ལྟར་ན་འདུས་བྱས་ཀྱི་ཆོས་ལ་རྣམ་ པར་འབྱེད་ཅིང་ཡང་དག་པར་རྟོག་པ་ཞེ་ན། འདུས་བྱས་ཀྱི་ཆོས་ནི་མངོན་པར་འདུས་པ་སྟེ་ཚོར་བ་མེད། འདུས་བྱས་ཀྱི་ཆོས་ནི་རང་སྐྱེས་ཤིང་རང་བགྲང་པ་འགྲངས་སུ་གཏོགས་པས་འདུས་བྱས་ཀྱི་ཆོས་ཤེས་བྱའོ། །འདུས་བྱས་ཀྱི་ཆོས་ནི་ ཡང་དག་པ་མ་ཡིན་པའི་རྒྱུ་དང་རྐྱེན་འདུས་པའི་འདུ་བྱེད་ཀྱི་དབང་གིས་སོ། །འདུ་བྱེད་ཅེས་བྱ་བ་ནི་བགྲང་བའི་གྲངས་སུ་གཏོགས་ཤིང་མཚན་ཉིད་གཉིས་ཀྱི་རྐྱེན་གྱིས་ཤེས་པའི་ཕྱིར་འདུས་བྱས་ཀྱི་ཆོས་ཤེས་བཏགས་སོ། །འདུས་བྱས་ཀྱི་ཆོས་ དེ་ནི་བྱས་པ་མེད། བྱེད་པ་མེད་ཀྱི་རང་སྐྱེས་པས་བསྐྱེད་པ་ཡང་མེད་དོ། །དེ་བས་ན་འདུས་བྱས་ཀྱི་ཆོས་ཤེས་བྱའོ། །འདུས་བྱས་ཀྱི་ཆོས་རྣམས་ནི་ནང་ན་མི་གནས། ཕྱི་རོལ་ན་མ་གནས། གཉི་གའི་བར་ན་མི་གནས། གཅིག་པ་མ་ཡིན། ཐ་དད་པ་ མ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་བརྟགས་པ་ལས་བྱུང་ངོ་། །མ་རིག་པའི་དབང་གིས་བྱུང་གིས་ཡོད་པར་མ་ཡིན་ཏེ། འདུ་བྱེད་ཀྱི་མཐུས་སྤྱོད་པ་ཡོད་ཀྱང་བྱས་པ་མེད། བྱུང་བ་མེད་པས་འདུས་བྱས་ཤེས་བྱའོ། །འདུས་བྱས་ཤེས་བྱ་བ་ ནི་མཚན་མས་བཅིངས་པའི་དོན་ཏེ། བུས་པ་མ་རབས་ཕྱིན་ཅི་ལོག་ལ་ཆགས་པའི་ཕྱིར་བཤད་དོ། །མཁས་པ་དག་ཤིན་དུ་ཆུད་ཅིང་རྟོགས་པ་ནི་འདུས་བྱས་ཀྱི་ཆོས་སུ་མི་དམིགས། འདུས་བྱས་ཀྱི་ཆོས་སུ་རྟོགས་པར་མི་དམིགས་སོ། །མཁས་ པ་དག་ནི་གྲངས་སུ་མི་བགྲང་བའི་ཕྱིར་འདུས་བྱས་ཀྱི་ཆོས་ཤེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མཁས་པ་དག་འདུས་བྱས་ཀྱི་རྣམ་པ་དེ་ལ་ཇི་ལྟར་ན་ཆུད་ཅིང་རྟོགས་པ་ཞེ་ན། མཁས་པ་དག་ནི་འདུས་བྱས་ཀྱི་ཆོས་ཐམས་ཅད་ཡང་དག་པ་མ་ 55-1-71a ཡིན་པ་དངོས་པོ་མེད་ཅིང་རྣམ་པར་བཅིངས་པ་མེད་དེ་བགྲང་བའི་གྲངས་སུ་མི་རྟོགས་པར་བལྟའོ། །དེ་ལྟར་ཡོངས་སུ་རྟོག་པའི་ཚེ་འདུས་བྱས་ཀྱི་ཆོས་ལ་ཡང་མི་ཆགས། འདུས་བྱས་ཀྱི་ཆོས་སུ་ཡང་མི་ལེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་འདུས་བྱས་ཀྱི་ཆོས་ལས་གཞན་པ་འདུས་མ་བྱས་པའི་ཆོས་ཡོད་པ་འམ། འདུས་མ་བྱས་ཀྱི་ཆོས་ལས་གཞན་པ་འདུས་བྱས་ཀྱི་ཆོས་ཡོད་པ་མ་ཡིན་ཏེ། འདུས་བྱས་ཀྱི་དེ་ཁོ་ནའི་མཚན་ཉིད་དེ་ནི་འདུས་མ་བྱས་པའོ། །དེ་ཅིའི་ཕྱིར་ ཞེ་ན། འདུས་བྱས་ཀྱི་ནང་ན་འདུས་བྱས་པ་མེད། འདུས་མ་བྱས་ཀྱི་ནང་ན་འདུས་མ་བྱས་པ་མེད་ཀྱི་སྐྱེ་བོ་ཕྱིན་ཅི་ལོག་ཏུ་གྱུར་པ་དག་གིས་འདུས་བྱས་ཀྱི་མཚན་ཉིད་ཤེས་ཤིང་མཐོང་བར་བྱ་བའི་ཕྱིར་འདི་ནི་འདུས་བྱས་པའོ། །འདི་ནི་འདུས་མ་བྱས་པའོ། ། འདི་ནི་འདུས་བྱས་ཀྱི་མཚན་ཉིད་དོ། །འདི་ནི་འདུས་མ་བྱས་པའི་མཚན་ཉིད་དོ་ཞེས་རྣམ་པར་ཕྱེ་སྟེ་བཤད་དོ། །དེ་ལ་འདུས་བྱས་ཀྱི་མཚན་ཉིད་ཅེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། སྐྱེ་བ་དང་། འགོག་པ་དང་། གནས་པ་དང་། འཕོ་བའོ། །དེ་ལ་འདུས་མ་བྱས་པའི་ མཚན་ཉིད་ཅེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། མི་སྐྱེ་བ་དང་། མི་འགོག་པ་དང་། མི་གནས་པ་དང་། མི་འཕོ་བའོ། །དེ་ལྟར་འདུས་བྱས་ཀྱི་མཚན་ཉིད་དང་། འདུས་མ་བྱས་པའི་མཚན་ཉིད་ཀྱང་བུས་པ་སོ་སོའི་སྐྱེ་བོ་དག་བཀྲི་བའི་དོན་དུ་གསུངས་སོ། །འཇིག་ རྟེན་འཛིན་འདུས་བྱས་ཀྱི་ཆོས་ནི་མ་སྐྱེས་པའི་མཚན་ཉིད། མི་འགོག་པའི་མཚན་ཉིད། མི་གནས་པ་དང་མི་འཕོ་བའི་མཚན་ཉིད་དོ། །གནས་པ་དང་འཕོ་བར་གསུངས་པ་ཡང་མཚན་མ་མེད་ཅིང་སྐྱེ་བ་མེད་དོ། །གལ་ཏེ་འདུས་མ་བྱས་ཀྱི་ཆོས་ལ་མཚན་ ཉིད་གསུམ་དུ་ཡོད་པར་ངེས་ན་ནི་བཅོམ་ལྡན་འདས་ཀྱིས་འདི་དག་ནི་སྐྱེ་བའི་མཚན་ཉིད། འདི་དག་ནི་འགོག་པའི་མཚན་ཉིད། འདི་དག་ནི་གནས་པ་དང་། འཕོ་བའི་མཚན་ཉིད་དོ། །ཞེས་གཅིག་ཏུ་ཆད་པར་གསུངས་པའི་རིགས་ན། འཇིག་རྟེན་ འཛིན་དེ་བཞིན་གཤེགས་པས་ནི་ཆོས་ཐམས་ཅད་མཚན་མ་མེད་པར་གསུངས་སོ། །འཇིག་རྟེན་འཛིན་མ་སྐྱེས་པ་ལ་གལ་ཏེ་མཚན་མ་ཡོད་དམ། མི་འགོག་པ་ལ་གལ་ཏེ་མཚན་མ་ཡོད་དམ། མི་གནས་པ་དང་མི་འཕོ་བ་ལ་གལ་ཏེ་མཚན་མ་ 55-1-71b ཡོད་ན་བཅོམ་ལྡན་འདས་ཀྱིས་ཀྱང་འདུས་མ་བྱས་པ་ཡང་ངེས་པར་མཚན་མ་ཡོད་ཅེས་གསུངས་པར་འགྱུར་རོ། །འཇིག་རྟེན་འཛིན་ཅི་སྟེ་འདུས་མ་བྱས་པ་ལ་མཚན་མ་ཡོད་ན་དེ་ནི་འདུས་མ་བྱས་པ་མ་ཡིན་ནོ། །མཚན་མ་ཅན་དུ་བཤད་པ་དང་། བུས་པ་སོ་སོའི་སྐྱེ་བོ་དག་ཆོས་ལ་གྲངས་སུ་གཅོད་པ་དག་ནི་འདུས་བྱས་ལ་མཚན་ཉིད་གསུམ་དུ་གསུངས་ཏེ། སྐྱེ་བ་དང་། འགོག་པ་དང་། གནས་ཤིང་འཕོ་བའོ། །འདུས་མ་བྱས་པའི་མཚན་ཉིད་གསུམ་ནི་མ་སྐྱེས་པ་དང་། མི་འགོག་པ་དང་། གནས་པ་དང་། འཕོ་བ་མེད་པའོ། །འཇིག་རྟེན་འཛིན་སྐྱེས་བུ་ལ་ལས་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཆུད་ཅིང་རྟོགས་ན་སྐྱེས་བུ་དེ་ལ་ནི་སྐྱེ་བ་དང་། འགོག་པ་དང་། གནས་ཤིང་འཕོ་བ་མེད་དེ་དེ་བས་ན་འདུས་མ་བྱས་ཐོབ་པ་ཞེས་བྱའོ། ། འཇིག་རྟེན་འཛིན་སྐྱེ་བ་དང་འགོག་པ་ནི་ཀུན་འབྱུང་འབྱིང་བའི་དོན་ཤེས་ཤིང་མཐོང་བ་ཡིན་ནོ། །ཆོས་ལ་ཀུན་འབྱུང་མེད་ན་འབྱིང་བ་མེད་དོ། །ཀུན་འབྱུང་མ་སྐྱེས་ན་ཕྱིར་ལྡོག་པ་མེད་དེ་གནས་ཤིང་འཕོ་བ་ཡང་མེད་དོ། །འཇིག་རྟེན་འཛིན་ དེ་དག་ནི་འདུས་བྱས་ཀྱི་དེ་ཁོ་ན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་ཤེས་པ་ཞེས་བྱའོ། །གང་གིས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་བས་སྐྱེ་བ་དང་། འགོག་པ་དང་། གནས་ཤིང་འཕོ་བའི་གྲངས་སུ་མི་ལྟུང་ངོ་། ། བྱང་ཆུབ་སེམས་དཔས་དེ་ལྟར་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ལ་འདི་སྙམ་དུ་འདུས་བྱས་ཀྱི་ཆོས་དང་འདུས་མ་བྱས་པའི་ཆོས་དང་ལྷན་ཅིག་པར་མི་ལྟ། འདུས་མ་བྱས་པའི་ཆོས་ཀྱང་འདུས་བྱས་ཀྱི་ཆོས་དང་ལྷན་ཅིག་པར་མི་ ལྟའོ་སྙམ་དུ་བསམས་ནས། ཡང་འདི་སྙམ་དུ་འདུས་བྱས་ཀྱི་ཆོས་ཀྱི་དེ་ཁོ་ནའི་མཚན་ཉིད་ནི་འདུས་མ་བྱས་པ་ཉིད་དོ་སྙམ་སེམས་ཤིང་རྣམ་པར་མི་རྟོག་གོ། །འདུས་བྱས་དང་འདུས་མ་བྱས་པའི་ཆོས་སུ་རྣམ་པར་མི་རྟོག་པས་དེ་ཉིད་ འདུས་མ་བྱས་པའི་ཆོས་སོ། །གལ་ཏེ་འདུས་བྱས་དང་འདུས་མ་བྱས་རྣམ་པར་རྟོག་ན་དེས་འདུས་མ་བྱས་པ་ཆུད་ཅིང་རྟོགས་པར་མི་འགྱུར་རོ། །གང་གིས་རྣམ་པར་རྟོག་པ་ཐམས་ཅད་ཡོངས་སུ་བཅད་ན་འདུས་མ་བྱས་པའི་དེ་ཁོ་ན་ 55-1-72a ཉིད་དུ་ཆུད་ཅིང་རྟོགས་པ་ཞེས་བྱའོ། །དམིགས་པའི་མཚན་ཉིད་རྟོགས་པ་དམིགས་པ་ཀུན་བཅད་པ་གྲངས་སམ་གྲངས་མ་ཡིན་པར་མི་རྟོགས་སོ། །འཇིག་རྟེན་འཛིན་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་འདུས་བྱས་དང་། འདུས་མ་བྱས་པའི་ཆོས་ལ་སྦྱོར་བ་ཞེས་བྱ་སྟེ། དེ་ཡང་འདུས་བྱས་ཀྱི་ཆོས་སམ་འདུས་མ་བྱས་པའི་ཆོས་སུ་མི་དམིགས་པས་ནི་མི་ཆགས་པ་དང་མི་འཛིན་ཏོ། །འདུས་བྱས་དང་འདུས་མ་བྱས་པ་ཞེས་ བྱ་བའི་ལེའུ་སྟེ་བཅུའོ།། །། འཇིག་རྟེན་འཛིན་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་ཕུང་པོ་ལྔ་ལ་ཤིན་དུ་མཁས་པ་དང་། ཁམས་བཅྭ་བརྒྱད་ལ་ཤིན་དུ་མཁས་པ་དང་། སྐྱེ་མཆེད་བཅུ་གཉིས་ལ་ཤིན་དུ་ མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ལ་ཤིན་དུ་མཁས་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་ལ་ཤིན་དུ་མཁས་པ་དང་། དབང་པོ་ལྔ་ལ་ཤིན་དུ་མཁས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཤིན་དུ་ མཁས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ལ་ཤིན་དུ་མཁས་པ་དང་། འདུས་བྱས་དང་འདུས་མ་བྱས་པའི་ཆོས་ལ་ཤིན་དུ་མཁས་པས་ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་མཚན་ཉིད་ཀྱང་ཤིན་དུ་མཁས་ལ། ཆོས་རྣམས་ ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཡང་ཤིན་དུ་མཁས་ཤིང་དྲན་པའི་མཐུ་རྙེད་པ་དང་ཆོས་ཐམས་ཅད་ཀྱི་ཚིག་རྣམ་པར་འབྱེད་པའི་བློ་དང་ལྡན་པ་དང་། ལུས་འདི་རྗེས་མ་ཐག་ཏུ་དྲན་པ་རྒྱུན་མི་འཆད་པ་དང་ལྡན་ཞིང་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཐོབ་པར་འགྱུར་རོ། །འཇིག་རྟེན་འཛིན་སྔོན་བསྐལ་པ་ཚད་མེད་གྲངས་མེད་པ་འདས་པ་དེའི་ཚེ་དེའི་དུས་ན། འཛམ་བུ་ཆུ་ཀླུང་གི་གསེར་གྱི་རི་རབ་རིའི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ་ལྷ་དང་མིའི་སྟོན་པ། སངས་རྒྱས་བཅོམ་ལྡན་ 55-1-72b འདས་འཇིག་རྟེན་དུ་མངོན་པར་བྱུང་ངོ་། །འཇིག་རྟེན་འཛིན་བཅོམ་ལྡན་འདས་འཛམ་བུ་ཆུ་ཀླུང་གི་གསེར་གྱི་རི་རབ་རིའི་རྒྱལ་པོའི་ཚེའི་ཚད་ནི་བསྐལ་པ་ལྔ་སྙེད་དོ། །ཉན་ཐོས་ཀྱི་དགེ་འདུན་གྱི་འཁོར་ཡང་ཚད་མེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་ སུ་དག་ལ་རབ་ཏུ་བདེ་བ་དང་ལྡན་ནོ། །དེ་ན་གནས་པའི་སེམས་ཅན་དག་ཀྱང་རབ་ཏུ་བདེ་ཞིང་སྐྱིད་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཤས་སྲབ་པ། གདུལ་སླ་བ་བཅོས་སླ་བ། རྣམ་པར་དག་པར་སླ་བ་ཤ་སྟག་གོ། །འཇིག་རྟེན་འཛིན་བཅོམ་ ལྡན་འདས་འཛམ་བུ་ཆུ་ཀླུང་གི་གསེར་གྱི་རི་རབ་རིའི་རྒྱལ་པོ་ཡང་བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་མདོ་སྟོན་ཏོ། །འཇིག་རྟེན་འཛིན་དེའི་ཚེ་ན་འཁོར་ བྱང་ཆུབ་སེམས་དཔའ་རིན་ཆེན་འོད་ཅེས་བྱ་བ་ཞིག་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། དབང་པོ་ལྔ་དང་། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་དང་། འཇིག་རྟེན་ དང་འཇིག་རྟེན་ལས་འདས་པའི་ཆོས་དང་། འདུས་བྱས་དང་། འདུས་མ་བྱས་པའི་ཆོས་ལ་སྦྱོར་བ་བཤད་པ་ཐོས་ནས་དེའི་ཚེ་ཤིན་དུ་བརྩོན་འགྲུས་བརྩམས་ཏེ་ཚེ་ལོ་ཁྲི་ཕྲག་ཉི་ཤུའི་བར་དུ་ནམ་དུ་ཡང་ངན་སེམས་མ་སྐྱེད་དེ་འདོད་ ཆགས་ཀྱི་སེམས་དང་། ཞེ་སྡང་གི་སེམས་དང་། གཏི་མུག་གི་སེམས་ཁེ་དང་། གྲགས་པ་དང་། ཟས་དང་། སྐོམ་དང་། གོས་དང་། ལྷུང་བཟེད་ལ་བསམ་པའི་སེམས་མ་སྐྱེས་ཀྱི་ཆོས་འདི་སྦྱོར་བ་ལ་འཇུག་པའི་ཕྱིར་བརྩོན་འགྲུས་ཆེན་པོ་ བསྐྱེད་དེ། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་རིན་ཆེན་འོད་དེ་བཅོམ་ལྡན་འདས་འཛམ་བུ་ཆུ་ཀླུང་གི་གསེར་གྱི་རི་རབ་རིའི་རྒྱལ་པོའི་བསྟན་པ་ལ་ནམ་འཚོའི་བར་དུ་ཚངས་པར་སྤྱད་པ་སྤྱོད་དེ། དེས་ཚེ་འཕོ་ནས་ཕྱིར་ཡང་ སངས་རྒྱས་ཀྱི་ཞིང་དེ་ཉིད་དུ་སྐྱེས་ནས་གཞོན་ནུ་ལས་ཚེ་འཕོས་ནས་ཕྱིར་ཡང་སངས་རྒྱས་ཀྱི་ཞིང་དེ་ཉིད་དུ་སྐྱེས་ཏེ་ཚངས་པར་སྤྱད་པ་སྤྱོད་དོ། །བསྐལ་པ་དེ་རེ་རེ་ན་ཡང་སྐྱེ་བ་ལྔ་བརྒྱ་ལེན་ཏེ་ཐ་མར་བཅོམ་ལྡན་འདས་འཛམ་ 55-1-73a བུ་ཆུ་ཀླང་གི་གསེར་གྱི་རི་རབ་རིའི་རྒྱལ་པོ་ཡོངས་སུ་མྱ་ངན་ལས་འདས་སུ་ཉེ་བ་ན་བསྐལ་པ་ལྔ་པོའི་ཐ་མར་ཤིན་དུ་མང་དུ་ཐོས་པ་དང་། འདི་ལྟ་བུའི་ཡང་དག་པའི་མཚན་ཉིད་ཀྱི་ཆོས་ལ་སྦྱོར་བ་ཡང་ཐོབ་ཅིང་སངས་རྒྱས་དེ་ལས་ ཆོས་ཐོས་པ་དག་ཐམས་ཅད་ཡོངས་སུ་དྲན་པར་གྱུར་ཏེ། དེ་ལྟར་དྲན་པའི་མཐུ་དང་ལྡན་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་དག་བདག་གིས་རྒྱས་པར་བསྟན་པར་འཚལ་ན་ གནང་བ་མཛད་དུ་གསོལ་ལོ། །ཚེ་དེ་ཉིད་དུ་སེམས་ཅན་ཚད་མེད་དཔག་ཏུ་མེད་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཙུད་པར་གྱུར་ཏོ། །བཅོམ་ལྡན་འདས་འཛམ་བུ་ཆུ་ཀླུང་གི་གསེར་གྱི་རི་རབ་རིའི་རྒྱལ་པོ་ཡོངས་ སུ་མྱ་ངན་ལས་འདས་པའི་ཚེ་བྱང་ཆུབ་སེམས་དཔའ་རིན་ཆེན་འོད་ཀྱིས་ཆོས་བསྲུང་བར་བྱ་བའི་ཕྱིར་རྗེས་སུ་བཟུང་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་བསྐལ་པ་གཅིག་གི་བར་དུ་གནས་ པར་གྱུར་ཏོ། །བསྐལ་པ་གཅིག་ལ་སྐྱེ་བ་ལྔ་བརྒྱའི་བར་དུ་རྟག་ཏུ་མིའི་ནང་དུ་སྐྱེ་ཞིང་རབ་ཏུ་བྱུང་ནས་ཆོས་ཐམས་ཅད་ཀྱི་ཡང་དག་པ་ཉིད་བསྐྱེད་ཅིང་འཕེལ་བར་བྱེད་དོ། །གཞན་ཡང་སེམས་ཅན་ཚད་མེད་དཔག་ཏུ་མེད་པའི་སེམས་ཅན་ ལ་ཕན་པ་དང་བདེ་བའི་དོན་བྱས་སོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་རིན་ཆེན་འོད་དེ་བཞིན་དུ་མཐར་གྱིས་སངས་རྒྱས་ཁྲི་ཕྲག་དུ་མ་དང་ཕྲད་ནས་ཐ་མ་སངས་རྒྱས་ཚད་མེད་འོད་ཀྱིས་ལུང་བསྟན་པ། བསྐལ་པ་གྲངས་མེད་པ་ འདས་ནས་གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ། །བསྐལ་པ་གྲངས་མེད་པ་དེ་ཉིད་ཀྱི་ཚེ་ན་ཡང་སངས་རྒྱས་ཁྲི་ཕྲག་ཁྲག་ཁྲིག་བརྒྱ་སྟོང་དང་ཕྲད་དེ། དེ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ་དོན་ཐམས་ཅད་གདོན་མི་ཟ་བའི་རྒྱན་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། 55-1-73b འཇིག་རྟེན་རིག་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མིའི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཤེས་བྱ་བ་སྟེ་བྱང་ཆུབ་སེམས་དཔའི་འཁོར་ཚད་མེད་དཔག་ཏུ་མེད་དོ། །ཉན་ཐོས་ཀྱི་དགེ་འདུན་གྱི་འཁོར་ ཡང་གྲངས་མེད་དེ། སངས་རྒྱས་དེའི་ཚེའི་ཚད་ཀྱང་བསྐལ་པ་གཉིས་ཏེ། སངས་རྒྱས་དེའི་ཞིང་རབ་ཏུ་བདེ་བ་དང་ལྡན་ཞིང་རྒྱན་དམ་པས་ཤིན་དུ་བརྒྱན་ཏོ། །འཇིག་རྟེན་འཛིན་དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་དེ་དག་གི་ སྦྱོར་བ་ལ་ཤིན་དུ་མཁས་པར་འདོད་པ་དག་ཤིན་དུ་བརྩོན་འགྲུས་སུ་ཆོས་འདི་དག་ལ་བསླབ་པ་དང་། འདོན་པ་དང་ནན་ཏན་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་དེ་དག་ལ་སྦྱོར་བ་ཐོབ་པར་ འདོད་པ་དག་ཆོས་རྣམ་པ་བཞི་ལ་ཤིན་དུ་བརྩོན་པར་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་བྱུང་བ་དང་། གཅིག་པུ་འདུག་པ་དང་། ཚུལ་ཁྲིམས་རྣམ་པར་དག་པ་དང་། ལེ་ལོའི་སེམས་ཡོངས་སུ་ བསལ་བར་བྱའོ། །བྱང་ཆུབ་སེམས་དཔའི་ཆོས་རྣམ་པ་དེ་བཞི་དང་ལྡན་པས་མང་དུ་ཐོས་པ་ལ་བརྩོན་ཞིང་བཟོད་པ་ལ་བདེ་བར་གནས་པས་མྱུར་དུ་ཆོས་རྣམ་པ་བཞི་དང་ཕྲད་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། འཛམ་ བུའི་གླིང་གི་དབུས་སུ་སྐྱེ་བ་དང་། སངས་རྒྱས་དང་ཕྲད་པ་དང་། ཆོས་ཀྱི་རྗེས་སུ་སྤྱོད་པ་དང་། སྡིག་པའི་ལས་ཀྱི་སྒྲིབ་པ་སེལ་བར་འགྱུར་རོ། །གཞན་ཡང་འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཆོས་འདི་ལ་ཤིན་དུ་བརྩོན་པ་དག་ནི་སྦྱིན་པའི་སྟོབས་རྣམ་པར་དག་པར་འགྱུར་བ་དང་། ཚུལ་ཁྲིམས་རྣམ་པར་དག་པ་དང་། བཟོད་པ་རྣམ་པར་དག་པ་དང་། བརྩོན་འགྲུས་རྣམ་པར་དག་པ་དང་། བསམ་གཏན་རྣམ་པར་དག་པ་དང་། ཤེས་ རབ་ཀྱི་སྟོབས་རྣམ་པར་དག་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་འདི་ལ་གནས་ན་དེ་ལ་སྦྱོར་བའི་སྟོབས་མྱུར་དུ་ཐོབ་པར་འགྱུར་རོ། །གཞན་ཡང་འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་ 55-1-74a དཔའ་ཆེན་པོ་རྣམས་སྦྱངས་པའི་ཡོན་ཏན་གྱི་ཆོས་ཕྲ་མོ་སྤྱོད་ཀྱང་སེམས་ཅན་དག་ལ་སྙིང་རྗེ་ཆེན་པོའི་སེམས་དང་ལྡན་ནོ། །དེ་ལྟར་སྙིང་རྗེ་ཆེན་པོའི་སེམས་ལ་ཞུགས་པས་ཆོས་དེ་དག་གི་སྦྱོར་བ་ལ་ཤིན་དུ་བརྩོན་པར་ འགྱུར་རོ། །འཇིག་རྟེན་འཛིན་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདི་ལྟ་བུ་དག་ཐོབ་པར་འདོད་པ་དག་གཟུངས་ཀྱི་སྒོར་འཇུག་པ་ལ་ཤིན་དུ་བརྩོན་པར་བྱའོ། །དེ་ལ་གཟུངས་ཀྱི་སྒོར་འཇུག་པ་ལ་བརྩོན་ པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་རྐྱེན་ཚད་མེད་པ་ལ་རྟོག་པ་དང་། ཚད་མེད་པ་ཐམས་ཅད་ཀྱི་རྟོག་པ་ལ་སྦྱོར་བ་དང་ལྡན་པའི་སྦྱོར་བ་ཚད་མེད་པ་ལ་རྟོག་པའོ། །དེ་ལྟར་བརྩོན་པའི་ཚེ་ཏིང་ངེ་འཛིན་གྱི་སྒོར་སྦྱོར་བས་ཆོས་ཐམས་ཅད་ ཀྱི་སྒོ་ཚད་མེད་པའི་རྐྱེན་ལ་འཇུག་པ་དང་། ཚད་མེད་པའི་སྦྱོར་བ་དང་ལྡན་པའི་འཇུག་པ་དེ་ལྟ་བུའི་མཐུ་དང་ལྡན་པས་ཆོས་ཐམས་ཅད་ཀྱི་ཡང་དག་པ་ཉིད་ལ་ཤིན་དུ་མཁས་པ་དང་། ཆོས་ཐམས་ཅད་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ ཤིན་དུ་མཁས་པ་དང་། དྲན་པའི་མཐུ་དང་ལྡན་པ་དང་། ཆོས་ཐམས་ཅད་རྣམ་པར་འབྱེད་པ་ལ་ཤིན་དུ་མཁས་པའི་ཤེས་རབ་དང་ལྡན་པ་དང་། ལུས་འཕོས་ནས་ཀྱང་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་པ་དང་། ཆོས་ལ་ཕྱིར་མི་ལྡོག་པ་ནས་ ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཐོབ་པར་འགྱུར་རོ། །འཇིག་རྟེན་འཛིན་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གཟུངས་ཀྱི་སྒོར་ཞུགས་པས་ན་ཅི་དང་ཅིར་ལྡན་པ་དེའི་རྒྱུ་ དང་རྐྱེན་གྱིས་ཆོས་ཐམས་ཅད་རྟོགས་ཏེ་རྒྱུ་དང་རྐྱེན་གཅིག་གིས་རྒྱུ་དང་རྐྱེན་སྟོང་ལ་འཇུག་ཅིང་ཤེས་རབ་ཀྱི་རྗེས་སུ་ཆོས་ཐམས་ཅད་ལ་སྦྱོར་བ་ཡང་ཐོབ་བོ། །འཇིག་རྟེན་འཛིན་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་དེ་ལྟར་ཆོས་ལ་བརྩོན་འགྲུས་བསྐྱེད་པས་མཚན་ཉིད་གཅིག་པའི་སྒོའི་ཏིང་ངེ་འཛིན་ལ་འཇུག་པར་འགྱུར་རོ། །མཚན་ཉིད་གཅིག་པའི་སྒོའི་ཏིང་ངེ་འཛིན་ཐོབ་ནས་མཚན་ཉིད་ཚད་མེད་པའི་ཏིང་ངེ་ 55-1-74b འཛིན་ལ་འཇུག་གོ། །དེ་ལྟར་ཞུགས་ནས་རྣམ་པ་སྣ་ཚོགས་ཀྱི་རྒྱུ་དང་རྐྱེན་དང་ཐབས་ཀྱིས་ཆོས་ཐམས་ཅད་ཀྱི་སྒོར་འཇུག་གོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་ཀྱི་སྒོར་ཞུགས་པས་ཆོས་ཐམས་ཅད་ལ་སྦྱོར་བ་ ཐོབ་པར་གྱུར་ཏོ། །འཇིག་རྟེན་འཛིན་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་མང་དུ་བསྒོམས་པས་བསམ་གཏན་གྱི་མཚན་ཉིད་ལ་ཤིན་དུ་མཁས་པ་དང་། དམིགས་པ་མེད་པའི་ཏིང་ངེ་འཛིན་ལ་ ཤིན་དུ་མཁས་པར་འགྱུར་རོ། །ད་ལྟར་ཏིང་ངེ་འཛིན་དེའི་ཤུགས་ཀྱིས་དམིགས་པ་ཚད་མེད་པ་དང་། ཏིང་ངེ་འཛིན་ལས་ལྡང་བ་ཚད་མེད་པ་ལ་མཁས་པར་འགྱུར་རོ། །ད་ལྟར་བྱང་ཆུབ་སམས་དཔས་འདི་ལ་གནས་ན་ཆོས་ཐམས་ ཅད་ཀྱི་ཡང་དག་པའི་མཚན་ཉིད་ལ་སྦྱོར་བ་ཐོབ་པར་འགྱུར་རོ། །འཇིག་རྟེན་འཛིན་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྟག་ཏུ་འཇིག་རྟེན་ལ་དམིགས་པའི་ཐབས་ལ་རྟོག་པ་དང་། འདུས་བྱས་ཀྱི་ ཆོས་ལ་དམིགས་པ་ལ་རྟོག་པ་དང་། གཞན་ཡང་ཆོས་ཐམས་ཅད་ལ་དམིགས་པའི་ཐབས་རྣམ་པར་འཇིག་པ་ལ་བརྩོན་པའི་ནན་ཏན་བྱེད་དེ་དེ་ལ་ཆགས་པའི་གནས་ཀྱང་མེད་དོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ཆོས་དེ་ལ་ བསྒོམས་པས་ཆོས་ཐམས་ཅད་ཀྱི་ཡང་དག་པར་སྦྱོར་བ་མྱུར་དུ་ཐོབ་པར་འགྱུར་རོ། །འཇིག་རྟེན་འཛིན་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤིན་ཏུ་བརྩོན་འགྲུས་བསྐྱེད་དེ། སྦྱོར་བའི་སྟོབས་ བསྐྱེད་ཀྱང་ཆོས་ཐམས་ཅད་ཀྱི་ཡང་དག་པའི་མཚན་ཉིད་རྟོག་ཅིང་འཇིག་རྟེན་གྱི་བདེ་བ་ལ་མི་གནས། འཇིག་རྟེན་གྱི་ཆོས་དང་འདྲེས་པར་མི་སྤྱོད་དོ། །དེ་ལྟ་བུའི་ཆོས་དང་ལྡན་པས་ན་མྱུར་དུ་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ ཉིད་ལ་མཁས་པར་འགྱུར་ཞིང་ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་དུ་མཁས་པ་དང་། དྲན་པའི་མཐུ་ཐོབ་པ་དང་། ཆོས་ཐམས་ཅད་ཀྱི་རྣམ་གྲངས་འབྱེད་པ་ལ་མཁས་པའི་ཤེས་རབ་ཐོབ་པ་དང་། ལུས་འདི་འཕོས་ 55-1-75a ནས་ཀྱང་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཐོབ་པར་འགྱུར་རོ། །འཇིག་རྟེན་འཛིན་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཆོས་འདི་དག་གི་ཕ་རོལ་ཏུ་ཕྱིན་པར་འདོད་པ་དག་ཆོས་འདི་ཇི་ལྟར་བསྟན་པ་བཞིན་དུ་ཡོངས་སུ་བསྒོམ་པར་བྱའོ། །འཇིག་རྟེན་འཛིན་ཁྱོད་ཀྱིས་ཆོས་འདི་ལ་ཤིན་དུ་བརྩོན་པར་བསྒོམས་ན་རིང་པོར་མི་ཐོགས་པར་ཆོས་འདི་ལ་ཐོགས་ པ་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །འཇིག་རྟེན་འཛིན་སྔོན་འདས་པའི་བསྐལ་པ་ཚད་མེད་དཔག་ཏུ་མེད་བསམ་གྱིས་མི་ཁྱབ་གྲངས་མེད་པ་འདས་པ་དེའི་དུས་ན། ཚད་མེད་ཡོན་ཏན་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་ པ་དགྲ་བཅོམ་པ། མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ་སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མིའི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མངོན་པར་འབྱུང་ངོ་། །བཅོམ་ ལྡན་འདས་ཚད་མེད་འོད་ཀྱི་ཡོན་ཏན་རྒྱལ་པོ་དེའི་ཚེའི་ཚད་ནི་བསྐལ་པ་གཅིག་གོ། །སངས་རྒྱས་དེའི་ཞིང་ཡང་རིན་པོ་ཆེ་སྣ་བདུན་གྱི་དྲ་བས་བླ་རེ་བྲེས་སོ། །རིན་པོ་ཆེ་སྣ་བདུན་གྱི་ཤིང་ཏ་ལ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་དེ་ཡོངས་ སུ་བརྒྱན་ཏོ། །ཤིང་ཏ་ལ་དེ་དག་ལ་ཡང་རིན་པོ་ཆེ་སྣ་བདུན་གྱི་དྲ་བས་སྟེང་བླ་རེས་བྲེས་ཏེ། ཤིང་དེ་དག་རེ་རེའི་འོག་ན་ཡང་སེང་གེའི་ཁྲི་རེ་རེ་སྟེ། ཤིང་ཏ་ལ་དེ་དག་ཀུན་ལས་ལྷའི་ན་བཟའ་རང་སྐྱེས་སོ། །སེང་གེའི་ཁྲི་དེ་དག་ཀྱང་རིན་པོ་ ཆེ་བཻ་དུཪྱ་དང་། འཛམ་བུའི་ཆུ་ཀླུང་གི་གསེར་དང་། མུ་ཏིག་དམར་པོ་ལས་བྱས་པའོ། །ཤིང་ཏ་ལ་དེ་དག་གི་ཕྱོགས་བཞི་ན། བསུང་གི་ཤིང་དང་མེ་ཏོག་གི་ཤིང་གིས་བསྐོར་ཅིང་བརྒྱན་ཏོ། །ཤིང་དེ་དག་རེ་རེའི་འོག་ན་ཡང་རྫིང་ བུ་རེ་རེ་སྟེ། ཡོན་ཏན་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་ངོ་། །རྫིང་བུ་དེ་དག་ཀྱང་ཤེལ་དང་། ཨ་སྨ་གར་བ་དང་། མུ་ཏིག་དམར་པོ་ལས་བྱས་པ་ཆུ་དེ་དག་གི་སྟེང་ན་པད་མོ་སྔོན་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབ་རྒན་ 55-1-75b གྱིས་སྟེང་ཡོངས་སུ་ཁེབས་ཏེ། རྫིང་དེ་རྣམས་ཀྱི་འགྲམ་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས་སོ། །འཇིག་རྟེན་འཛིན་སངས་རྒྱས་ཀྱི་ཞིང་དེ་ནི་དེ་ལྟར་རིན་པོ་ཆེ་མང་པོས་ཡོངས་སུ་བརྒྱན་ཏེ། འཇིག་རྟེན་གྱི་ཁམས་དེའི་ཕྱོགས་ བཞི་ན་གཞན་ཡང་སུམ་བཅུ་རྩ་གསུམ་གནམ་གྱི་ལྷ་རྫས་ཀྱི་ཤིང་པ་རི་ཆིང་ཏྲི་དང་། གོ་བྱ་དར་སྟོང་ཕྲག་དུ་མས་འཇིག་རྟེན་གྱི་ཁམས་དེའི་མཐའ་ཡོངས་སུ་བསྐོར་ཏོ། །རིན་པོ་ཆེའི་ཤིང་དེ་དག་གི་འོད་ཟེར་གྱིས་ཉི་མ་དང་། ཟླ་བ་དང་། སྐར་ མའི་འོད་ཐམས་ཅད་མི་སྣང་བར་ཟིལ་གྱིས་མནན་ཏོ། །འཇིག་རྟེན་འཛིན་འཇིག་རྟེན་གྱི་ཁམས་དེའི་ཤིང་ཏ་ལ་དང་རིན་པོ་ཆེའི་དྲ་བ་ཀུན་ནས་རྣམ་པ་སྣ་ཚོགས་ཀྱི་སྒྲ་དབྱངས་དམ་པ་ཇི་ལྟར་ལྷ་རྣམས་ཀྱི་གླུ་དང་བསྟོད་པའི་དབྱངས་ ལྟ་བུ་རང་འབྱུང་སྟེ། རྟག་ཏུ་འདི་ལྟ་བུའི་དབྱངས་ཤིན་དུ་སྙན་པ་གྲག་གོ། །ངན་སོང་གསུམ་མེད་དེ་ངན་སོང་གསུམ་གྱི་མིང་ཙམ་ཡང་མི་གྲག་གོ། །འཇིག་རྟེན་འཛིན་བཅོམ་ལྡན་འདས་ཚད་མེད་འོད་ཀྱི་ཡོན་ཏན་རྒྱལ་པོས་ སེམས་ཅན་རྣམས་ལ་ཆོས་འདི་དག་རྒྱས་པར་གསུངས་སོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་ཅིང་སེམས་ཅན་ཐམས་ཅད་ཤིན་དུ་དགའ་བར་ བྱེད་པ་ཞེས་བྱ་བ་སྟོན་ཏོ། །འཇིག་རྟེན་འཛིན་བཅོམ་ལྡན་འདས་ཚད་མེད་འོད་ཀྱི་ཡོན་ཏན་རྒྱལ་པོ་ཆོས་སྟོན་པའི་ཚེ་ཉིན་ཞག་གཅིག་ཡང་སེམས་ཅན་ཚད་མེད་པ་ཁྲི་ཕྲག་བརྒྱ་སྟོང་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་སེམས་བསྐྱེད་དེ། སེམས་བསྐྱེད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་རོ། །འཇིག་རྟེན་འཛིན་བཅོམ་ལྡན་འདས་ཚད་མེད་འོད་ཀྱི་ཡོན་ཏན་རྒྱལ་པོས་དེ་ལྟར་སེམས་ཅན་ཚད་མེད་དཔག་ ཏུ་མེད་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཤིན་དུ་མང་ངོ་། །འཇིག་རྟེན་འཛིན་བཅོམ་ལྡན་འདས་དེ་ཡོངས་ 55-1-76a སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་བསྐལ་པ་ཕྱེད་ཀྱི་བར་དུ་གནས་པར་གྱུར་ཏོ། །བཅོམ་ལྡན་འདས་ཚད་མེད་འོད་ཀྱི་ཡོན་ཏན་རྒྱལ་པོ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་རྣམ་པར་འཇིག་ཏུ་ཉེ་བ་ན་འོག་ མའི་ཕྱོགས་སངས་རྒྱས་ཀྱི་ཞིང་བཅུ་འདས་པའི་ཕ་རོལ་ནས་བྱང་ཆུབ་སེམས་དཔའ་ཚད་མེད་བློ་གྲོས་ཤེས་བྱ་བ་ཞིག་དེ་ནས་ཚེ་འཕོས་ཏེ་ཞིང་འདིར་སྐྱེས་ནས་ལོ་བཅུ་དྲུག་ལོན་པ་དང་རབ་ཏུ་བྱུང་སྟེ། བཅོམ་ལྡན་འདས་ཚད་མེད་འོད་ཀྱི་ ཡོན་ཏན་རྒྱལ་པོའི་ཆོས་རྣམ་པར་འཇིག་ཏུ་ཉེ་བ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་གྲོལ་བར་འགྱུར་བ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སྦྱོར་བའི་མདོ་ཐོས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཚད་མེད་ བློ་གྲོས་ཀྱིས་མདོ་སྡེ་འདི་ཐོས་ནས་བརྩོན་འགྲུས་ཆེན་པོ་སྐྱེད་དེ་ཆོས་འདི་དག་དང་ལྡན་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དགེ་བའི་རྩ་བ་དེ་ཉིད་ཀྱི་རྒྱུ་དང་རྐྱེན་ཀྱིས་དེ་ནས་ཚེ་འཕོས་ནས་སངས་རྒྱས་ཁྲི་ཕྲག་ཉི་ཤུ་དང་ཕྲད་དེ་ ཆོས་འདི་དག་དང་ལྡན་པར་གྱུར་ཏོ། །སྔོན་གྱི་གནས་ཀྱང་ཏག་ཏུ་དྲན་པས་གཞོན་ནུར་ནས་རབ་ཏུ་བྱུང་སྟེ། ཚངས་པར་སྤྱད་པ་སྤྱོད་ཅིང་རྟག་ཏུ་དྲན་པའི་མཐུ་དང་ལྡན་པར་གྱུར་ཏོ། །གང་ནས་གང་དུ་སྐྱེས་པའི་གནས་ཀུན་དུ་ཆོས་འདི་ ལྟ་བུ་དང་མ་བྲལ་ཏེ་སྐྱེ་བའི་གནས་ཐམས་ཅད་དུ་དྲན་པ་རྒྱུན་མི་འཆད་པ་དང་ལྡན་ཏེ། དེ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་མཚན་ཡང་ཚད་མེད་འོད་ཀྱི་བཀོད་པའི་རྒྱལ་པོ་ཞེས་བྱའོ། ། འཇིག་རྟེན་འཛིན་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་ སུ་རྫོགས་པར་འདོད་པ་དག་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལྔ་བརྒྱ་ཐ་མ་ལ་ཤིན་དུ་བརྩོན་འགྲུས་རྩོམ་ཞིང་ཡི་དམ་ཆེན་པོ་བསྐྱེད་ནས་མོས་པ་ཆེན་པོ་དང་། བརྩོན་འགྲུས་ཆེན་པོ་དང་། བག་བྱེད་པ་ཆེན་པོ་བསྐྱེད་དེ། ཕྱི་མའི་དུས་ 55-1-76b ངན་པར་གྱུར་པ་དེའི་ཚེ་མདོ་སྡེ་འདི་དག་ལ་སོགས་པ་ཤིན་ཏུ་བསྲུང་ཞིང་བསྐྱབ་པར་བྱའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་བཟང་སྐྱོང་ལ་སོགས་པ་འདུག་པ་སྟན་ལས་ལངས་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་ཕྱི་མ་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་ཏུ་ཉེ་བ་ན་བདག་ཅག་གིས་མདོ་སྡེ་འདི་དག་ལ་སོགས་པ་བསྲུང་ཞིང་བསྐྱབ་པའི་ཕྱིར་བརྩོན་ འགྲུས་ཤིན་དུ་བསྐྱེད་དེ་ཀློག་པ་དང་། འདོན་པ་དང་། ཉན་པ་དང་། འཛིན་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་འཚལ་ལོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སྟོང་དུ་མ་སྙེད་འདུག་པ་ལས་ལངས་ནས་བཅོམ་ལྡན་འདས་ ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་མིག་མི་འཛུམས་པར་བལྟ་ཞིང་འདི་སྐད་དུ་ཡི་དམ་བཅས་སོ། །བཅོམ་ལྡན་འདས་བདག་ཅག་གིས་ཕྱི་མ་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ་འདི་ལྟ་བུའི་ཤིན་དུ་ཟབ་མོ་ཆགས་པ་མེད་པའི་མདོ་སྡེ། སངས་རྒྱས་ཐམས་ཅད་ཀྱི་སྣང་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་ཡོན་ཏན་སྐྱེ་བར་འགྱུར་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་བདག་ཅག་གིས་ཤིན་དུ་བསྲུང་ ཞིང་འཛིན་པར་འཚལ་ལ། ཆོས་འདི་ཐོས་ནས་རྣམ་པར་དག་ཅིང་སེམས་རབ་ཏུ་དག་པར་གྱུར་ཏེ་ཚོལ་བ་དང་། འཆང་བ་དང་། འཛིན་པ་དང་། འདོན་པ་དང་། ཀློག་པ་ལ་ཤིན་དུ་བརྩོན་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་བཞད་མོ་འཛུམ་པ་མཛད་པ་དང་། དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འོད་ཟེར་གྱིས་ཀུན་ཏུ་སྣང་བར་གྱུར་ཏོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་རྣམ་པ་དྲུག་ཏུ་གཡོས་སོ། །དེའི་ཚེ་ན་དགའ་བོ་འདུག་པ་ལས་ལངས་ནས་བླ་གོས་ཕྱོགས་ གཅིག་ཏུ་བྱས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་རྒྱུ་ཅིའི་རྐྱེན་ཀྱིས་ན་དེང་འདིར་བཞད་མོ་འཛུམ་པ་མཛད་དེ་ས་ཆེན་པོ་ 55-1-77a ཡང་རབ་ཏུ་གཡོས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་རྣམས་ཡི་དམ་ཆེན་པོ་བཅས་ནས་ཕྱི་མ་མ་འོངས་པའི་དུས་སུ་ཤིན་དུ་ཟབ་མོའི་མདོ་སྡེ་ ཆགས་པ་མེད་པའི་ཆོས་འདི་ལྟ་བུ་ཤིན་དུ་བསྲུང་ཞིང་འཛིན་པར་ཡི་དམ་བཅས་པ་མཐོང་ངམ། དགའ་བོ་བྱང་ཆུབ་སེམས་དཔའ་འདི་དག་ནི་སྐྱེ་བ་འདི་གཅིག་པུར་ཡི་དམ་འདི་ལྟ་བུར་བཅའ་བ་མ་ཡིན་གྱི། དགའ་བོ་ངས་མངོན་པར་དྲན་ཏེ་ བྱང་ཆུབ་སེམས་དཔའ་འདི་དག་གིས་སངས་རྒྱས་ཀྱི་ཞིང་ཚད་མེད་དཔག་ཏུ་མེད་པ་རྣམས་སུ་ཡང་ཡི་དམ་འདི་ལྟ་བུ་བཅས་ཏེ་དུས་གསུམ་དུ་སངས་རྒྱས་དེ་དག་གི་ཆོས་ཀྱང་ཤིན་དུ་བསུངས་ཏེ་སེམས་ཅན་ཚད་མེད་དཔག་ཏུ་མེད་པ་རྣམས་ ལ་ཕན་པ་དང་བདེ་བའི་དོན་བྱས་སོ། །དེ་ཡང་དུས་གསུམ་དུ་ངའི་ཆོས་ཀྱང་སྐྱོབ་ཅིང་བསྲུང་བར་འགྱུར་ཏེ། ད་ལྟར་གྱི་དུས་དང་མྱ་ངན་ལས་འདས་པའི་འོག་ཆོས་རྣམ་པར་འཇིག་ཏུ་ཉེ་བ་ན་སེམས་ཅན་ཚད་མེད་པའི་རྣམས་ལ་ཕན་པ་དང་བདེ་བའི་ དོན་བྱེད་པར་འགྱུར་རོ། །འཇིག་རྟེན་འཛིན་བཟང་སྐྱོང་ལ་སོགས་པ་དུས་གསུམ་དུ་ངའི་ཆོས་བསྲུང་བར་མ་ཟད་ཀྱི་བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱང་དུས་གསུམ་དུ་བསྲུང་ཞིང་འཛིན་པར་འགྱུར་རོ། །དེ་བཞིན་དུ་ མ་འོངས་པའི་དུས་ཀྱི་སངས་རྒྱས་ཀྱི་ཆོས་འདི་ལྟ་བུ་དག་ཀྱང་བསྲུང་ཞིང་འཛིན་པར་འགྱུར་རོ། །དགའ་བོ་ངས་སྐྱེས་བུ་དེ་དག་གི་ཡོན་ཏན་ཚད་མེད་པ་ལྷུན་གྱིས་གྲུབ་པ་དང་། སེམས་ཅན་ཚད་མེད་པ་རྣམས་ལ་ཕན་པ་དང་བདེ་བའི་དོན་བྱས་ པ་བཤད་ན་རྗོད་ཀྱིས་མི་རྫོགས་སོ། །དགའ་བོ་ངས་སྐྱེས་བུ་དེ་དག་གི་ཡོན་ཏན་ཀུན་བཤད་ན་སྐྱེ་བོ་དག་ཡིད་ཆེས་པར་མི་འགྱུར་རོ། །གལ་ཏེ་སྐྱེ་བོ་དག་སངས་རྒྱས་ཀྱི་གསུང་ལ་ཡིད་ཆེས་པར་མ་གྱུར་ན་ཡུན་རིང་པོར་བདེ་བ་སྟོར་ནས་སྡུག་ བསྔལ་མང་པོ་མྱོང་ཞིང་ངན་སོང་དུ་ལྟུང་བར་འགྱུར་རོ། །དགའ་བོ་བྱང་ཆུབ་སེམས་དཔའ་སྔོན་གྱི་སྨོན་ལམ་ལ་གནས་པ་ནི་མ་གཏོགས་ཏེ། སེམས་ཅན་ལ་ཕན་པ་དང་། བདེ་བའི་དོན་བྱས་པ་ཕྱོགས་གཅིག་བཤད་པར་བྱའོ། །གལ་ཏེ་ 55-1-77b སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེའི་སེམས་ཅན་ཡོངས་སུ་གང་བ་ཐམས་ཅད་དམྱལ་བ་ཆེན་པོར་ལྷུང་ལ། དེ་ལ་སྐྱེས་བུ་གཅིག་གིས་འདི་སྐད་དུ་དེ་དག་ལ་ཁྱེད་རྣམས་མ་འཇིགས་ཤིག །ཁྱེད་རྣམས་ཀྱི་སེམས་ ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་ཀུན་སོ་སོ་ནས་ངས་བླང་ངོ་ཞེས་སྨྲས་ཏེ། སེམས་ཅན་དེ་དག་ནི་དམྱལ་བ་ཆེན་པོ་ལས་ཐར་བ་དེ་དག་གི་དམྱལ་བའི་སྡུག་བསྔལ་ཀུན་སོ་སོར་རེ་རེ་ནས་ལོ་བརྒྱ་སྟོང་གི་བར་དུ་ལུས་ཀྱིས་བླངས་ན། དགའ་བ་དེ་ཁྱོད་ཀྱིས་ཡིད་ལ་ཇི་སྙམ། སྐྱེས་བུ་དེས་ཤིན་དུ་བདེ་བ་ཆེན་པོ་དང་ཕན་པ་ཆེན་པོ་བྱས་པ་ཡིན་ནམ། དགའ་བོས་གསོལ་པ། བཅོམ་ལྡན་འདས་དེ་ནི་ཤིན་དུ་ཕན་པ་ཆེན་པོ་དང་བདེ་བ་ཆེན་པོ་བགྱིས་པ་ལགས་སོ། །དགའ་བོ་སྐྱེ་ བུ་དེས་སེམས་ཅན་དེ་དག་དམྱལ་བ་ལས་ཕྱུང་ནས་ཀྱང་བདག་གི་མཐུ་རྩལ་གྱིས་ཐམས་ཅད་འཇིག་རྟེན་གྱི་བདེ་བ་མཆོག་དམ་པ་དང་ལྡན་པ་བྱས་ན། དགའ་བོ་སྐྱེས་བུ་དེས་ཤིན་དུ་དྲིན་གྱིས་ཕན་བཏགས་ཤིང་སེམས་ཅན་དག་ལ་ཤིན་ དུ་བདེ་བ་བྱིན་ནམ་དགའ་བོས་གསོལ་པ། སྐྱེས་བུ་དེས་ཕན་པར་བགྱིས་པ་ནི་ཚིག་གིས་བརྗོད་པར་སླ་བ་མ་ལགས་སོ། །དགའ་བོ་ངས་དེང་བདེན་པར་གསུངས་ཏེ། བྱང་ཆུབ་སེམས་དཔའ་བཟང་སྐྱོང་ལ་སོགས་པས་སེམས་ཅན་ལ་ཕན་ པ་དང་། བདེ་བའི་དོན་བྱས་པའི་གནས་ན་སྐྱེས་བུ་དེས་ཕན་པ་དང་བདེ་བའི་དོན་བྱས་པ་ནི་རྩིས་སམ། བགྲང་བའམ། དཔེའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། དགའ་བོ་སྐྱེས་བུ་དེས་བདེ་བའི་ཡོ་བྱད་ཀྱིས་ཕན་པ་བྱས་པ་ནི་ཐམས་ ཅད་ཀྱང་འདུས་བྱས་ཀྱི་ཆོས་དང་འབྲེལ་བ་ཡིན་པས་སྐྱོ་ཞིང་ཆོག་ཤེས་པའི་ཕྱིར་མ་ཡིན། འདོད་པ་སྤོང་བའི་ཕྱིར་མ་ཡིན། ཤེས་རབ་ཀྱི་ཕྱིར་མ་ཡིན། དགེ་སྦྱོང་གི་འབྲས་བུའི་ཕྱིར་མ་ཡིན། མྱ་ངན་ལས་འདའ་བའི་ཕྱིར་མ་ཡིན་ནོ། །དགའ་བོ་ བྱང་ཆུབ་སེམས་དཔའ་དེ་དག་གིས་སེམས་ཅན་དག་ལ་ཕན་པ་དང་བདེ་བའི་དོན་བྱས་པ་ནི་བླ་ན་མེད་པའི་བདེ་བ་དང་མཁས་པ་དག་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བ་ལ་མོས་པ་བྱིན་པ། སངས་རྒྱས་ཀྱི་མཛད་པ་བྱེད་པ། ཡང་དག་པའི་གནས་སུ་ 55-1-78a མ་ཆུད་པ་དག་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ཐོབ་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན་ཅིང་གསུངས་པས་ཕན་པ་དང་དགའ་བར་འགྱུར་རོ། །དགའ་བོ་བྱང་ཆུབ་སེམས་དཔའ་རྣམས་ བསྟན་ཅིང་བརྗོད་དེ་ཕན་པ་དང་། དགའ་བར་བྱས་པས་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གདུང་བསྐྱབ་ཅིང་བསྲུང་བའི་ཕྱིར་འཇིག་རྟེན་ན་གནས་སོ། །དགའ་བོ་སྐྱེས་ བུ་དེ་དག་སྔོན་འདས་པའི་དུས་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་སངས་རྒྱས་རྒྱུན་མི་འཆད་པར་བྱེད་པ་དང་། མ་འོངས་པའི་དུས་སུ་ཡང་བསྐལ་པ་ཚད་མེད་པ་ཁྲག་ཁྲིག་བརྒྱ་སྟོང་གི་ བར་དུ་སངས་རྒྱས་རྒྱུན་མི་འཆད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དགའ་བོ་བྱང་ཆུབ་སེམས་དཔའ་དེ་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སངས་རྒྱས་ཚད་མེད་པ་རྣམས་སངས་རྒྱས་ཀྱི་བྱང་ཆུབ་ལ་བཙུད་དེ་བྱང་ཆུབ་སེམས་ དཔའ་དེ་རྣམས་སྐྱེ་བ་ཐམས་ཅད་དུ་ཆོས་ཡོངས་སུ་བསྐྱབས་ནས་སངས་རྒྱས་ཁྲིག་ཕྲག་བརྒྱ་སྟོང་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྷུན་གྱིས་གྲུབ་པར་བྱས་སོ། །དེ་ནས་ཡང་སེམས་ཅན་གྲངས་མེད་པ་བརྒྱ་སྟོང་ རྣམས་སངས་རྒྱས་ཀྱི་བྱང་ཆུབ་ལ་བཙུད་དེ་བསྟན་ཅིང་བསླབས་པའི་མཐུས་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་ན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །དགའ་བོ་བཟང་སྐྱོང་ལ་སོགས་ པ་སྐྱེ་བོ་མང་པོ་ལ་སངས་རྒྱས་ཀྱི་བདེ་བ་དང་། ཐམས་ཅད་མཁྱེན་པའི་བདེ་བ་སྟོབས་པའི་ཕྱིར་ཤིན་ཏུ་བརྩོན་འགྲུས་རྩོམ་མོ། །དགའ་བོ་དེ་ལ་གང་ཞིག་བྱང་ཆུབ་སེམས་དཔའི་ཕ་དང་མ་ལྟ་བུ་དང་། གནས་དང་སྐྱབས་དང་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་འབྱུང་གནས་གང་ཡིན་པ་བཤད་པར་འདོད་ན་བཟང་སྐྱོང་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱ་པོ་ཡིན་པར་རིག་པར་བྱའོ། །དགའ་བོ་དེ་ལ་གང་ཞིག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་སྐྱེ་བར་འགྱུར་ཞེས་འདྲི་ན། 55-1-78b དེ་ལ་འདི་སྐད་དུ་བཟང་སྐྱོང་ལ་སྩོགས་པ་བྱང་ཆུབ་སེམས་དཔའ་བརྒྱ་པོ་ཡིན་ནོ་ཞེས་བཤད་པར་བྱའོ། །དེ་ལྟར་རིགས་ཀྱི་བུ་དེ་དག་ནི་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གདུང་རྒྱུན་མི་འཆད་ པར་བྱེད་པའི་ཕྱིར་འཇིག་རྟེན་ན་གནས་སོ། །རིགས་ཀྱི་བུ་དེ་དག་ལ་སོགས་པས་ཕྱི་མ་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མར་ཡང་བསྟན་ཅིང་བསླབ་པ་ལ་སྦྱོར་བའི་མཐུ་དང་བདེ་བའི་རྒྱུ་དང་རྐྱེན་གྱིས་སྐྱེ་བོ་མང་པོ་ངན་སོང་གསུམ་དུ་མ་ལྟུང་ ཞིང་དེ་མ་ཡིན་པ་སེམས་ཅན་ཚད་མེད་པ་བརྒྱ་སྟོང་རྣམས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་བཀོད་དོ། །དགའ་བོ་སངས་རྒྱས་སྟོང་དུ་མ་རྣམས་ཀྱིས་རིགས་ཀྱི་བུ་དེ་དག་གི་ཡོན་ཏན་བརྗོད་ཀྱང་རྫོགས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་ བུ་དེ་དག་ལ་སོགས་པས་དེ་ལྟ་བུའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་རོ། །དགའ་བོ་ངས་བསྐལ་པ་གྲངས་མེད་ཚད་མེད་པ་བརྒྱ་སྟོང་གི་བར་དུ་ཆོས་ཡོངས་སུ་བསྒྲུབས་པ་རྣམས་རིགས་ཀྱི་བུ་འདི་དག་གིས་བསྲུང་ཞིང་འཛིན་པར་ འགྱུར་རོ། །དགའ་བོ་ངས་བསྐལ་པ་ཁྲི་ཕྲག་ཚད་མེད་པའི་བར་དུ་ཆོས་དཀོན་མཆོག་བསྒྲུབས་པ་རྣམས་འདི་དག་ལ་གཏད་ཅིང་གདམས་སོ། །རིགས་ཀྱི་བུ་འདི་དག་ནི་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པ་ན་ད་ལྟར་བཞུགས་པའི་སངས་ རྒྱས་ཐམས་ཅད་ཀྱིས་དགོངས་པའི་ཕྱིར་རོ། །དགའ་བོ་རིགས་ཀྱི་བུ་དེ་དག་ལ་རྟག་ཏུ་ལྷ་དང་མི་དང་འཇིག་རྟེན་ཏུ་བཅས་པ་ཐམས་ཅད་ཀྱིས་ཕྱག་བྱ་བའི་གནས་ཡིན་ནོ། །དགའ་བོ་སྐྱེས་བུ་དེ་དག་ལ་ནི་ཕྱོགས་བཅུའི་སངས་རྒྱས་སྟོང་སྙེད་ ཀྱང་ཆོས་གསུངས་པའི་ཚེ་རྟག་པར་བསྔགས་ཤིང་གསུངས་སོ། །དགའ་བོ་ངས་ངེས་པར་ལུང་བསྟན་ཏེ། སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅད་པའི་ཕྱིར་གང་ཞིག་གིས་ཕྱི་མ་མ་འོངས་པའི་དུས་སུ་མདོ་སྡེ་འདི་འཆང་བ་དང་། འཛིན་ པ་དང་། ཀློག་པ་དང་། འདོན་པ་དང་། ཁོང་དུ་ཆུད་པར་བྱེད་པ་དང་། གཞན་ལ་རྒྱ་ཆར་སྟོན་ཅིང་འཆད་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཤིན་དུ་ཉེ་བར་བསྙེན་པ་ཡིན་པར་རིག་པར་བྱའོ། ། 55-1-79a སྐྱེས་བུ་གང་ཞིག་ཕྱི་མ་མ་འོངས་པའི་དུས་སུ་མདོ་སྡེ་འདི་ཐོས་ནས་ཤིན་དུ་ཟབ་མོའི་ཆོས་འདི་ལ་དད་ཅིང་མོས་ཏེ་ཡི་དམ་བཅས་ན་ངས་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བྱའོ། ། ཕྱི་མ་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མར་དད་ཅིང་མོས་པའི་སེམས་བསྐྱེད་དེ་བརྩོན་འགྲུས་ཤིན་དུ་བརྩམས་ནས་མདོ་སྡེ་འདི་བསྲུང་ཞིང་འཛིན་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཀྱི་ཆོས་ཀྱིས་གཏད་ཅིང་གདམས་སོ། །གལ་ཏེ་ཉན་ཐོས་པ་ཞིག་གིས་ཆོས་ཟབ་མོ་འདི་དག་ལ་དད་ཅིང་ལོག་པའི་སེམས་མེད་ན་དེ་ཡང་ཕྱི་མ་མ་འོངས་པའི་དུས་སུ་སངས་རྒྱས་བྱམས་པ་དང་ཕྲད་པར་འགྱུར་རོ་ཞེས་ངས་ལུང་བསྟན་ཏོ། ། སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བ་གང་ཞིག་ཆོས་འདི་འཛིན་ཅིང་དད་ན་སངས་རྒྱས་བྱམས་པས་ལུང་བསྟན་པར་འགྱུར་ཏེ། སྔོན་གྱི་སྨོན་ལམ་གྱིས་རབ་ཏུ་འབྱུང་ཞིང་བྱང་ཆུབ་ཀྱི་རྒྱུད་སློབ་པར་འགྱུར་རོ། །དགའ་བོ་རིགས་ཀྱི་བུ་འམ་རིགས་ ཀྱི་བུ་མོ་ཕྱི་མ་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ་ཆོས་འདིའི་ཕྱིར་ཤིན་དུ་བརྩོན་འགྲུས་བསྐྱེད་ན་སྐྱེས་བུ་དེ་དག་གི་དགེ་བའི་རྩ་བ་ཤིན་དུ་རྣོ་ཞིང་རྟག་པར་རིག་པར་བྱའོ། །སྔོན་བྱུང་བའི་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་ གཅིག་གོ། །། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་འཛིན་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཕན་པ་དང་བདེ་ བའི་དོན་གྱི་སླད་དུ་མདོ་སྡེ་བསྐྱབ་པའི་སླད་དུ་བྱིན་གྱིས་བརླབ་དུ་གསོལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱི་མ་མ་མཆིས་པའི་དུས་སུ་མདོ་སྡེ་འདི་ཐོས་ན་སེམས་ཡོངས་སུ་དག་པ་དང་དགའ་བ་དང་བདེ་བར་ལྡན་ཞིང་ཆོས་འདི་དག་ བསྒྲུབ་པའི་སླད་དུ་ཤིན་དུ་བརྩོན་འགྲུས་རྩོམ་པར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་འདི་བྱིན་གྱིས་བརླབ་པའི་ཕྱིར་རྫུ་འཕྲུལ་གྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དྲི་བསུང་ 55-1-79b ངོ་མཚར་རྨད་དང་ལྡན་པས་ཡོངས་སུ་ཁྱབ་པར་གྱུར་ཏོ། །སེམས་ཅན་རྣམས་གཅིག་ལ་གཅིག་བྱམས་པའི་སེམས་ཀྱི་བལྟ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལྟར་བྱིན་གྱིས་བརླབས་ནས་འཇིག་རྟེན་འཛིན་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། །འཇིག་རྟེན་འཛིན་ངས་ཆོས་ཀྱི་ཕྱག་རྒྱའི་མདོ་སྡེ་འདི་བྱིན་གྱིས་བརླབས་པ་ནི་ཐམས་ཅད་ཀྱི་ཐེ་ཙོམ་བཅད་པའི་ཕྱིར་རོ། །འཇིག་རྟེན་འཛིན་གང་ཞིག་གིས་མདོ་སྡེ་འདི་འཆང་ངམ། འཛིན་ཏམ། ཀློག་གམ། འདོན་ན་རིང་པོར་ མི་ཐོགས་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འགྱུར་རོ། །སྐྱེས་བུ་དེ་དག་མྱུར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྫོགས་པར་འགྱུར་བར་ལུང་བསྟན་ཏོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གང་ཞིག་ མདོ་སྡེ་ཆོས་ཀྱི་ཕྱག་རྒྱ་འདི་འཆང་ངམ། འཛིན་ཏམ། ཀློག་གམ། འདོན་ཏམ། ཡིད་ལ་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་སྟོན་ཅིང་འཆད་ན་སྐྱེས་བུ་དེ་རིང་པོ་མི་ཐོགས་པར་མྱུར་དུ་ཕུང་པོ་ལྔ་ལ་སྦྱོར་བ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་ བཅྭ་བརྒྱད་དང་། རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ ཡན་ལག་བརྒྱད་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་དང་། འདུས་བྱས་དང་འདུས་མ་བྱས་པའི་ཆོས་ལ་སྦྱོར་བ་ཐོབ་པར་འགྱུར་རོ། །གཞན་ཡང་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་མྱུར་དུ་ཐོབ་པར་འགྱུར། ཆོས་ཐམས་ཅད་ ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་མཁས་པ་མྱུར་དུ་ཐོབ་པ་དང་། དྲན་པའི་སྟོབས་མྱུར་དུ་ཐོབ་པ་དང་། ཆོས་ཐམས་ཅད་རྣམ་པར་འབྱེད་པ་ལ་མཁས་པའི་ཤེས་རབ་མྱུར་དུ་ཐོབ་པ་དང་། གཞན་ཡང་ལུས་འདི་བརྗེས་ཀྱང་དྲན་པ་འརྒྱུན་མི་འཆད་ པ་དང་ལྡན་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཐོབ་པར་འགྱུར་རོ། །འཇིག་རྟེན་འཛིན་མདོ་སྡེ་འདི་ནི་ཕྱི་མ་མ་འོངས་པའི་དུས་སུ་སྐྱེ་བོ་མང་པོ་ལ་ཆོས་ཆེན་པོའི་སྣང་བ་བྱེད་ཅིང་ཡེ་ཤེས་འོད་ཀྱིས་བསོད་ནམས་ 55-1-80a ཀྱི་རྒྱུ་དང་རྐྱེན་དུ་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པའི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་རོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་གང་ཞིག་ཕྱི་མ་མ་འོངས་པའི་ དུས་སུ་མདོ་སྡེ་འདི་འམ་མདོ་སྡེ་ཟབ་མོ་གཞན་བྱང་ཆུབ་ཀྱི་སྡེ་སྣོད་དུ་གཏོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་དང་ལྡན་པ་དང་ཕྲད་ན། སྐྱེས་བུ་དེ་ལ་བདུད་ཀྱིས་བར་དུ་མི་གཅོད་ཅིང་ལས་ཀྱི་སྒྲིབ་པས་ཀྱང་བར་དུ་གཅོད་པར་མི་འགྱུར་རོ། །འཇིག་རྟེན་ འཛིན་སྐྱེས་བུ་དེ་མ་སྐྱེས་པའི་ཆོས་ཀྱི་བཟོད་པ་མ་ཐོབ་པ་ཞིག་ན་ཡང་སངས་རྒྱས་གཉིས་སམ་སངས་རྒྱས་གསུམ་པོ་ལས་མ་སྐྱེས་པའི་ཆོས་ཀྱི་བཟོད་པ་ཐོབ་པར་འགྱུར་བར་ངས་ལུང་བསྟན་ཏོ། །གལ་ཏེ་མ་སྐྱེས་པའི་ཆོས་ཀྱི་བཟོད་པ་ཐོབ་པ་ ཞིག་ན་ཡང་ཆོས་ཐམས་ཅད་ལ་མྱུར་དུ་དབང་ཐོབ་པར་འགྱུར་བ་དང་། མྱུར་དུ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ཐོབ་པ་དང་། མྱུར་དུ་ཉན་ཐོས་ཀྱི་དགེ་འདུན་གྱི་འཁོར་ཚད་མེད་པ་ཐོབ་པ་དང་། མྱུར་དུ་བྱང་ཆུབ་སེམས་དཔའི་འཁོར་ཐོབ་པར་འགྱུར་རོ། ། འཇིག་རྟེན་འཛིན་ངས་མདོ་སྡེ་ཆོས་ཀྱི་ཕྱག་རྒྱ་འདི་གསུངས་པ་ནི་སེམས་ཅན་ཐམས་ཅད་ཕྱི་མ་མ་འོངས་པའི་སྐྱེ་བོ་མང་པོའི་ཐེ་ཙོམ་གཅད་པའི་ཕྱིར་རོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཕན་ པའི་དངོས་པོ་བཞི་མཐོང་བས་མ་འོངས་པའི་དུས་སུ་མདོ་སྡེ་འདི་ལ་སོགས་པ་བསྲུང་བ་དང་། འཛིན་པར་ཡིད་དམ་ལེན་ཏོ། །བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་འདི་སྙམ་དུ་བདག་གིས་མྱུར་དུ་ཡོན་ཏན་ཚད་མེད་དཔག་ཏུ་ མེད་པ་ཐོབ་པར་འགྱུར་སྙམ་པ་དང་། སེམས་ཅན་རྣམས་དགེ་བའི་རྩ་བ་ཆེན་པོ་སྐྱེ་ཞིང་སངས་རྒྱས་ཀྱི་ཡང་དག་པའི་ཆོས་འཛིན་ཅིང་བསྲུང་བ་ཡིན་ནོ་སྙམ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྡེ་སྣོད་འཛིན་པ་ཡིན་ནོ་སྙམ་པ་དང་། སངས་རྒྱས་ ཚད་མེད་པ་རྣམས་ཀྱིས་བསྟོད་ཅིང་བསྔགས་པར་འགྱུར་རོ། །སྙམ་སེམས་དཔའ་དང་བཞིའོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱེད་ལ་སོགས་པས་ངས་བསྐལ་པ་གྲངས་མེད་པ་བརྒྱ་སྟོང་གི་བར་དུ་བསྒྲུབས་ 55-1-80b པའི་ཆོས་ཀྱི་དཀོན་མཆོག་གི་སྡེ་སྣོད་འདི་ལྷ་དང་མི་རྣམས་ལ་ཤིན་དུ་རྒྱས་པར་ཤོད་ཅིག །དེའི་ཚེ་བཟང་སྐྱོང་ལ་སོགས་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་གི་རྔོ་ཅི་ཐོག་པ་དང་། བཅོམ་ ལྡན་འདས་ཀྱི་བྱིན་གྱིས་ཕྱི་མ་མ་མཆིས་པའི་དུས་སུ་ཆོས་དཀོན་མཆོག་འདི་རྒྱས་པར་སྟོན་ཅིང་བཤད་པར་འཚལ་ལོ་ཞེས་གསོལ་ཏོ། །ཆོས་ཀྱི་ཕྱག་རྒྱའི་མདོ་སྡེ་འདི་གསུངས་པའི་ཚེ་དཔག་ཏུ་མེད་ཚད་མེད་གྲངས་མེད་པ་སྙེད་ཀྱི་སྐྱེ་བ་གཅིག་གིས་ ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་རྩ་བ་ལྷུན་གྱིས་གྲུབ་བོ། །སེམས་ཅན་ཚད་མེད་པ་བརྒྱ་སྟོང་རྣམས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་གདོན་མི་ཟ་བར་ལུང་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས། བྱང་ཆུབ་སེམས་དཔའ་འཇིག་རྟེན་འཛིན་དང་བཟང་སྐྱོང་ལ་སོགས་པ་བྱང་ཆུབ་སེམས་དཔའ་གཞན་དག་དང་འཁོར་རྣམ་བཞི་དང་ལྷ་དང་མི་དང་ ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའོ། །གདམས་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གཉིས་སོ། །འཕགས་པ་འཇིག་རྟེན་འཛིན་ཅེས་བྱ་བའི་མདོ། རྫོགས་སོ།། །།དགེའོ། ། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨཀྵ་ཡ་མ་ཏི་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། དེ་བཞིན་གཤེགས་པའི་སྤྱོད་ཡུལ་རིན་པོ་ཆེ་བཀོད་པའི་ འཁོར་གྱི་ཁྱམས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་བསོད་ནམས་ཆེན་པོའི་རྒྱན་གྱི་ཚོགས་བསགས་པ། སྤྱོད་པ་ཆེན་པོའི་རྒྱུ་འཐུན་པ་སངས་རྒྱས་ཐམས་ཅད་ཀྱི་ཆོས་རྣམ་པར་སྦྱིན་པས་མངོན་པར་གྲུབ་པ། བྱང་ཆུབ་ 55-1-81a སེམས་དཔའ་ཆེན་པོའི་གནས་ཆོས་ཀྱི་དབྱིངས་མཐའ་ཡས་པ་བསྟན་པ། དེ་བཞིན་གཤེགས་པའི་རྣམ་པར་སྤྲུལ་པའི་བྱིན་གྱི་བརླབས་ཆགས་པ་མེད་པའི་སྤྱོད་ཡུལ་གྱི་ཡེ་ཤེས་ལ་འཇུག་པ། དགའ་བ་ཆེན་ པོ་ཡང་དག་པར་བསྐྱེད་པ་དང་། དྲན་པ་དང་། བློ་གྲོས་དང་། རྟོགས་པ་ལ་འཇུག་པ། ཀུན་ནས་མ་སྨད་པ། ཡེ་ཤེས་རྣམ་པར་དཔྱོད་པ། དེ་ལ་མ་ཆགས་པའི་རྟོགས་པ་ལ་འཇུག་པ། ཕྱི་མའི་མཐའི་བསྐལ་པར་མངོན་པར་བསྟོད་ པ་ཡོན་ཏན་ཐམས་ཅད་ཀྱི་ཚོགས་དཔག་ཏུ་མེད་པ་ན་བཞུགས་ཏེ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་མངོན་པར་རྫོགས་པར་སངས་རྒྱས། ཆོས་ཀྱི་འཁོར་ལོ་ནི་རབ་ཏུ་བསྐོར། སློབ་མ་ཤིན་དུ་དུལ་ བ་མཐའ་ཡས་པའི་ཚོགས་ནི་མངའ། ཆོས་ཐམས་ཅད་ལ་ནི་མངའ་བརྙེས། སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ཚུལ་ནི་རབ་ཏུ་མཁྱེནད། དབང་པོ་དམ་པའི་མཆོག་ནི་བརྙེས། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ བག་ཆགས་ཀྱི་མཚམས་སྦྱོར་བ་ལེགས་པར་འཇོམས་པ་ལ་ནི་མཁས། སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་ནི་རྒྱུན་མ་བཅད་ཅིང་། དགེ་སློང་བརྒྱ་སྟོང་ཕྲག་དྲུག་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ གཅིག་སྟེ། ཐམས་ཅད་ཀྱང་ཅང་ཤེས་པའི་སེམས་དང་ལྡན་པ། ཡང་དག་པའི་ཤེས་པས་སེམས་ཤིན་དུ་རྣམ་པར་གྲོལ་བ། ཉོན་མོངས་པའི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ལེགས་པར་འཇོམས་པ་ལ་བརྩོན་པ། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་སྲས། སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་གནས་པར་མཁས་པ། དམིགས་པ་མེད་པའི་ཆོས་ལས་ངེས་པར་བྱུང་བ། སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པ། སྦྱིན་པའི་གནས་ཆེན་པོར་ གྱུར་པ། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་དུ་ཞུགས་པ་ཤ་སྟག་གོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་སྟེ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་དང་། འདུས་པ། གྲངས་མེད། ཚད་མེད། དཔག་ཏུ་མེད། 55-1-81b བསམ་གྱི་མི་ཁྱབ། མཚུངས་པ་མེད། དཔེ་མེད་གཞལ་དུ་མེད། བསྐྱེད་ཏུ་མེད། བརྗོད་ཏུ་མེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་གཅིག་སྟེ། སེམས་ཀྱི་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ མཐའ་ཡས་པ་རྩལ་གྱིས་གནོན་ཅིང་། འོང་བ་དང་འགྲོ་བ་ལ་མཁས་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་རིམ་གྲོ་བྱེད་པར་གྱུར་པ། སངས་རྒྱས་ཀྱི་ཆོས་མཉན་པ་ཡོངས་སུ་ཚོལ་བས་མི་ངོམས་པ། རྟག་ཏུ་རྒྱུན་ མི་འཆད་པར་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་བརྩོན་པ་ཐབས་དང་ཤེས་རབ་དམ་པའི་མཆོག་ཐོབ་པ། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་དང་ཡེ་ཤེས་ལ་རབ་ཏུ་གནས་པ། རྟོག་པ་དང་རྣམ་པར་རྟོག་པ་དང་སྤྲོས་ པ་ཐམས་ཅད་ལས་ཡང་དག་པར་འདས་པ། ཐམས་ཅད་མཁྱེནད་པ་ཉིད་ཀྱི་ས་ལ་ཉེ་བར་གྱུར་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་གློག་གི་ལྷ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་གཡུལ་ལས་རྣམ་པར་རྒྱལ་བ་ དང་། བྱང་ཆུབ་སེམས་དཔའ་རྣམ་པར་སྣང་བའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་རྩལ་ཀྱིས་དཔའ་བ་དང་། བྱང་ཆུབ་སེམས་དཔའ་ཡིད་གཉིས་ཤིན་དུ་འཇོམས་པ་དང་། བྱང་ཆུབ་སེམས་དཔའ་སྒྲ་རྣམ་པར་བསྒྲགས་པ་དང་། བྱང་ཆུབ་སེམས་དཔའ་རྣམ་པར་བལྟ་བའི་མིག་དང་། བྱང་ཆུབ་སེམས་དཔའ་མུན་པ་དང་བྲལ་བ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། འཇམ་དཔལ་ལ་སྩོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་ མེད། དཔག་ཏུ་མེད། བསྐྱེད་དུ་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། དཔེ་མེད། གཞལ་དུ་མེད། ཚད་མེད། བརྗོད་དུ་མེད་པའི་ཡང་བརྗོད་ཏུ་མེད་པ་དག་དང་ཐབས་གཅིག་གོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་ དཔའི་སྤྱོད་པ་ལ་འཇུག་པ་དང་ངེས་པར་འབྱུང་བ་སྒྲིབ་པ་མེད་པའི་སྒོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། བྱང་ཆུབ་སེམས་དཔའི་ལམ་བཀོད་པ་ལ་དམིགས་པ། སངས་རྒྱས་ཀྱི་ཆོས་ཟབ་མོ་ཐམས་ཅད་དང་། སྟོབས་བཅུ་དང་། 55-1-82a མི་འཇིགས་པ་ཡོངས་སུ་འགྲུབ་པའི་ཡེ་ཤེས་ཀྱི་འབྱུང་གནས། ཆོས་ཐམས་ཅད་ལ་དབང་བྱེད་པའི་ཚུལ་དང་། གཟུངས་ཀྱི་ཕྱག་རྒྱའི་སྒོར་འཇུག་པ། སོ་སོ་ཡང་དག་པར་རིག་པ་ཤིན་དུ་རྣམ་པར་ངེས་པ་ལ་ གཟུད་པའི་སྒོར་འཇུག་པ། མངོན་པར་ཤེས་པ་ཆེན་པོའི་ཡེ་ཤེས་ལ་གཟུད་པའི་སྒོར་འཇུག་པ། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་མི་སྐྱེ་ཞིང་མི་ལྡོག་པའི་ཆོས་རབ་ཏུ་སྟོན་པ། བགྲོད་པ་གཅིག་པའི་ལམ་དུ་ཡང་དག་པར་གཞོལ་བ། ཐེག་པ་ཐམས་ཅད་ཐེག་པ་གཅིག་ཏུ་མཚུངས་པ་ཉིད་ལ་ཡང་དག་པར་གཞོལ་བ། ཚུལ་གཅིག་པའི་ཆོས་ཀྱི་དབྱིངས་དབྱེར་མེད་པ་ལ་འཇུག་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་དབང་པོ་ལ་གཟུད་པར་བསྟན་པ། སྙིང་པོའི་ རྗེས་སུ་སོང་བའི་ཆོས་རྣམ་པར་ངེས་པ་བདུད་ཀྱི་འཁོར་ཐམས་ཅད་ཤིན་དུ་རྣམ་པར་འཇོམས་པར་བྱེད་པ། ཚུལ་བཞིན་གྱི་ཆོས་ལ་གཟུད་པའི་སྒོར་འཇུག་པ། ཉོན་མངས་པ་དང་ལྟ་བར་གྱུར་པ་ཐམས་ཅད་འདུལ་བ། ཆགས་ པ་མེད་པའི་ཤེས་རབ་དང་ཡེ་ཤེས་ཀྱི་རྗེས་སུ་འཇུག་པ། མཐའ་ཡས་ཤིང་མཚུངས་པ་མེད་པའི་བསྔོ་བ་ལ་མཁས་པའི་ཐབས་ཀྱི་ཡེ་ཤེས་བསྟན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་རྗེས་སུ་འཇུག་པ། ཐོགས་པ་ མེད་པའི་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་ཀྱི་སྒོར་འཇུག་པ། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཤིན་དུ་གཏན་ལ་བབ་པར་བསྟན་པ། མི་རྟོག་རྣམ་པར་མི་རྟོག་པའི་མཉམ་པ་ཉིད་ལ་འཇུག་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་ཁོང་དུ་ ཆུད་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཐམས་ཅད་བསགས་པ། སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་མཉམ་པ་ཉིད་ཀྱི་རྒྱན་གྱི་རྗེས་སུ་སོང་བ། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། མོས་པ་དང་། ཤེས་རབ་མི་ཟད་ པ་མངོན་པར་སྒྲུབ་པ། ཉན་ཐོས་ཀྱི་ཐེག་པས་གདུལ་བའི་ཕྱིར་འཕགས་པའི་བདེན་པའི་ཚུལ་ལ་འཇུག་པ། རང་སངས་རྒྱས་ཀྱིས་ཐེག་པས་གདུལ་བའི་ཕྱིར་ལུས་དང་སེམས་རབ་ཏུ་དབེན་པ་ཤེས་པ། ཐེག་པ་ཆེན་པོས་གདུལ་བའི་ཕྱིར་ཐམས་ 55-1-82b ཅད་མཁྱེན་པའི་ཡེ་ཤེས་ཀྱི་སར་དབང་བསྐུར་བ་ཐོབ་པ། དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པའི་ཕྱིར་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཚུལ་ལ་འཇུག་པ་གསུང་ངོ་། །སྟོན་ཏོ། །རབ་ཏུ་སྟོན་ཏོ། །མོས་པར་མཛད་དོ། །འཛིན་དུ་འཇུག་གོ། །ཀློག་དུ་ འཇུག་གོ། །ཤེས་པར་མཛད་དོ། །རྣམ་པར་རིག་པར་མཛད་དོ། །རབ་ཏུ་ཤེས་པར་མཛད་དོ། འཇུག་པར་མཛད་དོ། །འགྲེལ་ཏོ། །རྣམ་པར་འབྱེད་དོ། །གསལ་བར་མཛད་དོ། །ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་དེ་ལྟ་བུ་ཤིན་དུ་རྣམ་པར་ ངེས་པའི་དོན་འདུས་པ་ཆེན་པོའི་ལེའུ་ཡི་ཆོས་ཀྱི་རྣམ་གྲངས་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ན། ཤར་ཕྱོགས་ལོགས་ནས་གསེར་གྱི་འོད་ཆེན་པོ་སྣང་བར་གྱུར་ཏོ། གསེར་གྱི་འོད་སྣང་བ་དེས་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ ཐམས་ཅད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་གསེར་གྱི་ཁམས་འདི་ཡང་གསེར་གྱི་འོད་ཆེན་པོ་དེས་སྣང་བར་གྱུར་ཏེ། །དེ་བཞིན་གཤེགས་པའི་འོད་དང་། བྱང་ཆུབ་སེམས་དཔའ་དབང་བསྐུར་བ་ཐོབ་པ་ རྣམས་ཀྱི་འོད་མ་གཏོགས་པར་གང་གཞན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་ཉི་མ་དང་། ཟླ་བའི་འོད་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཀྱི་འོད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱི་འོད་དང་། མེ་དང་། ནོར་བུ་དང་། རིན་པོ་ཆེ་དང་། གློག་དང་། སྐར་མ་རྣམས་ཀྱི་འོད་དེ་དག་ཐམས་ཅད་མོག་མོག་པོར་བྱས་ཏེ་ཟིལ་གྱིས་ནོན་ ཅིང་མི་གསལ་བར་གྱུར་ཏོ། །གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་འཇིག་རྟེན་གྱི་བར་ན་བསགས་པའི་གཟུགས་སུ་གྱུར་པ་དང་། མུན་ནག་མི་སྣང་བས་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ ཆེ་བ་འདི་ལྟར་མཐུ་ཆེ་བས་ཀྱང་ལྷམ་མེ། ལྷན་ནེ། ལྷང་ངེར་མ་གྱུར་པ་དེ་དག་ཀྱང་འོད་དེས་སེལ་ལེར་གྱུར་ཏེ། །འོད་དེ་ལ་རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་རྣམས་སྒྲིབ་པར་མི་བྱེད་དོ། །རི་ནག་པོ་རྣམས་དང་། གངས་ 55-1-83a ཀྱི་རི་དང་། རི་རབ་དང་། ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དང་། རི་བཏང་ཟུང་དང་། རི་བཏང་ཟུང་ཆེན་པོ་ཡང་རུང་སྟེ། རིའི་རྒྱལ་པོ་ཆེན་པོ་ཐམས་ཅད་ཀྱང་སྒྲིབ་པར་མི་བྱེད་དེ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ ཡན་ཆད་ཐམས་ཅད་དུ་ཐལ་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས་སལ་ལེར་གྱུར་ཏོ། །གང་སེམས་ཅན་དམྱལ་བ་པ་རྣམས་སམ། དུད་འགྲོའི་སྐྱེ་གནས་པ་རྣམས་སམ། གཤེན་ རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ཀྱི་ཡུལ་ལ་འོད་དེས་ཕོག་པར་གྱུར་པ་དེ་དག་ཐམས་ཅད་སྡུག་བསྔལ་གྱི་ཚོར་བ་མེད་པར་གྱུར་ཏེ། ལུས་དང་སེམས་རབ་ཏུ་ཚིམ་པར་གྱུར་ཅིང་བདག་ཉིད་བདེ་བ་ཐམས་ཅད་དང་ལྡན་པ་སྙམ་ དུ་སེམས་སོ། །རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་སུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་གྱི་དཀྱིལ་འཁོར་གྱི་ཁོར་ཡུག་ཐམས་ཅད་དུ་རིན་པོ་ཆེས་བདུན་གྱི་པད་མ། ཁ་ཚོན་ཤིང་རྟའི་ཕང་ལོ་ཙམ་འདབ་མ་བྱེ་བ་ བརྒྱ་སྟོང་དུ་མ་དང་ལྡན་པ། དྲི་ཞིམ་པ། བཀྲ་བ། བལྟ་ན་སྡུག་པ། ཁ་དོག་དང་ལྡན་ཞིང་ཡིད་དུ་འོང་བ། སྟེང་རིན་པོ་ཆེའི་གདུགས་ཀྱི་དྲ་བས་གཡོགས་པ། ཀ་ཙ་ལིན་དེ་ལྟར་འཇམ་ཞིང་རེག་ན་བདེ་བ་བྱེ་བ་ཕྲག་དྲུག་ཅུས་རུམ་ ནས་འཐོན་ཏེ་མངོན་པར་འཕགས་སོ། །རིན་པོ་ཆེའི་པད་མ་དེ་དག་རེ་རེ་ལས་དྲི་གང་བྱུང་བའི་དྲི་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་དུ་རྒྱས་ཏེ། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ འདིའི་ལྷ་དང་། མིའི་སྤོས་དེ་དག་ཐམས་ཅད་པད་མའི་དྲི་དེས་ཟིལ་གྱིས་ནོན་པར་གྱུར་ཏོ། །ལྷ་དང་མི་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་རྣམས་ཀྱི་སྣའི་ རྣམ་པར་རིག་པ་ལ་པད་མའི་དྲི་དེས་ཕོགས་པ་དེ་དག་ཐམས་ཅད་ཀྱང་ཆོས་ཀྱི་དགའ་བ་དང་ལྡན་ཏེ། བདག་ཉིད་ཉོན་མོངས་པ་དང་བྲལ་བ་སྙམ་དུ་ཤེས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོས་གསེར་གྱི་འོད་དེ་དང་། པད་མ་བཀོད་པ་བྱུང་བ་དེ་ 55-1-83b དག་མཐོང་ངོ་། །མཐོང་ནས་ཀྱང་ངོ་མཚར་དུ་གྱུར། རྨད་དུ་གྱུར་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་བལྟ་ན་སྡུག་པ་འདི་ལྟ་བུ་འདི་རབ་ཏུ་གདའ་ཞིང་། པད་མ་བཀོད་པ་སྔོན་མ་མཐོང་མ་ཐོས་པ་འདི་དག་བྱུང་བ་སུའི་སྔ་ལྟས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་ འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་འདི་ནི་ཤར་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་ཅུས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ ནས་ལྷན་ཅིག་ཏུ་འོང་སྟེ། དེ་དག་འོངས་བའི་སྔ་ལྟས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། རིང་པོ་མ་ལོན་པར་དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་ས་ཆེར་གཡོ་དར་བར་བྱེད་ཅིང་འོད་ཟེར་ནི་རབ་ཏུ་གཏོང་སྟེ། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཆེན་པོས་མེ་ཏོག་གི་ཆར་ཆེན་པོ་ནི་འབེབས། སིལ་སྙན་བྱེ་བ་ཁྲག་ཕྲིག་བརྒྱ་སྟོང་དང་། གླུ་རབ་ཏུ་ལེན་ཅིང་། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་ཅུས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་ནས། ལྷན་ཅིག་ཏུ་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ག་ལ་བ་དེར་བཅོམ་ལྡན་འདས་ག་ལ་བ་དེར་འོངས་ཏེ་ལྷགས་ནས། བཅོམ་ལྡན་འདས་ཀྱིས་སྤྱན་སྔར་སྟེང་ གི་བར་སྣང་ལ་ཏ་ལ་བདུན་སྲིད་ན་འཁོད་ནས་ཐལ་མོ་སྦྱར་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་དབྱངས་ཀྱིས་གོ་བར་བྱེད་ཅིང་། བཅོམ་ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་ མངོན་པར་བསྟོད་དོ། །རྡུལ་མེད་རྡུལ་དང་བྲལ་བ་དཔའ་བོ་འདོད་ཆགས་བྲལ། །ཡེ་ཤེས་རབ་རིབ་མི་མངའ་སྤྱན་གསུམ་རྣམ་པར་སྦྱངས། །སྐྱོན་རྣམས་བསལ་བ་དྲི་མ་གསུམ་དང་ཐ་བ་སྤངས། །རྡུལ་བྲལ་སངས་རྒྱས་ཐུགས་རྗེ་ཅན་ལ་ 55-1-84a ཕྱག་འཚལ་ལོ། །འཇིགས་དང་བྲལ་ཞིང་གཏི་མུག་དྲ་བ་རྣམ་པར་བསལ། །སྟོབས་བཅུ་རྒོལ་བའི་ཚོགས་ཀྱིས་ཤིན་དུ་ཐུལ་བར་དཀའ། །ལོག་པའི་ལམ་ཞུགས་ཕ་རོལ་ཚོགས་སྐྲག་མཛད། །སེང་གེ་ལྟ་བུར་བསྙེངས་པ་མི་མངའ་ ས་ལ་གཤེགས། །ལྷ་ཡུལ་ས་སྟེང་ན་ཡང་སྐྱོན་རྣམས་ཀུན་དང་བྲལ། །ཁྱོད་ཀྱི་ཡན་ལག་དྲི་མ་མི་མངའ་ལམ་མེར་བཞུགས། །མུན་དང་རབ་རིབ་མ་རིག་ལེགས་པར་རབ་བསལ་ནས། །སྤྲིན་གྱི་དྲ་བ་ལས་སྒྲོལ་ཉི་མ་བཞིན་དུ་ལྷམ། །འགྲོ་བ་འདི་རྣམས་ མགོན་སྐྱབས་མེད་ཅིང་སྡུག་བསྔལ་གྱར། །རྒ་དང་འཆི་བས་མནར་ཅིང་གནས་སྐྱབས་མ་མཆིས་ལ། །སེམས་ཅན་མཆོག་གིས་ཐུགས་བརྩེ་ཐུགས་རྗེ་བསྐྱེད་མཛད་ནས། །སྨན་པ་བཞིན་དུ་རབ་ཏུ་གྲོལ་བར་མཛད་ཅིང་གཤེགས། །མ་རིག་པ་དང་གཏི་མུག་སྲིད་ མཚོ་རྒལ་དཀའ་བ། །ཉོན་མོངས་རྣམ་རྟོག་རྣམ་མངའ་དབའ་ཀློང་མང་པོ་ལས། །གཞན་ལས་མ་གསན་པར་ནི་བདག་ཉིད་རབ་རྒལ་ཏེ། །པད་མ་བཞིན་དུ་ཆགས་པ་མི་མངའ་རྣམ་པར་གཤེགས། །ཆོས་འདི་ཐམས་ཅད་རང་བཞིན་གྱིས་ ནི་བདག་མ་མཆིས། །གྲག་ཆ་སྒྲ་སྐད་བཞིན་དུ་བསྟེན་ནས་འབྱུང་བ་ལགས། །མ་བགྱིས་བྱེད་པ་པོ་དང་ཚོར་བ་མ་མཆིས་པར། །འཇིག་རྟེན་མགོན་པོ་སེམས་ཅན་ཕན་ཕྱིར་རབ་ཏུ་གསུང་། །འཇིག་རྟེན་ཆོས་རྣམས་འཇིག་རྟེན་རི་ཡི་ཆུ་བཞིན་ གཡོ། །མི་མཁས་སྐྱེ་བོས་བསྟེན་པ་སྙིང་པོ་མ་མཆིས་པ། །ཆོས་རྣམས་ཐམས་ཅད་སྟོན་ཀའི་སྤྲིན་དང་འདྲར་མཁྱེན་ནས། །སྲིད་ལས་རྒལ་བར་གྱུར་ཅིང་སྲིད་པ་ཀུན་ལ་སྨོད། །པད་མ་དགར་པོ་མདབ་མ་རྒྱས་འདྲའི་སྤྱན་མངའ་བ། །ཉི་ཟླ་བརྒྱ་ བས་ལྷག་པའི་གཟི་བརྗིད་མངའ་བ་པོ། །འཇིག་རྟེན་ཀུན་ན་བསྟོད་ཅིང་བསྔགས་པ་བསྟོད་འོས་པ། །མི་འདུལ་སྙུན་དང་བྲལ་བ་ཁྱོད་ལ་ཕྱག་འཚལ་ལོ། །མི་ཡི་ཁྱུ་མཆོག་མཐའ་ཡས་པ་ཡི་ཕ་རོལ་གཤེགས། །ཡོན་ཏན་ཁྱད་པར་ཀུན་ གྱི་ཕ་རོལ་བྱོན་གྱུར་པ། །བདེ་བར་གཤེགས་ཀྱི་ཡོན་ཏན་འདི་དག་དཔག་མི་ལང་། །སངས་རྒྱས་བསོད་ནམས་ཞིང་ལ་མགོ་བོས་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་ 55-1-84b ཅུ་པོ་དེ་དག་དང་བཅས་པས། བཅོམ་ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས་སྟེང་གི་བར་སྣང་ལས་བབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ ལན་བདུན་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས་འཁོར་དང་བཅས་ཏེ། པད་མའི་སྙིང་པོ་དེ་དག་ལ་དཀྱིལ་མོ་དཀྲུང་དུ་འཁོད་དོ། །དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་ གཅིག་ལ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ ཟད་པ་འདི་གང་ནས་མཆིས། དེ་བཞིན་གཤེགས་པ་དེའི་མཚན་དང་། འཇིག་རྟེན་གྱི་ཁམས་དེའི་མིང་ཅི་ཞེས་བགྱི། འཇིག་རྟེན་གྱི་ཁམས་དེ་འདི་ནས་ཇི་སྲིད་ཅིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་དེའི་ཕྱིར་ ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་འདི་ལ་དྲིས་ཤིག་དང་། འདི་ཉིད་ཁྱོད་ལ་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་ད་ཏིའི་བུས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་གང་ ནས་འོངས། དེ་བཞིན་གཤེགས་པ་དེའི་མཚན་དང་། འཇིག་རྟེན་གྱི་ཁམས་དེའི་མིང་ཅི་ཞེས་བྱ། འཇིག་རྟེན་གྱི་ཁམས་དེ་འདི་ནས་ཅི་སྲིད་ཅིག་ཡོད། བློ་གྲོས་མི་ཟད་པས་སྨྲས་པ། གནས་བརྟན་ཤཱ་ར་དྭ་ཏིའི་བུ་ལ་ད་དུང་དུ་འང་འོང་བ་དང་འགྲོ་བའི་ འདུ་ཤེས་འབྱུང་ངམ། སྨྲས་པ། རིགས་ཀྱི་བུ་བདག་གིས་འདུ་ཤེས་ནི་ཡོངས་སུ་ཤེས་སོ། །སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདུ་ཤེས་ཡོངས་སུ་ཤེས་པ་དང་ལྡན་པ་ནི་གཉི་ག་ལ་བློ་མི་འཇུག་ན། དེ་ཅིའི་ཕྱིར་ཁྱོད་འདི་ལྟར་གང་ཁྱོད་གང་ནས་འོངས་སྙམ་ དུ་སེམས། བཙུན་པ་ཤཱ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་བསྡུ་བའི་ཚིག་གོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འགྲོ་བ་ཞེས་བྱ་བ་དེ་ནི་བསལ་བའི་ཚིག་གོ། །གང་ལ་བསྡུ་བའི་ཚིག་མེད་པ་དང་། བསལ་བའི་ཚིག་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་ 55-1-85a མེད་དོ། །འོང་དོང་། འགྲོ་བ་མེད་པ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་ལས་ཀྱི་རང་བཞིན་གྱི་མཚན་ཉིད་དོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འགྲོ་བ་ཞེས་བྱ་བ་དེ་ནི་ལས་ཀྱི་རང་བཞིན་ཟད་པའི་ མཚན་ཉིད་དོ། །གང་ལ་ལས་ཀྱི་རང་བཞིན་གྱི་མཚན་ཉིད་མེད་པ་དང་། ལས་ཀྱི་རང་བཞིན་ཟད་པའི་མཚན་ཉིད་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དེ། འོང་བ་དང་འགྲོ་བ་མེད་པ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་ འོང་བ་ཞེས་བྱ་བ་དེ་ནི་སྨོན་ལམ་གྱི་མཚན་ཉིད་དོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འགྲོ་བ་ཞེས་བྱ་བ་དེ་ནི་སྨོན་ལམ་ཟད་པའི་མཚན་ཉིད་དོ། །གང་ལ་སྨོན་ལམ་གྱི་མཚན་ཉིད་དང་། སྨོན་ལམ་ཟད་པའི་མཚན་ཉིད་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་ མེད་དོ། འོང་བ་དང་འགྲོ་བ་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་སྐྱེ་བའི་མཚན་ཉིད་དོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འགྲོ་བ་ཞེས་བྱ་བ་དེ་ནི་འགོག་པའི་མཚན་ཉིད་དོ། །གང་ལ་སྐྱེ་བའི་མཚན་ ཉིད་མེད་པ་དང་། འགོག་པའི་མཚན་ཉིད་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དེ། འོང་བ་དང་འགྲོ་བ་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་རྣམ་པར་རིག་པའི་སྒོའི་མཚན་ཉིད་དོ། ། བཙུན་པ་ཤཱ་ར་དྭ་ཏིའི་བུ་འགྲོ་བ་ཞེས་བྱ་བ་དེ་ནི་རྣམ་པར་ཐར་པའི་སྒོ་ཟད་པའི་མཚན་ཉིད་དོ། །གང་ལ་རྣམ་པར་རིག་པའི་སྒོའི་མཚན་ཉིད་མེད་པ་དང་། རྣམ་པར་རིག་པའི་སྒོ་ཟད་པའི་མཚན་ཉིད་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དོ། ། འོང་བ་དང་འགྲོ་བ་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་འོང་བའི་ཡུལ་ལོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འགྲོ་བ་ཞེས་བྱ་བ་དེ་ནི་འགྲོ་བའི་ཡུལ་ལོ། །གང་ལ་འོང་བའི་ཡུལ་མེད་པ་དང་། འགྲོ་ བའི་ཡུལ་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དེ། འོང་བ་དང་འགྲོ་བ་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་རྐྱེན་གྱི་མཚན་ཉིད་དོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འགྲོ་བ་ཞེས་བྱ་བ་ 55-1-85b དེ་ནི་རྐྱེན་ཟད་པའི་མཚན་ཉིད་དོ། །གང་ལ་རྐྱེན་གྱི་མཚན་ཉིད་མེད་པ་དང་། རྐྱེན་ཟད་པའི་མཚན་ཉིད་མེད་པ་དེ་ལ་འོང་བ་ཡང་མེད་འགྲོ་བ་ཡང་མེད་དེ། འོང་བ་དང་འགྲོ་བ་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འོང་བ་ ཞེས་བྱ་བ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་དོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འགྲོ་བ་ཞེས་བྱ་བ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཟད་པའི་མཚན་ཉིད་དོ། །གང་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་མེད་པ་དང་། རྟེན་ཅིང་འབྲེལ་བར་ འབྱུང་བའི་ཟད་པའི་མཚན་ཉིད་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དེ། འོང་བ་དང་འགྲོ་བ་མེད་པ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་རྒྱུ་ལས་བྱུང་བའི་མཚན་ཉིད་དོ། །བཙུན་པ་ཤཱ་ར་དྭ་ ཏིའི་བུ་འགྲོ་བ་ཞེས་བྱ་བ་དེ་ནི། རྒྱུ་ལས་བྱུང་བ་ཟད་པའི་མཚན་ཉིད་དོ། །གང་ལ་རྒྱུ་ལས་བྱུང་བའི་མཚན་ཉིད་མེད་པ་དང་། རྒྱུ་ལས་བྱུང་བ་ཟད་པའི་མཚན་ཉིད་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དེ། འོང་བ་དང་འགྲོ་བ་མེད་ པ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་ཐ་སྙད་ཀྱི་སྒྲ་དང་། ཡི་གེ་དང་། བརྡའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འགྲོ་བ་ཞེས་བྱ་བ་དེ་ནི་ཐ་སྙད་ཀྱི་སྒྲ་དང་། ཡི་གེ་དང་བརྡ་ཡོངས་སུ་ཤེས་པའོ། ། གང་ལ་ཐ་སྙད་ཀྱི་སྒྲ་དང་། ཡི་གེ་དང་། བརྡ་མེད་པ་དང་། ཐ་སྙད་ཀྱི་སྒྲ་དང་། ཡི་གེ་དང་། བརྡ་ཡོངས་སུ་ཤེས་པ་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དེ། འོང་བ་དང་འགྲོ་བ་མེད་པ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ། །དེ་ནས་ཚེ་དང་ ལྡན་པ་ཤཱ་ར་དྭ་ཏིའི་བུས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱི་སྤོབས་པ་འདི་ལྟ་བུའི་ཕྱིར་མ་ཡིན་གྱི། ཅི་ནས་དེ་ལྟ་བུ་སྔོན་མ་ཐོས་པའི་གནས་རྣམས་མཉན་པའི་ཕྱིར་ འདྲིའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཡུལ་བཙས་དང་། ཤོ་གམ་གཅོད་པའི་མི་ཞིག་ཡོད་དེ། དེས་མི་རེང་ངམ། ཁུར་ཐོགས་ཏེ་ལམ་ནས་འགྲོ་བ་ལ་མི་ཁྱོད་ཅི་ཞིག་ཐོགས་ཤེས་འདྲི་ཞིང་ང་ལ་ཡུལ་བཙས་དང་། ཤོ་གམ་བྱིན་ཅིག་ 55-1-86a ཅིག་ཅེས་ཟེར་བ་དེ་བཞིན་དུ་རིགས་ཀྱི་བུ་བདག་ཅག་ཉན་ཐོས་གཞན་གྱི་སྒྲའི་རྗེས་སུ་འགྲོ་བ། གཞན་ལས་ཐོས་པ་ལས་མོས་པར་བདག་གི་སེམས་ཀྱི་རྒྱུད་ལ་སྣང་བ་ཉེ་བར་གནས་པ་རྣམས་ཀྱིས་རྟག་ཏུ་རྒྱུན་མི་ཆད་པར་ཁྱོད་ ལྟ་བུ་སྐྱེས་བུ་དམ་པ་རྣམས་ལ། གང་ལས་ཉན་ཐོས་དང་། རང་སངས་རྒྱས་མང་པོ་འབྱུང་བར་འགྱུར་བའི་ཐེག་པ་ཆེན་པོ་འདི་རྗེས་སུ་གཟུང་བའི་ཕྱིར་དྲི་བར་བྱ་སྟེ། དེ་བས་ན་རིགས་ཀྱི་བུ་ཁྱོད་གང་ནས་འོངས། དེ་བཞིན་གཤེགས་པ་དེའི་ མཚན་དང་། འཇིག་རྟེན་གྱི་ཁམས་དེའི་མིང་ཅི་ཞེས་བྱ། འཇིག་རྟེན་གྱི་ཁམས་དེ་འདི་ནས་ཇི་སྲིད་ན་ཡོད་པ་ལེགས་པར་སྟོན་ཅིག བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་འདི་ཁྱོད་ཀྱི་མདུན་ན་བཞུགས་ཀྱིས་འདི་ལྟེ་ཞུས་ཤིག་དང་། དེས་ཁྱོད་ལ་ལན་ལྡོན་པར་འགྱུར་ཏེ། འཁོར་ཐམས་ཅད་ཀྱང་ཐེ་ཙོམ་མེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ འདི་གང་ནས་མཆིས། དེ་བཞིན་གཤེགས་པ་དེའི་མཚན་དང་། འཇིག་རྟེན་གྱི་ཁམས་དེའི་མིང་ཅི་ཞེས་བགྱི། འཇིག་རྟེན་གྱི་ཁམས་དེ་འདི་ནས་ཇི་སྲིད་ཅིག་མཆིས། འདི་ལྟར་དེ་བཞིན་གཤེགས་པ་དེའི་མཚན་དང་། སངས་རྒྱས་ཀྱི་ཞིང་དེའི་ མིང་ཐོས་ནས། སེམས་ཅན་དཔག་ཏུ་མ་མཆིས། གྲངས་མ་མཆིས་པ་རྣམས་བྱང་ཆུབ་ཀྱི་ཕྱིར་གོ་ཆ་འཚལ་བར་འགྱུར་བར་དེ་བཞིན་གཤེགས་པས་བསྟན་དུ་གསོལ། བཅོམ་ལྡན་འདས་བདེ་བར་གཤེགས་པས་བསྟན་དུ་གསོལ། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ། །འཇིག་རྟེན་གྱི་ཁམས་དེའི་ཡོན་ཏན་ཡོངས་སུ་བརྗོད་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དེ་བཞིན་ གཤེགས་པ་དེའི་མིང་ཐོས་ནས། དད་པ་དང་མོས་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆག་པ་མེད་ཅིང་སྒྲིབ་པ་མེད་པ་ལ་མི་སྐྲག་པར་བྱའོ། །ཐེ་ཙོམ་ཟ་བར་མི་བྱའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་ལེགས་སོ། ། 55-1-86b ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་ར་དྭ་ཏིའི་བུས་སངས་རྒྱས་ཀྱི་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་འདས་པ་ནི་འཇིག་རྟེན་གྱི་ཁམས་མི་འཛུམས་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ ལ་ཆོས་ཀྱང་སྟོན་ཏོ། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དེ་ནས་འོངས་སོ། །ཤཱ་ར་དྭ་ཏིའི་བུ་འཇིག་རྟེན་གྱི་ཁམས་མི་འཛུམས་པ་དེ་ན་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་མིང་ཡང་མེད་དེ། དེ་བཞིན་གཤེགས་པའི་ དགེ་འདུན་ཡང་བྱང་ཆུབ་སེམས་དཔའ་འབའ་ཤིག་སྟེ། སྔོན་ཡོངས་སུ་སྦྱང་བ་བྱས་པ། སྦྱིན་པ་དང་། དུལ་བ་དང་། ལེགས་པར་སྡོམ་པ་དང་། ངེས་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། བག་ཡོད་པ་དང་། སྦྱངས་པའི་ཡོན་ཏན་ དང་། ཡོ་བྱད་བསྙུངས་པ་ལ་གནས་པ། བཟོད་པའི་སྟོབས་ཀྱིས་ཁོང་ཁྲོ་བ་མེད་ཅིང་། བྱང་ཆུབ་ཏུ་བརྩོན་འགྲུས་བརྟན་པས། དགེ་བའི་ཚོགས་བསགས་པ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་ པར་འཇུག་པ་དང་། མངོན་པར་ཤེས་པས་རྣམ་པར་རོལ་པ། ཤེས་རབ་ཀྱི་འོད་དང་། སྣང་བ་ཆེན་པོ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བ་སྟོན་པའི་ཡེ་ཤེས་ལ་མཁས་པ། བྱམས་པའི་སེམས་ནམ་མཁའི་དཀྱིལ་དང་ མཚུངས་པ། སྙིང་རྗེ་བའི་བསམ་པ་བརྟན་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཆོ་ག་ཤེས་པ། དགེ་བས་ཆོས་ལ་ཡང་དག་པར་དགའ་བར་བྱེད་པ། ཉེས་པ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ང་རྒྱལ་ ཤིན་དུ་སྤངས་པ། བཏང་སྙོམས་ཀྱིས་གཉིས་དང་བྲལ་བར་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་ཀྱི་ཚུལ་ལ་གནས་པ། བདུད་ཀྱི་ལྕགས་ཀྱུ་དང་། ཉོན་མོངས་པ་དང་། ཐབ་མོའི་རྙོག་པ་རྣམས་ལར་སེལ་བར་བྱེད་པ། སེམས་ཅན་ཐམས་ཅད་ 55-1-87a ཀྱི་བསམ་པ་དང་། དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཤེས་པའི་སྒྲུབ་པའི་ཤེས་པ་སོ་སོ་ཅི་རིགས་པར་ཆོས་དང་། ནོར་དང་། ཤེས་པ་རབ་ཏུ་སྦྱིན་པ། སེམས་ས་དང་། ཆུ་དང་། མེ་དང་། རླུང་དང་མཚུངས་པ། ཕ་རོལ་རྒོལ་བ་དང་། ལོག་པའི་ཚོགས་ ཅན་གྱི་ཚོགས་ཐམས་ཅད་རབ་ཏུ་འཇོམས་པ་གཡུལ་ལས་རྣམ་པར་རྒྱལ་ཏེ་རྒྱལ་མཚན་དང་། བ་དན་སྒྲེང་ཞིང་མི་ཟློགས་པར་དཔའ་བ། སངས་རྒྱས་ཀྱི་ཆོས་ཟབ་མོ་དང་། སྟོབས་བཅུ་དང་། མི་འཇིགས་པས་འཁོར་གྱིས་འཇིགས་པ་དང་། བག་ཚ་ བ་མེད་པ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པ་ཡོད་པ་དང་། མེད་པ་དང་། གཉིས་གའི་མཐར་ལྟ་བ་དང་བྲལ་བས་དབུ་མའི་ལམ་དུ་ཞུགས་པ་དང་། བདག་དང་། བདག་གི་དང་། སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་བུ་དང་། ཤེད་ལས་སྐྱེས་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། རྟག་པ་དང་། ཆད་པ་དང་། འབྱུང་བ་དང་། འཇིག་པ་དང་། ལྟ་བར་གྱུར་པའི་ཀུན་ནས་ལྡང་བ་ཐམས་ཅད་དང་བྲལ་བ། གཟུངས་དང་། མདོ་སྡེའི་རྒྱལ་པོ་དང་། དེ་བཞིན་ གཤེགས་པའི་ཕྱག་རྒྱས་བཏབ་པ། ཆགས་པ་མེད་པའི་ཡེ་ཤེས་ཀྱི་བྱིན་གྱི་བརླབས་ཀྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་སྒྲ་བསྒྲགས་ཀྱང་སྤོབས་པ་རྒྱུན་མི་ཆད་པ། སངས་རྒྱས་ཀྱི་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་ སྟོན་པས། སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་གནོན་པ་དང་། རྣམ་པར་གནོན་པ་དང་། འགྲོ་བ་དང་། འོང་བ་ལ་མཁས་པ། འཇིགས་པ་དང་། ཁྲོ་བ་དང་། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ཀུན་ཆད་པས། སེང་གེའི་སྒྲ་མངོན་པར་བསྒྲགས་པ། སེམས་ཅན་རབ་འབྲིང་ཐ་མ་ཐམས་ཅད་ཀྱི་མཛའ་བཤེས་བརྟན་པ། མྱ་ངན་ལས་འདའ་བ་ལ་འགོད་པ། ཆོས་ཀྱི་སྤྲིན་ལས་འབྲུག་གི་སྒྲ་འབྱུང་ཞིང་། རིགས་པ་དང་། རྣམ་པར་གྲོལ་བའི་གློག་དང་། བདུད་རྩིའི་ཆར་རབ་ཏུ་འབེབས་པ། ཆོས་ རིན་པོ་ཆེ་རབ་ཏུ་གཏོར་བས། དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བྱེད་པ། ནོར་བུ་རིན་པོ་ཆེ་ལྟ་བུར་བསམ་པ་དག་ཅིང་ཕྱི་ནང་དུ་བློ་རབ་ཏུ་སྦྱངས་པ། མཚན་དང་དཔེ་བྱད་བཟང་པོ་མཆོག་དང་། རང་གི་གཟི་བརྗིད་ཀྱི་རྒྱན་དང་། དགེ་བའི་ 55-1-87b རྩ་བ་བརྒྱ་སྟོང་གིས་ཤིན་དུ་བརྒྱན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་བསྐུར་བ་སྐྱེ་བ་གཅིག་གིས་ཐོགས་པས་རྒྱལ་ཚབ་ཏུ་གྱུར་པ། སེམས་ཅན་ཐམས་ཅད་ཀྱི་མོས་པ་དང་། རྣམ་པར་གྲོལ་བ་དང་། གདུལ་བྱ་འདུལ་བའི་ཆོ་ག་ཤེས་པ། བྱང་ཆུབ་ཀྱི་སའི་སྙིང་པོའི་གདན་གནན་པ་དང་། རྣམ་པར་མནན་པ་ལ་མི་འཇིགས་པའི་ཚུལ་ཤེས་པ། སངས་རྒྱས་ཐམས་ཅད་ཀྱི་ཆོ་ག་དང་། སངས་རྒྱས་ཀྱི་སྐུ་རབ་ཏུ་སྟོན་ཅིང་། རབ་ཏུ་གཟུང་བ་དང་ཚར་གཅོད་པས་སེམས་ལ་དཔའ་ཞི་ དབང་བྱེད་པ་དང་། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་རབ་ཏུ་བསྐོར་བ་ཤ་སྟག་སྟེ། ཤཱ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེའི་དགེ་འདུན་ནི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་ཤ་སྟག་གོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་བྱང་ ཆུབ་སེམས་དཔའ་དེ་དག་གི་བསྔགས་པ་དང་། ཡོན་ཏན་དང་། ཕན་ཡོན་བསྟན་པ་འདི་ལྟ་བུ་འདི་དག་ཐོས་ནས་ཚམ་ཞིང་མགུ་ལ་ཡིད་རངས་ཏེ་རབ་ཏུ་དགའ་ནས་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དག་གིས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་ལ་གཏོར་ནས་སྐྱེས་བུ་དམ་པ་འདི་འདྲ་བ་དག་ ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་རྙེད་པ་ནི་བདག་ཅག་གིས་རྙེད་པ་ལེགས་པར་རྙེད་དོ། །གང་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་། ཕན་ཡོན་བསྟན་པ་འདི་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྗོགས་པའི་ བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ཅན་དེ་དག་གིས་ཀྱང་རྙེད་པ་ལེགས་པར་རྙེད་དོ་ཞེས་ཆེད་དུ་བརྗོད་དོ། །དེ་ན་སྲོག་ཆགས་བརྒྱ་སྟོང་ཕྲག་སུམ་བཅུ་རྩ་དྲུག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ སེམས་བསྐྱེད་དོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གནས་བརྟན་ཤཱ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་ཡང་འཇིག་རྟེན་གྱི་ཁམས་མི་འཛུམས་པ་དེ་ན་ངན་སོང་དང་། མི་ཁོམ་པ་དང་། སྡུག་བསྔལ་གྱི་སྒྲ་ཡང་ 55-1-88a མེད་དེ་ལྟུང་བའི་འཁྲུལ་པ་དང་། ཉོན་མོངས་པའི་སྒྲ་ཡང་མེད། ལོག་པའི་སྒྲུབ་པ་དང་། བསླབ་པ་ལས་འདས་པའི་སྒྲ་ཡང་མེད། བུད་མེད་དུ་སྐྱེ་བར་འགྱུར་བའི་སྒྲ་ཡང་མེད། སེར་སྣ་དང་། འཆལ་པའི་ཚུལ་ཁྲིམས་ དང་། གནོད་སེམས་དང་། ལེ་ལོ་དང་། གཡང་བ་དང་། འཆལ་བའི་ཤེས་རབ་ཀྱི་སྒྲ་ཡང་མེད། སྒྲིབ་པ་དང་། ཆོད་པ་དང་། ཀུན་ནས་ལྡང་བ་དང་། བག་ཆགས་ཀྱི་སྒྲ་ཡང་མེད། རབ་འབྲིང་ཐ་མའི་སྒྲ་ཡང་མེད། སེམས་ཅན་དང་། ཐེག་པ་དང་། ཞིང་ཐ་དད་ པའི་སྒྲ་ཡང་མེད། སངས་རྒྱས་ཐ་དད་པའི་སྒྲ་ཡང་མེད། ཆོས་ཐ་དད་པའི་སྒྲ་ཡང་མེད། དགེ་འདུན་ཐ་དད་པའི་སྒྲ་ཡང་མེད། བཟའ་བ་དང་། བཏུང་བ་དང་། བཀྲེས་པ་དང་། སྐོམ་པའི་སྒྲ་ཡང་མེད། ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་། ཡོངས་སུ་འཛིན་ པའི་སྒྲ་ཡང་མེད། བདུད་དང་། ལྟ་བ་དང་། ཀུན་ནས་ལྡང་བ་དང་། བག་ཆགས་ཀྱི་སྒྲ་ཡང་མེད་དོ། །འཇིག་རྟེན་གྱི་ཁམས་དེ་ནི་ཡངས་ཤིང་རྒྱ་ཆེ་སྟེ། གླིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་ཡོད་དེ། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱིས་ཉི་མ་ དང་ཟླ་བ་གཅིག་གི་འོད་ཀྱིས་ཀུན་དུ་སྣང་ངོ་། །འཇིག་རྟེན་གྱི་ཁམས་དེ་ཡང་ལག་མཐིལ་བཞིན་དུ་མཉམ་ཞིང་བཻ་དུཪྱ་སྔོན་པོའི་ས་གཞི་ལ་རིན་པོ་ཆེ་ཐམས་ཅད་ཀྱ་པད་མས་རབ་ཏུ་སྤྲས་ཏེ། ཀ་ཙ་ལིན་དི་ལྟར་འཇམ་ཞིང་རེག་ན་བདེ་བ། མིག་ མངས་རིས་སུ་བྲེས་པ། རིན་པོ་ཆེའི་ཤིང་གི་ར་བས་ལེགས་པར་བརྒྱན་པ། རྟག་ཏུ་མེ་ཏོག་རྒྱས་པས་མཛེས་པར་བྱས་པ། རྡོ་དང་། གསེག་མ་དང་། གྱོ་མོ་དང་། བོང་བ་མེད་པ། རི་ནག་པོ་མེད་དེ། རི་རབ་ཀྱིས་ལེགས་པར་བརྒྱན་པ། ལྷ་དང་མིའི་ ལོངས་སྤྱོད་བྱེ་བྲག་མེད་ཅིང་། སེམས་ཅན་དེ་དག་གི་ཟས་ཀྱང་ཆོས་ཀྱི་དགའ་བ་དང་། བསམ་གཏན་གྱི་ཟས་ཏེ། འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་བཟང་པོ་ ཆོས་ཀྱི་རྒྱལ་པོ་བླ་ན་མེད་པ་མ་གཏོགས་པར་རྒྱལ་པོ་གཞན་གང་ཡང་མེད་དོ། །བཅོམ་ལྡན་འདས་དེའང་བྱང་ཆུབ་སེམས་དཔའ་དེ་དག་ལ་ཡི་གེ་དང་། སྒྲ་དང་། བརྡའི་ཚིག་རབ་ཏུ་དབྱེ་བས་ཆོས་མི་སྟོན་ཏེ། གཞན་དུ་ན་བྱང་ཆུབ་སེམས་ 55-1-88b དཔའ་དེ་དག་བཅོམ་ལྡན་འདས་དེའི་དྲུང་དུ་ལྷགས་ཏེ། མིག་མི་འཛུམས་པར་བལྟས་པས། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ཐོབ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་ལུང་བསྟན་པ་ཡང་བྱིན་ནོ། །དེའི་ཕྱིར་ན་འཇིག་རྟེན་གྱི་ ཁམས་དེ་ཡང་མི་འཛུམས་པ་ཞེས་བྱའོ། །དེ་ལ་སངས་རྒྱས་རྗེས་སུ་དྲན་པ་གང་ཞེ་ན། གང་གཟུགས་ཀྱི་མཚན་ཉིད་ཀྱིས་རབ་ཏུ་མ་ཕྱེ་བ། རིགས་དང་། རུས་དང་། ཆོ་རིགས་ཀྱིས་རབ་ཏུ་མ་ཕྱེ་བ། སྔོན་གྱི་མཐའི་དཀར་པོའི་སྤྱོད་པས་རབ་ ཏུ་མ་ཕྱེ་བ། ཕྱི་མའི་མཐའ་ཤེས་པ་ལ་སེམས་པས་རབ་ཏུ་མ་ཕྱེ་བ། ད་ལྟར་བྱུང་བ་ལ་གནས་པས་རབ་ཏུ་མ་ཕྱེ་བ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱིས་རབ་ཏུ་མ་ཕྱེ་བ། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་རིག་པས་ རབ་ཏུ་མ་ཕྱེ་བ། སེམས་དང་། ཡིད་དང་། རྣམ་པར་ཤེས་པས་རབ་ཏུ་མ་ཕྱེ་བ། སྤྲོས་པ་དང་། ལྟ་བས་རབ་ཏུ་མ་ཕྱེ་བ། སྐྱེ་བ་དང་། གནས་པ་དང་། འཇིག་པས་རབ་ཏུ་མ་ཕྱེ་བ། གཟུང་བ་དང་། རྩོད་པ་དང་བཏང་བས་རབ་ཏུ་མ་ཕྱེ་བ། དྲན་པ་དང་། ཡིད་ལ་བྱེད་པས་རབ་ཏུ་མ་ཕྱེ་བ། རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པས་རབ་ཏུ་མ་ཕྱེ་བ། ཆོས་ཀྱི་མཚན་ཉིད་དང་། རང་གི་མཚན་ཉིད་ཀྱིས་རབ་ཏུ་མ་ཕྱེ་བ། གཅིག་དང་། ཐ་དད་པ་དང་། སོ་སོ་བས་རབ་ཏུ་མ་ཕྱེ་བ། སེམས་ཀྱི་ དམིགས་པ་འགང་བས་རབ་ཏུ་མ་ཕྱེ་བ། ནང་དང་། ཕྱི་རོལ་དུ་གཡོ་བས་རབ་ཏུ་མ་ཕྱེ་བ། རྣམ་པར་རྟོག་པའི་མཚན་མ་དང་། བླང་བ་དང་། དོར་བས་རབ་ཏུ་མ་ཕྱེ་བ། ཁ་དོག་དང་། དབྱིབས་དང་། རྟགས་ཀྱིས་རབ་ཏུ་མ་ཕྱེ་བ། སྤྱོད་ལམ་དང་། སྤྱོད་པ་དང་། སྤྱོད་པས་རབ་ཏུ་མ་ཕྱེ་བ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡིད་ལ་བྱེད་པས་རབ་ཏུ་མ་ཕྱེ་བ། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་ མ་འདྲེས་པར་སྒྲོ་བཏགས་པས་རབ་ཏུ་མ་ཕྱེ་བ་ཡིན་ཏེ། འདི་ལྟར་སངས་རྒྱས་རྗེས་སུ་དྲན་པ་ནི་བསམ་གྱིས་མི་ཁྱབ་པ། རྒྱུ་བ་མེད་པ། རྣམ་པར་རིག་པ་མེད་པའི་མཚན་ཉིད་དེ། ང་ཡི་བ་མེད་པ། ཡིད་ལ་བྱེད་པ་དང་བྲལ་བ། དྲན་ 55-1-89a པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་འབྱུང་བ་དང་། འཇིག་པའི་གནས་མ་ཡིན། ཐོགས་པ་མེད་པ་མ་ཡིན། འཛུག་པ་མ་ཡིན། གནས་པ་མ་ཡིན། མི་གནས་པ་མ་ཡིན། རབ་དུ་གནས་པ་མ་ ཡིན། ཡང་དག་པར་གནས་པ་མ་ཡིན། གཟུགས་ཀྱི་རྣམ་པར་ཤེས་པའི་གནས་མ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པར་བྱ་བའི་གནས་མ་ཡིན། སའི་ཁམས་ཀྱི་རྣམ་པར་ཤེས་པའི་གནས་མ་ཡིན། ཆུའི་ ཁམས་ཀྱི་མ་ཡིན། མེའི་ཁམས་ཀྱི་མ་ཡིན། རླུང་གི་ཁམས་ཀྱི་རྣམ་པར་ཤེས་པའི་གནས་མ་ཡིན། མིག་དང་གཟུགས་ཀྱི་རྣམ་པར་ཤེས་པའི་གནས་མ་ཡིན། དེ་བཞིན་དུ་རྣ་བའི་མ་ཡིན། སྒྲའི་མ་ཡིན། སྣའི་མ་ཡིན། དྲིའི་མ་ཡིན། ལྕེའི་མ་ཡིན། རོའི་མ་ཡིན། རེག་བྱའི་མ་ཡིན། ཡིད་ཀྱི་མ་ཡིན། ཆོས་ཀྱི་རྣམ་པར་ཤེས་པའི་གནས་མ་ཡིན་ནོ། །ཡང་སངས་རྒྱས་རྗེས་སུ་དྲན་པ་ནི་དམིགས་པ་ཐམས་ཅད་ལ་མི་གནས་པའོ། །མཚན་མ་ཐམས་ཅད་མི་ལྡང་བའོ། །གཡོ་ བ་དང་། སེམས་པ་དང་། བསྐྱོད་པ་ཐམས་ཅད་ཀྱི་རྒྱུ་བ་མེད་པའོ། །མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་རིག་པ་མི་སྐྱེ་བའོ། །དབང་པོ་དང་རྣམ་པར་གྲོལ་བའི་མཚན་ཉིད་ཐམས་ཅད་ཀྱི་རྗེས་སུ་མི་འགྲོ་བའོ། །སེམས་ གཅིག་ནས་གཅིག་ཏུ་ཉིང་མཚམས་སྦྱོར་བ་མེད་པའོ། །རྟོག་པ་དང་། རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའོ། །ཉེས་པ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བཅོམ་པའོ། །རྒྱུའི་མཚན་ཉིད་རྣམ་པར་ཆད་པའོ། །ཕ་རོལ་དང་། ཚུ་ རོལ་དང་། དཔུང་དང་། མཐར་འཛིན་པ་ཐམས་ཅད་ཡང་དག་པར་ཆད་པའོ། །སྒྲོ་བཏགས་པ་མེད་པས་འོད་གསལ་བའོ། །ཕྱེ་བ་མེད་པའི་ཕྱིར་དགའ་བ་མེད་པའོ། །མྱང་བ་མེད་པའི་ཕྱིར་བདེ་བ་མེད་པའོ། །གཟོད་མ་ནས་ཞི་བས་ཡོངས་ སུ་གདུང་བ་མེད་པའོ། །འབད་པ་ཐམས་ཅད་དང་བྲལ་བས་རྣམ་པར་གྲོལ་བའི་མཚན་ཉིད་དོ། །གཟུགས་མེད་པས་ལུས་མེད་པའོ། །ཚོར་བ་མེད་པས་ཚོར་བར་གྱུར་པ་མེད་པའོ། །མདུད་པ་མེད་པས་མདུད་པ་དང་བྲལ་བའོ། །འདུ་མི་ 55-1-89b བྱེད་པས་འདུས་མ་བྱས་པའོ། །རྣམ་པར་ཤེས་པ་མེད་པས་རྣམ་པར་མི་རིག་པའི་མཚན་ཉིད་དོ། །མི་འཛིན་པས་ལེན་པ་མེད་པའོ། །མི་གཏོང་བས་དོར་བ་མེད་པའོ། །གནས་མེད་པས་མི་གནས་པའོ། །ཚོར་བ་དང་བྲལ་བས་མི་འདུག་པའོ། ། མི་འབྱུང་བས་མེད་པར་མི་འགྱུར་བའི་མཚན་ཉིད་དོ། །དྲན་པ་དང་། ཡིད་ལ་བྱེད་པ་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་ཀྱིས་མ་བཟུང་བ། མཆོག་ཏུ་འཛིན་པ་མེད་པ། ལེན་པ་མེད་པས་འདོར་བ་མེད་པ། རབ་ཏུ་ཞི་བ། གཟོད་མ་ནས་མ་སྐྱེས་པ། མི་སྐྱེ་བས་རབ་ཏུ་ཕྱེའོ། ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བ། མཉམ་ཞིང་མི་མཉམ་པ་མེད་པར་གྱུར་པ། ནམ་མཁའ་དང་མཚུངས་ཤིང་མཉམ་པ། མིག་དང་གཟུགས་ཀྱི་ལམ་ལས་འདས་པ། དེ་བཞིན་དུ་རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་རོ་དང་། ལུས་དང་རེག་བྱ་དང་། ཡིད་དང་། ཆོས་ཀྱི་ལམ་ལས་འདས་པ་ཡིན་ཏེ། སངས་རྒྱས་རྗེས་སུ་དྲན་པ་འདི་འདྲ་བ་བྱང་ཆུབ་སེམས་དཔའ་དེ་དག་གིས་འཐོབ་བོ། །དེ་དག་གིས་ སངས་རྒྱས་རྗེས་སུ་དྲན་པ་འདི་ཐོབ་མ་ཐག་ཏུ་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་འཛིན་ཅིང་བརྗེད་པར་ཡང་མི་བྱེད། དྲན་པར་ཡང་མི་བྱེད་ དེ། སྒྲའི་དོན་ཐམས་ཅད་རྣམ་པར་ངེས་པར་ཡང་རྙེད་པར་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་བཟང་པོ་ནི། ཇི་ལྟར་འདི་ན་གཞན་གྱི་སྒྲ་དང་། སོ་སོ་རང་གི་ཚུལ་ བཞིན་ཡིད་ལ་བྱེད་པ་ལྟར་རྒྱུ་དང་། རྐྱེན་གཉིས་ཀྱིས་ཡང་དག་པར་ལྟ་བ་མི་སྟོན་ཏེ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་དེ་དག་གིས་དེ་བཞིན་གཤེགས་པ་དེ་མཐོང་མ་ཐག་ཏུ་དོན་རྣམ་པར་ངེས་པ་ལས་ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་ སུ་རྫོགས་པར་བྱེད་དོ། །མི་སྐྱེ་བའི་ཆོས་ལ་བཟོད་པའི་ལུང་བསྟན་པ་ཡང་འཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། གང་གཟུགས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་སྤངས་པ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་གཟུགས་ཀྱི་མཚན་ 55-1-90a ཉིད་རྒྱུན་བཅད་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པའོ། །གང་གཟུགས་ཀྱི་མཚན་ཉིད་ཟད་པའི་ཆོས་ཉིད་འདི་ནི་བཟོད་པའི་ཕ་རོལ་དུ་ཕྱིན་པའོ། །གང་གཟུགས་ཀྱི་མཚན་ཉིད་དབེན་པར་མཐོང་བ་འདི་ནི་བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་གཟུགས་ཀྱི་མཚན་ཉིད་སེམས་ལ་མི་གཞོག་པ་འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གང་གཟུགས་ཀྱི་མཚན་ཉིད་ལ་སྤྲོས་པའི་རྒྱུ་མེད་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་བྱང་ཆུབ་ སེམས་དཔའ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་བཟང་པོ་མཐོང་མ་ཐག་ཏུ་དོན་རྣམ་པར་ངེས་པ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ནས་མི་སྐྱེ་བའི་ ཆོས་ལ་བཟོད་པའི་ལུང་བསྟན་པ་འཐོབ་བོ། །ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་དུ་བཟང་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མི་འཛུམས་པ་ལྟ་བུར་གང་དག་ན། བྱང་ཆུབ་སེམས་དཔའ་འདི་ལྟ་བུ་དག་ འཁོད་པའི་སངས་རྒྱས་ཀྱི་ཞིང་དེ་དག་ནི་ཤིན་དུ་ཉུང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་དག་གང་ ཁྱེད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་དུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། འཇིག་རྟེན་གྱི་ཁམས་མི་འཛུམས་པ་དེ་མཐོང་བ་ནི་རྙེད་པ་ལེགས་པར་རྙེད་དོ། །བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ ཤཱ་ར་དྭ་ཏིའི་བུ་ཐམས་ཅད་དང་ལྡན་པའི་འཁོར་འདིའང་དགེ་བའི་རྩ་བ་རབ་ཏུ་འཕེལ་བར་འགྱུར་གྱས་བདག་གིས་བལྟའོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དེའི་ཚེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀུན་དུ་སྟོན་པ་ ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རིགས་ཀྱི་བུ་དེ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་གནས་བརྟན་ཤཱ་ར་དྭ་ཏིའི་བུས་འཇིག་རྟེན་གྱི་ཁམས་མི་འཛུམས་པ་དེ་དང་། བཅོམ་ལྡན་ 55-1-90b འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་བཟང་པོ་དེ་དང་། པད་མ་བཀོད་པ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་མཐོང་མཐོང་སྟེ། མཐོང་ནས་ཀྱང་ཐམས་ཅད་རང་རང་གི་སྟན་ལས་ ལངས་ཏེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་དེ་དག་ལ་ཕྱག་འཚལ་ལོ། །དེ་ནས་སངས་རྒྱས་ཀྱི་མཐུ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པའི་བྱིན་གྱིས་བརླབས་ཀྱིས་དེ་དག་གི་ལག་པ་གཡས་པར་སྔོན་མ་མཐོང་མ་ཐོས་པའི་མེ་ཏོག་གི་ཕུར་མ་དྲི་རབ་ཏུ་ཞིམ་ཞིང་སྣ་ཚོགས་པ། བལྟ་ན་སྡུག་པ། ཁ་དོག་དང་ལྡན་ཞིང་ཡིད་དུ་འོང་བ་ དག་བྱུང་བར་གྱུར་ཏེ། དེ་དག་གིས་མེ་ཏོག་གི་ཕུར་མ་དེ་དག་ཤར་ཕྱོགས་སུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་བཟང་པོ་ག་ལ་བ་དེ་ལོགས་སུ་གཏོར་ཏོ། །མེ་ཏོག་གི་ ཕུར་མ་གཏོར་བ་དེ་དག་སངས་རྒྱས་ཀྱི་ཞིང་དེར་ཆགས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་བཟང་པོ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་ལ་མངོན་པར་གཏོར་ནས། དེ་དག་གི་འཇིག་ རྟེན་གྱི་ཁམས་དེ་ཐམས་ཅད་མེ་ཏོག་གིས་གང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་གང་དག་འཇིག་རྟེན་གྱི་ཁམས་དེ་ན་གནས་པ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཀུན་དུ་བཟང་པོ་དེ་ལ་བཅོམ་ལྡན་འདས་མེ་ཏོག་བལྟ་ན་སྡུག་པ། འདི་ལྟ་བུ་འདི་དག་གི་ཆར་ག་ལས་འབབ་ཅེས་ཞུས་སོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དག་འདི་ནི་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། བསྙེན་བཀུར་བྱ་བ་དང་། ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མི་མཇེད་དེར་ཕྱིན་ནས། 55-1-91a འཇིག་རྟེན་གྱི་ཁམས་དེར་ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་མེ་ཏོག་འདི་དག་གཏོར་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ཡང་འདུས་པ་ཆེན་པོའི་ལེའུ་ཞེས་བྱ་བའི་ཆོས་ཀྱི་ རྣམ་གྲངས་སྟོན་ཏེ། དེར་ཡང་སེམས་ཅན་དཔག་ཏུ་མེད་པས་ཆོས་མངོན་དུ་རྟོགས་པར་གྱུར་རོ། །དེ་དག་གིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་བཞུགས་པའི་འཇིག་རྟེན་གྱི་ཁམས་འདི་ནས་ཇི་སྲིད་ ཅིག་ན་མཆིས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་ གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །དེ་དག་གིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་གིས་འཇིག་རྟེན་གྱི་ཁམས་མི་མཇེད་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་བལྟ་བར་ བགྱིའོ། །དེ་ནས་དེའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་བཟང་པོས་སྐུ་ལས་འདི་ལྟ་བུའི་འོད་ཕྱུང་སྟེ། འོད་དེས་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ལས་ཐལ་ནས། འཇིག་རྟེན་གྱི་ ཁམས་མི་མཇེད་འདི་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་། བྱང་ཆུབ་སེམས་དཔའ་འདི་དག་རང་གི་བྱང་ཆུབ་སེམས་དཔའ་དེ་དག་ལ་བསྟན་ཏེ་དེ་དག་གིས་མཐོང་ནས། ཐམས་ཅད་རང་རང་གི་སྟན་ལས་ ལངས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་འདི་དང་། བྱང་ཆུབ་སེམས་དཔའ་འདི་དག་ལ་ཕྱག་འཚལ་ཞིང་ཚིག་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་འདི་ལྟར་འཇིག་རྟེན་གྱི་ཁམས་འདི་ན་སྐྲའི་ 55-1-91b རྩེ་མོ་བཞག་པ་ཙམ་ཡང་བྱང་ཆུབ་སེམས་དཔས་མ་གང་བ་མ་མཆིས་ན་བྱང་ཆུབ་སེམས་དཔའ་འདི་སྙེད་གང་ནས་འདུས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་འདི་དག་ནི་ཕྱོགས་བཅུའི་ སངས་རྒྱས་ཀྱི་ཞིང་ཚད་མེད་པ་ནས་ཆོས་ཉན་པའི་ཕྱིར་འདུས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་རིགས་ཀྱི་བུ་ཁྱོད་ཀྱིས་མིང་བློ་གྲོས་མི་ཟད་ པ་ཞེས་བཏགས། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་བློ་གྲོས་མི་ཟད་པ་ཞེས་བྱ་བ་འདི་ནི་ཆོས་ཐམས་ཅད་ཀྱི་དམིགས་པ་ནི་རྒྱུ་འཐུན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མི་ཟད་པའི་ཕྱིར་རོ། །སྨྲས་པ། རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མི་ཟད་པ་བསྟན་པ་ལ་བརྩམས་ཏེ། སྤོབས་པར་གྱིས་ཤིག །བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དང་པོ་སེམས་བསྐྱེད་ པ་ཡང་མི་ཟད་པའོ། །དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཕྱིར་རོ། །སེམས་དེ་ནི་ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པར་སྐྱེས་སོ། །ཐེག་པ་གཞན་ལ་འདོད་པ་མེད་པས་སེམས་དེ་ནི་མ་འབྲེལ་བར་སྐྱེས་སོ། །ཕས་ཀྱི་རྒོལ་བ་ཐམས་ ཅད་ཀྱིས་མི་འཕྲོགས་པས་སེམས་དེ་ནི་སྲ་བར་སྐྱེས་སོ། །སེམས་དེ་ནི་བདུད་ཐམས་ཅད་ཀྱིས་མི་ཕྱེད་པར་སྐྱེས་སོ། །དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྒྲུབ་པའི་ཕྱིར་སེམས་དེ་ནི་བརྟན་པར་སྐྱེས་སོ། །འདུས་བྱས་མི་རྟག་ པར་ཤིན་དུ་རིག་པས་སེམས་དེ་ནི་རྟག་པར་སྐྱེས་སོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྡུད་པས་སེམས་དེ་ནི་མི་གཡོ་བར་སྐྱེས་སོ། །ལོག་པར་སྒྲུབ་པ་ཐམས་ཅད་བྲལ་བས་སེམས་དེ་ནི་མི་རྫི་བར་སྐྱེས་སོ། །མི་བསྐྱོད་ པས་ན་སེམས་དེ་ནི་ཤིན་དུ་བརྟན་པར་སྐྱེས་སོ། །གཉེན་པོ་མེད་པས་ན་སེམས་དེ་ནི་དཔེ་མེད་པར་སྐྱེས་སོ། །ཆོས་ཐམས་ཅད་ལ་ངེས་པར་འབིགས་པས་ན། སེམས་དེ་ནི་རྡོ་རྗེ་ལྟ་བུར་སྐྱེས་སོ། །བསོད་ནམས་ཀྱི་ཚོགས་ཚད་མེད་པ་ 55-1-92a བསགས་པས་ན་སེམས་དེ་ནི་མུ་མེད་པར་སྐྱེས་སོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྣམས་ལ་སེམས་དེ་ནི་མཉམ་པར་སྐྱེས་སོ། །ཐ་དད་ཏུ་བྱེད་པ་མེད་པས་ན་སེམས་དེ་ནི་མི་མཉམ་པ་མེད་པར་སྐྱེས་སོ། །རང་བཞིན་ གྱིས་ཀུན་ནས་ཉོན་མོངས་པ་མེད་པས་ན། སེམས་དེ་ནི་རྣམ་པར་དག་པར་སྐྱེས་སོ། །ཤེས་རབ་ཀྱི་འོད་གསལ་བའི་ཕྱིར། སེམས་དེ་ནི་དྲི་མ་མེད་པར་སྐྱེས་སོ། །ལྷག་པའི་བསམ་པས་མ་བོར་བས་ན་སེམས་དེ་ནི་ཤིན་དུ་ངེས་པར་བསམ་ ཏེ་སྐྱེས་སོ། །བྱམས་པ་ནམ་མཁའ་དང་མཉམ་ཞིང་མཚུངས་པས་ན་སེམས་དེ་ནི་ཡངས་པར་སྐྱེས་སོ། །སེམས་ཅན་ཐམས་ཅད་ཀྱི་གོ་འབྱེད་པས་ན། སེམས་དེ་ནི་རྒྱ་ཆེ་བར་སྐྱེས་སོ། །ཆགས་པ་མེད་པའི་ཡེ་ཤེས་ལ་བཏང་ བས་ན་སེམས་དེ་ནི་སྒྲིབ་པ་མེད་པར་སྐྱེས་སོ། །སྙིང་རྗེ་ཆེན་པོ་རྒྱུན་མ་བཅད་པས་ན་སེམས་དེ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བར་སྐྱེས་སོ། །ཡོངས་སུ་བསྔོ་བའི་ཆོ་ག་ཤེས་པས་ན་སེམས་དེ་ནི་རྒྱུན་མ་ཆད་པར་སྐྱེས་སོ། །ཐམས་ཅད་ མཁྱེན་པས་རབ་ཏུ་བསྟོད་པས་ན་སེམས་དེ་ནི་མངོན་དུ་འགྲོ་བར་བྱ་བར་སྐྱེས་སོ། །ཐེག་པ་གཞན་ལ་ཞུགས་པས་ན་སེམས་དེ་ནི་བལྟ་བར་འོས་པའོ། །སེམས་དེ་ནི་སེམས་ཅན་ཐམས་ཅད་ཀྱིས་བལྟར་མི་མཐོང་བར་སྐྱེས་སོ། །སེམས་ དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་དུ་སྐྱེས་སོ། །སེམས་དེ་ནི་ཆོས་ཐམས་ཅད་ཀྱིས་མི་ཤིགས་པར་སྐྱེས་སོ། །སེམས་དེ་ནི་བདེ་བའི་དངོས་པོ་ཐམས་ཅད་ཀྱི་གནས་སུ་སྐྱེས་སོ། །སེམས་དེ་ནི་བསོད་ནམས་ཀྱི་ཚོགས་ཀྱིས་ བརྒྱན་པར་སྐྱེས་སོ། །སེམས་དེ་ནི་ཡེ་ཤེས་ཀྱི་ཚོགས་རབ་ཏུ་བསགས་ཏེ་སྐྱེས་སོ། །སེམས་དེ་ནི་སྦྱིན་པའི་ཚོགས་ཀྱིས་རབ་ཏུ་བསགས་ཏེ་སྐྱེས་སོ། །སེམས་དེ་ནི་ཚུལ་ཁྲིམས་ཀྱི་ཚོགས་ཀྱིས་སྨོན་ལམ་གྱིས་འཕགས་པར་སྐྱེས་སོ། ། སེམས་དེ་ནི་བཟོད་པའི་ཚོགས་ཀྱིས་བསྙེན་དཀའ་བར་སྐྱེས་སོ། །སེམས་དེ་ནི་བརྩོན་འགྲུས་ཀྱི་ཚོགས་ཀྱིས་རྒྱལ་བར་དཀའ་བར་སྐྱེས་སོ། །སེམས་དེ་ནི་བསམ་གཏན་གྱི་ཚོགས་ཀྱིས་ཞི་བའི་མཚན་ཉིད་དུ་སྐྱེས་སོ། །སེམས་དེ་ནི་ 55-1-92b ཤེས་རབ་ཀྱི་ཚོགས་ཀྱིས་ཐོགས་པ་མེད་པར་སྐྱེས་སོ། །བྱམས་པ་ཆེན་པོ་བསགས་པས་སེམས་དེ་ནི་གནོད་པ་མེད་པར་སྐྱེས་སོ། །སྙིང་རྗེ་ཆེན་པོ་བསགས་པས་སེམས་དེ་ནི་རྩ་བ་སྲ་ཞིང་བརྟན་པའོ། །སེམས་དེ་ནི་དགའ་བ་ཆེན་པོ་ བསགས་པ་སྟེ། མགུ་བ་དང་། མོས་པ་དང་། མཆོག་ཏུ་དགའ་བ་ལ་གནས་པར་སྐྱེས་སོ། །སེམས་དེ་ནི་བཏང་སྙོམས་ཆེན་པོ་བསགས་པ་སྟེ། བདེ་བ་དང་། སྡུག་བསྔལ་གྱིས་མི་སྒུལ་བར་སྐྱེས་སོ། །སེམས་དེ་ནི་སངས་རྒྱས་ཐམས་ཅད་ ཀྱི་བྱིན་གྱི་བརླབས་ཀྱིས་སྐྱེས་སོ། །སེམས་དེ་ནི་དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅད་པའི་ཕྱིར་རྒྱུན་མི་གཅད་པར་སྐྱེས་སོ། །སེམས་དེ་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་འཁོར་གྱི་དཀྱིལ་འཁོར་དུ་གྲགས་ པར་སྐྱེས་སོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་འདི་འདྲ་བ་ཟད་པ་གང་ཡང་ཡོད་དམ། ཤཱ་ར་ད་ཏིའི་བུས་སྨྲས་པ་རིགས་ཀྱི་བུ་དེ་ནི་མ་ཡིན་ཏེ། གང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་འདི་ལྟ་བུ་ཟད་པར་འདོད་པ་ནི་ནམ་མཁའ་ ཟད་པར་འདོད་དོ། །བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་སེམས་དེ་ནི་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་རྩ་བ་སྐྱེས་སས་ནི་དེའི་ཕྱིར་མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་བཞིན་ གཤེགས་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེ་དག་གི་རྩ་བར་སྐྱེས་པས་ན་དེའི་ཕྱིར་ མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེ་དག་གི་རྩ་བར་སྐྱེས་པས་ན་དེའི་ ཕྱིར་མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་མི་ཟད་པ་སྟེ། བྱང་ཆུབ་ཀྱི་ 55-1-93a སེམས་དེ་ནི་དེ་དག་གི་རྩ་བར་སྐྱེས་པས་ན་དེའི་ཕྱིར་མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེ་དག་གི་རྩ་བར་སྐྱེས་ པས་ན་དེའི་ཕྱིར་མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་རྣམས་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེ་དག་གི་རྩ་བར་སྐྱེས་ པས་ན་དེའི་ཕྱིར་དེ་མི་ཟད་པའོ། །རྩུན་པ་ཤཱ་ར་དྭ་ཏིའི་བུ་མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེ་དག་གི་རྩ་བར་སྐྱེས་པས་ན་དེའི་ཕྱིར་མི་ཟད་པའོ། །དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་ པས་ན་མི་ཟད་པའོ། །སེམས་ཅན་གྱི་ཁམས་མི་ཟད་པས་ན་མི་ཟད་པའོ། །དེའི་ཡེ་ཤེས་བཏང་བས་ན་མི་ཟད་པའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྟོགས་པས་ན་མི་ཟད་པའོ། །སྔོན་གྱི་སྨོན་ལམ་གྱི་རྒྱུན་མི་གཅོད་ པས་ན་མི་ཟད་པའོ། །འདུས་མ་བྱས་སུ་བསྔོས་པས་ན་མི་ཟད་པའོ། །འདུས་མ་བྱས་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ན་མི་ཟད་པའོ། །ཟད་པ་ཤེས་པ་དང་། མི་ཟད་པ་ཤེས་པ་མི་ཟད་པས་ན་མི་ཟད་པའོ། །འབྱུང་བ་མེད་ཅིང་ འཇིག་པ་མེད་པས་ན་མི་ཟད་པའོ། །ཆོས་ཐམས་ཅད་གཟོད་མ་ནས་ཟད་པ་སྟེ། ཡེ་ཤེས་དེ་མངོན་པར་རྟོགས་པས་ན་མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་མི་ཟད་པའོ། ། བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ཡང་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བསམ་པ་དེ་ཡང་མ་བྱས་པས་ན། བཅོས་མ་མ་ཡིན་ནོ། །གཡོ་མེད་པས་ན་བྱས་པ་མ་ཡིན་ནོ། །རབ་ཏུ་རྟོགས་པས་ན་གཡོ་ མེད་པའོ། །སྒྱུ་མེད་པས་ན་རབ་ཏུ་རྟོགས་པའོ། །དག་པས་ན་སྒྱུ་མེད་པའོ། །དྲང་བས་ན་དག་པའོ། །གྱ་གྱུ་མེད་པས་ན་དྲང་བའོ། །གསལ་བས་ན་གྱ་གྱུ་མེད་པའོ། །མི་མཉམ་པ་མེད་པས་ན་གསལ་བའོ། །སྲ་བས་ན་མི་མཉམ་པ་མེད་པའོ། །མི་ཕྱེད་པས་ 55-1-93b ན་སྲ་བའོ། །མཁྲང་བས་ན་མི་ཕྱེད་པའོ། །མི་གཡོ་བས་ན་མཁྲང་བའོ། །མི་གནས་པས་ན་མི་གཡོ་བའོ། །དེ་ལ་མ་ཆགས་པས་ན་མི་གནས་པའོ། །བྱེ་བྲག་ཏུ་འཕགས་པས་ན་དེ་ལ་མ་ཆགས་པའོ། །མ་སྨད་པས་ན་བྱེ་བྲག་ཏུ་འཕགས་པའོ། །ལེགས་ པར་བྱས་པའི་ལས་ཀྱི་ཕྱིར་མ་སྨད་པའོ། །མ་བཤུངས་པས་ན་ལེགས་པར་བྱས་པས་ལས་སོ། །འགྱོད་པ་མེད་པས་ན་མ་བཤུངས་པའོ། །གདུང་བ་མེད་པས་ན་འགྱོད་པ་མེད་པའོ། །བདེན་པར་གྱུར་པས་ན་མི་གདུང་བའོ། །སླུ་བ་མེད་པས་ན་བདེན་པར་ གྱུར་པའོ། །ཇི་སྐད་སྨྲ་བ་དེ་བཞིན་བྱེད་པས་ན་མི་སླུ་བའོ། །ལེགས་པར་བྱས་པས་ན་ཇི་སྐད་སྨྲ་བ་དེ་བཞིན་བྱེད་པའོ། །རྗེས་སུ་སྦྱོར་བ་མེད་པས་ན་ལེགས་པར་བྱའོ། །འཁྲུལ་པ་མེད་པས་ན་རྗེས་སུ་སྦྱོར་བ་མེད་པའོ། །ལེགས་པར་གནས་པས་ན་ འཁྲུལ་པ་མེད་པའོ། །ཕྱིར་མི་ལྡོག་པས་ན་ལེག་པར་གནས་པའོ། །སེམས་ཅན་ལ་ལྟ་བས་ན་ཕྱིར་མི་ཟློགས་པའོ། །སྙིང་རྗེ་ཆེན་པོའི་རྩ་བ་ཡིན་པས་ན་སེམས་ཅན་ལ་ལྟ་བའོ། །ཡོངས་སུ་མི་སྐྱོ་བས་ན་སྙིང་རྗེ་ཆེན་པོའི་རྩ་བའོ། ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཆོ་ག་ཤེས་པས་ན་ཡོངས་སུ་མི་སྐྱོ་བའོ། །བདག་ལ་བདེ་བ་མེད་པས་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆོ་ག་ཤེས་པའོ། །ལན་མི་རེ་བས་ན་བདག་ལ་བདེ་བ་མེད་པའོ། །ཟང་ཟིང་མེད་པས་ ན་ལན་ལ་རེ་བ་མེད་པའོ། །ཆོས་ལ་རྟོན་པར་གྱུར་པས་ན་ཟང་ཟིང་མེད་པའོ། །སེམས་ཅན་མཐུ་ཆུང་བ་རྣམས་ལ་ལྟ་བས་ན་ཆོས་ལ་རྟོན་པར་གྱུར་པའོ། །དཔུང་གཉེན་དུ་གྱུར་པས་ན་སེམས་ཅན་མཐུ་ཆུང་ངུ་ལ་ལྟ་བའོ། །སྐྱབས་སུ་གྱུར་ པས་ན་དཔུང་གཉེན་དུ་གྱུར་པའོ། །མགོན་དུ་གྱུར་པས་ན་སྐྱབས་སུ་གྱུར་པའོ། །ཉོན་མི་མོངས་པས་ན་མགོན་དུ་གྱུར་པའོ། །ཤིན་དུ་ཡོངས་སུ་བརྟགས་པས་ན་ཉོན་མི་མོངས་པའོ། །བརྒལ་བ་མེད་པས་ན་ཤིན་དུ་བརྟགས་པའོ། །བསམ་པ་དགེ་ བས་ན་བརྒལ་བ་མེད་པའོ། །ཅི་ཡང་མེད་པས་ན་བསམ་པ་དགེ་བའོ། །ཤིན་དུ་ཡོངས་སུ་དག་པས་ན་ཅི་ཡང་མེད་པའོ། །ཤིན་དུ་དཀའ་བས་ན་ཤིན་དུ་ཡོངས་སུ་དག་པའོ། །ནང་དྲི་མ་མེད་པས་ན་ཤིན་ཏུ་དཀར་བའོ། །ཕྱི་རོལ་དག་པས་ན་ནང་གི་དྲི་མ་ 55-1-94a མེད་པའོ། །རྣམ་པ་ཐམས་ཅད་ཡོངས་སུ་དག་པས་ན་ཕྱི་རོལ་དག་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་དེ་ནི་སེར་སྣ་སྤང་བའི་ཕྱིར་བལྟ་སྟེ། སེམས་ཅན་སེར་སྣ་ཅན་ཡོངས་སུ་སྨིན་པར་བྱེད་ པས་བསམ་པ་མི་ཟད་པར་བལྟའོ། །བསམ་པ་ནི་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་སྤང་བའི་ཕྱིར་བལྟ་སྟེ། སེམས་ཅན་ཚུལ་ཁྲིམས་འཆལ་པ་ཡོངས་སུ་སྨིན་པར་བྱས་པས་བསམ་པ་མི་ཟད་པར་བལྟའོ། །བསམ་པ་ནི་གནོད་སེམས་ དང་། ཐ་བ་དང་། ཉེས་པ་སྤང་བའི་ཕྱིར་བལྟ་སྟེ། ཉེས་པར་སེམས་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་བསམ་པ་མི་ཟད་པར་བལྟའོ། །བསམ་པ་ནི་ལེ་ལོ་སྤང་བའི་ཕྱིར་བལྟ་སྟེ། སེམས་ཅན་ལེ་ལོ་ཅན་ཡོངས་སུ་སྨིན་པར་ བྱེད་པས་བསམ་པ་མི་ཟད་པར་བལྟའོ། །བསམ་པ་ནི་སེམས་རྣམ་པར་གཡེང་བ་གཏོང་བའི་ཕྱིར་བལྟ་སྟེ། སེམས་ཅན་སེམས་རྣམ་པར་གཡེང་བ་ཡོངས་སུ་སྨིན་པར་བྱེད་པས་བསམ་པ་མི་ཟད་པར་བལྟའོ། །བསམ་པ་ནི་འཆལ་པའི་ ཤེས་རབ་སྤང་བའི་ཕྱིར་བལྟ་སྟེ། སེམས་ཅན་ཤེས་རབ་འཆལ་པ་ཡོངས་སུ་སྨིན་པར་བྱེད་པས་བསམ་པ་མི་ཟད་པར་བལྟའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་ལྟར་ན་བསམ་པ་ནི་སེམས་ཅན་ཐམས་ཅད་ཀྱི་མི་དགེ་བའི་ཆོས་ཐམས་ཅད་སྤང་བའི་ ཕྱིར་བལྟ་སྟེ། སེམས་ཅན་ཐམས་ཅད་དགེ་བའི་ཆོས་ལ་སྦྱོར་དུ་འཛུད་པས་བསམ་པ་མི་ཟད་པར་བལྟའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་མི་ཟད་པ་ཞེས་བྱའོ།། །། བམ་པོ་གཉིས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་མི་ཟད་པས་ན་སྦྱོར་བ་མི་ཟད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སྦྱིན་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ། གང་ཡང་བདོག་པ་ཐམས་ ཅད་ཡོངས་སུ་གཏོང་བར་སྣང་བ་འདི་ནི་དེའི་སྦྱོར་བའོ། །ཚུལ་ཁྲིམས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ། གང་ཡང་ཚུལ་ཁྲིམས་དང་། བསླབ་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ཡང་དག་པར་ 55-1-94b འཛིན་པར་སྣང་བ་འདི་ནི་དེའི་སྦྱོར་བའོ། །བཟོད་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ། གང་ཡང་སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་སུ་སྣང་བ་འདི་ནི་དེའི་སྦྱོར་བའོ། །བརྩོན་འགྲུས་ཀྱི་ བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ། གང་ཡང་དགེ་བའི་རྩ་བའི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་སྣང་བ་འདི་ནི་དེའི་སྦྱོར་བའོ། །བསམ་གཏན་གྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ། གང་ཡང་ བསམ་གཏན་ཡོངས་སུ་སྦྱོང་བར་སྣང་བ་འདི་ནི་དེའི་སྦྱོར་བའོ། །ཤེས་རབ་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ། གང་ཡང་ཐོས་པ་ཡོངས་སུ་སྦྱོང་བར་སྣང་བ་འདི་ནི་དེའི་སྦྱོར་བའོ། །བྱམས་པ་དང་། སྙིང་རྗེ་དང་། དགའ་བ་ དང་། བཏང་སྙོམས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ། གང་ཡང་སེམས་ཅན་ལ་ཕན་པ་དང་། བདེ་བར་བྱེད་པས་ཆོས་ལ་དགའ་ཞིང་མོས་ཏེ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བར་སྣང་བ་འདི་ནི་དེའི་ སྦྱོར་བའོ། །ལུས་ཀྱི་ལས་རྣམ་གསུམ་གྱི་སྡོམ་པ་ཡོངས་སུ་དག་པའི་ཕྱིར། ལུས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། །ངག་གི་ཉེས་པ་རྣམ་བཞི་ཡོངས་སུ་སྤང་བའི་ཕྱིར། ངག་གི་བསམ་པ་ནི་བྱང་ཆུབ་སེམས་ དཔའི་སྦྱོར་བ་མི་ཟད་པའོ། །བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་མེད་པའི་ཕྱིར་སེམས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ་ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་པའི་ཕྱིར་ཐོས་པའི་བསམ་ པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ལ་སྦྱོར་བའི་ཕྱིར་སློབ་དཔོན་གྱི་དཔེ་མཁྱུད་མེད་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། །སེམས་ཅན་གཞན་བྱང་ཆུབ་ཀྱི་སེམས་ ཡང་དག་པར་འཛིན་དུ་འཇུག་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། །དགེ་བའི་རྩ་བ་ལ་རབ་ཏུ་མཛུད་པའི་ཕྱིར་སེམས་ཅན་གཞན་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་ 55-1-95a འཇུག་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། །བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཕྱིར་དགེ་བའི་རྩ་བ་ལ་སྦྱོར་བའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ ཅད་ཡང་དག་པར་སྡུད་པའི་ཕྱིར་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། །དམ་པའི་ཆོས་ཀུན་འཛིན་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་བསམ་པ་ནི་བྱང་ ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའི། །ཉེས་པ་འཆགས་པའི་ཕྱིར་དམ་པའི་ཆོས་ཀུན་འཛིན་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། །སྡིག་པ་འཐོལ་བའི་ཕྱིར་ཉེས་པ་བཤགས་པའི་བསམ་པ་ནི་བྱང་ཆུབ་ སེམས་དཔའི་སྦྱོར་བ་མི་ཟད་པའོ། །བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བའི་ཕྱིར་སྡིག་པ་འཐོལ་བའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། །བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསགས་ པའི་ཕྱིར་བསོད་ནམས་ཀྱི་ཚོགས་ཐམས་ཅད་ཀྱི་རྗེས་སུ་ཡིད་རང་བའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། །སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་པའི་ཕྱིར་བསོད་ནམས་ཀྱི་ཚོགས་ཚད་མེད་པའི་ བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། །དམ་པའི་ཆོས་ཡོངས་སུ་འཛིན་པའི་ཕྱིར་སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། །སྐྱེས་བུ་དམ་པའི་ལས་ ཀྱི་ཕྱིར་དམ་པའི་ཆོས་ཡོངས་སུ་འཛིན་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། །ཁུར་བླངས་པ་སྒྲོལ་བའི་ཕྱིར་སྐྱེས་བུ་དམ་པའི་ལས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། །གོ་ཆ་སྲ་ ཞིང་མི་འདོར་བའི་ཕྱིར་ཁུར་བླངས་པ་སྒྲོལ་བའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། །སེམས་ཅན་ཐམས་ཅད་ཀྱི་བྱ་བ་སྒྲུབ་པའི་ཕྱིར་གོ་ཆ་སྲ་ཞིང་མི་འདོར་བའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་ 55-1-95b མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་མི་ཟད་པ་སྟོ། བཞི་གང་ཞེ་ན་བྱང་ཆུབ་ཀྱི་སེམས་ཀྱི་སྦྱོར་བ་མི་ཟད་པ་དང་། ཆོས་སྦྱིན་པ་རྣམ་པར་འགྲེལ་པའི་སྦྱོར་ བ་མི་ཟད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྦྱོར་བ་མི་ཟད་པ་དང་། དགེ་བའི་རྩ་བ་བསགས་པའི་སྦྱོར་བ་མི་ཟད་པ་སྟེ་བཞི་པོ་དེ་དག་ནི་སྦྱོར་བ་མི་ཟད་པའོ། །གཞན་ཡང་སྦྱོར་བ་མི་ཟད་པ་བཞི་སྟེ། བཞི་གང་ཞེ་ན། དགོན་པ་ལ་གནས་ཤིང་ཡོན་ཏན་དང་། ཡོ་བྱད་བསྙུངས་པའི་རྗེས་སུ་འགྲོ་བ་ལ་མི་ངོམས་པའི་སྦྱོར་བ་མི་ཟད་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་མི་ངོམས་པའི་སྦྱོར་བ་མི་ཟད་པ་དང་། ཐོས་པ་བཙལ་ བ་ལ་མི་ངོམས་པའི་སྦྱོར་བ་མི་ཟད་པ་དང་། བྱང་ཆུབ་ཀྱི་ཡོངས་སུ་བསྔོ་བའི་ཤེས་པས་མི་ངོམས་པའི་སྦྱོར་བ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་སྦྱོར་བ་མི་ཟད་པའོ། །གཞན་ཡང་སྦྱོར་བ་མི་ཟད་པ་བཞི་སྟེ། བཞི་གང་ཞེ་ན། བགྲང་བ་ རྟོགས་པའི་སྦྱོར་བ་མི་ཟད་པ་དང་། གཞལ་བ་རྟོགས་པའི་སྦྱོར་བ་མི་ཟད་པ་དང་། དཔྱད་པར་རྟོགས་པའི་སྦྱོར་བ་མི་ཟད་པ་དང་། སོ་སོར་བརྟག་པ་རྟོགས་པའི་སྦྱོར་བ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་སྦྱོར་བ་མི་ཟད་པའོ། །གཞན་ ཡང་སྦྱོར་བ་མི་ཟད་པ་བཞི་སྟེ། བཞི་གང་ཞེ་ན། ཀུན་ནས་ཉོན་མོངས་པའི་རྒྱུ་རྟོགས་པའི་སྦྱོར་བ་མི་ཟད་པ་དང་། རྣམ་པར་བྱང་བའི་རྒྱུ་རྟོགས་པའི་སྦྱོར་བ་མི་ཟད་པ་དང་། ཀུན་ནས་ཉོན་མོངས་པའི་རྒྱུ་ཡོངས་སུ་བརྗོད་པའི་སྦྱོར་ བ་མི་ཟད་པ་དང་། རྣམ་པར་བྱང་བའི་ཡོན་ཏན་དང་། ཕན་ཡོན་ཡོངས་སུ་བརྗོད་པའི་སྦྱོར་བ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་སྦྱོར་བ་མི་ཟད་པའོ། །གཞན་ཡང་སྦྱོར་བ་མི་ཟད་པ་བཞི་སྟེ། བཞི་གང་ཞེ་ན། ཕུང་པོ་ལ་བརྟག་པའི་ སྦྱོར་བ་མི་ཟད་པ་དང་། བསམ་པ་ལ་བརྟག་པའི་སྦྱོར་བ་མི་ཟད་པ་དང་། སྐྱེ་མཆེད་ལ་བརྟག་པའི་སྦྱོར་བ་མི་ཟད་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བརྟག་པའི་སྦྱོར་བ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་སྦྱོར་བ་མི་ཟད་པའོ། ། 55-1-96a གཞན་ཡང་སྦྱོར་བ་མི་ཟད་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་མི་རྟག་པར་ཡོངས་སུ་བསྟན་པའི་སྦྱོར་བ་མི་ཟད་པ་དང་། འདུ་བྱེད་སྡུག་བསྔལ་བར་ཡོངས་སུ་བསྟན་པའི་སྦྱོར་བ་མི་ཟད་པ་དང་། ཆོས་ཐམས་ཅད་བདག་མེད་ པར་ཡོངས་སུ་བསྟན་པའི་སྦྱོར་བ་མི་ཟད་པ་དང་། མྱ་ངན་ལས་འདས་པ་ཞི་བ་ལ་ཉེ་བར་སྤང་བ་བསྟན་པའི་སྦྱོར་བ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་སྦྱོར་བ་མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་མདོར་ན། བྱང་ཆུབ་སེམས་དཔའི་སྦྱོར་བ་ཇི་སྙེད་པ་ དེ་དག་ཐམས་ཅད་ནི་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་བ། ཐམས་ཅད་མཁྱེན་པ་ཉིད་ལ་འབབ་པ། ཐམས་ཅད་མཁྱེན་པ་ཉིད་ལ་བབ་པ་སྟེ། ཐམས་ཅད་མཁྱེན་པ་ཉིད་དག་ཀྱང་མི་ཟད་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ ཐམས་ཅད་ཀྱང་མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་མི་ཟད་པ་ཞེས་བྱའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་མི་ཟད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་བའི་རྩ་བ་ཐམས་ཅད་ལ་ལྷག་པར་དམིགས་པའི་ཕྱིར་རོ། །ཐ་ན་བྱང་ཆུབ་སེམས་དཔའ་གང་ཅི་སེམས་པ་དེ་དག་ཐམས་ཅད་དགེ་བའི་རྩ་བ་ལ་ལྷག་པའི་བསམ་པས་དམིགས་པར་གྱུར་ཏེ། ས་ནས་སར་གཞོག་པའི་ཕྱིར་ འཕོ་བའི་ལྷག་པའི་བསམ་པའོ། །བྱེ་བྲག་ཏུ་འགྲོ་བའི་ཕྱིར་རྒལ་བའི་ལྷག་པའི་བསམ་པའོ། །གོང་ནས་གོང་དུ་ཁྱད་པར་དུ་འཕགས་པས་ན་རྩེ་མོར་ལྷག་པའི་བསམ་པའོ། །བྱེ་བྲག་གི་ཆོས་ཀུན་འཛིན་པས་ན་ཁྱད་པར་དུ་འཕགས་པའི་ ལྷག་པའི་བསམ་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་སུམ་པའི་ལྷག་པའི་བསམ་པའོ། །ཁྱད་པར་དུ་འཕགས་པའི་ཆ་དང་འཐུན་པའི་ཆོས་རྣམས་ལ་ལྷག་པར་དམིགས་པའི་ལྷག་པའི་བསམ་པའོ། །རྩོམ་པ་ ཐམས་ཅད་ཉམས་འོག་ཏུ་ཆུད་པར་བྱེད་པའི་ལྷག་པའི་བསམ་པའོ། །འབད་པས་ཡོངས་སུ་མི་སྐྱོ་བས་ན་ངེས་པར་བྱས་པའི་ལྷག་པའི་བསམ་པའོ། །བརྟུལ་ཞུགས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་ན་བཏུལ་ཞུགས་ 55-1-96b གྲུབ་པའི་ལྷག་པའི་བསམ་པའོ། །གྲོགས་བདག་ཡིན་པས་ན་གོ་སྐབས་མེད་པའི་ལྷག་པའི་བསམ་པའོ། །དམུ་རྒོད་མ་ཡིན་པས་ན་ཅང་ཤེས་ཀྱི་སའི་ལྷག་པའི་བསམ་པའོ། །འཕགས་པས་ན་དུལ་བའི་སའི་ལྷག་པའི་བསམ་པའོ། །སྐྱེ་ བོ་མི་སུན་པ་དང་། ཉོན་མོངས་པ་དང་མ་འདྲེས་པས་ན་མ་འདྲེས་པའི་ལྷག་པའི་བསམ་པའོ། །ཡན་ལག་གི་དམ་པ་མགོ་ཡོངས་སུ་གཏོང་བས་ན་སྦྱིན་པ་དཀའ་བ་ཡོངས་སུ་གཏོང་བའི་ལྷག་པའི་བསམ་པའོ། །སེམས་ཅན་ཚུལ་ཁྲིམས་ འཆལ་པ་རྣམས་ཀྱི་དཔུང་གཉེན་པས་ན་དཀའ་བའི་ཚུལ་ཁྲིམས་ཀྱི་ལྷག་པའི་བསམ་པའོ། །སེམས་ཅན་མཐུ་ཆུང་བ་རྣམས་ཀྱི་ཉེས་པ་དང་དུ་ལེན་པས་ན་བྱ་དཀའ་བའི་བཟོད་པའི་ལྷག་པའི་བསམ་པའོ། །ཉན་ཐོས་དང་། རང་སངས་རྒྱས་ ཐམས་ཅད་ཀྱི་བྱང་ཆུབ་ལག་འཐིལ་དུ་འོངས་པ་འདོར་བས་ན་བྱ་དཀའ་བའི་བརྩོན་འགྲུས་ཀྱི་ལྷག་པའི་བསམ་པའོ། །བསམ་གཏན་གྱི་རོ་མི་མྱང་བས་ན་བྱ་དཀའ་བའི་བསམ་གཏན་གྱི་ལྷག་པའི་བསམ་པའོ། །དགེ་བའི་རྩ་བ་ཐམས་ ཅད་ཀྱི་ཚོགས་ལ་མི་སྨོད་པས་ན་བྱ་དཀའ་བའི་ཤེས་རབ་ཀྱི་ལྷག་པའི་བསམ་པའོ། །སེམས་ཅན་ཐམས་ཅད་ཀྱི་བྱ་བ་བསྒྲུབ་པའི་ཕྱིར་བརྩམས་པ་དང་། སྤྱོད་པ་ཉམས་འོག་ཏུ་ཆུད་པར་བྱེད་པའི་ལྷག་པའི་བསམ་པའོ། །ཤེས་པས་རབ་ ཏུ་བཏགས་པས་ན་ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ཆུང་ཟད་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་མེད་པའི་ལྷག་པའི་བསམ་པའོ། ། ལན་རེ་བ་མེད་པས་ན་སེམས་ཅན་ཐམས་ཅད་ཀྱི་སྦྱིན་པའི་གནས་ཀྱི་ལྷག་པའི་བསམ་པའོ། །སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་རབ་ཏུ་རྟོག་པའི་ཕྱིར་མི་དངང་བའི་ལྷག་པའི་བསམ་པའོ། །བྱིན་གྱི་བརླབས་ཀྱིས་འགྲོ་བས་ན་ཁྱད་པར་ དུ་འགྲོ་བའི་ལྷག་པའི་བསམ་པའོ། །ཁུར་བླངས་པ་སྒྲོལ་བས་ན་མ་ཞུམ་པའི་ལྷག་པའི་བསམ་པའོ། །རྟག་ཏུ་བརྩོན་པས་ན་མི་ཟད་པའི་ལྷག་པའི་བསམ་པའོ། །ཡང་ལྷག་པའི་བསམ་པ་ཞེས་བྱ་བ་ནི་འབྱུང་པོ་རྣམས་ལ་དེས་པའོ། །སེམས་ 55-1-97a ཅན་རྣམས་ལ་བྱམས་པའོ། །འཕགས་པ་རྣམས་ལ་ཕན་པར་སེམས་པའོ། །འཕགས་པ་མ་ཡིན་པ་རྣམས་ལ་སྙིང་རྗེའོ། །བླ་མ་རྣམས་ལ་གུས་པའོ། །དཔུང་གཉེན་མེད་པ་རྣམས་ལ་དཔུང་གཉེན་ནོ། །སྐྱབས་མེད་པ་རྣམས་ལ་ སྐྱབས་སོ། །གླིང་མེད་པ་རྣམས་ལ་གླིང་ངོ་། །མགོན་མེད་པ་རྣམས་ལ་མགོན་ནོ། །གྲོགས་མེད་པ་རྣམས་ལ་གྲོགས་སོ། །གྱ་གྱུ་ཅན་རྣམས་ལ་དྲང་བའོ། །དམུ་རྒོད་རྣམས་ལ་གསལ་བའོ། །གཡོན་ཅན་རྣམས་ལ་གཡོ་མེད་པའོ། །ཐིབས་ པོ་སྤྱོད་པ་རྣམས་ལ་སྒྱུ་མེད་པའོ། །བྱས་པ་མི་གཟོ་བ་རྣམས་ལ་བྱས་པ་གཟོ་བའོ། །འཁུ་བ་རྣམས་ལ་བྱས་པ་ཚོར་བའོ། །གནོད་པ་བྱེད་པ་རྣམས་ལ་ཕན་འདོགས་པའོ། །ལོག་པར་གྱུར་པ་རྣམས་ལ་བདེན་པའོ། །ཁེངས་པ་རྣམས་ལ་ང་རྒྱལ་ མེད་པའོ། །ལེགས་པར་བྱས་པ་རྣམས་ལ་མི་སྤྱོད་པའོ། །གཞན་གྱི་འཁྲུལ་པ་རྣམས་ལ་མི་གླེང་བའོ། །ལོག་པར་ཞུགས་པ་རྣམས་ལ་ཀུན་དུ་སྲུང་བའོ། །ཐབས་ཀྱི་དགེ་བ་སྤྱོད་པ་ཐམས་ཅད་ལ་ཉེས་པར་མི་ལྟ་བའོ། །སྦྱིན་པའི་གནས་ རྣམས་ལ་རིམ་གྲོ་བྱེད་པའོ། །རྗེས་སུ་བསྟན་པ་རྣམས་ལ་འཐུན་པར་འཛིན་པའོ། །གདམས་ངག་དང་རྗེས་སུ་བསྟན་པ་རྣམས་ལ་བློ་བདེ་བའོ། །དགོན་པར་གནས་པ་རྣམས་ལ་ཕུ་དུད་དུ་བྱེད་པའོ། །རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་ པ་དག་དོན་དུ་མི་གཉེར་བའོ། །ལུས་དང་སྲོག་ལ་མི་ལྟ་བ་དང་། ལྷག་པའི་བསམ་པ་དག་པས་ན་ཚུལ་འཆོས་མེད་པའོ། །ངག་བསྡམས་པས་ཁ་གསག་མེད་པའོ། །བདག་གི་རྙེད་པས་ཆོག་ཤེས་པས་ན་ཐོབ་ཀྱིས་འཇལ་བ་མེད་པའོ། །སེམས་ ཉོན་མོངས་པ་ཅན་མ་ཡིན་པས་ན་ལས་སུ་རུང་བའོ། །དགེ་བའི་རྩ་བ་ཐམས་ཅད་བསགས་པས་ན་འཁོར་བར་གཞོལ་བའོ། །སེམས་ཅན་ཐམས་ཅད་ལ་ལྟ་བས་ན་སྡུག་བསྔལ་ཐམས་ཅད་ལ་ཅི་མི་སྙམ་པའོ། །དེའི་ཕྱིར་ན་སྐྱེས་བུ་ དམ་པ་དེ་དག་གི་ལྷག་པའི་བསམ་པ་ཐམས་ཅད་མི་ཟད་པ་ཡིན་ཏེ། བསོད་ནམས་ཐམས་ཅད་ཀྱིས་ཉེ་བར་བརྟན་པ་དང་། ཡེ་ཤེས་མི་ཟད་པ་ཡང་དག་པར་སྒྲུབ་པའི་ཕྱིར་འཁོར་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་ཟད་པར་མི་ 55-1-97b ནུས་སོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་མི་ཟད་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་ བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ཟད་པ་གཞན་ལ་ལྟ་ཡོད་དམ། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཡོད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡང་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚད་མེད་ པའི་ཕྱིར་རོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡོངས་སུ་སྦྱང་བ་ཡང་ཚད་མེད་པ་སྟེ། ཚེ་དང་སྤོབས་པ་དང་། བདེ་བ་དང་། སྟོབས་དང་། ཁ་དོག་ཉེ་བར་བསྟན་པའི་ཕྱིར་ཟས་འདོད་པ་རྣམས་ལ་ཟས་ སྦྱིན་པའོ། །ཉོན་མོངས་པ་དང་། སྲེད་པ་ཐམས་ཅད་བསལ་བའི་ཕྱིར་བཏུང་བ་འདོད་པ་རྣམས་ལ་བཏུང་བ་སྦྱིན་པའོ། །བདེ་བ་དང་། འབྱོར་པའི་དངོས་པོ་ཐམས་ཅད་བསྡུ་བའི་ཕྱིར་བཞོན་པ་འདོད་པ་རྣམས་ལ་བཞོན་པ་སྦྱིན་པའོ། །ངོ་ཚ་ ཤེས་པ་དང་། ཁྲེལ་ཡོད་པ་དང་། གསེར་གྱི་ཁ་དོག་ལྟ་བུའི་མདོག་ཡོངས་སུ་སྦྱང་བའི་ཕྱིར་གོས་འདོད་པ་རྣམས་ལ་གོས་སྦྱིན་པའོ། །དེ་བཞིན་གཤེགས་པའི་ལྷའི་སྤྱན་ཡོངས་སུ་གཟིགས་པར་བྱ་བའི་ཕྱིར་མར་མེ་འདོད་པ་རྣམས་ ལ་མར་མེ་སྦྱིན་པའོ། །དེ་བཞིན་གཤེགས་པའི་ལྷའི་སྙན་ཡོངས་སུ་དག་པར་བྱ་བའི་ཕྱིར་རོལ་མོ་འདོད་པ་རྣམས་ལ་རོལ་མོའི་སྒྲ་སྦྱིན་པའོ། །ཚུལ་ཁྲིམས་དང་། ཐོས་པ་དང་། ཏིང་ངེ་འཛིན་གྱི་སྤོས་ཀྱིས་བྱུག་པའི་ཕྱིར་སྤོས་ དང་བྱུག་པ་འདོད་པ་རྣམས་ལ་སྤོས་དང་། བྱུག་པ་སྦྱིན་པའོ། །གཟུངས་དང་། སྤོབས་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ཕྲེང་བ་འདོད་པ་རྣམས་ལ་མེ་ཏོག་ཕྲེང་བ་སྦྱིན་པའོ། །ལུས་ཀྱི་དྲི་ཡིད་དུ་འོང་བ་ཐོབ་པར་བྱ་བའི་ཕྱིར། ཕྱེ་མ་འདོད་པ་རྣམས་ལ་ཕྱེ་མ་སྦྱིན་པའོ། །སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྲོ་ཐམས་ཅད་འདོད་པ་རྣམས་ལ་བྲོ་ཐམས་ཅད་སྦྱིན་པའོ། །སེམས་ཅན་ཐམས་ཅད་ཀྱི་གནས་དང་། 55-1-98a སྐྱབས་དང་། མགོན་དང་། དཔུང་གཉེན་བྱ་བའི་ཕྱིར་གནས་འདོད་པ་རྣམས་ལ་གནས་སྦྱིན་པའོ། །སྒྲིབ་པ་ཐམས་ཅད་རབ་ཏུ་སྤོང་བ་དང་། ལྷ་དང་ཚངས་པའི་གནས་དང་། དེ་བཞིན་གཤེགས་པའི་གཟིམས་ཆ་ཐོབ་པར་ བྱ་བའི་ཕྱིར་མལ་ཆ་འདོད་པ་རྣམས་ལ་མལ་ཆ་སྦྱིན་པའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་ས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ཐོབ་པར་བྱ་བའི་ཕྱིར་སྟན་འདོད་པ་རྣམས་ལ་སྟན་སྦྱིན་པའོ། །བྱང་ཆུབ་ ཀྱི་ཡོ་བྱད་ཐམས་ཅད་ཡོངས་སུ་བཀང་བའི་ཕྱིར་ཡོ་བྱད་འདོད་པ་རྣམས་ལ་ཡོ་བྱད་སྦྱིན་པའོ། །མི་རྒ་མི་འཆི་བའི་བདུད་རྩིའི་བདེ་བ་ཡོངས་སུ་བཀང་བའི་ཕྱིར་ན་བ་དང་། སྨན་འདོད་པ་ཐམས་ཅད་ལ་སྨན་སྦྱིན་པའོ། །རང་དབང་ དང་། རང་ཉམ་དང་། རང་འབྱུང་གི་ཡེ་ཤེས་ཡོངས་སུ་བཀང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྲན་ཕོ་དང་། བྲན་མོ་ཡོངས་སུ་གཏོང་བའི་སྦྱིན་པའོ། །སྐྱེས་བུ་ཆེན་པོའི་མཚན་དམ་པ་སུམ་ཅུ་རྩ་གཉིས་ཡོངས་ སུ་བཀང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསེར་དང་། དངུལ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དུཪྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། རིན་པོ་ཆེ་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པའོ། །དཔེ་བྱད་བཟང་པོ་ བརྒྱད་བཅུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱན་སྣ་ཚོགས་སྦྱིན་པའོ། །གཙུག་གཏོར་བལྟར་མི་མཐོང་བ་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙུག་གི་ནོར་བུ་དང་། ཅོད་པན་སྦྱིན་པའོ། །ཐེག་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟ་དང་། བལ་གླང་དང་། ཤིང་རྟ་དང་། དཔུང་བུ་ཆུང་དང་། བཞོན་པ་སྦྱིན་པའོ། །བསམ་གཏན་གྱི་ཡན་ལག་དང་། ཡན་ ལག་གི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྐྱེད་མོས་ཚལ་དང་། གཞལ་མེད་ཁང་དང་། དཀའ་ཐུབ་ཀྱི་ནགས་ཚལ་དང་། གཙུག་ལག་ཁང་ཡོངས་སུ་གཏོང་བའི་སྦྱིན་པའོ། །བླ་ན་ 55-1-98b མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགའ་བ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བུ་ཕོ་དང་། བུ་མོ་དང་། ཆུང་མ་དང་། སྡུག་པ་ཡོངས་སུ་གཏོང་བའི་སྦྱིན་པའོ། །དམ་པའི་ཆོས་ཀྱི་མཛོད་ དང་། བང་བ་ཡོངས་སུ་དགང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནོར་དང་། འབྲུ་དང་། མཛོད་དང་། བང་བ་ཡོངས་སུ་གཏོང་བའི་སྦྱིན་པའོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་དམ་པའི་ཆོས་ཀྱི་རྒྱལ་པོ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་ བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། འཛམ་བུའི་གླིང་དང་། གླིང་བཞི་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ཡོངས་སུ་གཏོང་བའི་ སྦྱིན་པའོ། །ཆོས་ལ་དགའ་ཞིང་མོས་པ་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེ་བ་དང་། དགའ་བ་དང་། རྩེད་མོ་ཐམས་ཅད་གཏོང་བའི་སྦྱིན་པའོ། །དམ་པའི་ཆོས་ཀྱི་རྐང་པས་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་བྱ་བའི་ཕྱིར་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྐང་པ་སྦྱིན་པའོ། །སེམས་ཅན་ཐམས་ཅད་ལ་དམ་པའི་ཆོས་ཀྱི་ལག་པ་སྦྱིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་སྦྱིན་པའོ། །དབང་པོ་ཉམས་པ་རྫོགས་པར་བྱ་བའི་ཕྱིར་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་རྣ་བ་དང་སྣ་སྦྱིན་པའོ། །སེམས་ཅན་ཐམས་ཅད་ལ་སྒྲིབ་པ་མེད་པ་སངས་རྒྱས་ཀྱི་སྤྱན་དང་། ཆོས་ཀྱི་སྤྱིན་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིག་སྦྱིན་པའོ། །ཁམས་གསུམ་ཐམས་ ཅད་ལས་ཁྱད་པར་དུ་འཕགས་པའི་མཆོག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡན་ལག་གི་དམ་པ་མགོ་སྦྱིན་པའོ། །སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་ཞིང་། ཉེ་བར་འཚོ་བ་ བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤ་དང་ཁྲག་ཡོངས་སུ་གཏོང་བའི་སྦྱིན་པའོ། །འཇམ་པ་དང་། སྣུམ་པ་དང་། གསེར་གྱི་ཁ་དོག་ལྟ་བུའི་མདོག་ཡོངས་སུ་དག་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྤགས་ 55-1-99a པ་ཡོངས་སུ་གཏོང་བའི་སྦྱིན་པའོ། །སངས་རྒྱས་ཀྱི་སྐུ་རྡོ་རྗེ་ལྟར་མི་ཤིགས་ཤིང་སྲ་བ་དང་། སྲེད་མེད་ཀྱི་བུ་ལྟར་མཁྲེགས་པ་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རུས་པ་དང་། རྐང་སྦྱིན་པའོ། །བཙུན་པ་ཤཱ་ར་ དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ལ་མི་མཐུན་པའི་ལོངས་སྤྱོད་ཡོངས་སུ་ཚོལ་བའི་སྦྱིན་པ་མེད་དོ། །སེམས་ཅན་ལ་གནོད་པའི་སྦྱིན་པ་མེད་དོ། །ང་རྒྱལ་བསྐྱེད་ཅིང་སྦྱིན་པ་མེད་དོ། །འཇིགས་པ་དང་། སྐྲག་པ་དང་། འཛེམ་པས་སྦྱིན་པ་མེད་དོ། །འགྲོན་དུ་གཉེར་ཏེ་ཡོངས་སུ་མི་གཏོང་བའི་སྦྱིན་པ་མེད་དོ། །ཇི་སྐད་སྨྲས་པ་ལས་ཆུང་བའི་སྦྱིན་པ་མེད་དོ། །བཟང་པོ་ཡོད་པ་ལ་བཟང་པོ་མ་ཡིན་པའི་སྦྱིན་པ་མེད་དོ། །ལྷག་པའི་བསམ་པ་མ་ཡིན་པས་སྦྱིན་པ་ མེད་དོ། །གཡོ་དང་སྒྱུས་སྦྱིན་པ་མེད་དོ། །བཅོས་པའི་སྦྱིན་པ་མེད་དོ། །ལས་ཀྱི་རྣམ་པར་སྨིན་པ་དང་རྒོད་པས་སྦྱིན་པ་མེད་དོ། །ལོག་པའི་བསམ་པས་སྦྱིན་པ་མེད་དོ། །གཏི་མུག་གི་བསམ་པས་སྦྱིན་པ་མེད་དོ། །ཚོལ་བའི་བསམ་པས་སྦྱིན་ པ་མེད་དོ། །ཕྱིན་ཅི་ལོག་གི་བསམ་པས་སྦྱིན་པ་མེད་དོ། །མ་དད་པར་སྦྱིན་པ་མེད་དོ། །མི་དགའ་བར་སྦྱིན་པ་མེད་དོ། །ཉེ་བར་གནས་པའི་སྦྱིན་པ་མེད་དོ། །ངོར་བལྟས་ཏེ་སྦྱིན་པ་མེད་དོ། །སེམས་ཅན་ཐ་དད་པའི་སྦྱིན་པ་མེད་དོ། །སྦྱིན་པའི་གནས་ འདམ་ཞིང་སྦྱིན་པ་མེད་དོ། །སེམས་ཅན་ཐམས་ཅད་ལ་སྦྱིན་པའི་གནས་མ་ཡིན་པར་བརྙས་ཤིང་སྦྱིན་པ་མེད་དོ། །ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་པའི་བསྟོད་དང་། སྨད་པའི་སྦྱིན་པ་མེད་དོ། །ལན་ལ་རེ་བའི་སྦྱིན་པ་མེད་དོ། ། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པའི་ཕྱིར་སྦྱིན་པ་མེད་དོ། །བདག་ལ་བསྟོད་པ་དང་གཞན་ལ་སྨོད་པའི་སྦྱིན་པ་མེད་དོ། །ཡོངས་སུ་གདུང་བར་བྱེད་པའི་སྦྱིན་པ་མེད་དོ། །ཡིད་ལ་གཅགས་པའི་སྦྱིན་པ་མེད་དོ། །འགྱོད་པའི་སྦྱིན་པ་མེད་དོ། ། གནོད་པར་སྦྱིན་པ་མེད་དོ། །གཞན་གྱི་རེ་བ་ལ་བབ་པའི་སྦྱིན་པ་མེད་དོ། །སྨད་པར་སྦྱིན་པ་མེད་དོ། །ལས་ཀྱི་རྣམ་པར་སྨིན་པ་ལ་རེ་བའི་སྦྱིན་པ་མེད་དོ། །དཔགས་ཏེ་སྦྱིན་པ་མེད་དོ། །ཁྲོ་བ་དང་། ཞེ་སྡང་དང་། གཏི་མུག་དང་། གནོད་སེམས་བསྐྱེད་ 55-1-99b པའི་སྦྱིན་པ་མེད་དོ། །སློང་བ་རྣམས་ལ་གནོད་པའི་སེམས་མེད་དོ། །འཕྱ་བ་དང་། ཅོ་བྲི་བའི་སྦྱིན་པ་མེད་དོ། །ཕྱིན་ཕྱོགས་སུ་སྦྱིན་པ་མེད་དོ། །བསྒྱུར་ཏེ་སྦྱིན་པ་མེད་དོ། །སྟིང་སྟང་དུ་མ་བྱས་པའི་སྦྱིན་པ་མེད་དོ། །བདག་གི་ལག་མ་དར་བའི་སྦྱིན་པ་མེད་དོ། ། མི་རྟག་པའི་སྦྱིན་པ་མེད་དོ། །ཤིན་དུ་མ་སྦྱངས་པའི་སྦྱིན་པ་མེད་དོ། །གཞན་ལ་སྙོགས་པའི་སྦྱིན་པ་མེད་དོ། །ཡོངས་སུ་ཆད་པར་བྱས་ཏེ་སྦྱིན་པ་མེད་དོ། །ཇི་ལྟར་བསྟབས་པ་ལས་ཆུང་བའི་སྦྱིན་པ་མེད་དོ། །སྤྲོ་བ་ལས་མི་སྤྲོ་བར་གྱུར་པའི་སྦྱིན་པ་མེད་དོ། སེམས་ཅན་ཞིང་མ་ཡིན་ཞེས་སྦྱིན་པ་མེད་དོ། །ཆུང་ངུ་ལ་བརྙས་ཤིང་སྦྱིན་པ་མེད་དོ། །སྦྱིན་པ་རྒྱ་ཆེན་པོ་ལ་བསྙེམས་ཤིང་སྦྱིན་པ་མེད་དོ། །ལོག་པར་སྒྲུབ་པའི་སྦྱིན་པ་མེད་དོ། །སྐྱེ་བ་འདོད་པའི་སྦྱིན་པ་མེད་དོ། །གཟུགས་དང་ལོངས་སྐྱོད་དང་། དབང་ཕྱུག་ ལ་མངོན་པར་དགའ་བས་སྦྱིན་པ་མེད་དོ། །བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་ཐམས་ཅད་དུ་སྐྱེ་བར་སྨོན་ཅིང་སྦྱིན་པ་མེད་དོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པར་བསྔོ་ཞིང་སྦྱིན་པ་མེད་དོ། །གཞོན་ནུ་རྒྱལ་སྲིད་ཀྱི་དབང་ ཕྱུག་འདོད་པས་སྦྱིན་པ་མེད་དོ། །ཚེ་གཅིག་ཏུ་ཟད་པའི་སྦྱིན་པ་མེད་དོ། །ཕྱིན་ཅད་ཆོག་ཅིང་མི་དགོས་པའི་སྦྱིན་པ་མེད་དོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་སུ་མ་བསྔོས་པའི་སྦྱིན་པ་མེད་དོ། །རུང་བ་མ་ཡིན་པའི་སྦྱིན་པ་མེད་དོ། །དུས་ལ་མ་བབ་པར་ སྦྱིན་པ་མེད་དོ། །དུག་དང་། མཚོན་སྦྱིན་པ་མེད་དོ། །སེམས་ཅན་ལ་ཐོ་འཚམ་ཞིང་སྦྱིན་པ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ནི་མཁས་པས་དམད་པ་མེད་དོ། །སྦྱིན་པ་དེ་ནི་སྟོང་པ་ཉིད་ཀྱི་རྣམ་པས་བསྒྲུབས་པ་སྟེ། དེའི་ཕྱིར་ དེ་མི་ཟད་པའོ། །སྦྱིན་པ་དེ་ནི་མཚན་མ་མེད་པས་ཡོངས་སུ་བསྒོམས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་སྨོན་པ་མེད་པ་ལ་རབ་ཏུ་གནས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་མངོན་པར་འདུས་མ་བྱས་པར་ཡོངས་ སུ་བསྔོས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཡང་དག་པར་ཟིན་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཁམས་གསུམ་པ་དང་མ་འདྲེས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་འབྲས་བུ་རྒྱུ་འཐུན་པ་རྣམ་པར་ 55-1-100a གྲོལ་བ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་བདུད་ཐམས་ཅད་ཚར་གཅོད་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཁྱད་ པར་དུ་འགྲོ་བ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ལེགས་པར་བྱས་པ་ངེས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་བྱང་ཆུབ་ཀྱི་ལམ་གྱི་ཚོགས་བསགས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ ཡང་དག་པར་བསྔོས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་བཀོད་པ་རྣམ་པར་གྲོལ་བ་རྒྱུ་འཐུན་པའི་འབྲས་བུ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་འཚོ་ བ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་མུ་མེད་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཡོངས་སུ་མི་འབྲི་བ་སྟེ། དེའི་ཕྱིར་དེ་མ་ཟད་པའོ། །སྦྱིན་པ་དེ་ནི་ཀུན་དུ་མི་གཏོགས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ ཡོངས་སུ་མ་ཆད་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཡངས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་མི་གནས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཐུག་པ་མེད་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཁ་ན་ མ་ཐོ་བ་མེད་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་མ་སྐུར་བ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་མི་ཐུལ་བ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཟིལ་གྱིས་མི་ནོན་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཐམས་ཅད་ མཁྱེན་པའི་ཡེ་ཤེས་ལ་བཏང་བ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་མི་ཟད་པ་ཞེས་བྱའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ ཟད་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་མི་ཟད་པ་འདི་ནི་ཁྱོད་ཀྱིས་ལེགས་པར་སྨྲས་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་མི་ཟད་པ་ལས་བརྩམས་ཏེ། ཇི་ལྟར་ 55-1-100b བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་མི་ཟད་པར་འགྱུར་བ་ཁྱོད་སྤོབས་པར་གྱིས་ཤིག །བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་རྣམ་པ་དྲུག་ཅུ་རྩ་ལྔས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་ པོ་ཡོངས་སུ་མ་ཟད་པ་ཡིན་ནོ། །དྲུག་ཅུ་རྩ་ལྔ་པོ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་མི་གནོད་པ་དང་། གཞན་གྱི་ལོངས་སྤྱོད་དག་ལ་མི་རྐུ་བ་དང་། གཞན་གྱི་ཆུང་མ་དག་ལ་མ་ཆགས་པ་དང་། སེམས་ཅན་ཐམས་ཅད་ལ་མ་སླུ་བ་དང་། བདག་གི་འཁོར་གྱིས་ཆོག་པར་འཛིན་པས་ཕྲ་མ་མེད་པ་དང་། ཚིག་དྲག་པོ་བཟོད་པས་མི་བརླང་བ་དང་། ཚིག་ཤིན་དུ་སྤོང་བས་ཚིག་ཀྱལ་པ་མི་སྨྲ་བ་དང་། གཞན་བདེ་བ་ལ་དགའ་བས་བརྣབ་སེམས་མེད་པ་དང་། ངན་དུ་བརྗོད་པ་དང་། ངན་དུ་སྨྲ་བའི་ཚིག་ གི་ལམ་བཟོད་པས་གནོད་སེམས་མེད་པ་དང་། སྟོན་པ་གཞན་གྱི་བསྟན་པ་མེད་པས་ཡང་དག་པར་ལྟ་བ་དང་། སེམས་ལ་རེག་པ་མེད་པས་སངས་རྒྱས་ལ་དད་པ་དང་། ཆོས་ཉིད་ཀྱི་ཆོས་དམ་པའི་ཕྱིར་ཆོས་ལ་དད་པ་དང་། འཕགས་པའི་ཚོགས་ ཐམས་ཅད་ལ་དགའ་བས་དགེ་འདུན་ལ་དད་པ་དང་། བླ་མ་ལ་གུས་པས་སྲི་ཞུ་ཆེ་བ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ཡན་ལག་ལྔས་ཕྱག་འཚལ་བས་ལུས་རབ་ཏུ་འདུད་པ་དང་། ཁ་ན་མ་ཐོ་བ་ཆུང་རབ་ལ་ཡང་འཇིགས་པར་ ལྟ་བས་ཚུལ་ཁྲིམས་མི་ལྷོད་པ་དང་། ཐེག་པ་གཞན་ལ་མི་བརྟེན་པས་ཚུལ་ཁྲིམས་མ་རལ་པ་དང་། ཉམ་ང་བར་སྐྱེ་བ་སྤོང་བས་ཚུལ་ཁྲིམས་མ་ཉམས་པ་དང་། སྐྱེ་བོ་མི་སྲུན་པ་དང་། ཉོན་མོངས་པ་དང་མ་འདྲེས་པས་ཚུལ་ཁྲིམས་མ་འདྲེས་ པ་དང་། དཀར་པོའི་ཆོས་ཕྱོགས་གཅིག་ཏུ་འཕེལ་བས་ཚུལ་ཁྲིམས་མ་འཆོལ་བ་དང་། ཇི་ལྟར་འདོད་པ་བཞིན་དུ་འགྲོ་བས་དཔོངས་པའི་ཚུལ་ཁྲིམས་དང་། མཁས་པས་མ་དམད་པས་རབ་ཏུ་བསྔགས་པའི་ཚུལ་ཁྲིམས་དང་། དྲན་པ་དང་། ཤེས་བཞིན་རབ་ཏུ་ཉེ་བར་གནས་པས་རྣམ་པ་མཆོག་གི་ཚུལ་ཁྲིམས་དང་། ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པས་མ་དམད་པའི་ཚུལ་ཁྲིམས་དང་། དབང་པོ་བསྲུངས་པས་ཤིན་དུ་སྦས་པའི་ཚུལ་ཁྲིམས་དང་། སངས་རྒྱས་ཀྱི་ཆོས་ 55-1-101a ཐམས་ཅད་ལ་སེམས་པས་རྣམ་པར་གྲགས་པའི་ཚུལ་ཁྲིམས་དང་། རུང་བ་ལ་ཚོད་ཤེས་པས་འདོད་པ་ཆུང་བའི་ཚུལ་ཁྲིམས་དང་། ཆགས་པ་སྤངས་པས་ཆོག་ཤེས་པའི་ཚུལ་ཁྲིམས་དང་། ལུས་དང་སེམས་དབེན་པས་རང་བཞིན་ གྱིས་དབེན་པའི་ཚུལ་ཁྲིམས་དང་། འདུ་འཛི་རྣམ་པར་སྤངས་པས་དགོན་པ་ལ་གནས་པའི་ཚུལ་ཁྲིམས་དང་། གཞན་གྱི་ངོར་མི་ལྟ་བས་འཕགས་པའི་རིགས་ཆོག་ཤེས་པའི་ཚུལ་ཁྲིམས་དང་། དགེ་བའི་རྩ་བ་བདག་གི་ཁ་ན་ལས་པས་སྦྱངས་པའི་ ཡོན་ཏན་དང་། ཡོ་བྱད་བསྙུངས་པའི་ཚུལ་ཁྲིམས་དང་། ལྷ་དང་མི་མགུ་བར་བྱེད་པས་ཇི་ལྟར་སྨྲས་པ་དེ་ལྟར་སྤྱོད་པའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ཀྱི་དཔུང་གཉེན་དུ་གྱུར་པས་བྱམས་པའི་ཚུལ་ཁྲིམས་དང་། སྡུག་བསྔལ་ ཐམས་ཅད་བཟོད་པས་སྙིང་རྗེའི་ཚུལ་ཁྲིམས་དང་སེམས་མ་ཞུམ་པས་དགའ་བའི་ཚུལ་ཁྲིམས་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤངས་པས་བཏང་སྙོམས་ཀྱི་ཚུལ་ཁྲིམས་དང་། བདག་གི་སེམས་ལ་ངེས་པར་སེམས་པས་བདག་ གི་འཁྲུལ་པ་ལ་རྟོག་པའི་ཚུལ་ཁྲིམས་དང་། གཞན་གྱི་སེམས་སྲུང་བས་གཞན་གྱི་འཁྲུལ་པ་ལ་ཉེས་པར་མི་ལྟ་བའི་ཚུལ་ཁྲིམས་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་སྦྱིན་པའི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་རབ་ཏུ་བསྲུངས་ པས་ཤིན་དུ་བཟུང་བའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པའི་སེམས་མེད་པས་བཟོད་པའི་ཚུལ་ཁྲིམས་དང་། ཕྱིར་མི་ལྡོག་པས་བརྩོན་འགྲུས་ཀྱི་ཚུལ་ཁྲིམས་དང་། བསམ་གཏན་གྱི་ཡན་ལག་གི་ཚོགས་ འཕེལ་བར་བྱེད་པས་བསམ་གཏན་གྱི་ཚུལ་ཁྲིམས་དང་། ཐོས་པའི་དགེ་བའི་རྩ་བས་མི་ངོམས་པའི་ཕྱིར། ཤེས་རབ་ཀྱི་ཚུལ་ཁྲིམས་དང་། ཐོས་པའི་སྙིང་པོ་ལེན་པའི་ཕྱིར་ཐོས་པའི་ཚུལ་ཁྲིམས་དང་། བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ སྤེལ་བའི་ཕྱིར། དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཚུལ་ཁྲིམས་དང་། ལམ་ཉམ་ང་བ་འདོར་བའི་ཕྱིར་སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བའི་ཚུལ་ཁྲིམས་དང་། མི་རྟག་པའི་འདུ་ཤེས་ལ་རྟོགས་པས་ལུས་ལ་མི་ལྟ་བའི་ཚུལ་ 55-1-101b ཁྲིམས་དང་། དགེ་བའི་རྩ་བ་ལ་རྟུན་ཏེ་བྱེད་པས་སྲོག་ལ་ཡིད་མི་རྟོན་པའི་ཚུལ་ཁྲིམས་དང་བསམ་པ་དག་པའི་ཕྱིར་ཡིད་ལ་གཅགས་པ་མེད་པའི་ཚུལ་ཁྲིམས་དང་། སྦྱོར་བ་དག་པའི་ཕྱིར་བཅོས་མ་མ་ཡིན་པའི་ཚུལ་ཁྲིམས་དང་། ལྷག་པའི་བསམ་ པ་དག་པའི་ཕྱིར་ཡོངས་སུ་གདུང་བ་མེད་པའི་ཚུལ་ཁྲིམས་དང་། ལས་ལེགས་པར་བྱས་པའི་ཕྱིར་མི་དགའ་བ་མེད་པའི་ཚུལ་ཁྲིམས་དང་། ཁེངས་པ་མེད་པའི་ཕྱིར་ང་རྒྱལ་མེད་པའི་ཚུལ་ཁྲིམས་དང་། འདོད་ཆགས་དང་བྲལ་བའི་ཕྱིར་མི་རྒོད་པའི་ཚུལ་ ཁྲིམས་དང་། དྲང་བའི་ཕྱིར་མི་གཡེང་བའི་ཚུལ་ཁྲིམས་དང་། ཅང་ཤེས་པའི་ཕྱིར་མུ་ཅོར་མི་སྨྲ་བའི་ཚུལ་ཁྲིམས་དང་། མི་འཁྲུགས་པའི་ཕྱིར་དུལ་བའི་ཚུལ་ཁྲིམས་དང་། ཉེ་བར་ཞི་བའི་ཕྱིར་ཞི་བའི་ཚུལ་ཁྲིམས་དང་། ཇི་སྐད་སྨྲས་པ་བཞིན་བྱེད་པས་བཀའ་ བློ་བདེ་ཞིང་འཐུན་པར་འཛིན་པའི་ཚུལ་ཁྲིམས་དང་། བསྡུ་བའི་དངོས་པོ་མི་འདོར་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཚུལ་ཁྲིམས་དང་། བདག་གི་ནོར་ཆུད་མི་གཟོན་པའི་ཕྱིར། དམ་པའི་ཆོས་ཡོངས་སུ་སྲུང་བའི་ཚུལ་ཁྲིམས་དང་། གཟོད་ མ་ནས་ཤིན་དུ་དག་པས་བསམ་པ་ཐམས་ཅད་ཡོངས་སུ་སྐོང་བའི་ཚུལ་ཁྲིམས་དང་། དེའི་ཚུལ་ཁྲིམས་ཡོངས་སུ་བསྔོས་པས་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་ཡང་དག་པར་གཞོལ་བའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ལ་སེམས་ སྙོམས་པར་སངས་རྒྱས་ཀྱི་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཚུལ་ཁྲིམས་ཏེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་རྣམ་པ་དྲུག་ཅུ་རྩ་ལྔ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་མི་ཟད་པ་ཡིན་ནོ། ། བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་གང་ལ་བདག་ཏུ་སྒྲོ་བཏགས་པ་མེད་པ་དང་། སེམས་ཅན་དུ་མ་ཡིན། སྲོག་ཏུ་མ་ཡིན། གསོ་བར་མ་ཡིན། སྐྱེས་བུར་མ་ཡིན། གང་ཟག་ཏུ་མ་ཡིན། ཤེད་ལས་སྐྱེས་སུ་མ་ཡིན་ཞིང་། ཤེད་བུར་སྒྲོ་བཏགས་པ་མེད་ པའི་ཚུལ་ཁྲིམས་སོ། །གང་ལ་གཟུགས་སུ་སྒྲོ་བཏགས་པ་མེད་པ་དང་། ཚོར་བར་མ་ཡིན། འདུ་ཤེས་སུ་མ་ཡིན། འདུ་བྱེད་དུ་མ་ཡིན། རྣམ་པར་ཤེས་པར་སྒྲོ་བཏགས་པ་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་ལ་སའི་ཁམས་སུ་སྒྲོ་བཏགས་པ་མེད་ 55-1-102a པ་དང་། ཆུའི་ཁམས་སུ་མ་ཡིན། མེའི་ཁམས་སུ་མ་ཡིན་ཞིང་རླུང་གི་ཁམས་སུ་སྒྲོ་བཏགས་པ་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་ལ་མིག་གི་མཚན་མར་སྒྲོ་བཏགས་པ་མེད་པ་དང་། གཟུགས་ཀྱི་མཚན་མར་སྒྲོ་བཏགས་པ་མེད་པ་དང་། དེ་བཞིན་རྣ་བར་མ་ཡིན། སྒྲར་མ་ཡིན། སྣར་མ་ཡིན། དྲིར་མ་མིན། ལྕེར་མ་ཡིན། རོར་མ་ཡིན། ལུས་སུ་མ་ཡིན། རེག་བྱར་མ་ཡིན་ཞིང་ཡིད་ཀྱི་མཚན་མར་སྒྲོ་བཏགས་པ་མེད་པ་དང་། ཆོས་སུ་སྒྲོ་བཏགས་པ་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་ལ་ལུས་ དང་། ངག་དང་། ཆོས་སུ་སྒྲོ་བཏགས་པ་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་ཚེ་གཅིག་པའི་ཕྱིར་ཞི་གནས་ཀྱི་མཚན་ཉིད་དེ་ནི་ཚུལ་ཁྲིམས་སོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་མཁས་པས་ལྷག་མཐོང་གི་མཚན་ཉིད་དེ་ནི་ཚུལ་ཁྲིམས་སོ། །གང་ སྟོང་པ་ཉིད་རིག་པ་དང་། མཚན་མ་མེད་པའི་མཐའ་དང་། སྨོན་པ་མེད་ཅིང་ཁམས་གསུམ་པ་དང་མ་འདྲེས་པ་དེ་ནི་ཚུལ་ཁྲིམས་སོ། །གང་མངོན་པར་འདུས་མ་བྱས་པ། མ་སྐྱེས་པས་རབ་ཏུ་ཕྱེ་བ། མི་སྐྱེ་བ་ལ་བཟོད་པ་དེ་ནི་ཚུལ་ཁྲིམས་སོ། ། གང་མ་བྱས་ཤིང་བྱ་བ་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་སྔོན་གྱི་མཐར་མི་བྱེད་པ་དང་། ཕྱི་མའི་མཐར་མ་འཕོས་པ་དང་། བར་དུ་མི་གནས་པ་དེ་ནི་ཚུལ་ཁྲིམས་སོ། །གང་སེམས་དྲི་མ་མེད་པ་དང་། རྣམ་པར་ཤེས་པ་ལ་མི་གནས་པ་དང་། ཡིད་ལ་ བྱེད་པ་དང་མ་འདྲེས་པ་དེ་ནི་ཚུལ་ཁྲིམས་སོ། །གང་འདོད་པའི་ཁམས་ལ་མི་རྟེན་པ་དང་། གཟུགས་ཀྱི་ཁམས་ལ་མི་གནས་པ་དང་། གཟུགས་མེད་པའི་ཁམས་ན་མི་འདུག་པ་དེ་ནི་ཚུལ་ཁྲིམས་སོ། །གང་འདོད་ཆགས་ཀྱི་རྡུལ་མེད་པ་དང་། གནོད་སེམས་དང་། ཐ་བ་དང་། སྐྱོན་དང་། ཁོང་ཁྲོ་བ་བསགས་པ་དང་། གཏི་མུག་གི་མུན་པ་དང་། མ་རིག་པ་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་རྟག་པ་མེད་པ་དང་། ཆད་པ་མེད་པ་དང་། བརྟེན་ནས་འབྱུང་བ་དང་། མི་འགལ་བ་དེ་ནི་ཚུལ་ཁྲིམས་སོ། །གང་ངར་འཛིན་ པ་མེད་པ་དང་། ང་ཡིར་འཛིན་པ་མེད་པ་དང་། འཇིག་ཚོགས་ལ་ལྟ་བ་ལ་མི་གནས་པ་དེ་ནི་ཚུལ་ཁྲིམས་སོ། །གང་མིང་དང་བརྡ་ལ་མངོན་པར་ཞེན་པ་དང་། གཟུགས་ཀྱི་མཚན་ཉིད་ལ་མི་གནས་པ་དང་། མིང་དང་གཟུགས་དང་མ་འདྲེས་པ་དེ་ནི་ཚུལ་ཁྲིམས་སོ། ། 55-1-102b གང་རྒྱུའི་བག་ལ་ཉལ་བ་མེད་པ་དང་། ལྟ་བའི་ཀུན་ནས་ལང་བ་ནས་མ་ལངས་པ་དང་། སྒྲིབ་པ་དང་། འགྱོད་པ་ལ་མི་གནས་པ་དེ་ནི་ཚུལ་ཁྲིམས་སོ། །གང་ལ་ཆགས་པ་མི་དགེ་བའི་རྩ་བའི་གནས་མེད་པ་དང་། ཞེ་སྡང་མི་དགེ་བའི་རྩ་བའི་གནས་མེད་པ་དང་། གཏི་མུག་མི་དགེ་བའི་རྩ་བའི་གནས་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་མི་དགའ་བ་མེད་པ་དང་། ཡོངས་སུ་གདུང་བ་མེད་པ་དང་། ཤིན་དུ་སྦྱངས་པའི་མཚན་ཉིད་དེ་ནི་ཚུལ་ཁྲིམས་སོ། །གང་ཆོས་ཀྱི་སྐུས་སངས་རྒྱས་ཀྱི་རིགས་མི་གཅོད་པ་དང་། ཆོས་ཀྱི་དབྱིངས་ དབྱེར་མེད་པའི་ཕྱིར་ཆོས་ཀྱི་རིགས་མི་གཅོད་པ་དང་། འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་དགེ་འདུན་གྱི་རིགས་མི་གཅོད་པ་དེ་ནི་ཚུལ་ཁྲིམས་སོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ། ཚུལ་ཁྲིམས་མི་ཟད་པ་ནི་རྒྱུན་མི་ཟད་པའི་ཕྱིར་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོ་རྣམས་ཀྱི་ཚུལ་ཁྲིམས་ནི་སྐྱེ་བའི་གནས་རྣམས་ཀྱིས་ཟད་པར་འགྱུར་རོ། །ཕྱི་རོལ་གྱི་ལྔ་མངོན་པར་ཤེས་པ་རྣམས་ཀྱི་ཚུལ་ཁྲིམས་ནི་མངོན་པར་ཤེས་པ་ཉམས་པས་ཟད་པར་འགྱུར་རོ། །མི་རྣམས་ཀྱི་ཚུལ་ཁྲིམས་ནི་དགེ་བ་བཅུའི་ལས་ ཀྱི་ལམ་ཟད་པས་ཟད་པར་འགྱུར་རོ། །འདོད་པའི་ཁམས་ཀྱི་ལྷའི་བུ་རྣམས་ཀྱི་ཚུལ་ཁྲིམས་ནི་བསོད་ནམས་ཟད་པས་ཟད་པར་འགྱུར་རོ། །གཟུགས་ཀྱི་ཁམས་ཀྱི་ལྷའི་བུ་རྣམས་ཀྱི་ཚུལ་ཁྲིམས་ནི་ཚད་མེད་པ་དང་། བསམ་གཏན་ཟད་པས་ཟད་པར་འགྱུར་རོ། གཟུགས་མེད་པའི་ཁམས་ཀྱི་ལྷའི་བུ་རྣམས་ཀྱི་ཚུལ་ཁྲིམས་ནི་ཇི་ལྟ་བུར་སྙོམས་པར་ཞུགས་པས་སྐྱེས་པ་ཟད་ནས་ཟད་པར་འགྱུར་རོ། །སློབ་པ་དང་། མི་སློབ་པ་དང་། ཉན་ཐོས་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི་མྱ་ངན་ལས་འདས་པའི་མཐར་ཟད་པར་འགྱུར་རོ། རང་སངས་རྒྱས་རྣམས་ཀྱི་ཚུལ་ཁྲིམས་ནི་སྙིང་རྗེ་ཆེན་པོ་དང་བྲལ་བས་ཟད་པར་འགྱུར་རོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ནི་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་ཚུལ་ཁྲིམས་དེ་ལས་ཚུལ་ཁྲིམས་ཐམས་ ཅད་འབྱུང་བའི་ཕྱིར་ཏེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་དཔེར་ན། ས་བོན་མི་ཟད་པས་འཐོབ་པ་མི་ཟད་དོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་མི་ཟད་པས་ན་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་མི་ཟད་པར་རིག་པར་བྱ་སྟེ། 55-1-103a དེའི་ཕྱིར་ན་སྐྱེས་བུ་དམ་པ་དེ་དག་ནི་ཚུལ་ཁྲིམས་མི་ཟད་པ་ཞེས་བྱའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་མི་ཟད་པ་ཞེས་བྱའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བྱང་ཆུབ་སེམས་དཔའ་ བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་མི་ཟད་པ་འདི་ནི་ཁྱོད་ཀྱིས་ལེགས་པར་སྨྲས་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་མི་ཟད་པ་ལ་བརྩམས་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བཟོད་པ་མི་ཟད་པར་འགྱུར་བ་ཁྱོད་སྤོབས་པར་གྱིས་ཤིག་བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་རྣམ་པ་སུམ་ཅུ་རྩ་གཉིས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པར་བལྟའོ། །སུམ་ཅུ་རྩ་ གཉིས་གང་ཞེ་ན། བག་ལ་ཉལ་བ་སྤངས་པས་བཟོད་པར་བལྟའོ། །མི་གནོད་པའི་བཟོད་པར་བལྟའོ། །ཡོངས་སུ་མི་གདུང་བས་བཟོད་པར་བལྟའོ། །གནོད་སེམས་མེད་པས་བཟོད་པར་བལྟའོ། །འཁོན་དུ་འཛིན་པ་མེད་པས་བཟོད་པར་བལྟའོ། །མི་ཁྲོ་བས་ བཟོད་པར་བལྟའོ། །ཐབ་མོ་མེད་པས་བཟོད་པར་བལྟའོ། །རྩོད་པ་མེད་པས་བཟོད་པར་བལྟའོ། །ཡུལ་རྨ་མི་ཕྱིན་པས་བཟོད་པར་བལྟའོ། །ཡུལ་གྱིས་རྨ་མི་ཕྱིན་པས་བཟོད་པར་བལྟའོ། །བདག་དང་གཞན་སྲུང་བས་བཟོད་པར་བལྟའོ། །བྱང་ཆུབ་ཀྱི་སེམས་ དང་འཐུན་པས་བཟོད་པར་བལྟའོ། །ཚུལ་བཞིན་རབ་ཏུ་རྟོགས་པས་བཟོད་པར་བལྟའོ། །ཡིད་བྱུང་ཞིང་འདོད་ཆགས་དང་བྲལ་བས་བཟོད་པར་བལྟའོ། །ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པས་བཟོད་པར་བལྟའོ། །ལུས་ཀྱི་རྒྱན་གྱིས་བཟོད་པར་བལྟའོ། ། ངག་དང་སེམས་ཡོངས་སུ་དག་པས་བཟོད་པར་བལྟའོ། །བསམ་པ་བརྟན་པས་བཟོད་པར་བལྟའོ། །ཡི་གེ་ཡ་མ་བརླ་ཡིན་པས་བཟོད་པར་བལྟའོ། །ཡོངས་སུ་རྟོག་པ་མེད་པས་བཟོད་པར་བལྟའོ། །ནང་གི་སེམས་ལ་ངེས་པར་སེམས་པས་བཟོད་པར་ བལྟའོ། །གཞན་གྱི་སེམས་སྲུངས་བས་བཟོད་པར་བལྟའོ། །ཚངས་པའི་འཇིག་རྟེན་གྱི་ལམ་དུ་འགྲོ་བས་བཟོད་པར་བལྟའོ། །ལྷ་དང་མིའི་ཕུན་སུམ་ཚོགས་པས་མྱོང་བའི་ཕྱིར་བཟོད་པར་བལྟའོ། །མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་ 55-1-103b བྱེད་པས་བཟོད་པར་བལྟའོ། །ཚངས་པའི་སྒྲ་སྐད་འབྱིན་པའི་དབྱངས་འཐོབ་པས་བཟོད་པར་བལྟའོ། །ཉེས་པ་ཐམས་ཅད་བཅོམ་པས་བཟོད་པར་བལྟའོ། །གནོད་སེམས་དང་། སྐྱོན་དང་། ཐ་བ་ཐམས་ཅད་བཅོམ་པས་བཟོད་པར་བལྟའོ། །ཁོང་ཁྲོ་བ་ཐམས་ཅད་ སྤངས་པས་བཟོད་པར་བལྟའོ། །མི་དགེ་བའི་རྩ་བ་ཐམས་ཅད་སྤངས་པས་བཟོད་པར་བལྟའོ། །ཕྱིར་རྒོལ་བ་ཐམས་ཅད་རབ་ཏུ་བཅོམ་པས་བཟོད་པར་བལྟའོ། །གཞན་གྱིས་གནོད་པར་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པས་བཟོད་པར་བལྟའོ། །སངས་རྒྱས་ཀྱི་ ཆོས་ཐམས་ཅད་འཐོབ་པས་བཟོད་པར་བལྟ་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་རྣམ་པ་གསུམ་ཅུ་རྩ་གཉིས་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པར་བལྟའོ། །དེ་ལ་བཟོད་པ་གང་ཞེ་ན། ངག་བྲག་ཆའི་སྒྲ་དང་མཚུངས་པར་ཤིན་ཏུ་རྟོག་པའི་ ཕྱིར་རོ། སྤྱོས་པ་ལ་སླར་མི་སྤྱོ་བ་དང་། ལུས་གཟུགས་བརྙན་དང་མཚུངས་པར་རབ་ཏུ་རྟོགས་པའི་ཕྱིར་རྡེག་པ་ལ་ཕྱིར་མི་རྡེག་པ་དང་། སེམས་སྒྱུ་མ་དང་མཚུངས་པར་རབ་ཏུ་རྟོགས་པའི་ཕྱིར་གཤེ་བ་ལ་ཕྱིར་མི་གཤེ་བ་དང་། ལྷག་པའི་བསམ་པ་ཞི་བའི་ ཕྱིར་ཁྲོས་པ་ལ་ཕྱིར་མི་ཁྲོ་བ་དང་། རང་གི་ཡོན་ཏན་ཡོངས་སུ་རྫོགས་པའི་ཕྱིར་བསྔགས་པ་མ་ཡིན་པས་ཁོང་ཁྲོ་བར་མི་འགྱུར་བ་དང་། མཐོས་པར་མི་སེམས་པའི་ཕྱིར་བསྔགས་པས་རྗེས་སུ་ཆགས་པར་མི་འགྱུར་བ་དང་། ཤིན་དུ་དུལ་བའི་ཕྱིར་རྙེད་ པས་དགའ་བ་མེད་པ་དང་། རབ་ཏུ་ཞི་བའི་ཕྱིར་མ་རྙེད་པས་ཁོང་ཁྲོ་བ་མེད་པ་དང་། ཤེས་པས་རབ་ཏུ་བརྟགས་པའི་ཕྱིར་སྙན་པ་ལ་ངོ་མཚར་དུ་མི་འཛིན་པ་དང་། བློ་ཡངས་པའི་ཕྱིར་མི་སྙན་པས་ཞུམ་པར་མི་འགྱུར་བ་དང་། ལེགས་པར་གནས་པའི་ཕྱིར་དམ་ དཔས་དམས་པར་མི་སེམས་པ་དང་། མི་གཡོ་བའི་ཕྱིར་བསྟོད་པས་མཐོས་པར་མི་སེམས་པ་དང་། སེམས་ཅན་ལ་ལྟ་བའི་ཕྱིར་སྡུག་བསྔལ་གྱིས་ཡོངས་སུ་མི་སྐྱོ་བ་དང་། འདུས་བྱས་ཀྱི་བདེ་བ་མི་རྟག་པའི་ཕྱིར་བདེ་བས་དགའ་བར་མི་འགྱུར་བ་དང་། མི་གནས་པའི་ ཕྱིར་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་གོས་པ་དང་། གཞན་ལ་མི་གནོད་པའི་ཕྱིར་བདག་ལ་གནོད་པ་བཟོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡན་ལག་དང་། ཉིང་ལག་གཅོད་པ་དང་། ཉམས་སུ་ 55-1-104a ལེན་པ་དང་། སངས་རྒྱས་ཀྱི་སྐུ་འདོད་པའི་ཕྱིར་བདག་གི་ལུས་གཅོད་པ་ཡང་བཟོད་པ་དང་། ལེགས་པར་བྱས་པའི་ལས་ཀྱི་སྟོབས་བསྐྱེད་པའི་ཕྱིར་ངན་དུ་བྱས་པ་ཐམས་ཅད་བཟོད་པ་དང་། མུ་སྟེགས་ཅན་ཐམས་ཅད་འཇོམས་པས་ དཔའ་བའི་ཕྱིར་གདུང་བ་དང་། ཡོངས་སུ་གདུང་བ་ལ་མི་མཇེད་པ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཟིལ་ཀྱིས་གནོན་པའི་ཕྱིར་བརྟུལ་ཞུགས་ཐམས་ཅད་ལ་རྩོམ་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བཟོད་པ་ ཞེས་བྱ་བ་ནི་གང་འདི་ཤིན་དུ་རྨ་མི་ཕྱིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། མི་དམིགས་པའི་ཕྱིར་མི་གཤེའོ་ཞེས་བཟོད་པ་དེ་ནི་གཉིས་ཀ་ལ་དམིགས་པའི་བཟོད་པ་སྟེ། དེ་ནི་ཤིན་དུ་བཟོད་པ་མ་ཡིན་ནོ། །འདི་ལ་སུ་ཞིག་གཤེ་ཞེས་བཟོད་པ་དེ་ནི་ཆོས་ ལ་འགྲེང་ཞིང་རྟོག་པའི་བཟོད་པ་སྟེ། དེ་ནི་ཤིན་དུ་བཟོད་པ་མ་ཡིན་ནོ། །ཅི་བདག་གི་མིག་ལ་མིག་གཤེ་འམ་ཞེས་བཟོད་པ་དང་། དེ་བཞིན་དུ་ཅི་བདག་གི་རྣ་བ་དང་སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་ཡིད་གཤེ་འམ་ཞེས་བཟོད་པ་དེ་ནི་སྐྱེ་མཆེད་ལ་རྟོག་པའི་ བཟོད་པ་སྟེ། དེ་ནི་ཤིན་དུ་བཟོད་པ་མ་ཡིན་ནོ། །འདི་ལ་གང་སུ་ཡང་གཤེ་བ་མེད་དོ་ཞེས་བཟོད་པ་དེ་ནི་བདག་མེད་པ་ལ་རྟོག་པའི་བཟོད་པ་སྟེ། དེ་ནི་ཤིན་དུ་བཟོད་པ་མ་ཡིན་ནོ། །འདི་དག་ནི་ཡི་གེའི་སྒྲ་འབྱུང་བའོ་ཞེས་བཟོད་པ་དེ་ནི་བྲག་ཆའི་སྒྲ་ལ་བཟོད་པ་ སྟེ་བྱ་དེ་ནི་ཤིན་དུ་བཟོད་པ་མ་ཡིན་ནོ། །འདི་འང་མི་རྟག་པའོ། །བདག་ཀྱང་མི་རྟག་པའོ་ཞེས་བཟོད་པ་དེ་ནི་མི་རྟག་པ་ལ་འཇུག་པའི་བཟོད་པ་སྟེ། དེ་ནི་ཤིན་དུ་བཟོད་པ་མ་ཡིན་ནོ། །འདི་ནི་ཕྱིན་ཅི་ལོག་ཡིན་གྱི་བདག་ནི་ཕྱིན་ཅི་ལོག་མ་ཡིན་ཞེས་བཟོད་པ་དེ་ནི་ མཐོན་དམན་གྱི་བཟོད་པ་སྟེ། དེ་ནི་ཤིན་དུ་བཟོད་པ་མ་ཡིན་ནོ། །བདག་ནི་རིགས་ཀྱི་འདི་ནི་མི་རིགས་པའོ་ཞེས་བཟོད་པ་དེ་ནི་རིགས་པ་དང་། མི་རིགས་པའི་བཟོད་པ་སྟེ། དེ་ནི་ཤིན་དུ་བཟོད་པ་མ་ཡིན་ནོ། །བདག་ནི་ལམ་བཟང་པོ་ལ་གནས་ཀྱི་འདི་ནི་ལམ་ངན་ པ་ལ་གནས་སོ། །ཞེས་བཟོད་པ་དེ་ནི་ལམ་དང་ལམ་མ་ཡིན་པའི་བཟོད་པ་སྟེ། དེ་ནི་ཤིན་དུ་བཟོད་པ་མ་ཡིན་ནོ། །བདག་ནི་མི་རྟག་པ་ལ་བཟོད་ཀྱི། རྟག་པ་ལ་བདག་མི་བཟོད་དེ་ཞེས་བཟོད་པ་དེ་ནི་གཉེན་པོས་སྤང་བའི་བཟོད་པ་སྟེ། དེ་ནི་ཤིན་དུ་ 55-1-104b བཟོད་པ་མ་ཡིན་ནོ། །བདག་ནི་སྡུག་བསྔལ་ལ་བཟོད་ཀྱི་བདེ་བ་ལ་བདག་མི་བཟོད་དོ། །བདག་ནི་བདག་མེད་པ་ལ་བཟོད་ཀྱི། བདག་ལ་ནི་བདག་མི་བཟོད་དོ། །བདག་ནི་མི་སྡུག་པ་ལ་བཟོད་ཀྱི། སྡུག་པ་ལ་བདག་མི་བཟོད་དོ་ཞེས་བྱ་བ་དེ་ ནི་གཉེན་པོས་སྤོང་བའི་བཟོད་པ་སྟེ། དེ་ནི་ཤིན་དུ་བཟོད་པ་མ་ཡིན་ནོ། །བདག་ནི་སྟོང་པ་ཉིད་ལ་བཟོད་ཀྱི། ལྟ་བའི་རྣམ་པ་ལ་བདག་མི་བཟོད་དོ། །བདག་ནི་མཚན་མ་མེད་པ་ལ་བཟོད་ཀྱི། མཚན་མར་རྣམ་པར་རྟོག་པ་ལ་བདག་མི་བཟོད་དོ། ། བདག་ནི་སྨོན་པ་མེད་པ་ལ་བཟོད་ཀྱི། སྨོན་པ་ལ་བདག་མི་བཟོད་དོ། །བདག་ནི་མངོན་པར་འདུ་མི་བྱེད་པ་ལ་བཟོད་ཀྱི། མངོན་པར་འདུ་བྱེད་པ་ལ་བདག་མི་བཟོད་དོ། །བདག་ནི་ཉོན་མོངས་པ་མི་ཟད་པ་ལ་བཟོད་ཀྱི། ཉོན་མོངས་པ་ཟད་པ་ལ་ བདག་མི་བཟོད་དོ། །བདག་ནི་དགེ་བ་ལ་བཟོད་ཀྱི། མི་དགེ་བ་ལ་བདག་མི་བཟོད་དོ། །བདག་ནི་འཇིག་རྟེན་ལས་འདས་པ་ལ་བཟོད་ཀྱི། འཇིག་རྟེན་པ་ལ་བདག་མི་བཟོད་དོ། །བདག་ནི་ཁ་ན་མ་ཐོ་བ་མེད་པ་ལ་བཟོད་ཀྱི། ཁ་ན་མ་ཐོ་བ་ དང་བཅས་པ་ལ་བདག་མི་བཟོད་དོ། །བདག་ནི་ཟག་པ་མེད་པ་ལ་བཟོད་ཀྱི། ཟག་པ་དང་བཅས་པ་ལ་བདག་མི་བཟོད་དོ། །བདག་ནི་རྣམ་པར་བྱང་བ་ལ་བཟོད་ཀྱི། ཀུན་ནས་ཉོན་མོངས་པ་ལ་བདག་མི་བཟོད་དོ། །བདག་ནི་མྱ་ངན་ལས་འདས་པ་ལ་ བཟོད་ཀྱི། འཁོར་བ་ལ་བདག་མི་བཟོད་དོ་ཞེས་བྱ་བ་དེ་ནི་གཉེན་པོས་སྤོང་བའི་བཟོད་པ་སྟེ། དེ་ནི་ཤིན་དུ་བཟོད་པ་མ་ཡིན་ནོ། །དེ་ལ་ཤིན་དུ་བཟོད་པ་གང་ཞེ་ན། གང་སྟོང་པ་ཉིད་རྟོགས་པ་དེ་ལ་ལྟ་བར་གྱུར་པ་ཡང་བསལ་བ་མེད། སྟོང་པ་ ཉིད་དུ་སྒྲོ་འདོགས་པ་ཡང་མེད་དེ། ལྟ་བར་གྱུར་པ་ཉིད་སྟོང་པའོ་ཞེས་གང་འདི་ལ་བཟོད་པ་དེ་ནི་ཤིན་དུ་བཟོད་པའོ། །གང་མཚན་མ་མེད་པར་རྟོགས་པ་དེ་ལ་མཚན་མའི་རྣམ་པར་རྟོག་པ་ཡང་བསལ་བ་མེད། མཚན་མ་མེད་པར་སྒྲོ་འདོགས་པ་ཡང་ མེད་དེ་མཚན་མའི་རྣམ་པར་རྟོག་པ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་དུ་བཟོད་པའོ། །གང་སྨོན་པ་མེད་པར་རྟོགས་པ་དེ་ལ་སྨོན་པ་བསལ་བ་ཡང་མེད། སྨོན་པ་མེད་པར་སྒྲོ་འདོགས་པ་ཡང་མེད་དེ། སྨོན་པ་ཉིད་སྟོང་པ་སྟེ། 55-1-105a གང་འདི་ལ་བཟོད་པ་དེ་ནི་ཤིན་དུ་བཟོད་པའོ། །གང་མངོན་པར་འདུ་མི་བྱེད་པ་རྟོགས་པ་དེ་ལ། མངོན་པར་འདུ་བྱེད་པ་བསལ་བ་ཡང་མེད། མངོན་པར་འདུ་མི་བྱེད་པར་སྒྲོ་འདོགས་པ་ཡང་མེད་དེ། མངོན་པར་འདུ་བྱེད་པ་ཉིད་ སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ། །གང་ཉོན་མོངས་པ་ཟད་པར་རྟོགས་པ་དེ་ལ་ཉོན་མོངས་པ་བསལ་བ་ཡང་མེད། ཉོན་མོངས་པ་ཟད་པར་སྒྲོ་འདོགས་པ་ཡང་མེད་དེ། ཉོན་མོངས་པ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་ པ་དེ་ནི་ཤིན་དུ་བཟོད་པའོ། །གང་དགེ་བ་རྟོགས་པ་དེ་ལ་མི་དགེ་བ་བསལ་བ་ཡང་མེད། དགེ་བར་སྒྲོ་འདོགས་པ་ཡང་མེད་དེ། མི་དགེ་བ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་དུ་བཟོད་པའོ། །གང་འཇིག་རྟེན་ལས་འདས་པ་རྟོགས་པ་དེ་ལ། འཇིག་རྟེན་པ་བསལ་བ་ཡང་མེད། འཇིག་རྟེན་ལས་འདས་པར་སྒྲོ་འདོགས་པ་ཡང་མེད་དེ། འཇིག་རྟེན་པ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་དུ་བཟོད་པའོ། །གང་ཁ་ན་མ་ཐོ་བ་མེད་པར་རྟོགས་པ་དེ་ལ་ཁ་ན་མ་ཐོ་བ་དང་བཅས་པ་བསལ་ བ་ཡང་མེད། ཁ་ན་མ་ཐོ་བ་མེད་པར་སྒྲོ་འདོགས་པ་ཡང་མེད་དེ་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་དུ་བཟོད་པའོ། །གང་ཟག་པ་མེད་པར་རྟོགས་པ་དེ་ལ་ཟག་པ་བསལ་བ་ཡང་མེད། ཟག་པ་མེད་པར་སྒྲོ་ འདོགས་པ་ཡང་མེད་དེ། ཟག་པ་ཉིད་སྟོང་པ་སྟེ། གང་དེ་ལ་བཟོད་པ་དེ་ནི་ཤིན་དུ་བཟོད་པའོ། །གང་རྣམ་པར་བྱང་བར་རྟོགས་པ་དེ་ལ་ཀུན་ནས་ཉོན་མོངས་པ་བསལ་བ་ཡང་མེད། རྣམ་པར་བྱང་བར་སྒྲོ་འདོགས་པ་ཡང་མེད་དེ། ཀུན་ ནས་ཉོན་མོངས་པ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་དུ་བཟོད་པའོ། །གང་མྱ་ངན་ལས་འདས་པ་སྟོང་པ་དེ་ལ། འཁོར་བ་བསལ་བ་ཡང་མེད། མྱ་ངན་ལས་འདས་པར་སྒྲོ་འདོགས་པ་ཡང་མེད་དེ། འཁོར་བ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་དུ་བཟོད་པའོ། །གང་མ་སྐྱེས་པ། མི་བསྐྱེད་པ། མ་བྱུང་བ། མ་ཕྱུང་བ་དེ་ལ་འཇིག་པ་གང་ཡང་མེད་དོ། །འཇིག་པ་མེད་པས་ན། ཟད་པ་མེད་དེ། གང་འདི་ལ་བཟོད་པ་དེ་ནི་ཤིན་དུ་བཟོད་པའོ། ། 55-1-105b གང་མ་བྱས་པ། མངོན་པར་འདུས་མ་བྱས་པ། སྒྲོ་བཏགས་པ་མེད་པ། རྣམ་པར་མ་བཏགས་པ། མ་བསྒྲུབས་པ། མ་བསྟན་པ། ཉེ་བར་མ་གཏུགས་པ་དེ་ལ་སྐྱེ་བ་གང་ཡང་མེད་དེ། གང་སྐྱེ་བ་མེད་པ་དེ་ནི་མི་སྐྱེ་བའོ། །གང་མི་སྐྱེ་བ་དེ་ནི་ཤིན་དུ་ བཟོད་པའོ། །དེ་གང་དེ་ལྟར་བཟོད་པ་དེ་ནི་མི་སྐྱེ་བ་ལ་བཟོད་པའོ། །གང་མི་སྐྱེ་བ་ལ་བཟོད་པ་དེ་ནི། སྐྱེ་བ་མེད་པར་བཟོད་པའོ། །གང་སྐྱེ་བ་མེད་པར་བཟོད་པ་དེ་ནི་ཤིན་དུ་བཟོད་པ་སྟེ། དེ་ལྟར་བཟོད་པ་རྟོགས་པའི་བྱང་ཆུབ་སེམས་དཔའ་ ནི་ལུང་བསྟན་པའི་བཟོད་པ་ཐོབ་བོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་མི་ཟད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་བཟོད་པ་མི་ཟད་པའི་ལེའུ་ཡི་ཆོས་ཀྱི་རྣམ་གྲངས་ འདི་བསྟན་པའི་ཚེ། ཐམས་ཅད་དང་ལྡན་པའི་འཁོར་དེས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་མཆོད་པ་བྱ་བའི་ཕྱིར། སྔོན་མ་མཐོང་མ་ཐོས་པའི་མེ་ ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་འཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་དག་གིས་གཏོར་ཏོ། །སིལ་སྙན་རྣམས་ཀྱང་དགྲོལ་ཏེ། གང་གིས་བཟོད་པ་མི་ཟད་པ་འདི་ཐོས་ནས་མི་ སྐྲག་མི་དངང་ཞིང་དངང་བར་མི་འགྱུར་བའི་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པའི་བཟོད་པ་ཅན་དུ་འགྱུར་རོ་ཞེས་ཆེད་དུ་བརྗོད་པ་ཡང་ཆེད་དུ་བརྗོད་དོ། །ཇི་ཙམ་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་བྱུར་བུར་ ཡོངས་སུ་གང་བར་གྱུར་པ་དེ་ཙམ་དུ་དེ་དག་གི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་དེ་དག་གཏོར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་འདི་དག་ 55-1-106a གི་སྣོད་གྱིས་ཤིག །བློ་གྲོས་མི་ཟད་པས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣོད་ནི་བྱིན་གྱི་བརླབས་ཀྱི་སྟོབས་བསྐྱེད་པའི་སླད་དུ། བདག་གི་ལུས་ལགས་ཏེ། བདག་གིས་བགྱིས་ལགས་སོ། །དེ་ནས་ བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དེའི་ཚེ་གཟུགས་ཐམས་ཅད་ལུས་སུ་འཇུག་པ་ཞེས་བྱའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་སྙོམས་པར་ཞུགས་མ་ཐག་ཏུ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་དེ་དག་ཐམས་ཅད་ལྟེ་བ་ཁུང་གི་ནང་དུ་སོང་སྟེ། དེའི་ལུས་ལ་ཡང་བྲི་བ་འམ་གང་བར་ཡང་མི་མངོན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ བཀོད་པ་ཆེན་པོ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱི་ཏིང་ངེ་འཛིན་གང་ལ་གནས་པས་དེ་སྙེད་ཀྱི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་རྣམས་ཁྱོད་ཀྱི་ལུས་སུ་སོང་ཡང་ཁྱོད་ཀྱི་ལུས་ལ་བྲི་བ་འམ། གང་བར་ཡང་མི་མངོན་པའི་ཏིང་ངེ་འཛིན་དེའི་མིང་ཅི་ཞེས་བྱ། བློ་གྲོས་མི་ཟད་པས་སྨྲས་པ། རིགས་ཀྱི་བུ་ཏིང་ངེ་འཛིན་འདིའི་མིང་གཟུགས་ཐམས་ཅད་ལུས་སུ་འཇུག་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་བཀོད་པ་ཆེན་པོས་སྨྲས་པ། རིགས་ཀྱི་བུ་ཏིང་ངེ་འཛིན་འདིའི་ཡུལ་ཅི། བློ་གྲོས་མི་ ཟད་པས་སྨྲས་པ། རིགས་ཀྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གཟུགས་སུ་སྣང་བ་ཇི་སྙེད་པ་དེ་དག་ཐམས་ཅད་ཁོ་བོའི་ལུས་སུ་བཅུག་ཀྱང་། ཁོ་བོའི་ལུས་ཀྱི་ཆོས་ཉིད་ལ་འཕེལ་བ་འམ། འབྲི་བ་མེད་དོ། ། དེ་ན་འཁོར་དེ་དག་ལས་བྱང་ཆུབ་སེམས་དཔའ་དང་། ལྷ་དང་། མི་ཁ་ཅིག་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་ཀྱང་ཏིང་ངེ་འཛིན་འདིའི་མཐུ་བལྟའོ་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། 55-1-106b མི་དེ་དག་གི་བསམ་པ་མཁྱེན་ནས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཏིང་ངེ་འཛིན་འདིའི་མཐུ་སྟོན་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་ཏིང་ངེ་ འཛིན་དེ་ལ་ཤིན་དུ་བསྒོམས་པའི་ཕྱིར་ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་དང་། བཅོམ་ལྡན་འདས་ཀྱང་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་རང་གི་ལུས་སུ་བཅུག་ སྟེ། བཅུག་ནས་ཀྱང་དེ་བཞིན་གཤེགས་པ་རྒྱན་གྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཐམས་ཅད་བཀོད་པ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་ཅི་འདྲ་བ་དེ་ལྟ་བུའི་ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་བསྟན་ཏོ། །ཐམས་ཅད་དང་ལྡན་པའི་འཁོར་དེ་ཡང་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པའི་ལུས་ཀྱི་ནང་དུ་བདག་ཉིད་སོང་བ་སྙམ་དུ་ཤེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་ཆོ་འཕྲུལ་ཆེན་པོ་ འདི་བསྟན་ནས། འཁོར་དེ་དག་ཐམས་ཅད་དང་། ཕྱོགས་བཅུ་ནས་འདུས་མའི་བྱང་ཆུབ་སེམས་དཔའ་དེ་དག་དང་། བཅོམ་ལྡན་འདས་ཀྱང་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ཕྱིར་སོ་སོའི་གནས་སུ་བཞག་གོ། །དེ་ནས་བྱང་ཆུབ་སེམས་ དཔའ་བཀོད་པ་ཆེན་པོས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཏིང་ངེ་འཛིན་འདིའི་མཐུ་ངོ་མཚར་ཏོ། །བློ་གྲོས་མི་ཟད་པས་སྨྲས་པ། རིགས་ཀྱི་བུ་ཁོ་བོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་ཐམས་ཅད་ཁོ་བོའི་ལུས་སུ་བཅུག་ཀྱང་ཁོ་བོའི་ལུས་ཀྱི་ཆོས་ཉིད་ལ་བྲི་བའམ་གང་བར་ཡང་མི་མངོན་ནོ། །བཟོད་པ་མི་ཟད་པའི་ལེའུ་ཡི་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་དང་། ཆོ་འཕྲུལ་འདི་བསྟན་པའི་ཚེ། ལྷ་དང་། མིའི་སྐྱེ་དགུ་ ཁྲག་ཁྲིག་ཕྲག་བདུན་བཅུ་རྩ་དྲུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བྱང་ཆུབ་སེམས་ 55-1-107a དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་མི་ཟད་པ་འདི་ནི་ཁྱོད་ཀྱིས་ལེགས་པར་སྨྲས་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་མི་ཟད་པ་ལ་བརྩམས་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་མི་ཟད་པར་འགྱུར་བ་ཁྱོད་སྤོབས་པར་གྱིས་ཤིག །བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་བརྒྱད་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཡང་དག་པར་ བླང་བ་སྟེ། བརྒྱད་པོ་གང་ཞེ་ན། འདི་ལྟ་སྟེ། གོ་ཆ་མི་ཟད་པ་དང་། རྟུལ་བ་མི་ཟད་པ་དང་། ཡང་དག་པར་འགྲུབ་པ་མི་ཟད་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མི་ཟད་པ་དང་། བསོད་ནམས་ཀྱི་ཚོགས་མི་ཟད་པ་དང་། ཡེ་ཤེས་ཀྱི་ཚོགས་མི་ཟད་ པ་དང་། ཤེས་རབ་ཀྱི་ཚོགས་མི་ཟད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཚོགས་མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་ལ་བྱང་ཆུབ་སེམས་དཔའི་གོ་ཆ་མི་ཟད་པ་གང་ཞེ་ན། གང་འདི་འཁོར་བ་ན་ཡོངས་སུ་མི་ སྐྱོ་བ་སྟེ། དེ་བསྐལ་པ་འདི་སྙེད་གཅིག་ཏུ་གོ་ཆ་བགོའོ། །བསྐལ་པ་འདི་སྙེད་གཅིག་ཏུ་གོ་ཆ་མི་བགོའོ་ཞེས་བསྐལ་པ་བགྲང་བས་བྱང་ཆུབ་མི་ཚོལ་གྱི། གོ་ཆ་བསམ་གྱིས་མི་ཁྱབ་པ་ཉིད་གྱོན་པར་བྱེད་དེ། གལ་ཏེ་འཁོར་བའི་སྔོན་གྱི་མཐའ་ཇི་སྙེད་པ་དེ་སྙེད་ ཀྱིས་ཉིན་ཞག་གཅིག་ཏུ་གྱུར་ལ། དེ་ལྟ་བུའི་ཉིན་ཞག་གིས་ཞག་བཅྭ་ལྔ་ཞིང་ཟླ་བ་ཕྱེད། ཞག་སུམ་ཅུ་ལ་ཟླ་བ་སྟེ། ཟླ་བ་བཅུ་གཉིས་ཤིང་ལོར་གྱུར་ལ། ལོའི་བགྲང་བ་འདི་ལྟ་བུས་ལོ་སྟོང་ཕྲག་བརྒྱ་ལ་བྱང་ཆུབ་ཀྱི་སེམས་གཅིག་བསྐྱེད་ཅིང་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་མཐོང་ལ་འཇུག་པ་དེ་ལྟ་བུ་དང་། བགྲང་བ་དེ་འདྲ་བས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། དེ་བཞིན་གཤེགས་པ་མཐོང་བས་སེམས་ཅན་གཅིག་གི་ སེམས་ཀྱི་སྤྱོད་པ་ཤེས་ཀྱང་། འཇུག་པ་དེ་ལྟ་བུ་དང་། བགྲང་བ་དེ་འདྲ་བས་སེམས་ཅན་ཐམས་ཅད་ལ་ཡང་དེ་སྙེད་དེ་སྙེད་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དེ་བཞིན་གཤེགས་པ་མཐོང་བས་སོ་སོ་རེ་རེར་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་ 55-1-107b ཀྱང་མི་གོང་བའི་གོ་ཆའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འཇུག་པ་འདི་ཉིད་དང་། བགྲང་བ་འདི་ཉིད་ཀྱིས་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་རིམ་གྲོ་བྱེད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འཇུག་པ་འདི་ཉིད་དང་། བགྲང་བ་འདི་ཉིད་ཀྱིས་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་རིམ་གྲོ་བྱེད་པ་དང་། དེ་བཞིན་དུ་བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་རིམ་གྲོ་བྱེད་པ་དང་། དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་དང་། མཚན་དང་དཔེ་བྱད་བཟང་པོ་ ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ ལ་རིམ་གྲོ་བྱེད་པ་དང་། འཇུག་པ་འདི་ཉིད་དང་། བགྲང་བ་འདི་ཉིད་ཀྱིས་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་མཐོང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་གིས་སྐྱེས་བུ་ཆེན་པོའི་མཚན་གཅིག་མངོན་པར་བསྒྲུབ་ཅིང་། རྣམ་གྲངས་ འདིས་མཚན་དང་། དཔེ་བྱད་ཐམས་ཅད་ཡོངས་སུ་འགྲུབ་པ་མངོན་པར་སྒྲུབ་པར་བྱེད་ཀྱང་མི་གོང་བའི་གོ་ཆ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་གོ་ཆ་མི་ཟད་པ་ཞེས་བྱའོ།། །། བམ་པོ་གསུམ་པ། དེ་ལ་བྱང་ཆུབ་སེམས་དཔའི་རྟུལ་ བ་མི་ཟད་པ་གང་ཞེ་ན། བྱང་ཆུབ་སེམས་དཔའི་རྟུལ་བ་མི་ཟད་པ་ནི། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་ལས་ཀྱང་འབོགས་ཏེ་དེ་བཞིན་གཤེགས་པ་བལྟ་བར་སྤྲོ་བའོ། །བྱང་ཆུབ་སེམས་དཔའི་ རྟུལ་བ་ནི་ཆོས་ཉན་པའི་ཕྱིར་སྤྲོ་བའོ། །བྱང་ཆུབ་སེམས་དཔའི་རྟུལ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྤྲོ་བའོ། །བྱང་ཆུབ་སེམས་དཔའི་རྟུལ་བ་ནི་དགེ་བའི་རྩ་བའི་ཆོས་ཐམས་ཅད་ཀྱི་ཕྱིར་སྤྲོ་བའོ། །བྱང་ཆུབ་སེམས་ 55-1-108a དཔའི་རྟུལ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕྱིར་སྤྲོ་བའོ། །བྱང་ཆུབ་སེམས་དཔའི་རྟུལ་བ་ནི་ཕ་རོལ་གྱི་དོན་གྱི་ཕྱིར་འཇུག་པས་ན་དེའི་ཕྱིར་རྟུལ་བ་ཞེས་བྱའོ། །ཕ་རོལ་ཞི་བར་བྱ་བའི་ཕྱིར་ཕ་རོལ་འདུལ་བའི་ཕྱིར་ ཕ་རོལ་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་འཇུག་པས་ན་དེའི་ཕྱིར་རྟུལ་བ་ཞེས་བྱའོ། །མི་ལྷོད་པ་དང་། མ་ཞུམ་པ་དང་། བརྟན་པ་དང་། མི་ཟློགས་པ་དང་། དགེ་བའི་བསམ་པ་དང་། སྙིང་རྗེ་ཆེན་པོ་ལ་གནས་ཤིང་རྟག་ཏུ་སེམས་ཅན་གྱི་ དོན་ལ་བརྩོན་པར་འཇུག་པས་ན་དེའི་ཕྱིར་རྟུལ་བ་ཞེས་བྱའོ། །གོམ་པ་འདོར་བ་དང་། གོམ་པ་གཞོག་ཅིང་འགྲོ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་དོ། །སེམས་ཅན་ལ་ལྟ་བར་ཡང་ལྟ་ཞིང་ཉོན་མོངས་པའི་ཕྱོགས་སུ་ ཡང་མི་ལྟུང་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་རྟུལ་བ་མི་ཟད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཡང་དག་པར་འགྲུབ་པ་མི་ཟད་པ་གང་ཞེ་ན། གང་ཇི་ལྟ་བུར་དགེ་བའི་སེམས་སྐྱེས་ཤིང་བྱུང་བ་བྱང་ཆུབ་ཀྱི་ཕྱིར་ ཡོངས་སུ་སྔོ་བར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་ཡང་དག་པར་འགྲུབ་པ་མི་ཟད་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་ཕྱིར་ཏེ། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ནི་བྱང་ཆུབ་ ཀྱི་སྙིང་པོ་ལ་མ་འདུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པ་འམ། གཏུགས་པར་འགྱུར་བ་གང་ཡང་མེད་དོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོར་ལྟུང་བ་ནི་བསྐལ་པས་མ་ བསྲེགས་ཀྱི་བར་དུ་བར་མ་དོར་ཡོངས་སུ་ཟད་པ་འམ། གཏུགས་པར་མི་འགྱུར་རོ། །དེ་བཞིན་བུ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་མ་འདུག་གི་བར་དུ་བར་མ་དོར་ཡོངས་སུ་ ཟད་པ་འམ། གཏུགས་པར་འགྱུར་བ་གང་ཡང་མེད་དོ། །ཡང་དག་པར་འགྲུབ་པ་ཞེས་བྱ་བ་ནི་གང་འདི་ཡང་དག་པའི་སྒྲུབ་པ་སྟེ། ཡང་དག་པར་ཞུགས་པ་ནི་དགེ་བའི་རྩ་བ་གང་དག་ཡང་དག་པར་སྒྲུབ་པ་སེམས་ཅན་ 55-1-108b ཐམས་ཅད་བསྐྱབས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ལ་གཟུད་པའི་ཕྱིར་དགེ་བའི་རྩ་བ་དེ་དག་ཡོངས་སུ་སྔོ་བར་བྱེད་དེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ མངོན་པར་བསྒྲུབ་པའི་ཕྱིར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཕྱིར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བ་དང་། ཐམས་ ཅད་མཁྱེན་པའི་ཡེ་ཤེས་ལ་རབ་ཏུ་དགོད་པའི་ཕྱིར། དགེ་བའི་རྩ་བ་དེ་དག་ཡོངས་སུ་སྔོ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་ཡང་དག་པར་འགྲུབ་པ་མི་ཟད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སེམས་ཅན་ཡོངས་སུ་ སྨིན་པར་བྱེད་པ་མི་ཟད་པ་གང་ཞེ་ན། སེམས་ཅན་གྱི་ཁམས་ནི་ཚད་མེད་དེ། དེ་ལ་བྱང་ཆུབ་སེམས་དཔས་བགྲང་བ་འདི་ལྟ་བུས་འཇུག་པར་བྱའོ། །གལ་ཏེ་བདག་གིས་ཉིན་གཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་སྟེ། ཚུལ་འདིས་བསྐལ་པ་དཔག་ཏུ་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པར་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱ་ཞིང་། སེམས་ཅན་ཀྱི་ཁམས་དེ་སྙེད་དུ། དཔག་ཏུ་མེད་པ་དེ་སྙེད་དུ། གྲངས་མེད་པ་དེ་སྙེད་དུ། བསམ་གྱིས་མི་ཁྱབ་པ་དེ་ཡོངས་སུ་སྨིན་པར་བྱ་སྟེ། དེ་ལྟ་བུར་བྱས་ཀྱང་སེམས་ཅན་རྣམས་ཀྱི་བརྒྱའི་ཆ་ གཅིག་ཀྱང་སྨིན་པར་མ་བྱས་སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཡོངས་སུ་སྨིན་པར་མ་བྱས་སོ་ཞེས་གལ་ཏེ་རབ་ཏུ་བརྗོད་པ་འདི་ཐོས་ནས་བྱང་ཆུབ་སེམས་དཔའ་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་བ་དེ་ནི་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་ 55-1-109a དཔར་རིག་པར་བྱ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མི་ཟད་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཚོགས་མི་ཟད་པ་གང་ཞེ་ན། བྱང་ཆུབ་ སེམས་དཔའི་བསོད་ནམས་ནི་ཚད་མེད་དེ། དེ་ལ་བྱང་ཆུབ་སེམས་དཔས་བགྲང་བ་འདི་ལས་འཇུག་པར་བྱའོ། །སེམས་ཅན་ཐམས་ཅད་དང་། འདས་པ་དང་། ད་ལྟར་བྱུང་བ་དང་། མ་འོངས་པའི་སློབ་པ་དང་། མི་སློབ་པ་ཐམས་ ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཇི་སྙེད་པ་བསོད་ནམས་དེ་སྙེད་བརྒྱར་བསྒྱུར་བས་དེ་བཞིན་གཤེགས་པའི་སྐུ་ལ་སྤུའི་ཁུང་བུ་གཅིག་འགྲུབ་བོ། །དེ་བཞིན་དུ་སྤུའི་ཁུང་བུ་ཐམས་ཅད་ དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་བརྒྱར་བསྒྱུར་ཏེ། གཏན་པ་མེད་པའི་བསོད་ནམས་ཀྱི་ཕུང་པོ་གཅིག་ཡང་དག་པར་བསྒྲུབས་པ་དེས་དེ་བཞིན་གཤེགས་པའི་སྐུ་ལ་དཔེ་བྱད་བཟང་པོ་གཅིག་འགྲུབ་སྟེ། དེ་བཞིན་ དུ་དཔེ་བྱད་བཟང་པོ་ཐམས་ཅད་རེ་རེ་ནས་ཡོངས་སུ་འགྲུབ་བོ། །དཔེ་བྱད་བཟང་པོ་ཐམས་ཅད་དུ་གཏོགས་པའི་ཚད་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་སྟོང་དུ་བསྒྱུར་ཏེ། གཏན་པ་མེད་པའི་བསོད་ནམས་ཀྱི་ཕུང་པོ་ གཅིག་བསྒྲུབས་པ་དེས། དེ་བཞིན་གཤེགས་པའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་གཅིག་མངོན་པར་འགྲུབ་སྟེ། དེ་བཞིན་དུ་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རེ་རེ་ནས་མངོན་པར་འགྲུབ་བོ། །སྐྱེས་བུ་ཆེན་ པོའི་མཚན་སུམ་ཅུར་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་སྟོང་ཕྲག་བཅུར་བསྒྱུར་ཏེ། གཏན་པ་མེད་པའི་བསོད་ནམས་ཀྱི་ཕུང་པོ་གཅིག་ཡང་དག་པར་བསྒྲུབས་པ་དེས། དེ་བཞིན་གཤེགས་པའི་སྐུ་ལ་སྨིན་ མཚམས་ཀྱི་མཛོད་སྤུ་སྐྱེས་བུ་ཆེན་པོའི་མཚན་མངོན་པར་འགྲུབ་བོ། །མཛོད་སྤུར་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་ལས་སྟོང་ཕྲག་བརྒྱར་བསྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་ཡང་དག་པར་བསྒྲུབས་ 55-1-109b པས། དེ་བཞིན་གཤེགས་པའི་སྐུ་ལ་དབུའི་གཙུག་གཏོར་དང་། སྤྱ་གཙུག་བལྟར་མི་མཐོང་བ་སྐྱེས་བུ་ཆེན་པོའི་མཚན་མངོན་པར་འགྲུབ་བོ། །གཙུག་གཏོར་དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་དེ་ལས་བྱེ་བ་ཕྲག་བརྒྱ་ སྟོང་དུ་བསྒྱུར་བ་དེ་བས་ཀྱང་ལྷག་པའི་བསོད་ནམས་ཀྱི་ཕུང་པོ་ཡང་དག་པར་བསྒྲུབས་པ་དེས། དེ་བཞིན་གཤེགས་པའི་ཆོས་ཀྱི་དུང་ཡོངས་སུ་འགྲུབ་པར་འགྱུར་ཏེ། ཆོས་ཀྱི་དུང་དེས་དེ་བཞིན་གཤེགས་པ་བཞེད་ན་འཇིག་རྟེན་གྱི་ ཁམས་མཐའ་ཡས་མུ་མེད་པ་དག་དབྱངས་ཀྱིས་གོ་བར་མཛད་ཅིང་ཆོས་འདུལ་བ་བསམ་པ་དང་། དད་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྣམས་ཀྱང་ཚིམ་པར་མཛད་དོ། །བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཚོགས་ ལ་འཇུག་པ་འདི་ཐོས་ནས་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཚོགས་མི་ཟད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་གང་ཞེ་ན་བྱང་ཆུབ་སེམས་དཔའི་ཡེ་ཤེས་ ཀྱི་ཚོགས་ནི་ཚད་མེད་དེ་དེ་ལ་བྱང་ཆུབ་སེམས་དཔའི་བགྲང་བ་འདི་འདྲ་བས་འཇུག་པར་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་དད་པས་རྗེས་སུ་འབྲང་བའི་ཡེ་ཤེས་དང་ལྡན་པར་གྱུར་ཀྱང་། དེ་དག་གི་ཆོས་ཀྱི་ རྗེས་སུ་འབྲང་བའི་ཡེ་ཤེས་དང་ལྡན་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་བཞིན་དུ་ཆོས་ཀྱི་རྗེས་སུ་འབྲང་བའི་ཡེ་ཤེས་དང་ལྡན་པ་རྣམས་ནི་བརྒྱད་པའི་ཡེ་ཤེས་དང་ལྡན་པ་ལའོ། །བརྒྱད་པའི་ཡེ་ཤེས་དང་ལྡན་པ་ རྣམས་ནི། རྒྱུན་དུ་ཞུགས་པའི་ཡེ་ཤེས་དང་ལྡན་པ་ལའོ། །རྒྱུན་དུ་ཞུགས་པའི་ཡེ་ཤེས་དང་ལྡན་པ་རྣམས་ནི། ལན་ཅིག་ཕྱིར་འོང་བའི་ཡེ་ཤེས་དང་ལྡན་པ་ལའོ། །ལན་ཅིག་ཕྱིར་འོང་བའི་ཡེ་ཤེས་དང་ལྡན་པ་ 55-1-110a རྣམས་ནི། ཕྱིར་མི་འོང་བའི་ཡེ་ཤེས་དང་ལྡན་པ་ལའོ། །ཕྱིར་མི་འོང་བའི་ཡེ་ཤེས་དང་ལྡན་པ་རྣམས་ནི། དགྲ་བཅོམ་པའི་ཡེ་ཤེས་དང་ལྡན་པ་ལའོ། །དགྲ་བཅོམ་པའི་ཡེ་ཤེས་དང་ལྡན་པ་རྣམས་ནི། རང་སངས་རྒྱས་ཀྱི་ཡེ་ཤེས་དང་ལྡན་པ་ལའོ། །རང་སངས་རྒྱས་ཀྱི་ཡེ་ཤེས་དང་ལྡན་པ་རྣམས་ནི། བསྐལ་པ་བརྒྱས་ངེས་པར་བྱུང་བའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། དཔེ་དང་། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །བསྐལ་པ་བརྒྱས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པ་རྣམས་ནི། བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པ་ལའོ། །བཟོད་པ་ཐོབ་པའི་ བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པ་རྣམས་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པ་ལའོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པ་རྣམས་ནི། སྐྱེ་བ་ གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པའི་བརྒྱའི་ཆར་ཉེ་བར་མི་འགྲོ་བ་ནས། དཔེ་དང་། རྒྱུའི་བར་དུ་ཉེ་བར་མི་འགྲོའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པར་གྱུར་ཀྱང་། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པའི་ བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། དཔེ་དང་། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སྙིང་ པོ་ལ་འདུག་པའི། བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པར་གྱུར་ཀྱང་། དེ་དག་གིས་དེ་བཞིན་གཤེགས་པའི་གནས་དང་གནས་མ་ཡིན་པ་མཁྱེན་པའི་ཡེ་ཤེས་ཀྱི་སྟོབས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ 55-1-110b བ་ནས། རྒྱུ་དང་དཔེའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཐམས་ཅད་ཡོངས་སུ་འགྲུབ་པའི་རིམ་པ་ཡང་ དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་གང་ཡེ་ཤེས་ཀྱི་ཚོགས་ལ་འཇུག་པ་འདི་ཐོས་ནས། མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཚོགས། མི་ཟད་པ་ཞེས་བྱའོ། དེ་ལ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཚོགས་མི་ཟད་པ་གང་ཞེ་ན། གང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་འཇུག་པ་ཤེས་པ་དེ་ནི་ཤེས་རབ་ཀྱི་ཚོགས་མི་ཟད་པའོ། །སེམས་ཅན་ཐམས་ཅད་ཀྱི་འདས་ པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཇི་སྙེད་པ་དེ་དག་སེམས་ཅན་གཅིག་གི་སེམས་ཀྱི་འཇུག་པ་གཅིག་ལ་ཡོད་པར་གྱུར་ལ་ཚུལ་འདིས་སེམས་ཅན་ཐམས་ཅད་དེ་སྙེད་དུ་ཚད་མེད་པའི་སེམས་ ཀྱིས་གང་བ་མ་གྱུར་ཏེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གང་དག་ཡིན་པ་དེ་དག་ཐམས་ཅད་སེམས་ཅན་གཅིག་གི་སེམས་ གཅིག་ལ་ཡོད་པར་གྱུར་ལ། རྣམ་གྲངས་འདིས་སེམས་ཅན་ཐམས་ཅད་དེ་སྙེད་དུ་ཚད་མེད་པའི་ཉོན་མོངས་པས་གང་བའི་སེམས་སུ་གྱུར་ན་ཡང་། དེ་ལ་བྱང་ཆུབ་སེམས་དཔས་གང་ཤེས་རབ་ཀྱི་ཚོགས་གཅིག་ བསྒྲུབས་པས། སེམས་ཅན་དེ་དག་གི་སེམས་སུ་གཏོགས་པའི་སེམས་བསྐྱེད་པ་ཇི་སྙེད་པའི་སེམས་བསྐྱེད་པ་དེ་དག་ཐམས་ཅད་སོ་སོའི་དམིགས་པ་བྱུང་སྟེ། ཞིག་ཅིང་ཞུ་བ་རྣམས་ཤེས་པར་འགྱུར་བ་དེ་ལྟ་ བུའི་ཤེས་རབ་ཀྱི་ཚོགས་བསྐྱེད་པར་བྱའོ། །ཤེས་རབ་དེས་ཀྱང་སེམས་ཅན་དེ་དག་གི་སེམས་སུ་སྣང་བ་དང་། ཉོན་མོངས་པར་སྣང་བ་དུས་གསུམ་དང་ལྡན་པ་གང་ཡང་མི་ཤེས་པ་མེད་དོ། །བཙུན་པ་ཤཱ་ར་དྭ་ 55-1-111a ཏིའི་བུ་འདི་ལྟ་སྟེ་དཔེར་ན། ནམཁའ་འདིས་མ་ཁྱབ་པ་གང་ཡང་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་འདིས་ཀྱང་སེམས་ཅན་དེ་དག་གི་སེམས་སུ་སྣང་བ་འམ། ཉོན་མོངས་པར་སྣང་བ་དུས་ གསུམ་དང་ལྡན་པ་དེ་དག་གསལ་བར་མ་གྱུར་པ་འམ་ཡོངས་སུ་མི་ཤེས་པ་མེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཚོགས་མི་ཟད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་ ཐམས་ཅད་ཡང་དག་པར་སྒྲུབ་པའི་ཚོགས་མི་ཟད་པ་གང་ཞེ་ན། དགེ་བའི་རྩ་བའི་ཚོགས་ཐམས་ཅད་བསགས་པ་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚོགས་བསགས་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ ཐམས་ཅད་བསགས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པའི་ཚོགས་མི་ཟད་པའོ། །དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་དམིགས་པ་དང་། སྦྱོར་བ་བསགས་པ་གང་ཡིན་པ་དགེ་བའི་སེམས་བསྐྱེད་པའི་ཚོགས་གང་དག་གིས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབས་པ་འདི་ནི་བྱང་ ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པའི་ཚོགས་མི་ཟད་པ་ཞེས་བྱ་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་བརྒྱད་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཡང་དག་པར་ བླང་བའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་མི་ཟད་པ་གང་། ལུས་ཀྱི་དགེ་བའི་ལས་ཀྱི་རྟེན་དང་། ངག་གི་དགེ་བའི་ལས་ཀྱི་རྟེན་དང་། ཡིད་གྱི་དགེ་བའི་ ལས་ཀྱི་རྟེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བརྩོན་འགྲུས་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལུས་དང་། ངག་དང་སེམས་དང་ལྡན་པའི་ཕྱིར་ཏེ། ལུས་དང་། ངག་གི་བརྩོན་འགྲུས་པས་སེམས་ཀྱི་བརྩོན་ 55-1-111b འགྲུས་ཉིད་མཆོག་ཅེས་བཤད་དོ། །དེ་ལ་སེམས་ཀྱི་བརྩོན་འགྲུས་གང་ཞེ་ན་སེམས་ཀྱི་འཇུག་པ་དང་། སེམས་གནས་པ་སྟེ། དེ་ལ་སེམས་ཀྱི་འཇུག་པ་གང་ཞེ་ན་གང་བྱང་ཆུབ་ཀྱི་སེམས་མི་རྩོམ་པའོ། །དེ་ལ་ སེམས་གནས་པ་གང་ཞེ་ན་གང་བྱང་ཆུབ་ཀྱི་སེམས་ཉེ་བར་མ་ཞི་བའོ། །དེ་ལ་འཇུག་པ་གང་ཞེ་ན། གང་སེམས་ཅན་རྣམས་ལ་སྙིང་རྗེ་ཆེ་བའོ། །སེམས་གནས་པ་གང་ཞེ་ན་གང་བདག་མེད་པ་ལ་བཟོད་པའོ། །དེ་ལ་ འཇུག་པ་གང་ཞེ་ན། གང་སེམས་ཅན་ཐམས་ཅད་སྡུད་པའོ། །གནས་པ་གང་ཞེ་ན། གང་ཆོས་ཐམས་ཅད་མི་འཛིན་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་འཁོར་བ་ན་མི་སྐྱོ་བའོ། །གནས་པ་གང་ཞེ་ན། ཁམས་གསུམ་པ་ མི་དམིགས་སོ། །དེ་ལ་འཇུག་པ་གང་ཞེ་ན། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའོ། གང་སྦྱིན་པས་རློམ་སེམས་སུ་མི་བྱེད་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་བསླབ་པ་ཡང་དག་པར་ལེན་པའོ། །གནས་པ་ གང་ཞེ་ན། གང་བསླབ་པས་རློམ་སེམས་སུ་མི་བྱེད་པའོ། །དེ་ལ་འཇུག་པ་གང་ཞེ་ན། བཟོད་ཅིང་མི་མཇེད་པའོ། །གནས་པ་གང་ཞེ་ན། གང་སེམས་ལ་རྨ་མི་ཕྱིན་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་དགེ་བའི་རྩ་ བ་ཐམས་ཅད་རྩོམ་པའོ། །གནས་པ་གང་ཞེ་ན། གང་སེམས་དབེན་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་བསམ་གཏན་ཡང་དག་པར་བསྒྲུབ་པའོ། །གནས་པ་གང་ཞེ་ན། གང་སེམས་ལ་ངེས་པར་སེམས་པའོ། ། དེ་ལ་འཇུག་པ་གང་ཞེ་ན། གང་ཐོས་པ་ལ་ཆོག་མི་ཤེས་པའོ། །གནས་པ་གང་ཞེ་ན། གང་ཚུལ་བཞིན་སྦྱོར་བའོ། །དེ་ལ་འཇུག་པ་གང་ཞེ་ན། གང་ཇི་སྐད་ཐོས་པ་བཞིན་དུ་ཆོས་སྟོན་པའོ། །གནས་པ་གང་ཞེ་ན། གང་བརྗོད་དུ་མེད་པའི་ཆོས་ཉིད་དོ། །དེ་ལ་འཇུག་པ་གང་ཞེ་ན། གང་ཤེས་རབ་ཀྱི་ཚོགས་ཡོངས་སུ་ཚོལ་བའོ། །གནས་པ་གང་ཞེ་ན། གང་སྤྲོས་པ་ཤིན་དུ་ཆད་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་ཚངས་ 55-1-112a པའི་གནས་པ་རྣམས་སོགས་པའོ། །གནས་པ་གང་ཞེ་ན། གང་ཡང་དག་པའི་ཤེས་པས་བཏང་སྙོམས་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱེད་པའོ། ། གནས་པ་གང་ཞེ་ན། གང་ཟག་པ་མེད་པ་ལ་འདྲེས་པར་བྱེད་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་དྲན་པ་ཉེ་བར་གཞག་པ་སྐྱེད་པའོ། །གནས་པ་གང་ཞེ་ན། གང་དྲན་པ་ཡིད་ལ་བྱེད་པ་མེད་པའོ། །དེ་ལ་ འཇུག་པ་གང་ཞེ་ན། གང་ཡང་དག་པར་སྤོང་བ་ལ་སྦྱོར་བའོ། །གནས་པ་གང་ཞེ་ན། གང་དགེ་བ་དང་མི་དགེ་བའི་སེམས་དང་བྲལ་བའོ། །དེ་ལ་འཇུག་པ་གང་ཞེ་ན། གང་རྫུ་འཕྲུལ་གྱི་རྐང་པ་མངོན་པར་བསྒྲུབ་པའོ། ། གནས་པ་གང་ཞེ་ན། གང་ལྷུན་ཀྱིས་གྲུབ་པར་བྱ་བ་ལ་འཇུག་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་དབང་པོ་ལ་མཁས་པའོ། །གནས་པ་གང་ཞེ་ན། གང་དབང་པོ་མེད་པའི་ཆོས་ལ་རྟོག་པའོ། །དེ་ལ་འཇུག་པ་གང་ཞེ་ ན། གང་སྟོབས་ཡང་དག་པར་སྒྲུབ་པའོ། །གནས་པ་གང་ཞེ་ན། གང་མི་རྫི་བའི་ཡེ་ཤེས་སོ། །དེ་ལ་འཇུག་པ་གང་ཞེ་ན། གང་བྱང་ཆུབ་ཀྱི་ཡན་ལག་ཡང་དག་པར་འབྱུང་བའོ། །གནས་པ་གང་ཞེ་ན་གང་ཆོས་རབ་ཏུ་རྣམ་པར་འབྱེད་ པའི་ཡེ་ཤེས་ལ་མཁས་པའི་ཡེ་ཤེས་སོ། །དེ་ལ་འཇུག་པ་གང་ཞེ་ན། གང་ལམ་གྱི་ཚོགས་ཚོལ་བའོ། །གནས་པ་གང་ཞེ་ན། གང་གར་ཡང་མི་འགྲོ་བའོ། །དེ་ལ་འཇུག་པ་གང་ཞེ་ན། གང་ཞི་གནས་ཚོལ་ལོ། ། གནས་པ་གང་ཞེ་ན། གང་ཞི་གནས་ཀྱི་སེམས་ཞི་བའོ། །དེ་ལ་འཇུག་པ་གང་ཞེ་ན། གང་ལྷག་མཐོང་སྤྱོད་པའོ། །གནས་པ་གང་ཞེ་ན། གང་ཆོས་ཉིད་ཤེས་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་རྒྱུར་རྟོགས་པའོ། ། གནས་པ་གང་ཞེ་ན། གང་རྒྱུ་ཀུན་ཤེས་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་གཞན་གྱི་སྒྲ་ཐོས་པའོ། །གནས་པ་གང་ཞེ་ན། གང་ཆོས་ལ་ནན་ཏན་བྱེད་པའོ། །དེ་ལ་འཇུག་པ་གང་ཞེ་ན། ལུས་ཀྱི་རྒྱན་ཏོ། །གནས་པ་གང་ 55-1-112b ཞེ་ན། གང་ལུས་ཀྱི་ཆོས་ཉིད་དོ། །དེ་ལ་འཇུག་པ་གང་ཞེ་ན། གང་ངག་གི་རྒྱན་ཏོ། །གནས་པ་གང་ཞེ་ན། གང་འཕགས་པའི་མི་སྨྲ་བའོ། །དེ་ལ་འཇུག་པ་གང་ཞེ་ན། གང་རྣམ་པར་ཐར་པ་གསུམ་ལ་མོས་པའོ། །གནས་པ་ གང་ཞེ་ན། གང་བྱེད་པ་མེད་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་བདུད་བཞི་ཡོངས་སུ་སྤོང་བའོ། །གནས་པ་གང་ཞེ་ན། གང་བག་ཆགས་དང་ཉོན་མོངས་པའི་མཚམས་སྦྱོར་བ་ཐམས་ཅད་བསལ་བའོ། །དེ་ལ་འཇུག་པ་ གང་ཞེ་ན། གང་ཐབས་སུ་ལྟ་བའོ། །གནས་པ་གང་ཞེ་ན། གང་ཤེས་རབ་ཏུ་ལྟ་བའོ། །དེ་ལ་འཇུག་པ་གང་ཞེ་ན། གང་རྩོམ་པར་ལྟ་བའོ། །གནས་པ་གང་ཞེ་ན། གང་ཉམས་སུ་ལོན་པར་བྱེད་པའོ། །དེ་ལ་འཇུག་པ་གང་ ཞེ་ན། གང་བརྡར་ལྟ་བའོ། །གནས་པ་གང་ཞེ་ན། གང་དོན་དམ་པར་ལྟ་བ་སྟེ། འདི་ནི་སེམས་ཀྱི་བརྩོན་འགྲུས་ཤེས་བྱའོ། །དེ་ལ་སེམས་ཀྱི་བརྩོན་འགྲུས་མི་ཟད་པ་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། གང་འཇུག་ པ་ཐམས་ཅད་གནས་པ་དང་། མཚན་མ་ཐམས་ཅད་དང་བྲལ་བ་དང་། དེ་མཚན་མའི་ལས་ཐམས་ཅད་དུ་ཡང་འཇུག་ལ། ཡེ་ཤེས་ཀྱི་ལས་ལ་ཡང་གནས་པ་སྟེ། དེ་ལས་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་བྱ་བ་བྱེད་དོ། དེ་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ལས་གང་ཞེ་ན། གང་དགེ་བའི་རྩ་བའི་རྒྱུ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་རྒྱུར་འདུས་བྱས་སུ་ཡང་མི་གཏོང་ཞིང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྒྱུར་འདུས་མ་ བྱས་སུ་མི་ལྟུང་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་མི་ཟད་པ་ཞེས་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་མི་ཟད་པ་འདི་བསྟན་པ་ན། ལྷ་དང་། མིའི་སྐྱེ་དགུ་ཁྲག་ཁྲིག་ བདུན་ཅུ་རྩ་དྲུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་ 55-1-113a པ་ཤཱ་ར་དྭ་ཏིའི་བུས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་མི་ཟད་པ་འདི་ནི། ཁྱོད་ཀྱིས་ལེགས་པར་སྨྲས་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་མི་ཟད་པ་ལ་བརྩམས་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བསམ་གཏན་མི་ཟད་པར་འགྱུར་བ་ཁྱོད་སྤོབས་པར་གྱིས་ཤིག །བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་མི་ཟད་པ་ནི། རྣམ་པ་བཅུ་དྲུག་སྟེ། དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་མེད་དོ། །དེ་ལ་རྣམ་པ་བཅུ་ དྲུག་པོ་དག་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་བསམ་གཏན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་དེ་ལ་མ་ཆགས་པའོ། །བདག་བདེ་བ་ ལ་མ་ཆགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་རོ་མྱང་བ་མེད་པའོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་སྙིང་ རྗེ་ཆེན་པོ་ལ་དམིགས་པའོ། །འདོད་པའི་ཁམས་སུ་དམིགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཏིང་ངེ་འཛིན་ལྡོག་པའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཀུན་ཤེས་ པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་མངོན་པར་ཤེས་པ་ཡོངས་སུ་སྦྱང་བ་བྱས་པའོ། །སེམས་ཀྱི་དབང་ཕྱུག་ཤེས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། སེམས་ ལས་སུ་རུང་བའོ། །གཟུགས་དང་། གཟུགས་མེད་པའི་ཁམས་ཟིལ་གྱིས་གནོན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། 55-1-113b སྙོམས་པར་འཇུག་པ་དང་། ལྡང་བ་ཐམས་ཅད་ཤེས་པའོ། །ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སྙོམས་པར་འཇུག་པ་ཟིལ་གྱིས་གནོན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཞི་ བ་དང་། རབ་ཏུ་ཞི་བའོ། །ཤིན་དུ་མཐར་ཐུག་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་མི་འཁྲུགས་པའོ། །ཉོན་མོངས་པ་དང་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ལེགས་པར་ འཇོམས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ལོག་པར་བསྒྲུབ་པའི་གཉེན་པོའོ། །འཇིག་རྟེན་ཐམས་ཅད་ལས་བསྒྲལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཤེས་ རབ་ལ་འཇུག་པའོ། །སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། སེམས་ཅན་ཐམས་ཅད་ཀྱི་བསམ་པ་སྔོན་དུ་འགྲོ་བའོ། །ཟད་པ་ཡོངས་སུ་རྫོགས་པར་ བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། དཀོན་མཆོག་གསུམ་གྱི་རིགས་མི་གཅོད་པའོ། །རྟག་ཏུ་མཉམ་པར་བཞག་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་མ་ ཉམས་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། ཆོས་ཐམས་ཅད་ལ་དབང་བྱེད་པའི་ཡེ་ཤེས་སོ། །ཡེ་ཤེས་ཀྱི་བདག་ ཉིད་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ནམ་མཁའ་ཁྱབ་པ་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཅུ་དྲུག་སྟེ། གང་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་མེད་པའོ། །དེ་ལ་བསམ་གཏན་ཡོངས་སུ་སྦྱང་བ་གང་ཞེ་ན། གང་མངོན་པར་ཤེས་པ་དང་། ཡེ་ཤེས་ཡོངས་སུ་རྫོགས་པའོ། །དེ་ལ་མངོན་པར་ཤེས་པ་ནི་གང་། ཡེ་ཤེས་ 55-1-114a ནི་གང་ཞེ་ན། གང་གིས་གཟུགས་སུ་སྣང་བ་ཐམས་ཅད་མཐོང་བ་འདི་ནི། མངོན་པར་ཤེས་པ་ཞེས་བྱའོ། །གང་གིས་གཟུགས་ཐམས་ཅད་ཀྱི་ཆོས་ཉིད་ཟད་པར་ཤེས་ཀྱང་། མི་ཟད་པའི་ཆོས་མངོན་སུམ་དུ་ མི་བྱེད་པ་འདི་ནི་ཡེ་ཤེས་ཤེས་བྱའོ། །གང་གི་སྒྲར་གྲག་པ་ཐམས་ཅད་ཐོབ་པ་དེ་ནི། མངོན་པར་ཤེས་པ་ཞེས་བྱའོ། །གང་སྒྲ་ཐམས་ཅད་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་བརྗོད་དུ་མེད་པར་ཤེས་པ་འདི་ནི་ཡེ་ཤེས་ ཤེས་བྱའོ། །གང་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྣམས་ཤེས་པ་འདི་ནི། མངོན་པར་ཤེས་པ་ཞེས་བྱའོ། །གང་སེམས་འགོག་པར་ཤེས་ལ་སེམས་འགོག་པ་མངོན་སུམ་དུ་ཡང་མི་བྱེད་པ་འདི་ནི་ཡེ་ ཤེས་ཤེས་བྱའོ། །གང་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་རྗེས་སུ་དྲན་པ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ། །གང་དུས་གསུམ་ལ་མ་ཆགས་པར་ཤེས་པ་འདི་ནི་ཡེ་ཤེས་ཤེས་བྱའོ། །གང་སངས་རྒྱས་ཐམས་ ཅད་ཀྱི་ཞིང་དུ་འགྲོ་བ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ། །གང་གིས་ཞིང་ནམ་མཁའ་དང་མཚུངས་པར་ཤེས་པ་འདི་ནི་ཡེ་ཤེས་ཤེས་བྱའོ། །གང་དབྱེར་མེད་པའི་ཆོས་འདོད་པ་འདི་ནི། མངོན་པར་ཤེས་པ་ཞེས་ བྱའོ། །གང་ཆོས་ཐམས་ཅད་མཉམ་པར་མཐོང་བའི་ཤེས་པ་འདི་ནི་ཡེ་ཤེས་ཤེས་བྱའོ། །གང་འཇིག་རྟེན་ཐམས་ཅད་དབྱེར་མེད་པའི་མཚན་ཉིད་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ། །གང་འཇིག་རྟེན་གྱི་ཆོས་ ཐམས་ཅད་དང་། མ་འདྲེས་པར་ཤེས་པ་འདི་ནི་ཡེ་ཤེས་ཤེས་བྱའོ། །གང་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཟིལ་གྱིས་གནོན་པ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ། །གང་ཉན་ཐོས་དང་། རང་སངས་ རྒྱས་ཐམས་ཅད་ཀྱི་སྤྱི་བོར་ཤེས་པ་འདི་ནི་ཡེ་ཤེས་ཤེས་བྱ་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ཡོངས་སུ་སྦྱང་བ་ཞེས་བྱའོ། །ཡང་སེམས་ཅན་ཐམས་ཅད་ཀྱི་ཉོན་ 55-1-114b མོངས་པ་དང་། སེམས་གཡེང་བ་ཇི་སྙེད་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཚོགས་དང་། སེམས་གཞག་པ་ཤེས་པ་འང་དེ་སྙེད་དེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། སེམས་གཡེང་བ་ཇི་ སྙེད་པ་དེ་སྙེད་དུ། བྱང་ཆུབ་སེམས་དཔས་ཀྱང་། བསམ་གཏན་གྱི་ཚོགས་ཡང་དག་པར་བསྒྲུབ་པར་བྱའོ། །མཉམ་པ་ཉིད་དེ་ལ་གནས་པས་ན། དེའི་ཕྱིར་མཉམ་པར་བཞག་པ་ཞེས་བྱའོ། །སེམས་ཅན་མཉམ་པ་ཉིད་དང་། སེམས་མཉམ་པ་ཉིད་དང་། བསམ་པ་མཉམ་པ་ཉིད་དང་། ལྷག་པའི་བསམ་པ་མཉམ་པ་ཉིད་དང་། སྦྱོར་བ་མཉམ་པ་ཉིད་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ མཉམ་པ་ཉིད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གནས་པས་ན། དེའི་ཕྱིར་མཉམ་པར་བཞག་པ་ཞེས་བྱའོ། །ཏིང་ངེ་འཛིན་གང་དང་མཉམ་པ་བྱང་ཆུབ་ཀྱང་དེ་དང་མཉམ་མོ། །བྱང་ཆུབ་གང་དང་མཉམ་པ་ སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ། །སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ་མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན། དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །སྟོང་ པ་ཉིད་གང་དང་མཉམ་པ་མཚན་མ་མེད་པ་ཡང་དེ་དང་མཉམ་མོ། །མཚན་མ་མེད་པ་གང་དང་མཉམ་པ། སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ། །སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ་ མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན། དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །མཚན་མ་མེད་པ་གང་དང་མཉམ་པ་སྨོན་པ་མེད་པའང་དེ་དང་མཉམ་མོ། །སྨོན་པ་མེད་པ་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ ཀྱང་དེ་དང་མཉམ་མོ། །སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན། དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །སྨོན་པ་མེད་པ་ 55-1-115a གང་དང་མཉམ་པ་མངོན་པར་འདུ་མི་བྱེད་པ་ཡང་དེ་དང་མཉམ་མོ། །མངོན་པར་འདུ་མི་བྱེད་པ་གང་དང་མཉམ་པ། སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ། །སེམས་ཅན་ཐམས་ཅད་གང་དང་མཉམ་པ། ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན། དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །མངོན་པར་འདུ་མི་བྱེད་པ་གང་དང་མཉམ་པ་མི་སྐྱེ་བ་འང་དེ་དང་མཉམ་མོ། །མི་སྐྱེ་བ་ གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ། །སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན། དེའི་ཕྱིར་སྙོམས་པར་ཞུགས་ པ་ཞེས་བྱའོ། །མི་སྐྱེ་བ་གང་དང་མཉམ་པ་མི་འབྱུང་བའང་དེ་དང་མཉམ་མོ། །མི་འབྱུང་བ་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ། །སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་ མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན། དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །མི་འབྱུང་བ་གང་དང་མཉམ་པ་དངོས་པོ་མེད་པ་ཡང་དེ་དང་མཉམ་མོ། །དངོས་པོ་མེད་པ་གང་དང་མཉམ་པ་ སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ། །སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན། དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་ བྱའོ། །དངོས་པོ་མེད་པ་གང་དང་མཉམ་པ་རྣམ་པར་དག་པ་འང་དེ་དང་མཉམ་མོ། །རྣམ་པར་དག་པ་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ། །སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན། དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །རང་གི་སེམས་མཉམ་པ་སེམས་ཅན་ཐམས་ཅད་ཀྱི་སེམས་མཉམ་པ་ཉིད་དེ་དེ་ལ་ཞུགས་པས། 55-1-115b ན་དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །ཕན་པར་བྱེད་པ་དང་། ཕན་པར་མི་བྱེད་པ་ཐམས་ཅད་ལ་སྙོམས་ཤིང་། ས་དང་མཉམ་པའི་སེམས། ཆུ་དང་མཉམ་པའི་སེམས། མེ་དང་མཉམ་པའི་སེམས། རླུང་དང་མཉམ་ པའི་སེམས། ནམ་མཁའ་དང་མཉམ་པའི་སེམས་ཏེ། མི་མཐོ་མི་དམའ་བར་གནས་ཤིང་མི་གཡོ་བར་གྱུར་པ། སྤྱོད་ལམ་ཐམས་ཅད་དུ་མཉམ་པར་བཞག་པ། སྤྱོད་ལམ་མ་བཅོས་པ། རང་བཞིན་གྱིས་སྙོམས་པར་ ཞུགས་པ། མི་རྒོད་པ་དང་། མི་གཡེང་བ། མུ་ཅོར་མི་སྨྲ་བ། ཚིག་མ་འཆལ་པ། དོན་ཤེས་པ། ཆོས་ཤེས་པ། དུས་ཤེས་པ། ཚོད་ཤེས་པ། དུས་མིན་ཤེས་པ། འཇིག་རྟེན་ཐམས་ཅད་ཀྱི་རྗེས་སུ་སྙེགས་ཤིང་། འཇིག་རྟེན་ དང་མ་འདྲེས་པ། འཇིག་རྟེན་གྱི་ཆོས་བརྒྱད་ལས་འདས་པ། ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པ། འདུ་འཛིའི་ནང་ན་ཡང་སྤྱོད་ལམ་དབེན་པ་སྟེ། དེ་ལྟ་བུའི་ཆོས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་མཉམ་ པར་བཞག་པའི་གནས་ཀྱང་མི་འདོར་ལ། འཇིག་རྟེན་གྱི་བྱ་བ་ཐམས་ཅད་དུ་ཡང་སྣང་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི། བྱང་ཆུབ་སེམས་དཔའི་ཐབས་དང་། ཤེས་རབ་ཀྱི་མངོན་པར་བསྒྲུབས་པའི་བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐབས་ནི་གང་། ཤེས་རབ་ནི་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་མཉམ་པར་གཞག་པ་ན། སེམས་ཅན་ལ་ལྟ་བའི་ཕྱིར། སྙིང་རྗེ་ཆེན་པོའི་དམིགས་ པ་ལ་སེམས་འདོགས་པ་འདི་ནི་བྱང་ཆུབ་སེམས་དཔའི་ཐབས་ཤེས་བྱའོ། །གང་ཞི་བ་དང་རབ་ཏུ་ཞི་བས་བསམ་གཏན་དུ་བྱེད་པ་འདི་ནི་དེའི་ཤེས་རབ་བོ། །གང་བྱང་ཆུབ་སེམས་དཔའ་མཉམ་པར་བཞག་པ་ནི། སངས་རྒྱས་ ཀྱི་ཡེ་ཤེས་ལ་རྟོན་པ་འདི་ནི་དེའི་ཐབས་སོ། །གང་ཆོས་གང་ལ་ཡང་མི་གནས་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་བར་བོ། །གང་བྱང་ཆུབ་སེམས་དཔའ་མཉམ་པར་གཞོག་པ་ན། དམ་པའི་ཆོས་ཡོངས་སུ་བཟུང་བ་ལ་ལྟ་ 55-1-116a བ་འདི་ནི་དེའི་ཐབས་སོ། །གང་ཆོས་ཀྱི་དབྱིངས་དབྱེར་མེད་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ། །གང་བྱང་ཆུབ་སེམས་དཔའ་མཉམ་པར་གཞོག་པའི་ཚེ། སངས་རྒྱས་ཀྱི་སྐུའི་རྒྱན་མངོན་དུ་བྱེད་པ་འདི་ནི་དེའི་ ཐབས་སོ། །གང་ཆོས་ཀྱི་སྐུ་དབྱེར་མེད་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ། །གང་བྱང་ཆུབ་སེམས་དཔའ་མཉམ་པར་གཞོག་པ་ན། སངས་རྒྱས་ཀྱི་གསུང་ཚངས་པའི་སྒྲ་དབྱངས་ལ་སེམས་པ་དེ་ནི་དེའི་ ཐབས་སོ། །གང་ཆོས་ཉིད་བརྗོད་དུ་མེད་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ། །གང་བྱང་ཆུབ་སེམས་དཔའ་མཉམ་པར་གཞོག་པ་ན་སེམས་རྡོ་རྗེ་ལྟ་བུར་བྱིན་གྱིས་རློབ་པ་འདི་ནི་དེའི་ཐབས་སོ། །གང་རང་བཞིན་ གྱིས་གཡེང་བ་མེད་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ། །གང་མཉམ་པར་གཞོག་པ་ན། སྔོན་གྱི་སྨོན་ལམ་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱིན་ཀྱིས་རློབ་པ་འདི་ནི་དེའི་ཐབས་སོ། །གང་སེམས་ཅན་ཐམས་ ཅད་ལ་བདག་མེད་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ། །གང་མཉམ་པར་གཞོག་པ་ན། དགེ་བའི་རྩ་བ་ཐམས་ཅད་ལ་ལྷག་པར་དམིགས་ཏེ། བསམ་གཏན་བྱེད་པ་འདི་ནི་དེའི་ཐབས་སོ། །གང་དགེ་བའི་རྩ་བའི་ གནས་ནམ་མཁའ་དང་མཚུངས་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ། །གང་མཉམ་པར་གཞོག་པ་ན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་མངོན་དུ་བྱེད་པ་འདི་ནི་དེའི་ཐབས་སོ། །གང་ཞིག་ནམ་མཁའ་ དང་མཚུངས་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ། །གང་མཉམ་པར་གཞོག་པ་ན། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་བཀོད་པ་དམིགས་པ་མངོན་དུ་བྱེད་པ་འདི་ནི་དེའི་ཐབས་སོ། །གང་ཉོན་མོངས་པ་ཐམས་ཅད་ཞི་བར་ བྱ་བའི་ཕྱིར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ། །གང་མཉམ་པར་གཞོག་པ་ན། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་འདོད་པ་འདི་ནི་དེའི་ཐབས་སོ། །གང་བསྐོར་བའང་མེད། མི་བསྐོར་བའང་མེད་པར་བསམ་གཏན་ 55-1-116b བྱེད་པ་འདི་ནི་དེའི་ཤེས་རབ་བོ། །གང་བྱང་ཆུབ་སེམས་དཔའ་མཉམ་པར་གཞོག་པ་ན། བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ལ་རྣམ་པར་མི་གཡེང་བ་མངོན་དུ་བྱེད་པ་འདི་ནི་དེའི་ཐབས་སོ། །གང་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་གདུང་བ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་མཁྱེན་པ་སེམས་དང་ལྡན་པ་དང་། སེམས་དང་མི་ལྡན་པ་དང་། འདུ་ཤེས་མེད་པ་དང་། འདུ་ཤེས་ཡོངས་སུ་ཤེས་པ་ཇི་སྙེད་པ་དེ་དག་ ཡོངས་སུ་བསལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངེས་པར་གྱུར་པ་དང་། འཐུན་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་སྟེ། དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི། བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་ཡིན་ནོ། །བདུད་ཐམས་ཅད་ཀྱིས་ཀྱང་དེ་ལ་གླགས་མི་རྙེད་ཅིང་། དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་གྱི་སྣོད་ཀྱང་ཉེ་བར་གནས་པ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ འཐོབ་བོ། །བསམ་གཏན་མི་ཟད་པ་ཞི་བ་འདི་བསྟན་པ་ན། བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་ཉི་མའི་སྒྲོན་མའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །ཅིའི་ཕྱིར་ཏིང་ངེ་འཛིན་དེའི་ཉི་མའི་སྒྲོན་མ་ཞེས་བྱ་ཞེ་ན། འདི་ ལྟ་སྟེ་དཔེར་ན། ཉི་མ་འཆར་བ་ན་ཟླ་བ་དང་། སྐར་མའི་སྒྲོན་མ་དང་། མར་མེའི་སྒྲོན་མ་དང་། རྩྭའི་མེའི་སྒྲོན་མ་ཐམས་ཅད་མོག་མོག་པོར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉི་མའི་སྒྲོན་མའི་ཏིང་ངེ་འཛིན་ ཐོབ་ན། མ་རབས་དང་། ཉི་ཚེ་བའི་ཤེས་རབ་ཐམས་ཅད་ཤེས་རབ་ཀྱི་སྣང་བས་ཟིལ་གྱིས་མནན་ཏེ། སློབ་པ་དང་། མི་སློབ་པ་ཐམས་ཅད་ཀྱི་ཤེས་རབ་དང་། རང་སངས་རྒྱས་ཀྱི་ཤེས་རབ་དང་། དེ་མ་ཡིན་པ་གཞན་སེམས་ ཅན་ཕལ་པ་ཐམས་ཅད་ཀྱི་ཤེས་རབ་ཀྱང་ཤེས་རབ་ཀྱི་སྣང་བས་ཟིལ་གྱིས་གནོན་པས་ན། དེའི་ཕྱིར་ཉི་མའི་སྒྲོན་མ་ཞེས་བྱའོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། ཏིང་ངེ་ 55-1-117a འཛིན་རྣམ་པ་མང་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་མངོན་པར་བསྒྲུབས་ཏེ། དེ་དག་ལ་ཕྱོགས་ཙམ་ཞིག་བསྟན་ཏོ། །གློག་གི་སྒྲོན་མས་བརྒྱན་དང་ཟླ་བའི་འོད། །དགེ་བཀོད་རྣམ་སྣང་དེ་བཞིན་བསམ་མི་ཁྱབ། །འཕགས་ པར་སྣང་དང་དྲི་མ་མེད་པ་དང་། །ཆོས་རྣམས་ཀུན་ལ་དབང་བྱེད་ཡོན་ཏན་འོད། །མྱ་ངན་མེད་དང་བརྟུལ་ཞུགས་གྲུབ་པ་དང་། །གྲགས་པ་བརྟེན་དང་ཀུན་ནས་འཕགས་པ་དང་། །ཆོས་ཀྱི་སྒྲོན་མ་ཆོས་དཔལ་ལྷུན་པོ་ཆེ། ། ཆོས་ཀྱི་དབང་ཕྱུག་ཆོས་ཤེས་དབང་བྱེད་དང་། །ཆོས་ཀྱི་ཕུང་པོ་རྣམ་པར་འཐོར་བ་དང་། །ཆོས་རྣམས་འཛིན་པ་རྣམ་པར་དག་པ་དང་། །ཕ་རོལ་སེམས་ཀྱི་སྤྱོད་པར་སྤྱོད་པ་དང་། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཉོན་མོངས་སེལ། ། བདུད་བཞིའི་སྟོབས་རྣམས་རབ་ཏུ་འཇོམས་པ་དང་། །སྟོབས་བཅུ་འཕགས་པ་སྟོབས་དང་ལྡན་པ་དང་། །ཆགས་མེད་ཆགས་པ་ཤིན་ཏུ་གཅོད་པ་དང་། །ལག་ན་སྒྲོན་མ་ཤིན་དུ་སྒྲ་བསྒྲགས་དང་། །ས་འཛིན་དང་ནི་བརྟན་པའི་ རང་བཞིན་དང་། །ལྷུན་པོ་སྒྲོན་མ་མི་ཕམ་རྒྱལ་བ་དང་། །ཤེས་རབ་སྐྱེད་དང་ཡེ་ཤེས་ཏ་ལ་ལ། །བསམ་གཏན་འབྱུང་གནས་མཐའ་ཡས་དབང་བྱེད་དང་། །སེམས་རྣམས་ལས་སུ་རུང་བར་བྱེད་པ་དང་། །བྱེད་དང་བྱས་དང་ ཚོར་བྱེད་མེད་པ་དང་། །ཆུ་ཡི་ཟླ་བ་ཉི་མའི་དབྱངས་དག་དང་། །ཏིང་འཛིན་མི་གཏོང་བདུད་རྣམས་འཇོམས་པ་དང་། །རྣམ་པ་སྣ་ཚོགས་འདུ་ཤེས་མེད་པ་དང་། །སྟག་དང་གླང་པོ་ཤིན་དུ་དུལ་བ་དང་། །རྒྱལ་བ་ཀུན་གྱི་ རྗེས་སུ་དྲན་པ་དང་། །ཆོས་དྲན་དགེ་འདུན་ཡེ་ཤེས་དབང་བྱེད་དང་། །མི་ལྡོག་པ་དང་ལྡོག་པ་མེད་པ་དང་། །མིག་མི་འཛུམས་དང་བདག་མེད་རབ་དག་དང་། །རྟག་ཏུ་སྟོང་པའི་རྣམ་པར་འཇུག་པ་དང་། །རྟག་ཏུ་མཚན་མེད་རྟག་ ཏུ་མི་སྨོན་དང་། །གནས་པར་བསམ་གཏན་བྱེད་པ་མི་ཆགས་དང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ཅེས་བྱའོ། །མངོན་པར་འཕགས་དང་ངེས་པར་བཅོམ་པ་དང་། །ཀུན་ནས་འཁྱིལ་དང་རྣམ་པར་དག་པ་དང་། །ངེས་པར་སེམས་དང་ཉོན་མོངས་ 55-1-117b བྲལ་བ་དང་། །ཡངས་པ་ནམ་མཁའ་ལྟ་བུ་ཞེས་ཀྱང་བྱ། །གཟུད་པ་དང་ནི་ཡོན་ཏན་འཇུག་པ་དང་། །དྲན་རྟོགས་བློ་གྲོས་ཤེས་རབ་སྒྲུབ་པ་དང་། །སྤོབས་པ་དག་ནི་མི་ཟད་བྱེད་པ་དང་། །སྒྲ་སྟོན་པ་དང་བདེན་པ་མཐོང་བ་དང་། །འཛིན་ པ་ཞེས་ཀྱང་བྱ་བའི་ཏིང་ངེ་འཛིན། །ཆུད་མི་ཟ་དང་ལེགས་བྱས་སྦྱིན་པ་དང་། །འགྲོ་བ་ཚིམ་པར་བྱེད་དང་བལྟར་མི་མཐོང་། །རབ་ཏུ་རྟོགས་དང་དགའ་མགུ་སྐྱེད་པ་དང་། །བྱམས་པ་འཕགས་པའི་ཏིང་ངེ་འཛིན་དག་དང་། །སྙིང་རྗེ་ཆེན་པོའི་ རྩ་བ་བསམ་དག་པ། །དགའ་བའི་རྣམ་པ་དག་ལ་འཇུག་པ་དང་། །བཏང་སྙོམས་གཉིས་ལ་ཆགས་ལས་གྲོལ་བ་དང་། །ཆོས་དོན་ཆོས་བྱེད་ཡེ་ཤེས་ཏ་ལ་ལ། །མི་འཁྲུགས་པ་དང་ཡེ་ཤེས་རྒྱ་མཚོ་དང་། །འགྲོ་བ་ཚིམ་ བྱེད་རྣམ་པར་དུལ་བ་དང་། །རྣམ་པར་གྲོལ་བའི་ཡེ་ཤེས་དབང་བྱེད་དང་། །རྡོ་རྗེའི་རྒྱལ་མཚན་སྙིང་པོའི་པད་མ་དང་། །པད་མ་འདས་དང་འཇིག་རྟེན་ཆོས་བྲལ་དང་། །མི་གཡོ་བ་ཞེས་བྱ་བའི་ཏིང་འཛིན་དང་། །རྡོ་རྗེ་ལྟ་བུའི་ཏིང་ངེ་ འཛིན་དག་དང་། །དཔའ་བར་འགྲོ་ཞེས་བྱ་བའི་ཏིང་ངེ་འཛིན། །སངས་རྒྱས་དགོངས་དང་དེ་བཞིན་མི་འཁྲུགས་དང་། །གཟི་བརྗིད་ཅན་དང་གཟི་བརྗིད་འོད་ཟེར་དང་། །རྣམ་པར་གྲོལ་བའི་ཡེ་ཤེས་མཆོག་སྦྱིན་དང་། །སངས་རྒྱས་རྒྱན་རྣམས་ ཤིན་དུ་བཀོད་པ་དང་། །ཀུན་དུ་སྣང་དང་སངས་རྒྱས་ཞིང་དག་དང་། །སེམས་ཅན་བསམ་པར་རབ་ཏུ་འཇུག་པ་དང་། །མགུ་བྱེད་ཤིན་དུ་མགུ་བྱེད་ཏིང་འཛིན་དང་། །བྱང་ཆུབ་ལམ་གྱི་རྗེས་སུ་འཐུན་པ་དང་། །ཕ་རོལ་ཕྱིན་བརྒྱན་ གཙུག་ན་རིན་པོ་ཆེ། །བྱང་ཆུབ་ཡན་ལག་མེ་ཏོག་སྦྱིན་པ་དང་། །རྣམ་པར་གྲོལ་བའི་འབྲས་བུ་སྦྱིན་པ་སྟེ། །མི་འཆི་དབྱངས་དང་དམིགས་མེད་རླུང་བཞིན་འགྲོ། །རིན་ཆེན་མཐའ་དང་རྒྱ་མཚོའི་ཤུགས་འཛིན་དང་། །རི་དང་བྲག་རྣམས་རྡོབ་ པར་བྱེད་པ་དང་། །རྫུ་འཕྲུལ་དོན་ཆེན་ཡང་དག་བསྐྱེད་པ་དང་། །སངས་རྒྱས་དཔག་ཏུ་མེད་པ་མཐོང་བ་དང་། །ཐོས་པ་ཐམས་ཅད་འཛིན་དང་མི་གཡེང་དང་། །སྐད་ཅིག་གཅིག་ལ་ཡེ་ཤེས་སྦྱིན་པ་དང་། །ཡོན་ཏན་མཐའ་ 55-1-118a ཡས་རྒྱ་མཚོ་རྣམ་པར་དག །དེ་ལྟར་ཏིང་འཛིན་འདི་དག་མཐའ་ཡས་དཔག་མེད་དེ། །བསམ་གཏན་བྱེ་བ་ཁྲག་ཁྲིག་དག་གི་ཕ་རོལ་སོང་། །བྱང་ཆུབ་སེམས་དཔའ་དམ་པ་མཆོག་རབ་འཇིགས་མེད་པ། །བརྟན་མཆོག་ སེམས་དཔའ་ཆེན་པོ་ཏིང་འཛིན་རྣམ་དག་རྟོགས། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་མི་ཟད་པ་ཞེས་བྱའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བྱང་ཆུབ་སེམས་དཔའ་བློ་གྲོས་ མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་མི་ཟད་པ་འདི་ནི་ཁྱོད་ཀྱིས་ལེགས་པར་སྨྲས་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་མི་ཟད་པ་ལ་ བརྩམས་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་མི་ཟད་པར་འགྱུར་བ་ཁྱོད་སྤོབས་པར་གྱིས་ཤིག །བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱང་ མི་ཟད་པ་ཡིན་ཏེ། ཤེས་རབ་དེའི་རྣམ་པ་ནི་ཇི་ལྟ་བུ་འཇུག་པ་ནི་ཅི་ཞེ་ན། ཐོས་པ་ནི་རྣམ་པའོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་འཇུག་པའོ། །ཐོས་པའི་ཡང་རྣམ་པ་ནི་ཇི་ལྟ་བུ་འཇུག་པ་ནི་ཅི་ཞེ་ན། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ཐོས་པའི་རྣམ་པ་ནི་ཅི་ཞེ་ན། བརྒྱད་ཅུ་རྩ་བཞི་སྟེ། འདི་ལྟ་སྟེ། འདུན་པའི་རྣམ་པ་དང་། བསམ་པའི་རྣམ་པ་དང་། ལྷག་པའི་བསམ་པའི་རྣམ་པ་དང་། སྦྱོར་བའི་རྣམ་པ་དང་། དགེ་བའི་བཤེས་གཉེན་གྱི་རྣམ་ པ་དང་། ང་རྒྱལ་མེད་པའི་རྣམ་པ་དང་། བག་ཡོད་པའི་རྣམ་པ་དང་། གུས་པར་བྱེད་པའི་རྣམ་པ་དང་། མཐུན་པར་འཛིན་པའི་རྣམ་པ་དང་། བཀའ་བློ་བདེ་བའི་རྣམ་པ་དང་། བསྙེན་བཀུར་བྱེད་པའི་རྣམ་པ་དང་། རྣ་བ་བླགས་ཏེ་ཉན་པའི་རྣམ་པ་དང་། ཡིད་ལ་བྱེད་པའི་རྣམས་པ་དང་། རྣམ་པར་མི་གཡེང་བའི་རྣམ་པ་དང་། གནས་ཀྱི་རྣམ་པ་དང་། རིན་པོ་ཆེར་འདུ་ཤེས་པའི་རྣམ་པ་དང་། སྨན་དུ་འདུ་ཤེས་པའི་རྣམ་པ་དང་། ཉོན་ 55-1-118b མོངས་པའི་ནད་ཐམས་ཅད་ཞི་བར་བྱེད་པའི་རྣམ་པ་དང་། དྲན་པའི་སྣོད་ཀྱི་རྣམ་པ་དང་། རྟོགས་པ་ཤེས་པའི་རྣམ་པ་དང་། བློ་གྲོས་འདོད་པའི་རྣམ་པ་དང་། བློ་ལ་འཇུག་པའི་རྣམ་པ་དང་། སངས་རྒྱས་ཀྱི་ཆོས་ལ་མི་ངོམས་ པར་ཉན་པའི་རྣམ་པ་དང་། གཏོང་བ་སྤེལ་བའི་རྣམ་པ་དང་། དུལ་ཞིང་ཅང་ཤེས་པའི་རྣམ་པ་དང་། མང་དུ་ཐོས་པ་ལ་བསྟེན་པའི་རྣམ་པ་དང་། སྟི་སྟང་དུ་བྱས་ཏེ་དགའ་བ་མྱོང་བར་བྱེད་པའི་རྣམ་པ་དང་། ལུས་ བདེ་བའི་རྣམ་པ་དང་། སེམས་རབ་ཏུ་དགའ་བའི་རྣམ་པ་དང་། མི་སྐྱོ་བར་ཉན་པའི་རྣམ་པ་དང་། དོན་ཉན་པའི་རྣམ་པ་དང་། ཆོས་ཉན་པའི་རྣམ་པ་དང་། ནན་ཏན་ཉན་པའི་རྣམ་པ་དང་། གཞན་གྱིས་བསྟན་པ་ཉན་ པའི་རྣམ་པ་དང་། ཆོས་མ་ཐོས་པ་ཉན་པའི་རྣམ་པ་དང་། མངོན་པར་ཤེས་པ་ཉན་པའི་རྣམ་པ་དང་། ཐེག་པ་གཞན་ལ་འདོད་པ་མེད་པའི་རྣམ་པ་དང་། ཕ་རོལ་དུ་ཕྱིན་པ་ཉན་པའི་རྣམ་པ་དང་། བྱང་ཆུབ་ སེམས་དཔའི་སྡེ་སྣོད་ཉན་པའི་རྣམ་པ་དང་། བསྡུ་བའི་དངོས་པོ་ཉན་པའི་རྣམ་པ་དང་། ཐབས་མཁས་པ་ཉན་པའི་རྣམ་པ་དང་། ཚངས་པའི་གནས་ཉན་པའི་རྣམ་པ་དང་། དྲན་པ་དང་ཤེས་བཞིན་ཉན་པའི་ རྣམ་པ་དང་། སྐྱེ་བ་ལ་མཁས་པ་ཉན་པའི་རྣམ་པ་དང་། མི་སྐྱེ་བ་ལ་མཁས་པ་ཉན་པའི་རྣམ་པ་དང་། མི་སྡུག་པའི་རྣམ་པ་དང་། བྱམས་པའི་རྣམ་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་པ་དང་། མི་རྟག་པའི་ རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། བདག་མེད་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། སྟོང་པ་ཉིད་ཀྱི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་མེད་པའི་རྣམ་པ་དང་། མངོན་པར་འདུ་མི་ བྱེད་པའི་རྣམ་པ་དང་། དགེ་བ་མངོན་པར་འདུ་བྱེད་པའི་རྣམས་པ་དང་། བདེན་པས་བྱིན་གྱིས་བརླབས་པའི་རྣམ་པ་དང་། ཆུད་མི་གཟོན་པའི་རྣམ་པ་དང་། རང་གི་ཁ་ན་ལས་པའི་རྣམ་པ་དང་། རང་གི་སེམས་སྲུང་བའི་ 55-1-119a རྣམ་པ་དང་། བརྩོན་འགྲུས་མི་གཏོང་བའི་རྣམ་པ་དང་། ཆོས་ལ་ངེས་པར་སེམས་པའི་རྣམ་པ་དང་། ཉོན་མོངས་པའི་གཉེན་པོའི་རྣམ་པ་དང་། རང་གི་ཕྱོགས་སྲུང་བའི་རྣམ་པ་དང་། ཕ་རོལ་གྱི་ཕྱོགས་ དང་། ཉོན་མོངས་པ་ཚར་གཅོད་པའི་རྣམ་པ་དང་། ནོར་བདུན་ཡང་དག་པར་འདུ་བའི་རྣམ་པ་དང་། དབུལ་བ་ཐམས་ཅད་ཚར་གཅོད་པའི་རྣམ་པ་དང་། མཛངས་པས་བསྔགས་པའི་རྣམ་པ་དང་། མཁས་པ་མངོན་པར་ དགའ་བའི་རྣམ་པ་དང་། འཕགས་པས་ཀུན་ཤེས་པའི་རྣམ་པ་དང་། འཕགས་པ་མ་ཡིན་པ་དད་པར་བྱེད་པའི་རྣམ་པ་དང་། བདེན་པ་མཐོང་བའི་རྣམ་པ་དང་། ཕུང་པོའི་སྐྱོན་རྣམ་པར་སྤང་བའི་རྣམ་པ་དང་། འདུས་བྱས་ ཡོངས་སུ་འཇལ་བའི་རྣམ་པ་དང་། དོན་ལ་རྟོན་པའི་རྣམ་པ་དང་། ཆོས་ལ་རྟོན་པའི་རྣམ་དང་། ཡེ་ཤེས་ལ་རྟོན་པའི་རྣམ་པ་དང་། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པའི་རྣམ་པ་དང་། སྡིག་པ་ཐམས་ཅད་མི་བྱ་བའི་ རྣམ་པ་དང་། བདག་དང་གཞན་ལ་ཕན་པའི་རྣམ་པ་དང་། ལེགས་པར་བྱས་པའི་ལས་ཀྱི་རྣམ་པ་དང་། མི་འགྱོད་པའི་རྣམ་པ་དང་། ཁྱད་པར་དུ་འགྲོ་བའི་རྣམ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པའི་རྣམ་ པ་སྟེ། དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོས་པ་རྣམ་པ་བརྒྱད་ཅུ་རྩ་བཞི་ཞེས་བྱའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་འཇུག་པ་ནི་སུམ་ཅུ་རྩ་ གཉིས་ཏེ། སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། ཞི་གནས་ཀྱི་གནས་ལ་འཇུག་པ་དང་། ལྷག་མཐོང་ལ་རྣམ་པར་དཔྱོད་པའི་འཇུག་པ་དང་། སེམས་ལས་སུ་རུང་བའི་འཇུག་པ་དང་། ལུས་དབེན་པ་ལ་འཇུག་པ་དང་། སེམས་དབེན་པ་ལ་འཇུག་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པ་དང་། བདེན་པའི་རྗེས་སུ་འཐུན་པ་ལ་འཇུག་པ་དང་ཆད་པ་མེད་པ་ལ་འཇུག་པ་དང་། རྟག་པ་མེད་པ་ལ་འཇུག་པ་དང་། རྒྱུ་དང་རྐྱེན་ལ་ 55-1-119b འཇུག་པ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་ལ་འཇུག་པ་དང་། འོང་བ་དང་། འགྲོ་བ་དང་། གནས་མེད་པ་ལ་འཇུག་པ་དང་། མི་འཕོ་ཞིང་རྒྱུ་དང་འབྲས་བུ་ ཆུད་མི་ཟ་བ་ལ་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་འདྲིས་པར་བྱེད་པ་ལ་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་མངོན་སུམ་དུ་མི་བྱེད་ པ་ལ་འཇུག་པ་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་སྐྱེད་པའི་ཚུལ་ལ་འཇུག་པ་དང་། བསམ་གཏན་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་དབང་གིས་མི་སྐྱེ་བ་ལ་འཇུག་པ་ དང་། མངོན་པར་ཤེས་པའི་ཡེ་ཤེས་ལ་འཇུག་པ་དང་། ཟག་པ་ཟད་པའི་ཡེ་ཤེས་མངོན་སུམ་དུ་བྱེད་པ་མ་ཡིན་པ་ལ་འཇུག་པ་དང་། ནང་དུ་རྟོག་པ་ལ་འཇུག་པ་དང་། ངེས་པར་གྱུར་པར་མི་འཇུག་པ་ལ་འཇུག་ པ་དང་། འདུས་བྱས་ཀྱི་སྐྱོན་ཡོངས་སུ་འཇལ་བ་ལ་འཇུག་པ་དང་། འདུས་མ་བྱས་ཀྱི་ཆོས་མངོན་སུམ་དུ་མི་བྱེད་པར་འཇུག་པ་དང་། སེམས་ཅན་ཐམས་ཅད་ལ་བདག་མེད་པར་སོ་སོར་རྟོག་པ་ལ་འཇུག་ པ་དང་། སྙིང་རྗེ་ཆེན་པོ་མི་གཏོང་བ་ལ་འཇུག་པ་དང་། སྐྱེ་བ་ཐམས་ཅད་འཇིག་པར་ལྟ་བ་ལ་འཇུག་པ་དང་། རྟག་ཏུ་བསམས་བཞིན་དུ་ཤེས་པས་སྲིད་པ་ཐམས་ཅད་ཡོངས་སུ་འཛིན་པར་འཇུག་པ་དང་། ཡིད་བྱུང་ཞིང་འདོད་ཆགས་དང་བྲལ་བའི་འཇུག་པ་དང་། འདོད་ཆགས་དང་བྲལ་བའི་ཆོས་ཀྱང་མངོན་སུམ་དུ་མི་བྱེད་པར་འཇུག་པ་དང་། འདོད་པའི་དགའ་བའི་ཡོན་ཏན་ཡལ་བར་འདོར་བ་ལ་འཇུག་པ་དང་། ཆོས་ཀྱི་དགའ་བ་མི་གཏོང་བ་ལ་འཇུག་པ་དང་། སྤྲོས་པ་དང་རྣམ་པར་རྟོག་པ་ཐམས་ཅད་སྤོང་བ་ལ་འཇུག་པ་དང་། ཐབས་མཁས་པའི་སྤྲོས་པ་དང་། རྣམ་པར་རྟོག་པ་མི་སྤོང་བར་འཇུག་པ་སྟེ། བཙུན་པ་ 55-1-120a ཤཱ་ར་དྭ་ཏིའི་བུ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་འཇུག་པ་སུམ་ཅུ་རྩ་གཉིས་ཤེས་བྱའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་ཚུལ་བཞིན་ཞེས་བྱ་བ་ དེ་ནི་རིགས་པའི་ཚིག་གོ། །དེ་ནི་ཚུལ་གྱི་ཚིག་གོ། །དེ་ནི་སྒོའི་ཚིག་གོ། །དེ་ནི་ཁའི་ཚིག་གོ། །དེ་ནི་རྒྱུའི་ཚིག་གོ། །དེ་ནི་རྐྱེན་གྱི་ཚིག་གོ། །དེ་ནི་མི་འགག་པའི་ཚིག་གོ། །དེ་ནི་མི་འགལ་བའི་ཚིག་གོ། །དེ་ནི་བཏང་སྙོམས་ ཀྱི་ཚིག་གོ། །དེ་ནི་ལེན་པ་མེད་པའི་ཚིག་གོ། །དེ་ནི་དོར་བ་མེད་པའི་ཚིག་གོ། ། དེ་ནི་རྟེན་པ་མེད་པའི་ཚིག་གོ། །དེ་ནི་མི་གནས་པའི་ཚིག་གོ། །དེ་ནི་མ་གཡོས་པའི་ཚིག་གོ། །དེ་ནི་རྣམ་པར་མ་གཡོས་པའི་ཚིག་གོ། །དེ་ནི་སྒྲོ་ བཏགས་པ་མེད་པའི་ཚིག་གོ། །དེ་ནི་མཉམ་པ་ཉིད་ཀྱི་ཚིག་གོ། །དེ་ནི་མི་མཉམ་པ་མེད་པའི་ཚིག་གོ། །དེ་ནི་བདེན་པའི་ཚིག་གོ། །དེ་ནི་ཡང་དག་པའི་ཚིག་གོ། །དེ་ནི་མི་འགྱུར་བའི་ཚིག་གོ། །དེ་ནི་ཕྱིར་བྱ་བ་མེད་པའི་ཚིག་གོ། ། དེ་ནི་ཞི་བའི་ཚིག་གོ། །དེ་ནི་རབ་ཏུ་ཞི་བའི་ཚིག་གོ། །དེ་ནི་ཉེ་བར་ཞི་བའི་ཚིག་གོ། །དེ་ནི་སྤྲོས་པ་མེད་པའི་ཚིག་གོ། །དེ་ནི་བདེག་པ་མེད་པའི་ཚིག་གོ། །དེ་ནི་གཞག་པ་མེད་པའི་ཚིག་གོ། །དེ་ནི་མ་ཚང་བ་མེད་པའི་ ཚིག་གོ། །དེ་ནི་ལྷག་པ་མེད་པའི་ཚིག་གོ། །དེ་ནི་ཕྱིར་དབྱུང་དུ་མེད་པའི་ཚིག་གོ། །དེ་ནི་གཉེན་པོ་མེད་པའི་ཚིག་གོ། །དེ་ནི་དམ་པའི་ཚིག་གོ། །དེ་ནི་དེ་ཁོ་ནའི་ཚིག་གོ། །དེ་ནི་དེ་བཞིན་ཉིད་ཀྱི་ཚིག་གོ། །དེ་ནི་མ་ནོར་ བ་དེ་བཞིན་ཉིད་ཀྱི་ཚིག་གོ། །དེ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཚིག་གོ། །དེ་ནི་ཇི་ལྟ་བ་བཞིན་གྱི་ཚིག་གོ། །དེ་ནི་ཆུད་མི་ཟ་བའི་ཚིག་གོ། །དེ་ནི་ཡང་དག་པའི་མཐའི་ཚིག་གོ། །དེ་ནི་དུས་གསུམ་མཉམ་པ་ཉིད་ ཀྱི་ཚིག་གོ། །དེ་ནི་དུས་གསུམ་ཡོངས་སུ་མ་ཆད་པའི་ཚིག་གོ། །དེ་ནི་གཟུགས་ལ་རྣམ་པར་ཤེས་པ་མི་གནས་པའི་ཚིག་གོ། །དེ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ 55-1-120b མི་གནས་པའི་ཚིག་གོ། །དེ་ནི་སའི་ཁམས་ལ་རྣམ་པར་ཤེས་པ་མི་གནས་པའི་ཚིག་གོ། །དེ་བཞིན་དུ་དེ་ནི་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་ཤེས་པ་མི་གནས་པའི་ཚིག་གོ། །དེ་ནི་ མིག་དང་གཟུགས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ལ་མི་གནས་པའི་ཚིག་གོ། །དེ་བཞིན་དུ་དེ་ནི་རྣ་བ་དང་། སྒྲ་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣ་དང་། དྲི་དང་། སྣའི་རྣམ་པར་ཤེས་པའི་ ཁམས་དང་། ལྕེ་དང་། རོ་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་དང་། རེག་བྱ་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་དང་། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་མི་ གནས་པའི་ཚིག་གོ། །དེ་ནི་དོན་ལ་རྟོན་པའི་ཚིག་གོ། །དེ་ནི་ཆོས་ལ་རྟོན་པའི་ཚིག་གོ། དེ་ནི་ཡེ་ཤེས་ལ་རྟོན་པའི་ཚིག་གོ། །དེ་ནི་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པའི་ཚིག་གོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ ཡང་ཚུལ་བཞིན་ཞེས་བྱ་བ་དེ་ནི་ཆོས་ཐམས་ཅད་དོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་བདག་ལ་བདག་མེད་པ་དེ་བཞིན་དུ། ཆོས་ཐམས་ཅད་རིགས་པས་མཐོང་ཞིང་། ཇི་ལྟར་སེམས་ཅན་ལ་བདག་མེད་པ་དེ་ བཞིན་དུ་ཆོས་ཐམས་ཅད་རིགས་པས་མཐོང་ན། དེ་ལྟར་མཐོང་བ་ན་ཚུལ་བཞིན་མཐོང་བའོ། །འཁོར་བའི་ཁམས་ཀྱི་ཚུལ་བཞིན་གང་ཡིན་པ་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཚུལ་བཞིན་ཡང་དེ་ཡིན་ནི་ཞེས་ གང་གིས་དེ་ལྟར་མཚུངས་ཤིང་བྱེ་བྲག་མེད་པར་མཐོང་བ་དེ་ནི་ཚུལ་བཞིན་རབ་ཏུ་སྦྱོར་བ་ཞེས་བྱའོ། །གང་གིས་ཀུན་ནས་ཉོན་མོངས་པའི་རང་བཞིན་དང་། རྣམ་པར་བྱང་བའི་རང་བཞིན་མཚུངས་ཤིང་བྱེ་བྲག་མེད་ པར་མཐོང་བ་དེ་ནི། ཚུལ་བཞིན་རབ་ཏུ་སྦྱོར་བ་ཞེས་བྱའོ། །གང་རིགས་པ་དང་། མི་རིགས་པར་མི་སེམས་པ་དེ་ནི་ཚུལ་བཞིན་རབ་ཏུ་སྦྱོར་བ་ཡིན་ཏེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་མདོར་ན། བྱང་ཆུབ་སེམས་ 55-1-121a དཔའི་ཚུལ་བཞིན་སྦྱོར་བ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་གནས་ནི་སེམས་ཅན་ནོ། །དེ་སེམས་ཅན་གྱི་གནས་ཀྱང་མི་སྤོང་ལ། ཆོས་ཀྱི་གནས་ཀྱང་འཁྲུགས་པར་མི་བྱེད་དེ། དེ་ནི་བྱང་ཆུབ་སེམས་དཔའི་ཚུལ་ བཞིན་ལ་འཇུག་པའི་སྦྱོར་བ་ཞེས་བྱའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་ལྟར་དེའི་ཆོས་ཀྱི་རྣམ་པ་དང་། ཐོས་པའི་རྣམ་པ་དང་། ཚུལ་བཞིན་ལ་འཇུག་པའི་སྦྱོར་བའི་རྒྱུ་འཐུན་པ་དེ་ནི་ཤེས་རབ་ཅེས་བྱའོ། །དེ་ལ་ཤེས་རབ་ནི་ འགྲོགས་པ་བཅུ་དྲུག་དང་ལྷན་ཅིག་མི་གནས་ཏེ། བཅུ་དྲུག་པོ་དག་གང་ཞེ་ན། འདི་ལྟ་སྟེ། མ་རིག་པའི་འགྲོགས་པ་དང་ལྷན་ཅིག་མི་གནས་སོ། །དེ་བཞིན་དུ་འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་ དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤིའི་འགྲོགས་པ་དང་ལྷན་ཅིག་མི་གནས་སོ། །མ་རིག་པ་འགོག་པའི་འགྲོགས་པ་དང་ལྷན་ཅིག་མི་ གནས་སོ། །དེ་བཞིན་དུ་འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་འགོག་པའི་འགྲོགས་ པ་དང་། ལྷན་ཅིག་མི་གནས་སོ། །འཇིག་ཚོགས་ལ་ལྟ་བའི་འགྲོགས་པ་དང་། ལྷན་ཅིག་མི་གནས་པ་ནས། འཇིག་ཚོགས་ལ་ལྟ་བའི་རྩ་བ་ལས་བྱུང་བར་ལྟ་བར་གྱུར་པ་དྲུག་བཅུ་རྩ་གཉིས་པོའི་བར་དག་གི་ འགྲོགས་པ་དང་། ལྷན་ཅིག་མི་གནས་སོ། །མཐོ་དམན་གྱི་འགྲོགས་པ་དང་ལྷན་ཅིག་མི་གནས་པ་ནས། འཇིག་རྟེན་གྱི་ཆོས་རྙེད་པ་དང་། མ་རྙེད་པ་དང་། སྙན་པ་དང་། མི་སྙན་པ་དང་། དམད་པ་དང་། བསྟོད་པ་དང་། བདེ་བ་དང་། སྡུག་བསྔལ་གྱི་བར་གྱི་འགྲོགས་པ་དང་། ལྷན་ཅིག་མི་གནས་སོ། །ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། ཡོངས་སུ་གདུང་བ་དང་། ཕྲག་དོག་དང་། སེར་སྣ་དང་། སྒྱུ་དང་། 55-1-121b གཡོ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་ཁེངས་པ་དང་། རྩོད་པ་དང་། རྒྱགས་པ་དང་། བག་མེད་པ་དང་། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་ པའི་ང་རྒྱལ་དང་། ཆུང་ཟད་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ལོགས་པའི་ང་རྒྱལ་རྣམས་ཀྱི་འགྲོགས་པ་དང་། ལྷན་ཅིག་མི་གནས་པ་ནས་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་བར་གྱི་འགྲོག་ པ་དང་ལྷན་ཅིག་མི་གནས་སོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཀུན་ནས་ལྡང་བ་ཕྲ་མོ་དང་། སྦོམ་པོ་དང་། ཆུང་ངུ་དང་། འབྲིང་དང་། ཆེན་པོའི་འགྲོགས་པ་དང་། ལྷན་ཅིག་མི་གནས་པ་ནས་ ཉོན་མོངས་པའི་ཀུན་ནས་ལྡང་བ་ཐམས་ཅད་ཀྱི་བར་གྱི་འགྲོགས་པ་དང་ལྷན་ཅིག་མི་གནས་སོ། །གཏི་མུག་གི་མུན་པ་དང་། རབ་རིབ་ཀྱི་ལིང་ཏོག་དང་། སྒྲིབ་པ་དང་། ཆོད་པའི་འགྲོགས་པ་དང་ལྷན་ ཅིག་མི་གནས་པ་ནས། ཉམས་པར་འགྱུར་བའི་ཆ་དང་འཐུན་པའི་ཆོས་ཀུན་ནས་ལྡང་བ་ཐམས་ཅད་ཀྱི་བར་གྱི་འགྲོགས་པ་དང་ལྷན་ཅིག་མི་གནས་སོ། །འདོད་པ་དང་། ཐབ་མོའི་རྙོག་པ་དང་། ཕུང་པོ་དང་། ཉོན་ མོངས་པ་དང་། འཆི་བདག་དང་། ལྷའི་བུའི་བདུད་རྣམས་དང་། ལྷན་ཅིག་མི་གནས་པ་ནས་བདུད་ཀྱི་ལས་ཐམས་ཅད་ཀྱི་བར་དང་ལྷན་ཅིག་མི་གནས་སོ། །བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་ དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུར་འཛིན་པ་ལ་མངོན་པར་ཞེན་པ་དང་ལྷན་ཅིག་མི་གནས་པ་ནས་འཛིན་པ་ལ་མངོན་པར་ཞེན་པ་ཐམས་ཅད་ཀྱི་བར་དང་ལྷན་ཅིག་མི་གནས་ སོ། །ལས་ཀྱི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ལྟ་བའི་སྒྲིབ་པ་དང་། འགྲོ་བའི་སྒྲིབ་པ་དང་། རྣམ་པར་སྨིན་པའི་སྒྲིབ་པ་དང་། ཤེས་པའི་སྒྲིབ་པ་དང་། ལྷན་ཅིག་མི་གནས་ 55-1-122a པ་ནས་བག་ཆགས་དང་། མཚམས་སྦྱོར་བ་ཐམས་ཅད་ཀྱི་བར་དང་། ལྷན་ཅིག་མི་གནས་སོ། །རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་དང་། མཚན་མ་དང་། དམིགས་པ་དང་། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་མེད་པ་དང་། རྣམ་པར་རིག་པ་རྣམས་དང་། ལྷན་ཅིག་མི་གནས་པ་ནས་མདུད་པ་དང་། སྒྲོ་བཏགས་པ་ཐམས་ཅད་ཀྱི་བར་དང་ལྷན་ཅིག་མི་གནས་སོ། །བདག་དང་རྟག་པ་དང་། གཙང་བ་དང་། བདེ་བའི་འགྲོགས་པ་དང་ལྷན་ཅིག་མི་གནས་པ་ནས། ཕྱིན་ཅི་ལོག་ཐམས་ཅད་ཀྱི་བར་དང་ལྷན་ཅིག་མི་གནས་སོ། །སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང་ལྷན་ཅིག་མི་གནས་པ་ ནས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་བར་དང་ལྷན་ཅིག་མི་གནས་སོ། །སེར་སྣ་དང་། གཏོང་བ་དང་། འཆལ་པའི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་དང་། གནོད་སེམས་དང་། བཟོད་པ་དང་། ལེ་ལོ་དང་། བརྩོན་འགྲུས་ དང་། རྣམ་པར་གཡེང་བ་དང་། བསམ་གཏན་དང་། འཆལ་པའི་ཤེས་རབ་དང་ལྷན་ཅིག་མི་གནས་པ་ནས། ཕ་རོལ་ཏུ་ཕྱིན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་སེམས་པ་དང་ལྷན་ཅིག་མི་གནས་སོ། །ངེས་པ་དང་། མ་ངེས་པ་དང་། ཡང་དག་པ་དང་། ལོག་པ་དང་། དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་ དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། བཟང་པོ་དང་། ངན་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་དང་། ལྷན་ཅིག་མི་གནས་པ་ནས། ཆོས་ ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་བར་དང་ལྷན་ཅིག་མི་གནས་སོ། །ཐེག་པ་ཐ་དད་པ་དང་། སེམས་ཅན་ཐ་དད་པ་དང་། ཞིང་ཐ་དད་པ་དང་། སངས་རྒྱས་ཐ་དད་པ་དང་། ཆོས་ཐ་དད་པ་དང་། དགེ་ 55-1-122b འདུན་ཐ་དད་པ་དང་ལྷན་ཅིག་མི་གནས་པ་ནས། ཐ་དད་པ་ཐམས་ཅད་ཀྱི་བར་དང་ལྷན་ཅིག་མི་གནས་སོ། །མི་ཤེས་པ་དང་། ཤེས་པ་དང་། རྣམ་པར་ཤེས་པ་དང་། ཀུན་རྫོབ་དང་། དོན་དམ་པ་དང་། ལྷན་ཅིག་མི་ གནས་པ་ནས། མཚན་མ་ཡིད་ལ་བྱེད་པ་ཐམས་ཅད་ཀྱི་བར་དང་ལྷན་ཅིག་མི་གནས་སོ། །ཤེས་རབ་ནི་གང་རྒྱུ་བ་མེད་པ། ལུས་མེད་པ། མཚན་ཉིད་མེད་པ། མཚན་མ་མེད་པ། འདུས་མ་བྱས་པ་སྟེ། དེ་ནི་མཚན་མ་དང་། ཡིད་ལ་བྱེད་པ་ཐམས་ཅད་དང་། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་། གནས་དང་། མིང་དང་། མཚན་མ་དང་། གཅིག་པ་དང་། ཐ་དད་པ་དང་ལྷན་ཅིག་མི་གནས་ཏེ། བཙུན་པ་ཤཱ་ ར་དྭ་ཏིའི་བུ་ཤེས་རབ་ནི་འགྲོགས་པ་བཅུ་དྲུག་པོ་དེ་དག་དང་ལྷན་ཅིག་མི་གནས་སོ།། །། བམ་པོ་བཞི་པ། དེ་ལ་ཤེས་རབ་ཀྱི་ཡུལ་གང་ཞེ་ན། འདི་ལྟ་སྟེ། ཆོས་བརྒྱད་ལ་མཁས་པའོ། །དེ་ལ་ཆོས་བརྒྱད་ ལ་མཁས་པ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། བདེན་པ་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་ པ་དང་། དུས་གསུམ་ལ་མཁས་པ་དང་། ཐེག་པ་ཐམས་ཅད་ལ་མཁས་པ་དང་། ཆོས་ཐམས་ཅད་ལ་མཁས་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཕུང་པོ་ལ་མཁས་པ་གང་ཞེ་ན། གང་འདི་ཕུང་པོ་ རྣམས་ཀྱི་དཔེར་བྱ་བར་བསྟན་པ་སྟེ། དབུ་བ་རྡོས་པ་བསྟན་པ་དང་། ཆུའི་ཆུ་བུར་བསྟན་པ་དང་། སྨིག་རྒྱུ་བསྟན་པ་དང་། ཆུ་ཤིང་གི་སྡོང་པོ་བསྟན་པ་དང་། སྒྱུ་མ་བསྟན་པ་དང་། རྨི་ལམ་བསྟན་པ་དང་། བྲག་ཆ་བསྟན་པ་དང་། མིག་ཡོར་བསྟན་པ་དང་། གཟུགས་བརྙན་བསྟན་པ་དང་། སྤྲུལ་པ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་དབུ་བ་རྡོས་པ་ལྟ་བུ་སྟེ། དབུ་བ་རྡོས་པ་ལྟ་བུ་ནི་བདག་མ་ཡིན། སེམས་ཅན་མ་ 55-1-123a ཡིན། སྲོག་མ་ཡིན། གསོ་བ་མ་ཡིན། སྐྱེས་བུ་མ་ཡིན། གང་ཟག་མ་ཡིན་ནོ། །དབུ་བ་རྡོས་པའི་རང་བཞིན་གང་ཡིན་པ་གཟུགས་ཀྱི་རང་བཞིན་ཡང་དེ་ཡིན་ཏེ། གང་འདི་ལ་མཁས་པ་དེ་ནི་ཕུང་པོ་ལ་ མཁས་པ་ཞེས་བྱའོ། །ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུའོ། །འདུ་ཤེས་ནི་སྨིག་རྒྱུ་ལྟ་བུའོ། །འདུ་བྱེད་རྣམས་ནི་ཆུ་ཤིང་ལྟ་བུའོ། །རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་སྟེ། སྒྱུ་མ་ཡང་བདག་མ་ཡིན། སེམས་ཅན་ མ་ཡིན། སྲོག་མ་ཡིན། གསོ་བ་མ་ཡིན། སྐྱེས་བུ་མ་ཡིན། གང་ཟག་མ་ཡིན་ནོ། །སྒྱུ་མའི་རང་བཞིན་གང་ཡིན་པ་རྣམ་པར་ཤེས་པའི་རང་བཞིན་ཡང་དེ་ཡིན་ཏེ། གང་འདི་ལ་མཁས་པ་དེ་ནི་བྱང་ཆུབ་སེམས་དཔའི་ ཕུང་པོ་ལ་མཁས་པ་ཞེས་བྱའོ། །ཕུང་པོ་རྣམས་ནི་རྨི་ལམ་ལྟ་བུ་སྟེ། རྨི་ལམ་ཡང་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། གསོ་བ་མ་ཡིན། སྐྱེས་བུ་མ་ཡིན། གང་ཟག་མ་ཡིན་ནོ། །རྨི་ལམ་གྱི་རང་བཞིན་ གང་ཡིན་པ་ཕུང་པོ་རྣམས་ཀྱི་རང་བཞིན་ཡང་དེ་ཡིན་ཏེ། གང་འདི་ལ་མཁས་པ་དེ་ནི། བྱང་ཆུབ་སེམས་དཔའི་ཕུང་པོ་ལ་མཁས་པ་ཞེས་བྱའོ། །ཕུང་པོ་རྣམས་ནི་བྲག་ཆ་ལྟ་བུ་སྟེ། བྲག་ཆ་ནི་བདག་མ་ཡིན། སེམས་ཅན་ མ་ཡིན། སྲོག་མ་ཡིན། གསོ་བ་མ་ཡིན། སྐྱེས་བུ་མ་ཡིན། གང་ཟག་མ་ཡིན་ནོ། །བྲག་ཆའི་རང་བཞིན་གང་ཡིན་པ་ཕུང་པོ་རྣམས་ཀྱི་རང་བཞིན་ཡང་དེ་ཡིན་ཏེ། གང་འདི་ལ་མཁས་པ་དེ་ནི། བྱང་ཆུབ་སེམས་དཔའི་ཕུང་ པོ་ལ་མཁས་པ་ཞེས་བྱའོ། །ཕུང་པོ་རྣམས་ནི་མིག་ཡོར་ལྟ་བུ་སྟེ། མིག་ཡོར་ཀྱང་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། གསོ་བ་མ་ཡིན། སྐྱེས་བུ་མ་ཡིན། གང་ཟག་མ་ཡིན་ནོ། །མིག་ཡོར་གྱི་རང་ བཞིན་གང་ཡིན་པ་ཕུང་པོ་རྣམས་ཀྱི་རང་བཞིན་ཡང་དེ་ཡིན་ཏེ། གང་འདི་ལ་མཁས་པ་འདི་ནི་བྱང་ཆུབ་སེམས་དཔའི་ཕུང་པོ་ལ་མཁས་པ་ཞེས་བྱའོ། །ཕུང་པོ་རྣམས་ནི་གཟུགས་བརྙན་ལྟ་བུ་སྟེ། གཟུགས་ 55-1-123b བརྙན་ནི་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། གསོ་བ་མ་ཡིན། སྐྱེས་བུ་མ་ཡིན། གང་ཟག་མ་ཡིན་ནོ། །གཟུགས་བརྙན་གྱི་རང་བཞིན་གང་ཡིན་པ་ཕུང་པོ་རྣམས་ཀྱི་རང་བཞིན་ཡང་དེ་ཡིན་ཏེ། གང་འདི་ལ་མཁས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཕུང་པོ་ལ་མཁས་པ་ཞེས་བྱའོ། །ཕུང་པོ་རྣམས་ནི་སྤྲུལ་པ་ལྟ་བུ་སྟེ། སྤྲུལ་པ་ནི་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། གསོ་བ་མ་ཡིན། སྐྱེས་ བུ་མ་ཡིན། གང་ཟག་མ་ཡིན་ནོ། །སྤྲུལ་པའི་རང་བཞིན་གང་ཡིན་པ་ཕུང་པོ་རྣམས་ཀྱི་རང་བཞིན་ཡང་དེ་ཡིན་ཏེ། གང་འདི་ལ་མཁས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཕུང་པོ་ལ་མཁས་པ་ཞེས་བྱའོ། །ཕུང་པོ་ཞེས་བྱ་བ་དེ་ནི་ ག་འཇིག་རྟེན་ཏེ། འཇིག་རྟེན་ཀྱང་འཇིག་པའི་མཚན་ཉིད་དོ། །འཇིག་རྟེན་གྱི་རང་བཞིན་གང་ཡིན་པ་དེ་རང་བཞིན་གྱིས་མི་རྟག་པའོ། །རང་བཞིན་གྱིས་སྡུག་བསྔལ་བའོ། །རང་བཞིན་གྱིས་སྟོང་པའོ། །རང་བཞིན་གྱིས་ བདག་མེད་པའོ། །རང་བཞིན་གྱིས་ཞི་བ་སྟེ། གང་འདི་ལ་མཁས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཕུང་པོ་ལ་མཁས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཁམས་ལ་མཁས་པ་གང་ཞེ་ན་གང་ཆོས་ཀྱི་དབྱིངས་ལ་ འཇུག་པའི་ཡེ་ཤེས་སོ། །ཆོས་ཀྱི་དབྱིངས་ནི་སའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་སྲ་བའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ཆུའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་རླན་པའི་མཚན་ཉིད་ནི་མ་ཡིན་ནོ། ། ཆོས་ཀྱི་དབྱིངས་མེའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་ཡོངས་སུ་སྨིན་པར་བྱེད་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་རླུང་གི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་གཡོ་བའི་མཚན་ཉིད་ནི་མ་ ཡིན་ནོ། །ཆོས་ཀྱི་དབྱིངས་མིག་གི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་ལྟ་བའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་རྣ་བའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་ཉན་པའི་མཚན་ཉིད་ནི་མ་ཡིན་ནོ། ། 55-1-124a ཆོས་ཀྱི་དབྱིངས་སྣའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་སྣོམ་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ལྕེའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་མྱོང་བར་བྱེད་པའི་མཚན་ཉིད་ནི་མ་ཡིན་ནོ། ། ཆོས་ཀྱི་དབྱིངས་ལུས་ཀྱི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་ནོམ་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ཡིད་ཀྱི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་རྣམ་པར་རིག་པའི་མཚན་ཉིད་ནི་མ་ ཡིན་ནོ། །ཆོས་ཀྱི་དབྱིངས་མིག་གི་རྣམ་པར་ཤེས་པའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་གཟུགས་སོ་སོར་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་རྣ་བའི་རྣམ་པར་ཤེས་པའི་ ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་སྒྲ་སོ་སོར་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་སྣའི་རྣམ་པར་ཤེས་པའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་དྲི་སོ་སོར་རྣམ་པར་རིག་ པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ལྕེའི་རྣམ་པར་ཤེས་པའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་རོ་སོ་སོར་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ལུས་ཀྱི་རྣམ་པར་ ཤེས་པའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་རེག་བྱ་སོ་སོར་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་ཆོས་ སོ་སོར་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་གཟུགས་ཀྱི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་མིག་གི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ། ། ཆོས་ཀྱི་དབྱིངས་སྒྲའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་རྣ་བའི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་དྲིའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་སྣའི་རྣམ་པར་ཤེས་ 55-1-124b པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་རོའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་ལྕེའི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་ དབྱིངས་རེག་བྱའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་ལུས་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ཆོས་ཀྱི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་ཡིད་ཀྱི་ རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་གཟུགས་ཀྱི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་གཟུགས་སུ་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ སྒྲའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་སྒྲར་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་དྲིའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་དྲིར་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་ དབྱིངས་རོའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་རོར་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་རེག་བྱའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་རེག་བྱར་རྣམ་པར་རིག་པའི་མཚན་ཉིད་ ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ཆོས་ཀྱི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིང་ཆོས་སུ་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་དང་། བདག་གི་ཁམས་དེ་ནི་མཚུངས་སོ། །ཆོས་ཀྱི་དབྱིངས་དང་། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དེ་ནི་མཚུངས་སོ། །ཆོས་ཀྱི་དབྱིངས་དང་། འཁོར་བའི་ཁམས་དང་། མྱ་ངན་ལས་འདས་པའི་དབྱིངས་དེ་ནི་མཚུངས་སོ། །ཆོས་ཀྱི་དབྱིངས་ དང་། སེམས་ཅན་གྱི་ཁམས་དང་། ནམ་མཁའི་ཁམས་དང་། ཆོས་ཐམས་ཅད་ཀྱི་ཁམས་དེ་ནི་མཚུངས་སོ། །དེ་ཅིའི་ཕྱིར་དེ་མཚུངས་ཤེ་ན། སྟོང་པ་ཉིད་དུ་མཚུངས་པས་ན་དེ་ནི་མཚུངས་སོ། །མཚན་མ་མེད་པར་ 55-1-125a མཚུངས་པ་དང་། སྨོན་པ་མེད་པར་མཚུངས་པ་དང་། མངོན་པར་འདུ་མི་བྱེད་པར་མཚུངས་པ་དང་། སྐྱེ་བ་མེད་པར་མཚུངས་པ་དང་། འབྱུང་བ་མེད་པར་མཚུངས་པ་དང་། དངོས་པོ་མེད་པར་མཚུངས་པ་དང་། ཆོས་ཐམས་ཅད་ཐ་དད་པ་མེད་པར་མཚུངས་པ་དང་། སྒྲིབ་པ་མེད་པར་མཚུངས་པ་དང་། ནམ་མཁའི་ཁམས་སུ་མཚུངས་པ་དང་། མྱ་ངན་ལས་འདས་པའི་དབྱིངས་སུ་མཚུངས་པ་དང་། དེ་དག་མཚུངས་ པའོ། །འདུས་བྱས་ཀྱི་ཁམས་ལ་འཇུག་པ་དང་། འདུས་མ་བྱས་ཀྱི་ཁམས་ལ་འཇུག་པ་ཚད་མེད་དེ། གང་བསྟན་པ་དེ་ལ་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱི་སྒོ་ནས་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའི་ཁམས་ ལ་མཁས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པ་གང་ཞེ་ན། ཆོས་ཀྱི་སྐྱེ་མཆེད་ལ་འཇུག་པའི་ཡེ་ཤེས་ཏེ། ཆོས་ཀྱི་སྐྱེ་མཆེད་ནི་མིག་གི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་ སྐྱེ་མཆེད་ལྟ་བའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་སྐྱེ་མཆེད་རྣ་བའི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་མཆེད་ཉན་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་སྐྱེ་མཆེད་སྣའི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་ མཆེད་མནོམ་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་སྐྱེ་མཆེད་ལྕེའི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་མཆེད་མྱང་བའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་སྐྱེ་མཆེད་ལུས་ཀྱི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་ མཆེད་ནོམ་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་སྐྱེ་མཆེད་ཡིད་ཀྱི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་མཆེད་ཆོས་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་སྐྱེ་མཆེད་གཟུགས་ཀྱི་སྐྱེ་མཆེད་ཡིན་ མོད་ཀྱི། ཆོས་ཀྱི་སྐྱེ་མཆེད་མིག་གི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་སྐྱེ་མཆེད་སྒྲའི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་མཆེད་རྣ་བའི་རྣམ་པར་ཤེས་པ་ 55-1-125b པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་སྐྱེ་མཆེད་དྲིའི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་མཆེད་སྣའི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ། ། ཆོས་ཀྱི་སྐྱེ་མཆེད་རོའི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་མཆེད་ལྕེའི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་སྐྱེ་མཆེད་རེག་བྱའི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་མཆེད་ལུས་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་སྐྱེ་མཆེད་ཆོས་ཀྱི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་མཆེད་ཡིད་ཀྱི་རྣམ་པར་ཤེས་པས་ རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པ་ཞེས་བྱའོ། །གཞན་ཡང་སྐྱེ་མཆེད་ལ་མཁས་པ་ནི། མིག་གི་སྐྱེ་མཆེད་ནི། བདག་དང་བདག་གིས་སྟོང་ངོ་། དེ་བཞིན་དུ་རྣ་བའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད། ཀྱང་བདག་དང་བདག་གིས་སྟོང་ངོ་། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། མིག་ནི་བདག་དང་། བདག་གིས་སྟོང་སྟེ། འདི་ནི་དེའི་རང་བཞིན་ནོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་བདག་དང་། བདག་གིས་སྟོང་སྟེ། འདི་ནི་དེའི་རང་བཞིན་ནོ། །དེ་བཞིན་དུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་རྣམས་ནི་བདག་དང་། བདག་གིས་སྟོང་སྟེ། འདི་ནི་དེའི་རང་བཞིན་ ནོ་ཞེས་གསུངས་པའོ། །འདི་ལྟར་གང་སྐྱེ་མཆེད་རྣམས་འབྲི་བར་མི་བྱེད་ཅིང་། དགེ་བའི་ཆོས་ཀྱང་མི་སོགས། མི་དགེ་བའི་ཆོས་ཀྱང་འབྲི་བར་མི་བྱེད་ལ། དགེ་བ་དང་། མི་དགེ་བ་ལ་འདུ་ཤེས་གཉིས་སུ་མི་འགྱུར་བ་འདི་ནི། 55-1-126a བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པའོ། །མིག་གི་སྐྱེ་མཆེད་ཀྱི་འདོད་ཆགས་ཀྱི་གནས་དང་། རྟེན་ནི་གཟུགས་ཀྱི་སྐྱེ་མཆེད་དེ། གང་མིག་གཟུགས་ལ་འདོད་ཆགས་དང་བྲལ་བར་མཐོང་ལ་ འདོད་ཆགས་དང་བྲལ་བའི་ཆོས་ཀྱང་མངོན་སུམ་དུ་མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པ་ཞེས་བྱའོ། །དེ་བཞིན་དུ་རྣ་བའི་སྐྱེ་མཆེད་ཀྱི་སྒྲའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་ཀྱི་དྲིའི་སྐྱེ་ མཆེད་དང་། ལྕེའི་སྐྱེ་མཆེད་ཀྱི་རོའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་ཀྱི་རེག་བྱའི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་ཀྱི་འདོད་ཆགས་གནས་དང་། རྟེན་ནི་ཆོས་ཀྱི་སྐྱེ་མཆེད་དེ། གང་ཡིད་ཆོས་ལས་འདོད་ཆགས་དང་བྲལ་ བར་མཐོང་ལ། འདོད་ཆགས་དང་བྲལ་བའི་ཆོས་ཀྱང་མངོན་སུམ་དུ་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པ་ཞེས་བྱའོ། །སྐྱེ་མཆེད་ཅེས་བྱ་བ་ནི། འཕགས་པའི་སྐྱེ་མཆེད་དང་། འཕགས་པ་མ་ཡིན་པའི་སྐྱེ་མཆེད་དོ། །དེ་ལ་འཕགས་པའི་སྐྱེ་མཆེད་ནི་གང་ལམ་ཡང་དག་པར་བསྒྲུབ་པའོ། །འཕགས་པ་མ་ཡིན་པའི་སྐྱེ་མཆེད་ནི་གང་ལམ་དང་མི་འཐུན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ལམ་ ལ་གནས་ནས་ལམ་དང་མི་འཐུན་པ་ལ་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེད་ཅིང་། ལམ་གྱི་སྐྱེ་མཆེད་ཀྱང་མི་འདོར་བ་འདི་ནི་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པ་ཞེས་བྱའོ། །དེ་ལ་བྱང་ ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་གང་ཞེ་ན། འཇུག་པ་བཞི་ནི། བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཡིན་ཏེ། འཇུག་པ་བཞི་གང་ཞེ་ན། གང་འདི་སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་ པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པའོ། །དེ་ལ་སྡུག་བསྔལ་ཤེས་པ་ཞེས་བྱ་བ་ནི་གང་ཕུང་པོ་རྣམས་ནི་མི་སྐྱེ་བར་ཤེས་པའོ། །ཀུན་འབྱུང་བ་ཤེས་པ་ཞེས་བྱ་བ་ནི། གང་སྲེད་པ་ལེགས་པར་འཇོམས་ 55-1-126b པའི་ཤེས་པའོ། །འགོག་པ་ཤེས་པ་ཞེས་བྱ་བ་ནི་མ་རིག་པ་དང་། བག་ལ་ཉལ་བ་རྣམས་མི་འབྱུང་བའོ། །ལམ་ཤེས་པ་ཞེས་བྱ་བ་ནི་མཉམ་པ་ཉིད་དུ་གྱུར་པའི་ཆོས་ཐམས་ཅད་ལ་སྒྲོ་མི་འདོགས་པ་སྟེ། དེ་ནི་བྱང་ ཆུབ་སེམས་དཔའི་བདེན་པ་ཤེས་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་འཕགས་པའི་བདེན་པ་བཞི་པོ་དེ་དག་ལ་དེ་ལྟ་བུས་ཤེས་རབ་དང་ཡེ་ཤེས་ཀྱིས་རབ་ཏུ་ཤེས་ཀྱང་སེམས་ཅན་ལ་བལྟ་བའི་ཕྱིར་ མངོན་སུམ་དུ་མི་བྱེད་ཅིང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའི་བདེན་པ་རྣམ་པ་གསུམ་སྟེ། གསུམ་གང་ཞེ་ན། གང་འདི་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་དང་། མཚན་ཉིད་ཀྱི་བདེན་པའི། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། འཇིག་རྟེན་གྱི་ཐ་སྙད་དང་། ཡི་གེ་དང་། སྒྲ་དང་། བརྡས་བསྟན་པ་ ཇི་སྙེད་པའོ། །དོན་དམ་པའི་བདེན་པ་ནི། གང་ལ་སེམས་ཀྱི་རྒྱུ་བ་མེད་པ་སྟེ། ཡི་གེ་ལྟ་ཅི་སྨོས། མཚན་ཉིད་ཀྱི་བདེན་པ་ནི། གང་འདི་མཚན་ཉིད་ཐམས་ཅད་མཚན་ཉིད་གཅིག་པ་སྟེ། མཚན་ཉིད་གཅིག་པོ་ཡང་མཚན་ ཉིད་མེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཀུན་རྫོབ་ཀྱི་བདེན་པ་བསྟན་པས་ཀྱང་ཡོངས་སུ་མི་སྐྱོ། དོན་དམ་པའི་བདེན་པ་མངོན་སུམ་དུ་བྱེད་པར་ཡང་མི་ལྟུང་། མཚན་ཉིད་ཀྱི་བདེན་པས། བདེན་པ་གཅིག་ཏུ་རྟོགས་ཀྱང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་བདེན་པ་རྣམ་པ་གཉིས་ཏེ། རྣམ་པ་གཉིས་པོ་གང་ཞེ་ན། གང་འདི་ཐ་སྙད་ཀྱི་བདེན་ པ་དང་། དོན་དམ་པའི་བདེན་པའོ། །དེ་ལ་ཐ་སྙད་ཀྱི་བདེན་པ་ནི། དུས་སུ་བདེན་པར་སྨྲ་བ་སྟེ་གང་འདི་སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་བའི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་དང་། འཇིག་རྟེན་ 55-1-127a གྱི་ཐ་སྙད་ཀྱི་བདེན་པ་དང་། ཡི་གེ་དང་། སྒྲ་དང་། བརྡས་བསྟན་པ་ཇི་སྙེད་པའོ། །དོན་དམ་པའི་བདེན་པ་གང་། འདི་བརྗོད་པ་མེད་པའི་ཆོས་ཅན། མྱ་ངན་ལས་འདས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རྟག་ཏུ་ཆོས་ཀྱི་དེ་ བཞིན་ཉིད་ཀྱི་ཕྱིར། དེའི་རིགས་ནི་རྟག་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་ཐ་སྙེད་ཀྱི་བདེན་པ་བསྟན་པས་ཀྱང་ཡོངས་སུ་མི་སྐྱོ། དོན་དམ་པའི་བདེན་པ་མངོན་སུམ་དུ་བྱེད་པར་ཡང་མི་ལྟུང་ལ་སེམས་ཅན་རྣམས་ ཀྱང་ཡོངས་སུ་སྨིན་པར་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའི། །གཞན་ཡང་བདེན་པ་ནི་གཅིག་སྟེ། གཉིས་སུ་མེད་དོ། །དེ་ལ་བདེན་པ་གཅིག་ནི་གང་འདི་ཆོས་ཐམས་ཅད་ལ་སྒྲོ་འདོགས་པ་ མེད་ཅིང་སྒྲོ་འདོགས་ལྷུང་བའི་སེམས་ཅན་རྣམས་ཀྱང་བདེན་པ་ལ་རབ་ཏུ་འཛུད་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྒྲོ་འདོགས་པའི་བདེན་པ་བསྟན་པས་ཀྱང་མི་སྐྱོ་ལ། སྒྲོ་འདོགས་པ་མེད་པའི་བདེན་པ་གཅིག་བསྟན་ པ་ཡང་མངོན་སུམ་དུ་མི་བྱེད་ཅིང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་ཕུང་པོ་ལྔ་ནི་སྡུག་བསྔལ་བ་སྟེ། གང་ཕུང་པོ་ལྔ་རྣམས་ བསྡུག་བསྔལ་གྱི་མཚན་ཉིད་འདི་ནི་སྡུག་བསྔལ་ཞེས་བྱའོ། །གང་གིས་སྡུག་བསྔལ་གྱི་མཚན་ཉིད་དེ་སྟོང་པར་རྟོགས་པ་འདི་ནི་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་པ་འཕགས་པའི་བདེན་པའོ། །གང་ཕུང་པོ་ལྔའི་ སྲིད་པའི་རྒྱུ་དང་། ལྟ་བའི་རྒྱུ་བག་ལ་ཉལ་བ་འདི་ནི། །ཀུན་འབྱུང་བ་ཞེས་བྱའོ། །གང་གིས་སྲེད་པའི་རྒྱུ་དང་། ལྟ་བའི་རྒྱུ་དེ་དག་མི་ལེན་པ་དང་། སྒྲོ་མི་འདོགས་པ་དང་། རེག་པར་མི་བྱེད་པ་འདི་ནི་ཀུན་འབྱུང་བ་ལ་ཀུན་ འབྱུང་བར་ཤེས་པ་འཕགས་པའི་བདེན་པ་ཞེས་བྱའོ། །གང་ཕུང་པོ་ལྔ་པོ་དག་ཤིན་ཏུ་ཟད་དེ་འགགས་ནས། སྔོན་གྱི་མཐར་མི་འབྱུང་བ་དང་། ཕྱི་མའི་མཐར་མི་འཕོ་བ་དང་། ད་ལྟར་བྱུང་བར་ཕྱིན་པ་མེད་པ་འདི་ནི་འགོག་ 55-1-127b པ་འཕགས་པའི་བདེན་པ་སྟེ། དེ་ལ་གང་གིས་དེ་ལྟར་ཤེས་པ་འདི་ནི། འགོག་པ་ལ་འགོག་པར་ཤེས་པ་འཕགས་པའི་བདེན་པ་ཞེས་བྱའོ། །ལམ་གང་ལ་བརྟེན་ཏེ་སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་ལ་རིག་ཅིང་གཉིས་སུ་མེད་པའི་ཡེ་ཤེས་སུ་འཇུག་པ་དེ་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱ་སྟེ། གང་འདི་ལ་སྟོང་པ་ཉིད་དུ་ཤེས་པ་འདི་ནི་ལམ་ལ་ལམ་དུ་ཤེས་ པ་འཕགས་པའི་བདེན་པ་ཞེས་བྱའོ། །གང་གིས་འཕགས་པའི་བདེན་པ་བཞི་པོ་འདི་དག་ལ་དེ་ལྟར་ཡེ་ཤེས་ཀྱིས་རྟོག་ཅིང་། བདེན་པའི་རྟོག་པས་མི་རྟོག་པ་འདི་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། ། གཞན་ཡང་ཚོར་བ་ཐམས་ཅད་སྡུག་བསྔལ་ཏེ་འདི་ནི་སྡུག་བསྔལ་ཞེས་བྱའོ། །ཚོར་བ་དེ་ལ་རྣམ་པར་འབྱེད་ཅིང་རིག་པར་ཤེས་པ་འདི་ནི་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་པ་འཕགས་པའི་བདེན་པ་ཞེས་བྱའོ། །ཚོར་བ་ དེ་རྒྱུ་གང་གིས་ཀུན་འབྱུང་བ་འདི་ནི་ཀུན་འབྱུང་བ་ཞེས་བྱ་སྟེ། གང་གིས་རྒྱུ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་འདི་ནི་ཀུན་འབྱུང་བ་ལ་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱའོ། །གང་ཚོར་བ་ཐམས་ཅད་རྒྱུན་ཆད་ དེ་ཚོར་བ་མེད་པ་ཡང་ཚོར་ཞིང་། ཚོར་བ་འགོག་པ་ལ་ཡང་རྟོག་ལ་སེམས་ཅན་ལ་ལྟ་བའི་ཕྱིར། ཚོར་བ་འགོག་པ་མངོན་སུམ་དུ་ཡང་མི་བྱེད་པ་འདི་ནི་འགོག་པ་ལ་འགོག་པར་ཤེས་པ་འཕགས་པའི་བདེན་པ་ཞེས་བྱའོ། ། ཚོར་བ་གང་གིས་བསྒྲུབས་པའི་ལམ་དེ་ནི་གཟིངས་ལྟ་བུ་སྟེ། གང་ཚོར་བ་འདོད་པ་དེ་ནི་ལམ་འདོད་པ་མ་ཡིན་ནོ། །འདི་ནི་ལམ་ལ་ལམ་དུ་ཤེས་པ་འཕགས་པའི་བདེན་པ་ཞེས་བྱའོ། །གང་དེ་ལྟར་བདེན་པ་བཞི་པོ་འཐང་འདི་ མཐོང་བ་དང་། རྣམ་པར་དག་པས་མཉམ་པར་རྟོག་པ་འདི་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་མདོར་ན་སྐྱེ་བ་ནི་སྡུག་བསྔལ་བ་སྟེ་འདི་ནི་སྡུག་བསྔལ་ཞེས་བྱའོ། །གང་མི་སྐྱེ་བ་ལ་རྟོག་པའི་ 55-1-128a ཤེས་པ་འདི་ནི་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་པ་འཕགས་པའི་བདེན་པ་ཞེས་བྱའོ། །སྲིད་པའི་རྐྱེན་གྱིས་སྐྱེ་བ་སྟེ་སྲིད་པ་གང་ཡིན་པ་དེ་ཀུན་འབྱུང་བའོ། །གང་སྲིད་པ་འཇིག་པ་ཤེས་པ་འདི་ནི་ཀུན་འབྱུང་བ་ལ་ ཀུན་འབྱུང་བར་ཤེས་པ་འཕགས་པའི་བདེན་པ་ཞེས་བྱའོ། །སྐྱེ་བ་ཐམས་ཅད་སྐྱེ་བ་མེད་པ་སྟེ་མི་སྐྱེ་བ་ནི་འགོག་པའོ། །གང་མ་སྐྱེས་པ་དེ་ལ་འགོག་པ་གང་ཡང་མེད་དེ། གང་འགོག་པ་མེད་པར་ཤེས་པ་འདི་ནི་ཟད་པའི་འགོག་ པ་འཕགས་པའི་བདེན་པ་ཞེས་བྱའོ། །གང་དེ་ལྟར་འགྲང་བ་དང་། འཇལ་བ་དང་། ཚོལ་བ་དང་། རྟོག་པ་དང་། འཇུག་པའི་ཤེས་པ་འདི་ནི་ལམ་ལ་ལམ་དུ་ཤེས་པ་འཕགས་པའི་བདེན་པ་ཞེས་བྱའོ། །གང་བདེན་པའི་ཤེས་པ་འདི་ ལ་འཇུག་ཅིང་། བདེན་པའི་ཤེས་པ་ལ་ཡང་མི་གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་གང་ཞེ་ན། འདི་ལྟ་སྟེ། ཚུལ་ བཞིན་མ་ཡིན་པ་ཀུན་འབྱུང་བ་ལས་མ་རིག་པ་ཀུན་འབྱུང་ངོ་། །མ་རིག་པ་ཀུན་འབྱུང་བ་ལས་འདུ་བྱེད་ཀུན་འབྱུང་ངོ་། །འདུ་བྱེད་ཀུན་འབྱུང་བ་ལས་རྣམ་པར་ཤེས་པ་ཀུན་འབྱུང་ངོ་། །རྣམ་པར་ཤེས་པ་ཀུན་འབྱུང་བ་ལས་མིང་ དང་གཟུགས་ཀུན་འབྱུང་ངོ་། །མིང་དང་གཟུགས་ཀུན་འབྱུང་བ་ལས་སྐྱེ་མཆེད་དྲུག་ཀུན་འབྱུང་ངོ་། །སྐྱེ་མཆེད་དྲུག་ཀུན་འབྱུང་བ་ལས་རེག་པ་ཀུན་འབྱུང་ངོ་། །རེག་པ་ཀུན་འབྱུང་བ་ལས་ཚོར་བ་ཀུན་འབྱུང་ངོ་། །ཚོར་བ་ཀུན་འབྱུང་བ་ལས་སྲེད་ པ་ཀུན་འབྱུང་ངོ་། །སྲེད་པ་ཀུན་འབྱུང་བ་ལས་ལེན་པ་ཀུན་འབྱུང་ངོ་། །ལེན་པ་ཀུན་འབྱུང་བ་ལས་སྲེད་པ་ཀུན་འབྱུང་ངོ་། །སྲིད་པ་ཀུན་འབྱུང་བ་ལས། སྐྱེ་བ་ཀུན་འབྱུང་ངོ་། །སྐྱེ་བ་ཀུན་འབྱུང་བ་ལས། །རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་འབྱུང་བར་འགྱུར་རོ། །གཡོ་མེད་པ། བྱེད་པ་མེད་པ། བདག་པོ་མེད་པ། 55-1-128b ཡོངས་སུ་འཛིན་པ་མེད་པའི་ཆོས་ཇི་ལྟར་གནས་པ་བཞིན་འབྱུང་སྟེ། གང་འདི་ལ་ཤེས་པ་འདི་ནི་བྱང་ཆུབ་སེམས་དཔའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་གང་དགེ་བའི་རྒྱུ་ལས་བྱུང་བ་འམ། མི་དགེ་བའི་ རྒྱུ་ལས་བྱུང་བ་འམ། མི་གཡོ་བའི་རྒྱུ་ལས་བྱུང་བ་འམ། འཁོར་བའི་རྒྱུ་ལས་བྱུང་བ་འམ། མྱ་ངན་ལས་འདས་པའི་རྒྱུ་ལས་བྱུང་བ་དེ་དག་ཐམས་ཅད། བྱང་ཆུབ་སེམས་དཔས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། སེམས་ཅན་གང་དབང་པོའི་རྒྱུ་ལས་འཇུག་པ་ཚད་མར་བྱེད་པ་དེ་ནི་དབང་པོའི་རྒྱུ་ལས་བྱུང་ཞིང་ལས་ཀྱི་རྒྱུ་ལས་བྱུང་བ་སྟེ། འབྲས་བུའི་རྒྱུ་ལས་འགྲུབ་པར་བྱེད་དོ་ཞེས་ཟིན་པ་དང་། མ་ཟིན་པའི་ཆོས་རྣམས་ལ། གང་དེ་ལྟར་རྒྱུ་ཀུན་ འབྱུང་བ་ལས་སྐྱེ་བ་ལ་མཁས་པ་འདི་ནི་བྱང་ཆུབ་སེམས་དཔའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ནི་ཚུལ་བཞིན་མ་ཡིན་པ་འགགས་པས་མ་རིག་ པ་འགག །མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས། རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས། མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས། སྐྱེ་མཆེད་དྲུག་ འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས། ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་ པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཀྱང་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་ གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འགག་པར་འགྱུར་རོ། །གཡོ་བ་མེད་པ། བྱེད་པ་མེད་པ། བདག་པོ་མེད་པ། ཡོངས་སུ་འཛིན་པ་མེད་པའི་ཆོས་ཇི་ལྟར་གནས་པ་བཞིན་དུ་འགོག་པར་འགྱུར་རོ། །གང་འདི་ལ་མཁས་པ་ 55-1-129a འདི་ནི་བྱང་ཆུབ་སེམས་དཔའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་ཆོས་ཐམས་ཅད་ནི་རྒྱུ་ལ་རག་ལུས་པའོ། །རྐྱེན་ལ་རག་ལུས་པའོ། །ཚོགས་པ་ལ་རག་ལུས་པའོ། །ཆོས་ གང་རྒྱུ་དང་། རྐྱེན་དང་། ཚོགས་པ་ལ་རག་ལུས་པ་དེ་བདག་ལ་རག་མ་ལུས་པའོ། །སེམས་ཅན་ལ་རག་མ་ལུས་པའོ། །སྲོག་ལ་རག་མ་ལུས་པའོ། །གང་ཟག་ལ་རག་མ་ལུས་པའོ། །གང་བདག་ལ་རག་མ་ལུས་པ་དང་། སེམས་ཅན་ལ་རག་མ་ལུས་པ་དང་། སྲོག་ལ་རག་མ་ལུས་པ་དང་། གང་ཟག་ལ་རག་མ་ལུས་པ་འདི་ན་ཞེ་འམ། སྔ་མ་ན་ཞེ་འམ། གཞན་ན་ཞེས་བགྲང་བ་ཅི་ཡང་མེད་དེ། གང་དེ་ལྟར་རྟོག་པ་འདི་ནི་བྱང་ཆུབ་སེམས་དཔའི་ རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་གང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་རྐྱེན་ཐམས་ཅད་ཉེ་བར་གཞོག་ལ། རྐྱེན་དེ་དག་ཀྱང་ཟད་ཅིང་འགོག་པར་རྟོག་སྟེ། སེམས་ཅན་ལ་བལྟ་བའི་ཕྱིར་ ཟད་ཅིང་འགོག་པའི་ཡེ་ཤེས་སུ་ཡང་མི་འཇོག་པ་འདི་ནི་བྱང་ཆུབ་སེམས་དཔའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་དུས་གསུམ་ལ་མཁས་པ་གང་ཞེ་ན། གང་བདག་དང་། སེམས་ཅན་གཞན་གྱི་འདས་པའི་སེམས་དང་། སེམས་ལས་བྱུང་བ། དགེ་བ་དང་། མི་དགེ་བ་རྣམས་རྗེས་སུ་དྲན་པ་སྟེ། མི་དགེ་བའི་སེམས་དང་། སེམས་ལས་བྱུང་བ་རྣམས་དྲན་ནས་ཀྱང་། རྣམ་པར་སྨོད་པ་དང་། དགེ་བའི་སེམས་དང་། སེམས་ལས་བྱུང་བ་རྣམས་དྲན་ནས་ཀྱང་། བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་འདི་ནི་འདས་པ་ལ་མཁས་པའོ། །གང་མ་འོངས་པའི་སེམས་དང་། སེམས་ལས་བྱུང་བ། དགེ་བའི་རྩ་བའི་ཚོགས་ལ་ ངེས་པར་སེམས་ཤིང་། བྱང་ཆུབ་མངོན་དུ་འགྱུར་བའི་ལས་སེམས་ཏེ། བདག་གི་དགེ་བའི་སེམས་བསྐྱེད་པ་གང་དག་སྐྱེ་བར་འགྱུར་བ་དེ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་ 55-1-129b བྱའོ། །མི་དགེ་བའི་སེམས་དང་། སེམས་ལས་བྱུང་བ་རྣམས་ཀྱི་སྐབས་ནི་མི་དགེ་ཞེས་གང་དེ་ལྟ་བུར་སེམས་ལ་སྒོ་བ་དེ་ནི་མ་འོངས་པ་ལ་མཁས་པའོ། །ད་ལྟར་བྱུང་བ་ལ་མཁས་པ་གང་ཞེ་ན། གང་ད་ལྟར་བྱུང་བའི་ སེམས་དང་། སེམས་ལས་བྱུང་བ་རྣམས་ཚུལ་བཞིན་སྦྱོར་བས། དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་དང་། མི་དགེ་བའི་སེམས་དང་། སེམས་ལས་བྱུང་བ་ཟློག་པ་དང་། དགེ་བའི་སེམས་དང་། སེམས་ལས་བྱུང་བ་རྣམས་བྱང་ ཆུབ་ཏུ་མངོན་དུ་བྱེད་པ་ནི་ད་ལྟར་བྱུང་བ་ལ་མཁས་པ་སྟེ། གང་འདི་དག་ལ་མཁས་པ་དེ་ནི་བྱང་ཆུབ་སེམས་དཔའི་དུས་གསུམ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་གང་འདས་པའི་དུས་ཀྱི་ཆོས་རྣམས་སྟོང་པར་མོས་པ་དང་། མ་འོངས་པའི་དུས་ཀྱི་ཆོས་རྣམས་སྟོང་པར་མོས་པ་དང་། ད་ལྟར་བྱུང་བའི་དུས་ཀྱི་ཆོས་རྣམས་སྟོང་པར་མོས་པ་སྟེ། དེ་ལྟར་ཤེས་རབ་དང་ཡེ་ཤེས་ཀྱི་དུས་སྟོང་པ་ཉིད་དུ་ཡང་ཏོག་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་ བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཐབས་ཀྱི་ཡེ་ཤེས་ཀྱིས་ཡི་རང་བར་ཡང་བྱེད་དེ། གང་འདི་ལ་མཁས་པ་དེ་ནི་བྱང་ཆུབ་སེམས་དཔའི་དུས་གསུམ་ལ་མཁས་པ་ཞེས་ བྱའོ། །གཞན་ཡང་འདས་པའི་དུས་ན་ཟད་པའི་ཆོས་རྣམས་ཕྱི་མའི་མཐར་འཕོས་པར་མི་ལྟ་ཞིང་དགེ་བའི་མངོན་པར་འདུ་བྱེད་པ་ལ་བརྩོན་འགྲུས་ཀྱང་མི་གཏོང་སྟེ་མི་དགེ་བའི་འདུ་མི་བྱེད་པ་དང་། གང་མ་འོངས་པའི་ དུས་ཀྱི་ཆོས་རྣམས་མི་སྐྱོ་མི་འབྱུང་བར་རྟོག་ཅིང་བྱང་ཆུབ་ཏུ་བསྔོ་བའི་བརྩོན་འགྲུས་མི་འདོར་བ་དང་། ད་ལྟར་བྱུང་བའི་དུས་ན་ཆོས་རྣམས་འདུག་པ་མེད་ཅིང་མི་གནས་པར་རྟོགས་ཏེ། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་ པ་རབ་ཏུ་བརྟན་པ་ནི་བྱང་ཆུབ་ཀྱི་སེམས་ཀྱང་མི་བརྗེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་དུས་གསུམ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་གང་འདས་པ་དེ་ནི་ཟད་པའོ། །མ་འོངས་པ་དེ་ནི་མ་ཕྱིན་པའོ། །ད་ལྟར་བྱུང་བ་དེ་ནི་ 55-1-130a གནས་པ་མེད་པའོ། །གང་དེ་ལྟར་སེམས་དང་སེམས་ལས་བྱུང་བ་སྐྱེས་པ་དང་། ཞིག་པ་དང་། ཞུ་བ་དང་། ས་ལ་རྟོག་ཅིང་བྱང་ཆུབ་སྒྲུབ་པའི་དགེ་བའི་རྩ་བ་རྣམས་ཀྱང་ཡང་དག་པར་སྒྲུབ་པ་འདི་ནི་བྱང་ཆུབ་སེམས་ དཔའི་དུས་གསུམ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་གང་མངོན་པར་ཤེས་པ་ལ་མཁས་པས་འདས་པའི་དུས་རྗེས་སུ་དྲན་ཏེ། སྔོན་དགེ་བའི་རྩ་བ་བསྐྱེད་པ་རྣམས་རྗེས་སུ་དྲན་ནས་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་དང་། གང་མ་འོངས་པའི་དུས་ན་དགེ་བའི་སེམས་བསྐྱེད་པ་རྣམས་རབ་ཏུ་ཤེས་པ་དང་དེ་ལ་སྨོན་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། གང་ད་ལྟར་བྱུང་བའི་དུས་ན་དགེ་བའི་རྩ་བ་སྐྱེས་ཤིང་བྱུང་བ་རྣམས་ཡིད་ལ་བྱེད་ཅིང་གནས་པར་ བྱེད་དེ། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི་དུས་གསུམ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་གང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདས་པའི་བསོད་ནམས་ཀྱི་ཚོགས་དྲན་ནས་སེམས་ཅན་གང་དག་ མཉེས་པར་བྱ་བས་ཡོངས་སུ་སྨིན་པར་བྱ་བ་དེ་དག་ཐམས་ཅད་དེ་བཞིན་དུ་ཡོངས་སུ་སྨིན་པར་བྱེད། ད་ལྟར་བྱུང་བའི་སེམས་ཅན་གང་དག་ཆོས་བསྟན་པའམ། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་ཡོངས་སུ་སྨིན་པར་བྱ་བ་དེ་དག་ ཐམས་ཅད་ཀྱང་དེ་བཞིན་དུ་ཡོངས་སུ་སྨིན་པར་བྱེད་དེ། གང་དུས་གསུམ་འདི་དག་ལ་བདག་གི་དོན་དང་། གཞན་གྱི་དོན་དང་། བྱང་ཆུབ་ཀྱི་དོན་དེ་དག་མ་ཆགས་པས་ཡོངས་སུ་རྫོགས་པར་བྱེད་པ་འདི་ནི། བྱང་ཆུབ་སེམས་ དཔའི་དུས་གསུམ་ལ་མཁས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ཐམས་ཅད་ལ་མཁས་པ་གང་ཞེ་ན། གསུམ་པོ་འདི་དག་ནི་ཐེག་པ་སྟེ་ངེས་པར་འབྱིན་པའོ། །གསུམ་པོ་གང་ཞེ་ན། འདི་ལྟ་སྟེ། ཉན་ ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོའོ། །གཞན་ཡང་ཐེག་པ་གཉིས་ཏེ། གཉིས་གང་ཞེ་ན། ལྷའི་ཐེག་པ་དང་། མིའི་ཐེག་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་མཁས་པ་གང་ 55-1-130b ཞེ་ན། སངས་རྒྱས་བྱུང་བ་མེད་པས་ཉན་ཐོས་ཀྱི་ཐེག་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་རྣམས་ཀྱི་ཡང་དག་པར་ལྟ་བ་ནི་ཕ་རོལ་གྱི་སྒྲའི་རྗེས་སུ་འགྲོ་བའོ། །དེ་ལ་ཉན་པ་ནི་གང་འདི་ཚུལ་ཁྲིམས་སྡོམ་ པ་སྟེ། ཇི་ལྟར་བསླབ་པ་བཅས་པའི་རྗེས་སུ་འཇུག་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་འགྱུར་ཏེ། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་ནས་ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་ནས་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པ་དང་། ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་ནས་རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པ་དང་། རྣམ་པར་ གྲོལ་བའི་ཕུང་པོ་ཡོངས་སུ་རྫོགས་ནས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པ་སྟེ། གང་འདི་ལ་མཁས་པ་འདི་ནི་ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་ ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ་ནི་གང་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱེད་རྣམས་ལ་རྣམ་པར་སྨོད་པ་དང་། ཁམས་གསུམ་པ་ཐམས་ཅད་ལ་ཡིད་བྱུང་ཞིང་འདོད་ཆགས་དང་བྲལ་ བ་དང་། འདུ་བྱེད་ཐམས་ཅད་ལ་མི་རྟག་པ་དང་། སྡུག་བསྔལ་བར་རྟོག་པ་དང་། ཆོས་ཐམས་ཅད་ལ་བདག་མེད་པར་རྟོག་པ་དང་། མྱ་ངན་ལས་འདས་པ་ཞི་བ་ལ་མངོན་པར་དགའ་བ་དང་། སྐད་ཅིག་ཀྱང་སྲིད་པར་སྐྱེ་བར་མི་ མི་འདོད་པ་དང་། རྟག་ཏུ་འཇིག་པར་ལྟ་བ་དང་། རྟག་ཏུ་ཡིད་མི་རྟོན་པ་དང་། ཕུང་པོ་རྣམས་ལ་གསོད་པར་འདུ་ཤེས་པ་དང་། ཁམས་རྣམས་ལ་སྦྲུལ་གདུག་པ་ལྟ་བུར་རྟོག་པའི་འདུ་ཤེས་དང་། སྐྱེ་མཆེད་རྣམས་ལ་གྲོང་ སྟོང་ལྟ་བུར་འདུ་ཤེས་པ་དང་། སྐྱེ་བའི་གནས་ཐམས་ཅད་ལ་མི་སྨོན་པའི་འདུ་ཤེས་དང་། མྱ་ངན་ལས་འདས་པ་ལ་གནས་དང་སྐྱབས་སུ་འདུ་ཤེས་པ་དང་། གང་འདི་ལྟར་སྟོན་པ་འདི་ནི་བྱང་ཆུབ་སེམས་དཔའི་ཉན་ 55-1-131a ཐོས་ཀྱི་ཐེག་པ་ལ་མཁས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་རང་སངས་རྒྱས་ཀྱི་ཐེག་པ་ལ་མཁས་པ་གང་ཞེ་ན། རྣམ་པ་གང་རྐྱེན་གང་གིས་རང་སངས་རྒྱས་རྣམས་ངེས་པར་འབྱུང་བར་འགྱུར་བའི་རྣམ་ པ་དེ་དག་དང་རྐྱེན་དེ་དག་བྱང་ཆུབ་སེམས་དཔས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་དག་གང་ཞེ་ན། འདི་ལྟ་སྟེ། འདུན་པ་དང་། བརྩོན་འགྲུས་དང་། བག་ཡོད་པ་ཆེན་པོས་ཉན་ཐོས་ཀྱི་ལྟ་བུ་མ་ཡིན་པའི་ སྦྱིན་པའི་བསོད་ནམས་ཀྱི་ཚོགས་སོགས་པ་དང་། ཚུལ་ཁྲིམས་ཀྱི་བསོད་ནམས་ཀྱི་ཚོགས་སོགས་པ་དང་། ཐོས་པ་ཉུང་བ་ལ་ཆོས་ཀྱི་ནན་ཏན་བྱེད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་དང་བསྙེན་ བཀུར་བྱེད་པ་ལ་ཡང་ཞུམ་པ་མེད་པ་དང་། དབང་པོ་བར་མ་དང་། རྟག་ཏུ་རབ་ཏུ་འབྱུང་བ་ལ་གཞོལ་བ་དང་། དོན་ཉུང་བ་དང་། བྱེད་པ་ཉུང་བ་དང་། འདུ་འཛི་ལ་མི་དགའ་ཞིང་དབེན་པ་ལ་དགའ་བ་དང་། རབ་ཏུ་དབེན་པར་གནས་ མལ་འཆའ་བ་དང་། བསྙེན་པར་དགའ་བ་དང་། མཐུ་ཆེ་བ་དང་། སྦྱིན་པའི་གནས་ཀྱི་ས་ལ་མངོན་པར་དགའ་བ་དང་། རྒྱུན་མི་འཆད་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ལྟ་བ་དང་། ངེས་པར་འབྱུང་བའི་དབྱིངས་གཅིག་ ལ་རྟོག་པ་དང་། རང་བྱུང་གི་ཡེ་ཤེས་ཀྱིས་རབ་ཏུ་རྒལ་བ་དང་། དམིགས་པ་ལ་འཇུག་པ་འཐོབ་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་རྒྱུན་མ་ཆད་པ་དང་། གཞན་གྱི་དྲིང་ལ་མི་འཇོག་པའི་ཡེ་ཤེས་སྐྱེད་པ་དང་། དམིགས་པ་གང་ཡང་རུང་བ་ལ་རྐྱེན་གྱི་ཡེ་ཤེས་རྟོགས་པ་སྟེ། གང་དེ་ལྟར་འཆད་པ་དང་། སྟོན་པ་དང་། རབ་ཏུ་སྟོན་པ་འདི་ནི་བྱང་ཆུབ་སེམས་དཔའི་རང་སངས་ ས་ཀྱི་ཐེག་པ་ལ་མཁས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ལ་མཁས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ལ་མཁས་པ་ནི་དཔག་ཏུ་མེད་དེ། དེ་ལས་ཕྱོགས་ཙམ་ཞིག་ 55-1-131b བསྟན་ཏོ། །ཐེག་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་གོ་སྐབས་འབྱེད་པས་ན་དཔག་ཏུ་མེད་པའོ། །ཐེག་པ་དེ་ནི་ཆགས་པ་མེད་པའི་ཡེ་ཤེས་ལ་བཏང་བ་སྟེ་སྒྲིབ་པ་མེད་པའོ། །ཐེག་པ་དེ་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་ བ་སྟེ། བསོད་ནམས་ཀྱི་ཚོགས་དང་། དགེ་བའི་རྩ་བ་ཐམས་ཅད་བསགས་པའོ། །ཐེག་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་ལས་སུ་རུང་བའི་ཕྱིར་ཕ་རོལ་དུ་ཕྱིན་པ་ཐམས་ཅད་ཡོངས་སུ་སྦྱང་བ་བྱས་པའོ། །ཐེག་པ་ དེ་ནི་ཐོགས་པ་མེད་པར་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚོགས་ཉམས་སུ་ལེན་པར་བྱེད་པའོ། །ཐེག་པ་དེ་ནི་སེམས་ཅན་ཐམས་ཅད་སྦྱིན་པའི་གནས་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཐོགས་ པ་མེད་པའི་འོད་ཟེར་མཉམ་པར་གཏོང་བའོ། །ཐེག་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་གྱུར་པའི་ཕྱིར་ལམ་ངན་པའི་འཇིགས་པ་ཐམས་ཅད་ལས་འདས་པའོ། །ཐེག་པ་དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ ཐམས་ཅད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱལ་མཚན་དང་བ་དན་བསྒྲེང་བ་སྟེ། བདུད་དང་ཕས་ཀྱི་རྒོལ་བ་དང་ངན་པའི་ཚོགས་ཅན་གྱི་ཚོགས་ཐམས་ཅད་རབ་ཏུ་འཇོམས་པའོ། །ཐེག་པ་དེ་ནི་སངས་རྒྱས་ཀྱི་ ཐེག་པ་སྒྲིབ་པ་མེད་པར་གྱུར་པ་སྟེ། མཐའ་དང་མཐའ་མེད་པ་དང་། རྟག་པ་དང་། ཆད་པ་དང་། འབྱུང་བ་དང་། འཇིག་པ་དང་། ལྟ་བར་གྱུར་པ་ཐམས་ཅད་དང་། ཀུན་ནས་ལྡང་བ་དང་། སྒྲིབ་པ་དང་། ཆོད་པ་དང་། ཐེ་ཙོམ་དང་། འགྱོད་པ་སེལ་བའོ། །ཐེག་པ་དེ་ནི་ལྷག་པའི་བསམ་པ་དང་སྙིང་རྗེ་ཆེན་པོ་ཕྱེ་བས་ན་ཆོས་ཐམས་ཅད་ཕུན་སུམ་ཚོགས་པ། རིན་པོ་ཆེ་ཐམས་ཅད་དང་ལྡན་པ་ཕུན་སུམ་ཚོགས་པ་ཐམས་ཅད་རྙེད་པ། མི་སླུ་བའི་ལམ་དུ་འགྲོ་བ། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའོ། །ཐེག་པ་དེ་ནི་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པ་སྟེ། སྟོབས་བཅུ་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། མཚན་དང་དཔེ་བྱད་བཟང་པོ་དང་། 55-1-132a ལུས་དང་། ངག་དང་། སེམས་ཀྱི་རྒྱན་གྱིས་བརྒྱན་པ་སྟེ། གང་འདི་ལ་མཁས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ལ་མཁས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ ལ་མཁས་པ་གང་ཞེ་ན། ཆོས་ཐམས་ཅད་ཅེས་བྱ་བ་ནི་མདོར་ན་འདུས་བྱས་དང་། འདུས་མ་བྱས་སོ། །དེ་ལ་བྱང་ཆུབ་སེམས་དཔས་འདུས་བྱས་དང་། འདུས་མ་བྱས་ལ་མཁས་པར་བྱ་སྟེ། དེ་ལ་བྱང་ཆུབ་ སེམས་དཔའི་འདུས་བྱས་ལ་མཁས་པ་གང་ཞེ་ན། གང་དེ་དག་ལུས་ཀྱི་འདུ་བྱེད་དགེ་བ་དང་། ངག་གི་འདུ་བྱེད་དགེ་བ་དང་ཡིད་གྱི་འདུ་བྱེད་དགེ་བ་མངོན་པར་འདུས་བྱས་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི་བྱང་ཆུབ་སེམས་དཔའི་འདུས་བྱས་ལ་མཁས་པ་ཞེས་བྱའོ། །གང་ཡང་དགེ་བའི་ལུས་དང་། ངག་དང་། ཡིད་ཀྱི་འདུ་བྱེད་མངོན་པར་འདུས་བྱས་པ་དེ་ དག་ཐམས་ཅད་བྱང་ཆུབ་ལ་རྟོག་པས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་འདི་ནི་བྱང་ཆུབ་དེའི་འདུས་མ་བྱས་ལ་མཁས་པ་ཞེས་བྱའོ། །གཞན་ཡང་འདུས་བྱས་ལ་མཁས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་ པོ་དག་ཡང་དག་པར་སྒྲུབ་པ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་འདུས་བྱས་ལ་མཁས་པ་ཞེས་བྱའོ། །གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུས་མ་བྱས་ཀྱི་ཡེ་ཤེས་ཀྱིས་ཕ་རོལ་ཏུ་ ཕྱིན་པ་ལྔ་པོ་དག་ལ་མི་སྨོད་ཅིང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚོགས་དང་དགེ་བའི་རྩ་བ། བསགས་པའི་ཕྱིར་བྱང་ཆུབ་སེམས་དཔའི་རྣམ་པར་གྲོལ་བ་ཟག་པ་མེད་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་ 55-1-132b ཡོངས་སུ་བསྔོ་བ་འདི་ནི་དེའི་འདུས་མ་བྱས་ལ་མཁས་པ་ཞེས་བྱའོ། །གཞན་ཡང་འདུས་བྱས་ལ་མཁས་པ་ནི་གང་སེམས་ཅན་ཐམས་ཅད་ལ་ཐོགས་པ་མེད་པའི་འོད་ཟེར་མཉམ་པར་གཏོང་བའི་ཕྱིར་བསྡུ་བའི་ དངོས་པོ་བཞིས་སེམས་ཅན་སྡུད་པ་འདི་ནི་བྱང་ཆུབ་སེམས་དཔའི་འདུས་བྱས་ལ་མཁས་པའོ། །གང་ཡང་སེམས་ཅན་མེད་པ་དང་། བདག་མེད་པས་མི་འཛིན་མི་ལེན་མཆོག་ཏུ་འཛིན་པར་མི་བྱེད་ཅིང་། བསྡུ་བའི་དངོས་པོ་ལ་མཁས་པ་དེ་ཡང་འདུས་མ་བྱས་ལ་མོས་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་འདི་ནི་དེའི་འདུས་མ་བྱས་ལ་མཁས་པའོ། །གཞན་ཡང་འདུས་བྱས་ལ་མཁས་པ་ནི་གང་ འཁོར་བའི་རྒྱུན་གྱི་ཉོན་མོངས་པ་རྣམས་གཅོད་པ་དག་འཁོར་བའི་རྒྱུན་གྱི་དགེ་བའི་རྩ་བ་རྣམས་མི་གཅོད་པ་དང་། བྱང་ཆུབ་སྒྲུབ་པའི་ཀུན་དུ་སྦྱོར་བ་རྣམས་ཀྱི་རྒྱུན་འབྲེལ་བ་ཉི་ཚེ་བའི་ཀུན་དུ་སྦྱོར་བ་རྣམས་ཀུན་དུ་མི་ སྤྱད་པ་འདི་ནི་འདུས་བྱས་ལ་མཁས་པ་ཞེས་བྱའོ། །གང་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་ལ་འདྲིས་པར་བྱེད་པའི་ཡེ་ཤེས་རྟོག་པ་ལ་མཁས་པ་དང་། བྱང་ཆུབ་གཞན་ གྱི་དྲིང་ལ་མི་འཇོག་ཅིང་འདུས་མ་བྱས་ཀྱང་མངོན་སུམ་དུ་མི་བྱེད་པ་འདི་ནི་དེའི་འདུས་མ་བྱས་ལ་མཁས་པ་ཞེས་བྱའོ། །གཞན་ཡང་འདུས་མ་བྱས་ལ་མཁས་པ་ནི་གང་ཁམས་གསུམ་ཡང་སྤྱོད་ལ། ཁམས་གསུམ་ ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱིས་ཀྱང་མི་གོས་པ་འདི་ནི་དེའི་འདུས་མ་བྱས་ལ་མཁས་པ་ཞེས་བྱའོ། །གཞན་ཡང་ཁམས་གསུམ་ནས་ངེས་པར་འབྱུང་བའི་ཡེ་ཤེས་རབ་ཏུ་ཤེས་ཀྱང་ངེས་པར་འབྱུང་བའི་དབྱིངས་སུ་ ཡང་མི་ལྟུང་བ་འདི་ནི་དེའི་འདུས་མ་བྱས་ལ་མཁས་པའོ། །གང་ཆོས་ཐམས་ཅད་ལ་མཁས་པ་ཞེས་སྨྲས་པ་དེ་ནི་ཐམས་ཅད་མཁྱེན་པའི་ཚིག་བླ་དགས་སོ། །དེ་ཅིའི་ཕྱིར་ཞེ་ན། རྟག་ཏུ་དྲན་པ་དང་། བློ་གྲོས་དང་། ཤེས་ 55-1-133a རབ་ལ་མཁས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚད་མེད་ཅིང་མི་ཆགས་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ལ་མཁས་པ་ཞེས་བྱའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་མཁས་ པ་བརྒྱད་པོ་དེ་དག་གིས་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་མི་ཟད་པ་ཡིན་ནོ། །གཞན་ཡང་དགེ་བ་དང་མི་དགེ་བའི་ཆོས་རྣམས་རབ་ཏུ་ཤེས་པ་ནི་ཤེས་རབ་བོ། །ངེས་པར་འབྱེད་པའི་ཆ་དང་འཐུན་པའི་ཆོས་རྣམས་ ལ་རྟོག་པ་ནི་ཤེས་རབ་པོ། །འཕགས་པའི་ཆོས་མངོན་པར་གྱུར་པས་ན་ཤེས་རབ་ནི་ཚད་མར་གྱུར་པའོ། །ཤེས་རབ་ནི་ལྟ་བར་གྱུར་པ་དང་། ཀུན་ནས་ལྡང་བ་དང་། སྒྲིབ་པ་དང་། ཆོད་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་ བཞིན་དུ་རབ་ཏུ་རྟོགས་པའོ། །ཤེས་རབ་ནི་འདོད་པ་དང་། རེ་བ་དང་། སྨོན་པ་ཐམས་ཅད་ཀྱི་སྨོན་ལམ་དང་བྲལ་བའོ། །ཤེས་རབ་ནི་ཉོན་མོངས་པའི་ཡོངས་སུ་གདུང་བ་ཐམས་ཅད་འཇིལ་བས་ན་སིམ་པར་བྱེད་པའོ། །ཤེས་རབ་ ནི་ཆོས་ཀྱི་ཀུན་དགའ་ལ་དགའ་བའི་རྒྱུན་མ་ཆད་པས་ན་མཆོག་ཏུ་དགའ་བར་བྱེད་པའོ། །ཤེས་རབ་ནི་དོན་ཤེས་པ་མངོན་སུམ་དུ་གྱུར་པས་རྟོན་པའོ། །ཤེས་རབ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་པོ་དག་གི་ རྟེན་ཏོ། །ཤེས་རབ་ནི་ཐེག་པ་ཇི་ལྟ་བ་བཞིན་དུ་འབྲས་བུ་ཐོབ་པར་གྱུར་པས་ན་ཐོབ་པའི་མཚན་ཉིད་དོ། །ཤེས་རབ་ནི་རང་བཞིན་གྱིས་ཡེ་ཤེས་སྣང་བས་ན་རབ་ཏུ་ཤེས་པའི་མཚན་ཉིད་དོ། །ཤེས་རབ་ནི་ཆུ་བོ་ཐམས་ཅད་ལས་ སྒྲོལ་བས་ན་ཡང་དག་པར་རབ་ཏུ་སྒྲོལ་བའོ། །ཤེས་རབ་ནི་ཡང་དག་པར་སྐྱོན་མེད་པར་འདྲེན་པའོ། །ཤེས་རབ་ནི་དགེ་བའི་ཆོས་ཐམས་ཅད་རབ་ཏུ་སྡུད་པའོ། །ཤེས་རབ་ནི་སྔོན་གྱི་ཉོན་མོངས་པ་དང་བག་ལ་ཉལ་ཐམས་ཅད་དང་ བར་བྱེད་པའོ། །ཤེས་རབ་ནི་རྩེ་མོར་གྱུར་པའི་ཤེས་རབ་ཀྱི་མཆོག་གོ། །ཤེས་རབ་ནི་རང་བྱུང་གི་ཡེ་ཤེས་རྟོགས་པའི་ཕྱིར་གྱ་ནོམ་པའོ། །ཤེས་རབ་ནི་ཁམས་གསུམ་པ་ཐམས་ཅད་དང་མ་འདྲེས་པའི་ཕྱིར་རྒྱུ་དང་བྲལ་བའོ། ། 55-1-133b ཤེས་རབ་ནི་ཐབས་ཀུན་གྱིས་ཟིན་པའོ། །ཤེས་རབ་ནི་འཕགས་པ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བའོ། །ཤེས་རབ་ནི་མཚན་མ་དང་ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཚད་གཟུངས་དུ་མེད་པའོ། །ཤེས་རབ་ནི་ མ་རིག་པ་དང་གཏི་མུག་གི་མུན་པ་ཐམས་ཅད་དང་བྲལ་བས་ན་བག་མེད་པའི་གཉེན་པོའོ། །ཤེས་རབ་ནི་རྣལ་འབྱོར་སྤྱོད་པའི་ས་ལ་གནས་པ་ཐམས་ཅད་ཀྱི་སྦྱོར་བའོ། །ཤེས་རབ་ནི་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་ པ་རྣམས་ཀྱི་འདྲེན་པའོ། །ཤེས་རབ་ནི་མ་རིག་པ་དང་གཏི་མུག་གི་མུན་པ་དང་རབ་རིབ་ཀྱི་ལིང་ཏོག་སེལ་བར་བྱེད་པའི་སྣང་བར་བྱེད་པའོ། །ཤེས་རབ་ནི་མིག་ལ་ཇི་ལྟར་མོས་པ་རྣམས་ལ་མིག་ཐམས་ཅད་སྦྱིན་པར་བྱེད་པའོ། ། ཤེས་རབ་ནི་མིག་དང་གཟུགས་ཀྱི་ལམ་ལས་ཡང་དག་པར་འདས་པ་དང་། དེ་བཞིན་དུ་རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་དང་། ཡིད་དང་། ཆོས་ཀྱི་ལམ་ལས་ཡང་དག་པར་ འདས་པའི་ཕྱིར་གནས་མེད་པའོ། །ཤེས་རབ་ནི་བདེན་པ་ལས་ངེས་པར་འབྱུང་བས་དོན་དམ་པའོ། །ཤེས་རབ་ནི་ཤིན་དུ་དུལ་བ་རྣམས་ཀྱི་མི་འཁྲུགས་པའོ། །ཤེས་རབ་ནི་ཡེ་ཤེས་ཀྱི་སྒོ་རྣམས་ཀྱི་སྣང་བའོ། །ཤེས་ རབ་ནི་ཐམས་ཅད་དུ་རྒྱུ་བ་སྟེ་མི་ཟད་པའོ། །ཤེས་རབ་ནི་བརྟེན་པ་ལས་འཇུག་པ་མཐོང་བ་སྟེ་མི་འགལ་བའོ། །ཤེས་རབ་ནི་འཛིན་པ་དང་ཉོན་མོངས་པའི་བཅིངས་པ་ཐམས་ཅད་གཅོད་པའི་ཕྱིར་རྣམ་པར་ཐར་པའི་ལམ་མོ། ། ཤེས་རབ་ནི་ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པའོ། །ཤེས་རབ་ནི་འགྲོགས་པ་དང་། སྒྲིབ་པ་དང་། སྒྲིབ་པར་འགྱུར་བའི་ཆོས་ཐམས་ཅད་དང་ལྷན་ཅིག་མི་གནས་སོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཇི་ སྙེད་པར་ཤེས་རབ་དང་ཡེ་ཤེས་ཀྱི་ལས་ཀྱང་དེ་སྙེད་དོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་བག་ལ་ཉལ་ཇི་སྙེད་པར་ཤེས་རབ་ཀྱི་སྤྱོད་པའི་ཡེ་ཤེས་ཀྱང་དེ་སྙེད་དོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་སྒོ་ཇི་ 55-1-134a སྙེད་པར་ཤེས་རབ་ལ་འཇུག་པའི་སྒོ་འང་དེ་སྙེད་དོ། །ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཤེས་རབ་ཇི་སྙེད་པ་ཤེས་རབ་ཀྱི་གནས་དང་ རྟེན་ཀྱང་དེ་སྙེད་དོ། །དེ་ལ་བྱང་ཆུབ་སེམས་དཔས་བསླབ་པར་བྱའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་མི་ཟད་པ་སྟེ། ཤེས་རབ་མི་ཟད་པ་འདིས་བྱང་ཆུབ་སེམས་དཔའ་རྣམས་ཡེ་ཤེས་མི་ ཟད་པ་ཐོབ་པར་འགྱུར་རོ། །ཤེས་རབ་མི་ཟད་པ་བསྟན་པའི་ཆོས་ཀྱི་ལེའུ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་སྔོན་ཡོངས་སུ་སྦྱང་བ་བྱས་པ་སུམ་ཁྲི་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་བྱང་ ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཡང་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཐུག་པ་མེད་པའི་ཕྱིར་རོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ནི་ཐུག་པ་མེད་པར་ཤེས་པར་བྱ་སྟེ། དེ་དག་གི་བྱམས་པ་ཉེ་བར་སྒྲུབ་པ་ཡོངས་སུ་ཆད་པ་མེད་དོ། །འདི་ལྟར་སེམས་ཅན་གྱི་ཁམས་ཇི་ཙམ་པ་དེ་ཙམ་དུ་བྱང་ཆུབ་སེམས་ དཔའ་དེའི་བྱམས་པའི་སེམས་བསྐྱེད་པས་ཁྱབ་པར་བྱེད་དོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་འདིས་གར་ཡང་མ་ཁྱབ་པ་མེད་དོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་ངའི་བྱམས་པ་འདིས་གང་མ་ཁྱབ་པའི་སེམས་ཅན་དེ་གང་ཡང་མེད་དོ། །འདི་ལྟ་སྟེ་དཔེར་ན་སེམས་ཅན་གྱི་ཁམས་ནི་ཚད་མེད་དེ། དེ་ལ་ཟད་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བྱམས་ པ་བསྒོམ་པ་ཡང་ཚད་མེད་དེ། དེ་ལ་ཟད་པ་མེད་དོ། །འདི་ལྟར་ནམ་མཁའ་མི་ཟད་པས་ན་སེམས་དཔའ་ཅན་མི་ཟད་པའོ། །སེམས་ཅན་མི་ཟད་པས་ན་བྱམས་པ་མི་ཟད་དེ། དེའི་ཕྱིར་སྐྱེས་བུ་དམ་པ་དེ་དག་ 55-1-134b གི་བྱམས་པ་མི་ཟད་པ་ཞེས་བྱའོ། །དེ་སྐད་ཅེས་སྨྲས་པ་དང་། གནས་བརྟན་ཤཱ་ར་དྭ་ཏིའི་བུས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་སེམས་ཅན་གྱི་ཁམས་འདི་ ཇི་ཙམ། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ཇི་སྙེད་པ་དེ་བས་ཀྱང་སེམས་ཅན་གྱི་ཁམས་ཆེས་མང་ངོ་། །སྨྲས་པ། རིགས་ཀྱི་བུ་དཔེ་བྱ་བར་ནུས་སམ། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ནུས་མོད་ཀྱི་རྒྱུ་ཆུང་ངུས་ནི་མ་ཡིན་ནོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་ཤར་ཕྱོགས་ཀྱི་འཇིག་རྟེན་ གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་། དེ་བཞིན་དུ་ལྷོ་ཕྱོགས་དང་། དེ་བཞིན་དུ་ནུབ་ཕྱོགས་དང་། དེ་བཞིན་དུ་བྱང་ཕྱོགས་དང་། དེ་བཞིན་དུ་ཕྱོགས་བཅུ་ཀུན་ཏུ་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་ གང་གཱའི་ཀླུང་གི་བྱེ་མ་སྙེད་དེ་དག་ཐམས་ཅད་རྒྱ་མཚོ་ཆེན་པོ་ཆུས་ཡོངས་སུ་གང་བ་གཅིག་ཏུ་གྱུར་ལ། སེམས་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་འདུས་ཏེ་སྐྲའི་རྩེ་མོ་བརྒྱར་གཤེགས་པའི་ཆོས་དེ་ལས་ཆུ་ཐིགས་པ་གཅིག་ བླངས་ལ། དེ་བཞིན་དུ་གང་ན་ཡང་སེམས་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་འདུས་ཏེ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སྐྲའི་རྩེ་མོ་བརྒྱར་གཤེགས་པའི་ཆས་ཆུས་ཐིགས་པ་གཉིས་བླངས་ལ། མཚན་ མ་གཞག་པ་འདི་དང་བགྲང་བ་འདི་ལྟ་བུས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཅིང་སེམས་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གིས་སྐྲའི་རྩེ་མོ་བརྒྱར་གཤེགས་པའི་ཆས་ཆུའི་ཐིགས་པར་རེ་བླངས་པས་ཆུའི་ཕུང་ པོ་དེ་ཙམ་ཟད་པར་གྱུར་ཀྱང་སེམས་ཅན་གྱི་ཁམས་དེ་ནི་ཐུག་པ་འམ་ཟད་པ་གང་ཡང་མེད་དོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་ལྟར་སེམས་ཅན་གྱི་ཁམས་ཚད་མེད་དེ། དེ་དག་ལ་བྱང་ཆུབ་སེམས་དཔའ་བྱམས་པས་ཁྱབ་པར་བྱེད་དོ། ། 55-1-135a བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། གང་གི་བྱམས་པ་དེ་ལྟ་བུར་སྒོམ་པའི་དགེ་བའི་རྩ་བ་ཚད་མེད་པ་དེ་ཟད་པར་ནུས་སམ། སྨྲས་པ། རིགས་ཀྱི་བུ་དེ་ནི་མ་ཡིན་ཏེ། བྱམས་པ་སྒོམ་པའི་དགེ་ བའི་རྩ་བ་འདི་འདྲ་བ་ཟད་པར་སུ་འདོད་པ་དེ་ནམ་མཁའ་ཟད་པར་འདོད་དོ། །བྱང་ཆུབ་སེམས་དཔའ་གང་གིས་བྱམས་པ་མི་ཟད་པ་འདི་ཐོས་ནས་སྐྲག་པར་མི་འགྱུར་ན། དེ་དག་ཀྱང་བྱམས་པ་མི་ཟད་པར་འཕགས་ པར་འགྱུར་རོ། །བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱམས་པ་ནི་བདག་སྲུང་ཞིང་གཞན་ལ་ཕན་པར་གནས་པ་སྟེ། མཆོག་ཏུ་རྩོད་པ་མེད་པ་དང་། གནོད་སེམས་ཀྱི་ཐ་བའི་སྐྱོན་དང་། ཁྲོ་བ་དང་། འཁོན་དུ་འཛིན་པ་ཐམས་ཅད་རབ་ཏུ་འཇོམས་པའོ། །བག་ལ་ཉལ་དང་ཀུན་ནས་ལྡང་བ་དང་བྲལ་བ་སྟེ། དད་སྐྱེད་ཅིང་སེམས་ཅན་ཐམས་ཅད་ཀྱི་འཁྲུལ་པ་ལ་ཉེས་པར་མི་ལྟའོ། །ཡོངས་སུ་གདུང་བ་མེད་ཅིང་ལུས་ དང་། སེམས་བདེ་བ་སྐྱེད་པ་སྟེ། གཞན་གྱི་གནོད་པར་བྱ་བ་ལས་ཤིན་དུ་འདས་པའོ། །ཉེས་པ་ཐམས་ཅད་ཀྱི་འཇིགས་པ་དང་བྲལ་བ་སྟེ། འཕགས་པའི་ལམ་དང་འཐུན་ཞིང་གཤེ་བ་དང་སྡང་བའི་སེམས་དང་ལྡན་ པའི་སེམས་ཅན་རྣམས་དད་པར་བྱེད་པ། གཡུལ་ཐམས་ཅད་ལས་སྒྲོལ་བ་སྟེ། དབྱིག་པ་དང་། མཚོན་ཆ་འཆང་བ་མ་ཡིན་ནོ། །སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བ་ལ་དགའ་བ། ཁོང་ཁྲོ་བ་ཐམས་ཅད་ དང་བྲལ་བ། ཚུལ་འཆོས་པ་དང་། ཁ་གསག་དང་། ཐོབ་ཀྱིས་འཇལ་བ་ཐམས་ཅད་དང་བྲལ་བ། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ཐམས་ཅད་འབྱུང་བར་བྱེད་པ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་ རྟེན་སྐྱོང་བ་ཐམས་ཅད་ཀྱིས་ཕྱག་བྱས་པ། རང་གི་གཟི་བརྗིད་ཀྱི་རྒྱན་ཀྱིས་བརྒྱན་པ། མཁས་པས་རབ་ཏུ་བསྔགས་པ། བྱིས་པ་ཐམས་ཅད་སྲུང་བ། ཚངས་པའི་ལམ་དང་འཐུན་པ། འདོད་པའི་ཁམས་དང་ 55-1-135b མ་འདེམ་པ། སེམས་ཅན་ཐམས་ཅད་ཐར་པའི་ལམ་གྱི་མཆོག་ཐེག་པ་ཐམས་ཅད་ཡང་དག་པར་བསྡུས་པ། ཟང་ཟིང་མེད་པའི་བསོད་ནམས་ཀྱིས་བཟུང་བ། བསོད་ནམས་ཀྱི་ཚོགས་ཐམས་ཅད་བསགས་པ། རྫས་ ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། དབང་པོ་ཉམས་པ་དང་མ་ཚང་བ་ཐམས་ ཅད་སྤངས་པ། བདེ་འགྲོ་ཐམས་ཅད་དང་། མྱ་ངན་ལས་འདས་པའི་ལམ་དང་འཐུན་པ། ངན་སོང་ཐམས་ཅད་དང་མི་ཁོམ་པ་བརྒྱད་ལས་འདས་པ། ཆོས་ཀྱི་ཀུན་དགའ་ལ་མོས་པ། འདོད་པ་དང་ལོངས་སྤྱོད་ཀྱི་དབང་ ཕྱུག་ལ་མངོན་པར་དགའ་བ་མེད་པ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ། སྦྱིན་པའི་སྦྱོར་བ་ཐ་དད་པ་དང་བྲལ་བ། ཚུལ་ཁྲིམས་དང་བསླབ་པ་ཐམས་ཅད་ཀྱི་སྒོ་དང་ཚུལ་ཁྲིམས་འཆལ་པ་ཐམས་ཅད་ ཡོངས་སུ་སྐྱོབ་པ་བཟོད་པའི་སྟོབས་སྟོན་པ་དང་། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ཐམས་ཅད་དང་བྲལ་བ། འཕགས་པ་རྣམས་འཇུག་པའི་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་རྩ་བ་ མི་འཁྲུག་པའི་བརྩོན་འགྲུས་བརྩམས་ཤིང་ཡང་དག་པར་སྦྱོར་བ་བྱ་བ་ཐམས་ཅད་ལས་ཡང་དག་པར་སྒྲོལ་བ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པས་ཉོན་མོངས་པ་ ཐམས་ཅད་ལས་ངེས་པར་འབྱུང་བ། གསང་སྔགས་དང་། ཐོས་པ་འཛིན་པས་ངེས་པར་སེམས་པའི་ཤེས་རབ་ཀྱི་རྒྱུ་སྐྱེད་པ་རང་གི་ཕྱོགས་ལ་ངེས་པ། བདུད་ཀྱི་ཕྱོགས་དང་། ཉོན་མོངས་པ་རྣམས་བསལ་བ། འགྲོགས་ ན་བདེ་བ། བསྙེན་བཀུར་དང་འཇུག་པའི་རྒྱུ་འཐུན་པ་ལ་སེམས་པ། སྤྱོད་ལམ་སྲུང་བར་བྱེད་པ། རྒོད་པ་ཐམས་ཅད་ལ་འདས་པ། ང་རྒྱལ་གྱི་ལས་སེལ་བ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པས་བྱུགས་ཤིང་དྲི་ཞིམ་ 55-1-136a པ་སྟེ། བག་ཆགས་དང་མཚམས་སྦྱོར་བ་དང་། ཉོན་མོངས་པའི་དྲི་ང་བ་སྦྱོང་བའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱམས་པ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་ སྐྱོབ་པ་སྟེ། བྱམས་པ་ཆེན་པོ་ནི་བདག་གི་བདེ་བ་གཏོང་ཞིང་སེམས་ཅན་རྣམས་ལ་བདེ་བ་སྦྱིན་པའོ། །ཉན་ཐོས་རྣམས་ཀྱི་བྱམས་པ་ནི་བདག་སྐྱོབ་པའོ། །བྱང་ཆུབ་སེམས་ དཔའ་རྣམས་ཀྱི་བྱམས་པ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའོ། །བཙུན་པ་ཤཱ་དྭ་ཏིའི་བུ་བྱམས་པ་ནི་ཆུ་བོ་ལས་སྒྲོལ་བའོ། །བཙུན་པ་ཤཱ་དྭ་ཏིའི་ བུ་བྱམས་པ་ནི་གསུམ་པོ་འདི་དག་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ལ་དམིགས་པའི་བྱམས་པ་དང་། ཆོས་ལ་དམིགས་པའི་བྱམས་པ་དང་། དམིགས་པ་ མེད་པའི་བྱམས་པའོ། །དེ་ལ་སེམས་ཅན་ལ་དམིགས་པའི་བྱམས་པ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ཆོས་ལ་དམིགས་པའི་ བྱམས་པ་ནི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དམིགས་པ་མེད་པའི་བྱམས་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་མི་ཟད་པ་ཞེས་བྱའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ཡང་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། སྔོན་དུ་འགྲོ་བའི་ཕྱིར་རོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་དབུགས་ 55-1-136b དབྱུང་བ་དང་རྔུབ་པ་ནི་སྐྱེས་བུ་ཆེན་པོའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བའོ། །དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་དག་པར་སྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྙིང་ རྗེ་ཆེན་པོ་ནི་སྔོན་དུ་འགྲོ་བའོ། །འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་ནི་རིན་པོ་ཆེ་སྣ་བདུན་གྱི་སྔོན་དུ་འགྲོ་བའོ། །དེ་བཞིན་ དུ་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་སྒྲུབ་པ་ལ་སྙིང་རྗེ་ཆེན་པོ་ནི་སྔོན་དུ་འགྲོ་བའོ། །འདི་ལྟ་སྟེ་དཔེར་ན་ཚོང་དཔོན་ནམ། ཁྱིམ་བདག་བུ་གཅིག་པ་ལ་སྙིང་ཐག་པ་ནས་སྡུག་པར་འཛིན་པ་དེ་བཞིན་དུ་སྙིང་རྗེ་ཆེན་པོ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་སྙིང་ཐག་ པ་ནས་སྡུག་པར་འཛིན་པ་ཡིན་ནོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་སྙིང་རྗེ་ཆེན་པོ་ཞེས་བྱ་བ་ནི་འདི་བདག་ཉིད་ཀྱིས་བྱ་བས་ན་དེའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ། ། རང་གི་བྱ་བས་ན་སྙིང་རྗེ་ཆེན་པོའོ། །གཞན་གྱི་སྐབས་མི་རྙེད་པས་ན་སྙིང་རྗེ་ཆེན་པོའོ། །གཡོ་མེད་པ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་བསམ་པ་ཐག་པ་ནས་ བྱ་བའོ། །སྒྱུ་མེད་པ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་སྦྱོར་བའོ། །ཕྱིར་མི་ལྡོག་པ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་ལྷག་པའི་བསམ་པས་བྱ་བའོ། ། མ་བཅོས་པ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོའི་རང་བཞིན་རིག་པའོ། །ལམ་དྲང་པོ་ནས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་རང་བཞིན་གྱིས་ཡོངས་སུ་དག་པའོ། །གསལ་ 55-1-137a བ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་སེམས་གྱ་གྱུ་མེད་པའོ། །སེམས་ཅན་ཐམས་ཅད་ལ་འདུད་པ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་ང་རྒྱལ་མེད་པའོ། ། སེམས་ཅན་ཚད་མེད་པའི་ཕྱིར་སྙིང་རྗེ་ཆེན་པོ་ནི་ཚད་མེད་པ་འབྱུང་བའོ། །དེ་བཞིན་གཤེགས་པའི་སྐུ་འཐོབ་པ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་བདག་གི་ལུས་ལ་མི་ལྟ་ བའོ། །སྡིག་པ་ཐམས་ཅད་མི་བྱ་བ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་སྲོག་ལ་ཡིད་མི་རྟོན་པའོ། །བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་ན་སྙིང་རྗེ་ཆེན་པོ་ནི་ཕ་ རོལ་སྲུང་བའོ། །རང་གི་སེམས་ཡོངས་སུ་དག་པ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་སེམས་ཅན་སྲུང་བའོ། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བ་ལས་བྱུང་བས་ན་ སྙིང་རྗེ་ཆེན་པོ་ནི་དབུལ་པོ་དང་། སྡུག་བསྔལ་བ་དང་། མགོན་མེད་པ་ལ་ལྟ་བའོ། །བློ་མི་འགྱུར་བ་ལས་བྱུང་བའི་ན་སྙིང་རྗེ་ཆེན་པོ་ནི་དམ་བཅས་པ་ལ་བརྟེན་པའོ། །བདག་དང་ སངས་རྒྱས་དང་། ལྷ་རྣམས་མི་སླུ་བ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་བདེན་པ་ལ་ལྟ་བའོ། །ལེགས་པར་བྱས་པའི་ལས་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ ནི་སྤྱོད་པ་དག་པའོ། །ཕ་རོལ་ལ་བདེན་པ་རབ་ཏུ་སྦྱིན་པ་ལས་བྱུང་བའི་ན་སྙིང་རྗེ་ཆེན་པོ་ནི་བདག་གི་བདེ་བ་གཏོང་བའོ། །སྲེད་པ་མེད་པ་ལས་བྱུང་བས་ན་སྙིང་རྗེ་ཆེན་ པོ་ནི་གཞན་གྱི་བདེ་བ་བསྐྱེད་པའོ། །བརྩོན་འགྲུས་བརྟན་པ་རྩོམ་པ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་ཁུར་ཁྱེར་བའོ། །སེམས་ཅན་གྱི་མཐུ་ཆུང་བའི་ 55-1-137b ཉེས་པ་དང་དུ་ལེན་པ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་བླ་མའི་བཟོད་པ་ཡང་དག་པར་བླངས་པའོ། །སེམས་ཅན་ན་བ་རྣམས་ལ་རིམ་གྲོ་བྱེད་པ་ལས་བྱུང་བས་ན་སྙིང་རྗེ་ ཆེན་པོ་ནི་ཆགས་པ་དང་སྨད་པ་སེལ་བའོ། །དམན་པ་ལ་མོས་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་ཆོས་ཀྱི་དབང་ཕྱུག་ཐོབ་པའོ། ། ཕ་རོལ་གྱི་ཡོན་ཏན་བརྗོད་པ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་རང་གི་ཡོན་ཏན་མི་སྤྱོམས་པའོ། །ཟག་པ་མེད་པའི་བདེ་བ་འདོད་པ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་ སྡུག་བསྔལ་ཐམས་ཅད་ལ་ཇི་མི་སྙམ་པའོ། །ལས་ལེགས་པར་བྱས་ཏེ་མི་འགྱོད་པ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་སྡུག་ཅིང་ཕོངས་པའི་དངོས་པོ་ཡོངས་སུ་ གཏོང་བའོ། །ཚུལ་ཁྲིམས་འཆལ་པའི་སེམས་ཅན་རྣམས་སྲུང་བ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་ཚུལ་ཁྲིམས་ལེགས་པར་བསྲུངས་པས་བྱུང་བའོ། ། རྡོ་རྗེའི་ལུས་འཐོབ་པ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་ལུས་ལ་གནོད་པར་བྱས་པ་དང་དུ་ལེན་པའོ། །ལུས་དང་སྲོག་ལ་མི་ལྟ་བ་ལས་བྱུང་བས་ན་སྙིང་རྗེ་ཆེན་ པོ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །ཡན་ལག་དང་ཉིང་ལག་ཡོངས་སུ་གཏོང་བ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་མི་ལྟ་བའོ། །རང་གི་དགེ་བའི་རྩ་བ་མི་འདོད་ པ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཕ་རོལ་པོའི་དགེ་བའི་རྩ་བ་སྐྱེད་པའོ། །ཕྱིར་ཡང་འདོད་པའི་ཁམས་སུ་དམིགས་པ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་བསམ་གཏན་གྱི་རོ་མི་མྱང་བའོ། ། 55-1-138a ཆགས་པ་མེད་པའི་ཡེ་ཤེས་སྣང་བ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་ཀུན་ནས་སྣང་བའོ། །དགེ་བའི་རྩ་བ་དང་ཚོགས་ཀུན་ལ་མི་སྨོད་པ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་ཤེས་རབ་ལ་མི་ལྟོས་པའོ། །སེམས་ཅན་ཐམས་ ཅད་ཀྱི་བསམ་པ་རྫོགས་པར་བྱ་བ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་ཀུན་དུ་བཀྱེ་བའོ། །སྔོན་གྱི་སྨོན་ལམ་མི་གཏོང་བ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱེད་པའོ། །འདུས་བྱས་ལ་སེམས་ཅན་ ཡོངས་སུ་སྨིན་པར་བྱ་བ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་འདུས་མ་བྱས་ལ་མི་རེག་པའོ། །སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་སེམས་ཅན་རྣམས་རབ་ཏུ་འགོད་པ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་ཚུལ་ཁྲིམས་འཆལ་ པའི་སེམས་ཅན་རྣམས་ལ་ལྟ་བའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའི་ངེས་པར་འབྱུང་བ་གང་ཅི་ཡང་རུང་སྟེ་དེ་དག་ཐམས་ཅད་སྙིང་རྗེ་ཆེན་པོ་ལས་སྐྱེས་པ་སྟེ། དེའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ། ། འདི་ལྟར་སྦྱིན་པར་བྱེད་པ་དང་། ཚུལ་ཁྲིམས་སུ་བྱེད་པ་དང་། བཟོད་པར་བྱེད་པ་དང་། བརྩོན་འགྲུས་སུ་བྱེད་པ་དང་། བསམ་གཏན་དུ་བྱེད་པ་དང་། ཤེས་རབ་ཏུ་བྱེད་པ་དང་། ཐབས་སུ་བྱེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ ཀྱི་ཆོས་ཐམས་ཅད་བྱེད་པ་ནི་སྙིང་རྗེ་ཆེན་པོའོ། རང་འབྱུང་གི་ཡེ་ཤེས་སྒྲུབ་པར་བྱེད་པ་དང་། ལེགས་པར་བྱ་བ་བྱེད་པ་དང་། འགྱོད་པ་མེད་པར་བྱེད་པ་དང་། གདོན་མི་ཟ་བར་བྱེད་པ་ནི་སྙིང་རྗེ་ཆེན་པོའོ། །སེམས་ཅན་ཐམས་ ཅད་ཀྱི་བྱ་བ་ཅི་ཡོད་ཅེས་སོ་སོར་ཉེ་བར་གནས་པ་ལས་བྱུང་བས་ན་དེའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་མི་ཟད་པ་ཞེས་བྱའོ།། །། བམ་པོ་ལྔ་པ། བཙུན་པ་ཤཱ་ར་དྭ་ཏིའི་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བ་ཆེན་པོ་ཡང་མི་ཟད་པ་སྟེ། དེ་ལ་དགའ་བ་ཆེན་པོ་ཡང་གང་ཞེ་ན། གང་སངས་རྒྱས་ 55-1-138b ཀྱི་ཆོས་རྣམས་དྲན་པ་དང་། རྗེས་སུ་དྲན་པ་དང་། དགའ་བ་དང་། མོས་པ་དང་། མཆོག་ཏུ་དགའ་བ་དང་། སེམས་མ་གོང་ཞིང་མི་རྫི་བ་དང་། སྲེད་པ་མེད་པ་དང་། འདོད་པའི་དགའ་བ་ཐམས་ཅད་གཏོང་བ་དང་། ཆོས་ ཀྱི་དགའ་བ་ཐམས་ཅད་ཀྱི་རྟེན་དང་། སེམས་མཆོག་ཏུ་དགའ་བ་དང་། ལུས་རབ་ཏུ་སིམ་པ་དང་། སངས་རྒྱས་ལ་དགའ་ཞིང་ཡི་རངས་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་དགའ་ཞིང་མོས་པས་མཚན་ དང་དཔེ་བྱད་བཟང་པོའི་རྒྱན་ཚོལ་བ་ལ་མཁས་པ་དང་། དགེ་བའི་ཆོས་མཉན་པས་མི་སྐྱོ་བ་དང་། དེ་ཁོ་ནའི་ཆོས་ལ་རྟོན་པའི་ནན་ཏན་དང་། དགའ་བ་དང་དད་པ་དང་། མཆོག་ཏུ་དགའ་བ་དང་། རབ་ཏུ་དགའ་བས་ ཆོས་ལ་མོས་པ་དང་། རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་རྣམས་ལ་ཁོང་ཁྲོ་བ་མེད་པའི་བློ་དང་། སངས་རྒྱས་ཀྱི་ཆོས་ཚོལ་བ་ལ་ཤིན་དུ་འདུན་པ་དང་། ཆོས་འདུན་པ་དེ་ཡང་མི་འདོར་བ་དང་། སངས་རྒྱས་ཀྱི་ཆོས་ རྒྱ་ཆེན་པོ་དག་ལ་མོས་ཤིང་རྣམ་པར་གྲོལ་བ་དང་། ཉི་ཚེ་བའི་ཐེག་པ་བསལ་ཏེ་སེམས་བསྐྱེད་པ་དང་། སེར་སྣ་མེད་པས་མ་ཞུམ་པར་སེམས་བསྐྱེད་པ་དང་། སློང་བ་ལ་སྦྱིན་པ་བྱིན་ནས་འཁོར་གསུམ་ཡོངས་སུ་དག་པར་ སྦྱངས་པ་དང་། སྦྱིན་པ་ལ་མཆོག་ཏུ། དགའ་བ་དང་། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་དད་པ་དང་། ཚུལ་ཁྲིམས་འཆལ་པ་རྣམས་ལ་རྗེསུ་འཛིན་ཅིང་བྱམས་པ་དང་། རང་གི་ཚུལ་ཁྲིམས་ཡོངས་སུ་དག་པས་ ངན་འགྲོའི་འཇིགས་པ་ཐམས་ཅད་ལས་ཤིན་དུ་འདའ་བར་དབུགས་འབྱིན་པ་དང་། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་ཡོངས་སུ་སྔོ་བ་དང་། བརྟན་ཞིང་མི་ཕྱེད་པ་དང་། ཕ་རོལ་ངན་དུ་བརྗོད་པ་དང་། ངན་དུ་སྨྲ་ བའི་ཚིག་གི་ལམ་ལ་ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་བཟོད་ཅིང་དེས་པ་དང་། ང་རྒྱལ་མེད་པ་དང་། བླ་མ་ལ་འདུད་ཅིང་རི་མོས་བྱེད་པ་དང་། རྟག་ཏུ་འཛུམ་པའི་བཞིན་དང་། ཁྲོ་གཉེར་མེད་པ་དང་། གསོང་པོར་སྨྲ་བ་དང་། 55-1-139a ཚུལ་འཆོས་པ་མེད་པ་དང་། ཁ་གསག་མེད་པ་དང་། ཐོབ་ཀྱིས་འཇལ་བ་མེད་པ་དང་། བསམ་པ་དག་པ་དང་། བརླང་མེད་པ་དང་། གྱ་གྱུ་མེད་པ་དང་། ཐམས་ཅད་ལ་ཕན་ཡོན་དུ་ལྟ་བ་དང་། སྐྱོན་མེད་པར་ལྟ་བ་དང་། ལྟུང་བ་མི་གླེང་བ་དང་། ཡང་དག་པར་དགའ་བར་འགྱུར་བའི་ཆོས་ཀྱི་རྗེས་སུ་འཇུག་པ་དང་། བྱང་ཆུབ་རྣམ་སེམས་དཔའ་རྣམས་ལ་སྟོན་པ་ལྟར་ཕངས་སུ་འཛིན་པ་དང་། ཆོས་རྣམས་ལ་བདག་བཞིན་དུ་ཕངས་སུ་འཛིན་པ་ དང་། དེ་བཞིན་གཤེགས་པ་རྣམས་ལ་སྲོག་བཞིན་དུ་ཕངས་སུ་འཛིན་པ་དང་། བླ་མ་རྣམས་ལ་མ་བཞིན་དུ་ཕངས་སུ་འཛིན་པ་དང་། སེམས་ཅན་རྣམས་ལ་བུ་བཞིན་དུ་ཕངས་སུ་འཛིན་པ་དང་། མཁན་པོ་དང་སློབ་དཔོན་ རྣམས་ལ་སངས་རྒྱས་བཞིན་དུ་ཕངས་སུ་འཛིན་པ་དང་། ནན་ཏན་རྣམས་ལ་ཡན་ལག་གི་དམ་པ་མགོ་བཞིན་དུ་ཕངས་སུ་འཛིན་པ་དང་། ཕ་རོལ་དུ་ཕྱིན་པ་རྣམས་ལ་རྐང་ལག་བཞིན་དུ་ཕངས་སུ་འཛིན་པ་དང་། ཆོས་སྨྲ་ བ་རྣམས་ལ་རིན་པོ་ཆེ་ཐམས་ཅད་བཞིན་དུ་ཕངས་སུ་འཛིན་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡིད་བཞིན་གྱི་ནོར་བུ་བཞིན་དུ་ཕངས་སུ་འཛིན་པ་དང་། རྗེས་སུ་བསྟན་པ་རྣམས་ལ་དགའ་བའི་རྩེད་མོ་བཞིན་དུ་ཕངས་ སུ་འཛིན་པ་དང་། ཆོག་ཤེས་པ་རྣམས་ལ་ནད་མེད་པ་བཞིན་དུ་ཕངས་སུ་འཛིན་པ་དང་། ཆོས་བཙལ་བ་རྣམས་ལ་སྨན་བཞིན་དུ་ཕངས་སུ་འཛིན་པ་དང་། སྐུལ་ཞིང་དྲན་པར་བྱེད་པ་རྣམས་ལ་སྨན་པ་བཞིན་དུ་ཕངས་སུ་འཛིན་པ་ སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་ལྟར་གང་དབང་པོ་ཐམས་ཅད་ལ་དབང་པོ་མ་གོང་བ་འདི་ནི་དགའ་བ་ཆེན་པོ་ཞེས་བྱའོ། །དགའ་བ་ཆེན་པོ་ཞེས་བྱ་བ་ནི་རྟོགས་པའི་ཡེ་ཤེས་ཀྱི་ཕྱིར་ཞི་བའི་རྣམ་པའོ། །མི་རྒོད་པའི་ཕྱིར་རབ་ཏུ་ ཞི་བའི་རྣམ་པའོ། །ཁེངས་པ་མ་ཡིན་པའི་ཕྱིར་ཤིན་དུ་སྦྱངས་པའི་རྣམ་པའོ། །རྣམ་པར་མི་གཡེང་བའི་ཕྱིར་དབང་པོ་དགའ་བའི་རྣམ་པའོ། །མི་ཉམས་པའི་ཕྱིར་བརྟུལ་ཞུགས་ཀྱི་རྣམ་པའོ། །འདོད་པའི་ཕྱིར་ངེས་པའི་ 55-1-139b རྣམ་པའོ། །བཀའ་བློ་བདེ་བའི་ཕྱིར་ཐོས་པའི་རྣམ་པའོ། །སེམས་ལས་སུ་རུང་བའི་ཕྱིར་ཉེ་བར་ཞི་བའི་རྣམ་པའོ། །ལས་ལེགས་པར་བྱས་པའི་ཕྱིར་དགའ་བའི་རྣམ་པའོ། །ཁ་ན་མ་ཐོ་བ་མེད་པའི་ཕྱིར་མི་འགྱོད་པའི་ རྣམ་པའོ། །མ་གཡོས་པའི་ཕྱིར་ཤིན་དུ་གནས་པའི་རྣམ་པའོ། །མི་གནས་པའི་ཕྱིར་མ་གཡོས་པའི་རྣམ་པའོ། །ཐུལ་བར་དཀའ་བའི་ཕྱིར་བསྙེན་དཀའ་བའི་རྣམ་པའོ། །ཆུད་མི་ཟ་བའི་ཕྱིར་དོན་གྱི་རྣམ་པའོ། །མ་ ནོར་བ་དེ་བཞིན་ཉིད་ཀྱི་ཕྱིར་བདེན་པའི་རྣམ་པའོ། །དེ་བྱེད་པའི་ཕྱིར་ཁོ་ནའི་རྣམ་པའོ། །སྟོབས་ཀྱི་ཕྱིར་སྤྲོ་བའི་རྣམ་པའོ། །མི་རྫི་བའི་ཕྱིར་སྟོབས་ཀྱི་རྣམ་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་ བཞིན་དུ་ཚོལ་བས་མི་སྐྱོ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པའི་རྣམ་པ་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བ་ཆེན་པོ་མི་ཟད་པ་ཞེས་བྱའོ། །བཙུན་པ་ཤཱ་ར་ དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་ཀྱང་མི་ཟད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་རྣམ་པ་གསུམ་སྟེ། རྣམ་པ་གསུམ་གང་ཞེ་ན། འདི་ལྟ་སྟེ་ཉོན་མོངས་པ་ལ་ བཏང་སྙོམས་པ་དང་། བདག་དང་གཞན་སྲུང་བའི་ཕྱིར་བཏང་སྙོམས་པ་དང་། དུས་དང་དུས་མ་ཡིན་པ་ལ་བཏང་སྙོམས་པའོ། །དེ་ལ་ཉོན་མོངས་པ་ལ་བཏང་སྙོམས་པ་གང་ཞེ་ན། སྟི་སྟང་དུ་བྱས་པས་མཐོ་བར་མི་ སེམས་པ་དང་། སྟི་བསྟང་དུ་མ་བྱས་པས་དམའ་བར་མི་སེམས་པ་དང་། རྙེད་པ་དག་ལ་རློམ་སེམས་མེད་པ་དང་། མ་རྙེད་པ་དག་ལ་ཡི་ཆད་པ་མེད་པ་དང་། སྙན་པ་དག་ལ་མངོན་པར་དགའ་བ་མེད་པ་དང་། མི་སྙན་པ་དག་ ལ་ཞུམ་པ་མང་བ་མེད་པ་དང་། སྨད་པས་སྲོ་ཤི་བར་མི་འགྱུར་བ་དང་། བསྔགས་པ་ལ་ཆོས་ཉིད་རབ་ཏུ་གནས་པ་དང་། སྡུག་བསྔལ་དག་ལ་སོ་སོར་རྟོག་པའི་སྟོབས་དང་། བདེ་བ་དག་ལ་མི་རྟག་པ་དང་སྡུག་བསྔལ་བར་རྟོག་པའི་ 55-1-140a སྟོབས་དང་། རྗེས་སུ་ཆགས་པ་འདོར་བ་དང་། ཁོང་ཁྲོ་བ་སྤོང་བས་མཛའ་བ་དང་མི་མཛའ་བ་དག་ལ་སེམས་མཉམ་པ་དང་། ཚུལ་ཁྲིམས་དང་ལྡན་པ་དང་ཚུལ་ཁྲིམས་འཆལ་པ་རྣམས་ལ་བློ་མཉམ་པ་དང་། ལེགས་ པར་བྱས་པ་དང་ཉེས་པར་བྱས་པ་རྣམས་ལ་ཡང་གཉིས་སུ་མི་བྱེད་པ་དང་། སྡུག་པ་དང་མི་སྡུག་པར་མི་ལྟ་བ་དང་། ལེགས་པར་ཐོས་པ་དང་ཉེས་པར་ཐོས་པ་ལ་མི་མཇེད་པ་དང་། ལེགས་པར་སྨྲས་པ་དང་ཉེས་པར་ སྨྲས་པ་ལ་བག་ལ་ཉལ་བ་མེད་པ་དང་། རོ་མྱང་བའི་ཉེས་དམིགས་རྣམས་ལ་མཚུངས་པར་ཡོངས་སུ་འཇལ་བ་དང་། སེམས་ཅན་ཐམས་ཅད་ལ་བསམ་པ་མཉམ་པ་དང་། ལུས་དང་སྲོག་ལ་མི་ལྟ་བ་དང་། རབ་དང་། འབྲིང་དང་། ཐ་མ་རྣམས་ལ་འོད་ཟེར་མཉམ་པ་དང་། བསྔགས་པ་དང་བསྔགས་པ་མ་ཡིན་པ་རྣམས་ལ་སེམས་མཉམ་པ་དང་། བདེན་པ་དང་མི་བདེན་པ་རྣམས་ལ་རང་གི་སེམས་ཡོངས་སུ་དག་པ་སྟེ། བཙུན་པ་ ཤཱ་ར་དྭ་ཏིའི་བུ་དེ་ལྟར་གང་སྟི་སྟང་དུ་བྱེད་པ་དང་། གནོད་པར་བྱེད་པ་ལ་མཐོ་དམན་དུ་མི་སེམས་ཤིང་། དེ་ལ་བྱང་ཆུབ་སེམས་དཔའ་བཏང་སྙོམས་པ་ཡིན་ཏེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ཉོན་མོངས་པ་ལ་བཏང་སྙོམས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་དང་གཞན། སྲུང་བའི་བཏང་སྙོམས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའི་ལུས་དང་ཡན་ ལག་དང་ཉིང་ལག་རྣམས་ཅད་ཀྱང་ཁོང་ཁྲོ་བར་མི་བྱེད་ཅིང་མི་ཚོལ་ཏེ་བཏང་སྙོམས་པ་ཡིན་ནོ། །ལུས་ཀྱི་རྣམ་པར་འགྱུར་བ་དང་། ངག་གི་རྣམ་པར་འགྱུར་བ་ལས་ཀྱང་རུང་སྟེ་གཉིས་ཀ་ལ་བཟོད་པས་ན་དེའི་ཕྱིར་ བཏང་སྙོམས་ཤེས་བྱའོ། །མིག་གི་རྣམ་པས་ཀྱང་རྨ་མི་ཕྱིན། གཟུགས་ཀྱི་རྣམ་པས་ཀྱང་རྨ་མི་ཕྱིན་ཏེ། གཉི་གས་ཀྱང་རྨ་མི་ཕྱིན་ཏོ། །དེ་བཞིན་དུ་རྣ་བས་མ་ཡིན། སྒྲས་མ་ཡིན། སྣས་མ་ཡིན། དྲིས་མ་ 55-1-140b ཡིན། ལྕེས་མ་ཡིན། རོས་མ་ཡིན། ལུས་ཀྱིས་མ་ཡིན། རེག་བྱས་མ་ཡིན། ཡིད་ཀྱི་རྣམ་པས་ཀྱང་རྨ་མི་ཕྱིན། ཆོས་ཀྱི་རྣམ་པས་ཀྱང་རྨ་མི་ཕྱིན་ཏེ། དེའི་ཕྱིར་བཏང་སྙོམས་ཤེས་བྱའོ། །རྨ་མི་ཕྱིན་ཅིང་ཉམས་པ་མེད་ པས་དེའི་ཕྱིར་བཏང་སྙོམས་ཤེས་བྱའོ། །རྨ་ཕྱུང་བ་ལ་རྨ་མི་ཕྱིན་པས་དེའི་ཕྱིར་བཏང་སྙོམས་ཤེས་བྱའོ། །བདག་དང་གཞན་དང་གཉི་ག་བྱུང་བས་དེའི་ཕྱིར་བཏང་སྙོམས་ཤེས་བྱའོ། །ཕན་པར་བྱེད་པ་དང་གནོད་པར་བྱེད་པ་ལ་མཉམ་ པར་སྦྱོར་བས་དེའི་ཕྱིར་བཏང་སྙོམས་ཤེས་བྱའོ། །བཏང་སྙོམས་ནི་མཆོག་ཏུ་རྩོད་པ་མེད་པའོ། །བཏང་སྙོམས་ནི་རང་གི་སེམས་ལ་ངེས་པར་སེམས་པའོ། །བཏང་སྙོམས་ནི་གཞན་གྱི་སེམས་སྲུང་བའོ། །བཏང་སྙོམས་ ནི་བདག་ལ་རྟོག་པའོ། །བཏང་སྙོམས་ནི་སེམས་ཅན་གཞན་དག་ལ་གནོད་པ་མེད་པའོ། །བཏང་སྙོམས་ནི་བྱང་ཆུབ་སེམས་དཔའི་མཉམ་པར་བཞག་པའི་གནས་སྐབས་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་བདག་དང་ གཞན་སྲུང་བའི་བཏང་སྙོམས་ཤེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་དུས་དང་དུས་མ་ཡིན་པ་ལ་བཏང་སྙོམས་པ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔས་ཐམས་ཅད་བཏང་ སྙོམས་བྱ་བར་བཀའ་མི་སྩོལ་ཏོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔས་རྟག་ཏུ་བདག་དང་གཞན་གྱི་དགེ་བའི་ཆོས་བཙལ་བ་ལ་བརྩོན་ཞིང་འབད་པར་བྱ་བའི་ཕྱིར་ཏེ། དེས་དུས་དང་དུས་མ་ཡིན་པར་བཏང་སྙོམས་ པར་བྱའོ། །དེ་ལ་དུས་དང་དུས་མ་ཡིན་པའི་བཏང་སྙོམས་གང་ཞེ་ན། སྣོད་མ་ཡིན་པ་དང་ཉན་པར་མི་འདོད་པའི་སེམས་ཅན་རྣམས་ལ་བཏང་སྙོམས་པ་དང་། མ་རྙེད་པ་དང་། སྨད་པ་དང་། མི་སྙན་པ་དང་། སྡུག་བསྔལ་བ་ ལ་བཏང་སྙོམས་པ་དང་། སེམས་ཅན་ཉན་ཐོས་ཀྱི་ཐེག་པ་ཅན་སྐྱོན་མེད་པ་ལ་ཞུགས་པ་རྣམས་ལ་བཏང་སྙོམས་པ་དང་། སྦྱིན་པའི་དུས་ན་ཚུལ་ཁྲིམས་བརྟུལ་བའི་བཏང་སྙོམས་དང་། ཚུལ་ཁྲིམས་ཀྱི་དུས་ན་ 55-1-141a སྦྱིན་པ་བརྟུལ་བའི་བཏང་སྙོམས་དང་། བཟོད་པའི་དུས་ན་བརྩོན་འགྲུས་བརྟུལ་བའི་བཏང་སྙོམས་དང་། བརྩོན་འགྲུས་ཀྱི་དུས་ན་བསམ་གཏན་བརྟུལ་བའི་བཏང་སྙོམས་དང་། བསམ་གཏན་གྱི་དུས་ན་སྦྱིན་པ་ ལ་ཆགས་པ་བརྟུལ་བའི་བཏང་སྙོམས་དང་། ཤེས་རབ་ཀྱི་དུས་ན་ཕ་རོལ་དུ་ཕྱིན་པ་ལྔ་ལ་དམིགས་པ་བརྟུལ་བའི་བཏང་སྙོམས་ཏེ། འདི་ནི་དུས་དང་དུས་མ་ཡིན་པ་ལ་བཏང་སྙོམས་པ་ཞེས་བྱའོ། །དེ་ལྟར་གང་ མི་བྱ་བའི་ཆོས་རྣམས་མི་བྱེད་པ་འདི་ན་བཏང་སྙོམས་ཤེས་བྱ་སྟེ། དེ་དང་དེ་ལ་མི་རྩོལ་བའོ། །གང་གདོན་མི་ཟ་བའི་ཆོས་རྣམས་ལ་མི་འཇུག་པ་མེད་པ་དང་། བརྩོན་འགྲུས་དང་། སྟོབས་དང་། མོས་པ་དང་། མཐུ་ དང་། བརྩོན་པ་མི་འདོར་བ་སྟེ། དགེ་བའི་ཆོས་དེ་དང་དེ་དག་ཡོངས་སུ་རྫོགས་པར་བྱེད་པ་འདི་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་མི་ཟད་པ་ཞེས་བྱའོ། །བཙུན་པ་ཤཱ་ར་ དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་ལྔ་ཡང་མི་ཟད་པ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ལྷའི་མིག་དང་། ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་ རྗེས་སུ་དྲན་པ་དང་། རྫུ་འཕྲུལ་བྱ་བ་ཤེས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷའི་མིག་གང་ཞེ་ན། གང་ལྷ་ཐམས་ཅད་ཀྱི་ལྷའི་མིག་དང་། གང་ཀླུ་ཐམས་ཅད་དང་། གནོད་སྦྱིན་ཐམས་ཅད་དང་། དྲི་ ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ཐམས་ཅད་ཀྱི་ལྷའི་མིག་དང་། གང་སློབ་པ་དང་མི་སློབ་པའི་ཉན་ཐོས་ཐམས་ཅད་ཀྱི་ལྷའི་མིག་དང་། གང་རང་སངས་རྒྱས་ཐམས་ཅད་ཀྱི་ལྷའི་མིག་དེ་དག་པས་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ལས་ངེས་པར་བྱུང་བ། རྒྱ་ཆེན་པོ་ལས་ངེས་པར་བྱུང་བ་རྣམས་ཀྱི་ལྷའི་མིག་ནི་ཆེས་མཆོག་གོ། ། 55-1-141b ཆེས་དམ་པའོ། །ཆེས་རབ་བོ། །ཆེས་ཕུལ་ལོ། །ཆེས་གསལ་ལོ། །ཆེས་བཟང་ངོ་། །ཆེས་སྟོབས་དང་ལྡན་ནོ། །ཆེས་འོད་གསལ་ཏེ། ལྷའི་མིག་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་ པ་དག་ན་གཟུགས་སུ་སྣང་བ་རགས་པ་འམ། ཕྲ་བ་འམ། བཟང་པོ་འམ། ངན་པ་འམ། རྒྱང་རིང་པོ་འམ། ཐག་ཉེ་བ་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་དེ་དག་གི་ལྷའི་མིག་དེས་རིག་ཅིང་སྣང་ལ་ཤིན་དུ་ རྟོགས། ཤིན་དུ་རིག །ཤིན་དུ་མཐོང་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་སེམས་ཅན་གཟུགས་མེད་པ་མ་གཏོགས་པའི་སེམས་ཅན་གང་དག་འགྲོ་བ་ཐམས་ཅད་དུ་སྐྱེས་པ་དེ་དག་ ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་སོ། །དེ་དག་གི་ལས་ཀྱི་རྒྱུ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །དེ་དག་གི་ལས་ཀྱི་འབྲས་བུ་དང་དབང་པོའི་རིམ་པ་ཡང་ཡང་དག་པ་ཇི་ལྟ་ བ་བཞིན་དུ་ཤེས་སོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་བ་མེད་དག་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་གང་ཡིན་པ་དེ་དག་ཐམས་ཅད་མཐོང་ སྟེ། མཐོང་ནས་ཀྱང་རང་གི་ཚུལ་ཁྲིམས་ཡོངས་སུ་དག་པས་རང་གི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་རྣམས་ཡོངས་སུ་སྔོ་སྟེ། ཚུལ་ཁྲིམས་ ཀྱི་ཡོན་ཏན་ལ་གནས་པ་དེ་དག་གི་ཡོངས་སུ་བསྔོ་བ་འགྲུབ་པར་འགྱུར་རོ། །དེ་དག་གི་ལྷའི་མིག་དེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བྱང་ཆུབ་སེམས་དཔའི་དགེ་འདུན་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ མཐོང་ངོ་། །མཐོང་ནས་ཀྱང་སྐྱེས་བུ་དམ་པ་དེ་དག་གི་ཆོ་ག་དང་། སྤྱོད་པ་དང་། སྤྱོད་ཡུལ་དང་། དྲན་པ་དང་། ཤེས་བཞིན་དང་། སྤྱོད་ལམ་དང་། གནས་དང་། མཐུ་དང་། ཆོས་དང་། རྣམ་པར་ཐར་པ་དང་། ཡེ་ཤེས་ 55-1-142a དང་། རྟེན་དང་། བཟུངས། སྤོབས་པ་ལ་མཁས་པ་དང་། ཤེས་རབ་དང་། ཡེ་ཤེས་དང་། ཐབས་ལ་མཁས་པ་ལ་འཇུག་པ་གང་ཡིན་པ་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་དག་གི་མིག་དེ་ནི་ གཟུགས་ཐམས་ཅད་མཐོང་བས་ན་སྒྲིབ་པ་མེད་དོ། །དེ་དག་གི་མིག་དེ་ནི་གཟུགས་ཐམས་ཅད་ལ་མི་ཆགས་པས་ན་ཆགས་པ་མེད་པའོ། །དེ་དག་གི་མིག་དེ་ནི་བག་ལ་ཉལ་དང་། ལྟ་བ་དང་། ཀུན་ནས་ལྡང་བ་ལས་རྣམ་པར་ གྲོལ་བའོ། །དེ་དག་གི་མིག་དེ་ནི་རང་བཞིན་གྱིས་འོད་གསལ་བས་ན་རྣམ་པར་དག་པའོ། །དེ་དག་གི་མིག་དེ་ནི་ཡུལ་ཐམས་ཅད་ལ་མི་གནས་པའོ། །དེ་དག་གི་མིག་དེ་ནི་ཉོན་མོངས་པ་དང་བག་ལ་ཉལ་ཐམས་ཅད་མི་སྐྱེ་བའོ། ། དེ་དག་གི་མིག་དེ་ནི་ཐེ་ཙོམ་མེད་པས་ན་རབ་རིབ་མེད་པའོ། །དེ་དག་གི་མིག་དེ་ནི་སྒྲིབ་པར་འགྱུར་བའི་ཆོས་ཐམས་ཅད་ལ་ཀུན་ནས་མ་ལངས་པའོ། །དེ་དག་གི་མིག་དེ་ནི་ཆོས་ཐམས་ཅད་སྣང་བ་ལ་གསལ་བ་ཐོབ་པའོ། །དེ་ དག་གི་མིག་དེ་ནི་ཡེ་ཤེས་ལ་སྟོན་པ་སྟེ། རྣམ་པར་ཤེས་པའི་སྤྱོད་ཡུལ་མ་ཡིན་ནོ། །དེ་དག་གི་མིག་དེ་ནི་ཉོན་མོངས་པ་ཐམས་ཅད་ཀྱིས་མ་ཆགས་མི་སྡང་མ་རྨོངས་པའོ། །དེ་དག་གི་མིག་དེ་ནི་འཕགས་པའི་དབང་པོ་ རྣམས་ལ་ངེས་པར་འབྱེད་པའི་ཆ་དང་འཐུན་པའོ། །དེ་དག་གི་མིག་དེ་ནི་སེམས་ཅན་ཐམས་ཅད་ལ་འོད་ཟེར་མཉམ་པར་གཏོང་བས་ན་ཐོགས་པ་མེད་པའི་ཡེ་ཤེས་ཉིད་དང་། དེ་དག་གི་མིག་དེ་ནི་སེམས་ཀྱི་མི་དགེ་བའི་ཆོས་ དང་བྲལ་བས་ན་རྣམ་པར་དག་པའོ། །དེ་དག་གི་མིག་དེ་ནི་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་དྲི་མ་མེད་པའོ། །དེ་དག་གི་མིག་དེ་ནི་བསམ་པ་མ་བཏང་བས་ན་སངས་རྒྱས་ཀྱི་སྤྱན་གྱིས་མངོན་པར་བསྒྲུབས་ པའོ། །དེ་དག་གི་མིག་དེ་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བའི་ཕྱིར་མ་ཆགས་མ་བཅིངས་པའོ། །དེ་དག་གི་མིག་དེ་ནི་དོན་གྱི་སྤྱོད་ཡུལ་གྱི་བདེན་པས་ཉེ་བར་བསྒྲུབས་ཤིང་ཆོས་རྣམ་པར་དག་པ་ཤེས་ 55-1-142b པའི་ལམ་ལ་མ་ཆགས་པར་སྤྱོད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེས་བུ་དམ་པ་དེ་དག་ནི་སྙིང་རྗེ་ཆེན་པོ་ལ་གནས་པ། ཆོས་རྣམས་རིག་པ། དོན་ཤིན་དུ་རྟོགས་པ། ཁ་ན་མ་ཐོ་བ་མེད་པ། ཇི་ལྟར་མཐོང་བ་དང་ཐོས་ པ་བཞིན་དུ་ཆོས་སྨྲ་བ། མི་དགེ་བ་བསྙིལ་བ། བྱང་ཆུབ་ཀྱི་སྙིང་པོ་ལ་མངོན་དུ་ཕྱོགས་པ། སེམས་གང་དུའང་ཐོགས་པ་མེད་པ། སེར་སྣ་ཅན་རྣམས་ལ་གཏོང་བ་དང་ལྡན་པ། ཚུལ་ཁྲིམས་འཆལ་པ་རྣམས་ལ་སྙིང་ བརྩེ་བ་ཅན། གནོད་སེམས་ཀྱི་སེམས་དང་ལྡན་པ་རྣམས་ལ་གནོད་པར་སེམས་པའི་སེམས་མེད་པ། ལེ་ལོ་ཅན་རྣམས་ལ་བརྩོན་འགྲུས་སྒྲུབ་པར་བྱེད་པ་སེམས་རྣམ་པར་གཡེང་བ་རྣམས་ལ་བསམ་གཏན་གྱི་ ཡན་ལག་སྟོན་པ། འཆལ་པའི་ཤེས་རབ་ཅན་རྣམས་ལ་ཤེས་རབ་ཀྱི་མིག་སྦྱིན་པར་བྱེད་པ། ལམ་ངན་པར་ཞུགས་པ་རྣམས་ལ་ལམ་སྟོན་པ། དམན་པ་ལ་མོས་པ་རྣམས་ལ་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་རྟོགས་ པར་བྱེད་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཛུད་པ། བྱང་ཆུབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མངོན་པར་ཤེས་པ་མ་ཉམས་པ་རྣམས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷའི་མིག་གི་མངོན་ པར་ཤེས་པ་མི་ཟད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷའི་རྣ་བའི་མངོན་པར་ཤེས་པ་མི་ཟད་པ་གང་ཞེ་ན། གང་ལྷ་ཐམས་ཅད་ཀྱི་ལྷའི་རྣ་བ་དང་། གང་ཀླུ་ཐམས་ཅད་དང་། གནོད་སྦྱིན་ཐམས་ ཅད་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་ལྷའི་རྣ་བ་དང་། གང་སློབ་པ་དང་། མི་སློབ་པའི་ཉན་ཐོས་ཐམས་ཅད་ཀྱི་ ལྷའི་རྣ་བ་དང་། གང་རང་སངས་རྒྱས་ཐམས་ཅད་ཀྱི་ལྷའི་རྣ་བ་དེ་དག་པས་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ལས་ངེས་པར་བྱུང་བ། རྒྱ་ཆེན་པོ་ལས་ངེས་པར་བྱུང་བ་རྣམས་ཀྱི་ལྷའི་རྣ་བ་ཆེས་མཆོག་ 55-1-143a གོ། །ཆེས་དམ་པའོ། །ཆེས་རབ་པོ། །ཆེས་གསལ་ལོ། །ཆེས་བཟང་ངོ་། །ཆེས་སྟོབས་དང་ལྡན་པའོ། །ཆེས་འོད་གསལ་ཏེ། ལྷའི་རྣ་བ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་སྒྲར་གྲག་པ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་ས་རྣམས་དང་། གང་ཡང་འཕགས་པའི་སྒྲ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྒྲ་གང་ ཡིན་པ་དེ་དག་ཐམས་ཅད་དེའི་ལྷའི་རྣ་བའི་དབང་པོ་ལ་གྲག་པར་འགྱུར་ཏེ། ཐ་ན་སེམས་ཅན་དམྱལ་བ་པ་དང་། དུད་འགྲོའི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པ་དང་། སྦྲང་བུ་དང་། ཕྱེ་མ་ལེབ་དང་། སྦུར་བུ་དང་། བུང་བ་དག་གི་སྒྲ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཐོས་ སོ། །སེམས་ཀྱི་དམིགས་པ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མི་སྟོན་པ་གང་དག་གིས་སེམས་ཅན་དེ་དག་གི་ངག་གི་ལས་འབྱུང་བ་དེ་དག་ཐམས་ཅད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ངག་གི་ལས་གང་དགེ་བའི་རྒྱུ་ཡོངས་སུ་འཛིན་པ་དང་། ངག་གི་ ལས་གང་མི་དགེ་བའི་རྒྱུ་ཡོངས་སུ་འཛིན་པ་དང་། ངག་གི་ལས་གང་ལུང་དུ་མི་སྟོན་པའི་རྒྱུ་ཡོངས་སུ་འཛིན་པ་དེ་དག་ཐམས་ཅད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་བག་ལ་ཉལ་བའི་ངག་གི་ལས་གང་སྡང་བས་འབྱིན་པ་དང་། འདོད་ཆགས་བག་ལ་ཉལ་བའི་ ངག་གི་ལས་གང་རྨོངས་པས་འབྱིན་པ་དང་། ཞེ་སྡང་བག་ལ་ཉལ་བའི་ངག་གི་ལས་གང་ཆགས་པས་འབྱིན་པ་དང་། ཞེ་སྡང་བག་ལ་ཉལ་བའི་ངག་གི་ལས་གང་རྨོངས་པས་འབྱིན་པ་དང་། གཏི་མུག་བག་ལ་ཉལ་བའི་ངག་གི་ལས་གང་ཆགས་པས་འབྱིན་པ་དང་། གཏི་མུག་བག་ལ་ཉལ་བའི་ངག་གི་ལས་གང་སྡང་ བས་འབྱིན་པ་དང་། འདོད་ཆགས་བག་ལ་ཉལ་བའི་ངག་གི་ལས་གང་ཆགས་པའི་འབྱིན་པ་དང་། ཞེ་སྡང་བག་ལ་ཉལ་བའི་ངག་གི་ལས་གང་སྡང་བས་འབྱིན་པ་དང་། གཏི་མུག་བག་ལ་ཉལ་བའི་ངག་གི་ལས་གང་རྨོངས་པས་འབྱིན་པ་དེ་དག་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ རབ་ཏུ་ཤེས་སོ། །ངག་གི་ལས་གང་བསམ་པ་དག་ལ་སྦྱོར་བ་ཉམས་པ་དང་། ངག་གི་ལས་གང་སྦྱོར་བ་དག་ལ་བསམ་པ་ཉམས་པ་དང་། ངག་གི་ལས་གང་བསམ་པའང་དག་ལ་སྦྱོར་བའང་དག་པ་དང་། ངག་གི་ལས་གང་བསམ་པའང་མ་དག་ལ་སྦྱོར་བའང་མ་དག་པ་དེ་ཐམས་ཅད་ལྷའི་རྣ་བའི་མངོན་པར་ཤེས་ 55-1-143b པའི་ཡེ་ཤེས་ཐོགས་པ་མེད་པ་དེས་ཡང་དག་པ་ཇི་ལྟ་བ་བཞིན་ཏུ་རབ་ཏུ་ཤེས་སོ། །དེ་དག་ལྷའི་རྣ་བའི་མངོན་པར་ཤེས་པའི་ཡེ་ཤེས་ཀྱིས་འཕགས་པ་དང་འཕགས་པ་མ་ཡིན་པའི་སྒྲ་རྣམས་ཐོས་ཏེ། ཐོས་ནས་ཀྱང་འཕགས་ པའི་སྒྲ་རྣམས་ལ་རྗེས་སུ་ཆགས་པར་ཡང་མི་འགྱུར། འཕགས་པ་མ་ཡིན་པའི་སྒྲ་རྣམས་ལ་ཁོང་ཁྲོ་བར་ཡང་མི་འགྱུར་ཏེ། དེ་དག་འཕགས་པའི་སྒྲ་རྣམས་ལ་བྱམས་པ་ཆེན་པོ་ཐོབ་ཅིང་འཕགས་པ་མ་ ཡིན་པའི་སྒྲ་རྣམས་ལ་སྙིང་རྗེ་ཆེན་པོ་འཐོབ་བོ། །སྒྲ་ཐམས་ཅད་ལ་ཡང་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་བྱེ་བྲག་འབྱེད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་དག་ལྷའི་རྣ་བའི་མངོན་པར་ཤེས་ པའི་ཡེ་ཤེས་དེས་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ཐོས་ཏེ། ཐོས་ནས་ཀྱང་དྲན་པ་དང་ཤེས་བཞིན་དང་མི་བརྗེད་པའི་ཆོས་ཉིད་ཀྱིས་ཐམས་ཅད་འཛིན་ཏོ། །བཟུང་ནས་ཀྱང་བརྗེད་པར་མི་བྱེད་ཅིང་སྣོད་ཇི་ལྟ་ བ་བཞིན་དུ་སེམས་ཅན་རྣམས་ལ་དྲན་པར་བྱེད་དོ། །སྙིང་པོ་དང་སྙིང་པོ་མ་ཡིན་པའི་ཆོས་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་དག་དེ་བཞིན་གཤེགས་པ་གཅིག་གི་ཆོས་བསྟན་པ་ཉན་ན། དེ་ བཞིན་གཤེགས་པ་གཉིས་པའི་ཆོས་བསྟན་པ་ལ་སྒྲིབ་པར་བྱེད་པ་འམ། ཀུན་ནས་ལྡང་བར་བྱེད་པ་མི་བྱེད་དོ། །སངས་རྒྱས་ཐམས་ཅད་ཀྱི་གསུངས་པ་སྔ་ཕྱི་མེད་པར་འཛིན་ཏོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་ མ་བསྟན་པའི་སྒྲ་གང་དག་ཐོས་པ་དེ་དག་ཀྱང་དྲན་པ་དང་ཤེས་བཞིན་གྱིས་དུས་དུས་སུ་བརྗོད་དོ། །གལ་ཏེ་འཁོར་གྱི་དུས་ཡིན་ཡང་ཆོས་བསྟན་པའི་དུས་མ་ཡིན་པར་རིག་ན་འཇོག་སྟེ། ཐོས་ནས་ཀྱང་མི་སྟོན་ཏོ། ། ཆོས་བསྟན་པའི་དུས་ཡིན་ལ་དབང་གཅིག་གི་འཁོར་གྱི་དུས་ཡིན་ན་ཡང་ཐམས་ཅད་ལ་ཆོས་མི་སྟོན་ཏོ། །བདེན་པར་ལུང་བསྟན་པ་ཡང་གཞན་ལ་གནོད་ན་ལུང་མི་སྟོན་ཏོ། །མི་བདེན་པའི་ལུང་བསྟན་པ་ཡང་ 55-1-144a དོན་དང་ལྡན་ཞིང་གཞན་རྗེས་སུ་གཟུང་བ་དང་མཐུན་ན་ཐབས་མཁས་པ་དང་། བདག་གི་སེམས་ཡོངས་སུ་དག་པས་ལུང་སྟོན་ཏོ། །སྒྲ་ཇི་ལྟ་བུ་ཉན་པར་འདོད་པ་དེ་ལྟ་བུའི་སྒྲ་ཐོས་ཏེ། སྒྲ་ཇི་ལྟ་བུ་ཉན་པར་ མི་འདོད་པ་དེ་ལྟ་བུའི་སྒྲ་མི་ཐོས་སོ། །འཁོར་གང་ན་ཆོས་སྟོན་པ་དེའི་སེམས་ཅན་ཐམས་ཅད་ཀྱི་རྣ་བའི་གནས་ཀྱི་ཤེས་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཏེ། ཤེས་ནས་ཀྱང་རང་བཞིན་དེ་འདྲ་བའི་ཆོས་ སྟོན་ཏོ། །དེ་ལ་སེམས་ཅན་གང་དག་ཆོས་ཤེས་པར་བྱེད་པ་དེ་དག་ནི་དེའི་ཆོས་བསྟན་པ་ཐོས་སོ། །སེམས་ཅན་གང་དག་ཆོས་ཤེས་པར་བྱེད་པ་མ་ཡིན་པ་དེ་དག་ནི་དེའི་ཆོས་བསྟན་པ་མི་ཐོས་སོ། །དེ་དག་གི་རྣ་བའི་ཁམས་ དེ་ནི་ཆོས་ཀྱི་དབྱིངས་ཤིན་དུ་རྣམ་པར་དག་པ་ཡིན་ནོ། །དེ་དག་གི་རྣ་བའི་ཁམས་དེ་ནི་ཡེ་ཤེས་རྣམ་པར་དག་པ་ཡིན། དེ་དག་གི་རྣ་བའི་ཁམས་དེ་བདག་གི་ཁམས་ཤིན་དུ་རྣམ་པར་དག་པ་ཡིན་དེ་དག་གི་རྣ་བའི་ཁམས་དེ་ སེམས་ཅན་གྱི་ཁམས་དང་། སྲོག་གི་ཁམས་དང་། གང་ཟག་གི་ཁམས་རྣམ་པར་དག་པ་ཡིན། དེ་དག་གི་རྣ་བའི་ཁམས་དེ་སྒྲ་དང་ཡི་གེ་དང་ངེས་པའི་ཚིག་ཇི་ལྟ་བ་བཞིན་དུ་ཐོས་པས་ཤིན་དུ་བརྟགས་པ་ཡིན། འགྲོ་བ་ལྔར་ སྐྱེས་པའི་སེམས་ཅན་ཐམས་ཅད་གང་དག་སྒྲ་དང་ཡི་གེ་དང་ངེས་པའི་ཚིག་སྣ་ཚོགས་སྨྲ་བ་དེ་དག་ལ་སྐད་ཇི་ལྟ་བ་བཞིན་དུ་འཇུག་པས་ཆོས་སྟོན་ཏོ། །དེ་དག་གི་ལྷའི་རྣ་བའི་ཁམས་དེ་ཐེག་པ་གཞན་མི་ཉན་པའི་ ཕྱིར་དེ་བཞིན་གཤེགས་པའི་ལྷའི་སྙན་དུ་ཡོངས་སུ་བསྔོས་པ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷའི་རྣ་བའི་མངོན་པར་ཤེས་པ་མི་ཟད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་མི་ཟད་པ་གང་ཞེ་ན། ཕ་རོལ་གྱི་སེམས་ཤེས་པ་ཞེས་བྱ་བ་ནི་གང་སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་མཐའི་སེམས་ཤེས་པ་དང་། ཕྱི་མའི་མཐའི་སེམས་ཤེས་ 55-1-144b པ་དང་། ད་ལྟར་བྱུང་བའི་སེམས་ཤེས་པའོ། །དེ་འདས་པའི་སེམས་ཤེས་པས་སེམས་ཅན་རྣམས་ཀྱི་སྔོན་གྱི་མཐས་བྱུང་བའི་སེམས་ལ་འཇུག་སྟེ། སེམས་ཅན་འདིའི་སེམས་འདི་ནི་རྒྱུ་ཆེའོ། །སེམས་ཅན་ འདིའི་སེམས་འདི་ནི་རྒྱུ་འབྲིང་ངོ་། །སེམས་ཅན་འདིའི་སེམས་འདི་ནི་རྒྱུ་ཆུང་ངོ་། །སེམས་ཅན་འདིའི་དབང་པོ་རྣམས་ནི་སྦྱིན་པའི་རྣམ་པའི་རྒྱུ་དང་ལྡན་ནོ། །སེམས་ཅན་འདིའི་དབང་པོ་རྣམས་ནི་ཚུལ་ ཁྲིམས་ཀྱི་རྣམ་པའི་རྒྱུ་དང་ལྡན་ནོ། །སེམས་ཅན་འདིའི་དབང་པོ་རྣམས་ནི་བཟོད་པའི་རྣམ་པའི་རྒྱུ་དང་ལྡན་ནོ། །སེམས་ཅན་འདིའི་དབང་པོ་རྣམས་ནི་བརྩོན་འགྲུས་ཀྱི་རྣམ་པའི་རྒྱུ་དང་ལྡན་ནོ། །སེམས་ཅན་ འདིའི་དབང་པོ་རྣམས་ནི་བསམ་གཏན་གྱི་རྣམ་པའི་རྒྱུ་དང་ལྡན་ནོ། །སེམས་ཅན་འདིའི་དབང་པོ་རྣམས་ནི་ཤེས་རབ་ཀྱི་རྣམ་པའི་རྒྱུ་དང་ལྡན་ནོ། །སེམས་ཅན་འདིའི་དབང་པོ་རྣམས་ནི་བྱམས་པའི་རྣམ་པའི་ རྒྱུ་དང་ལྡན་ནོ། །སེམས་ཅན་འདིའི་དབང་པོ་རྣམས་ནི་སྙིང་རྗེའི་རྣམ་པའི་རྒྱུ་དང་ལྡན་ནོ། །སེམས་ཅན་འདིའི་དབང་པོ་རྣམས་ནི་དགའ་བའི་རྣམ་པའི་རྒྱུ་དང་ལྡན་ནོ། །སེམས་ཅན་འདིའི་དབང་པོ་རྣམས་ནི་བཏང་ སྙོམས་ཀྱི་རྣམ་པའི་རྒྱུ་དང་ལྡན་ནོ། །སེམས་ཅན་འདིའི་དབང་པོ་རྣམས་ནི་རང་སངས་རྒྱས་ཀྱི་ཐེག་པའི་རྒྱུ་དང་ལྡན་ནོ། །སེམས་ཅན་འདིའི་དབང་པོ་རྣམས་ནི་ཐེག་པ་ཆེན་པོའི་རྒྱུ་དང་ལྡན་ནོ། །སེམས་ཅན་ འདི་ནི་རྒྱུའི་སྟོབས་ཅན་ཏེ། དགེ་བའི་རྩ་བའི་རྒྱུའི་རྒྱུན་འདི་དང་ལྡན་ན་སེམས་ཅན་འདི་སྦྱོར་བའི་རྒྱུས་རིགས་དམའ་བར་སྐྱེས་སོ། །སེམས་ཅན་འདི་ནི་བསམ་པ་དག་ལ་སྦྱོར་བ་མ་དག་པའོ། །སེམས་ཅན་ འདི་ནི་སྦྱོར་བ་དག་ལ་བསམ་པ་མ་དག་པའོ། །སེམས་ཅན་འདི་ནི་བསམ་པ་ཡང་དག་ལ་སྦྱོར་བ་ཡང་དག་པའོ། །སེམས་ཅན་འདི་ནི་བསམ་པ་ཡང་མ་དག་ལ་སྦྱོར་བ་ཡང་མ་དག་པའོ་ཞེས་དེ་ལྟར་གང་སེམས་ 55-1-145a ཅན་ཐམས་ཅད་ཀྱི་སྔོན་གྱི་རྒྱུ་ལས་བྱུང་བའི་དབང་པོ་རྣམས་ལས་སེམས་ཀྱི་སྤྱོད་པ་ཤེས་པ་དེ་དག་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་སོ་སོར་ཅི་རིགས་པར་ཆོས་ སྟོན་པ་འདི་ནི་སྔོན་གྱི་མཐའི་ཕ་རོལ་གྱི་སེམས་ཤེས་པ་ཞེས་བྱའོ། །དེ་ལ་ཕྱི་མའི་མཐའི་ཕ་རོལ་གྱི་སེམས་ཤེས་པ་གང་ཞེ་ན། སེམས་ཅན་འདིའི་ད་ལྟར་གྱི་སྦྱིན་པའི་རྒྱུ་ནི་མ་འོངས་པའི་དུས་ན་འདིའི་ཚུལ་ཁྲིམས་ཀྱི་ རྒྱུར་འགྱུར་རོ། །སེམས་ཅན་འདིའི་ད་ལྟར་ཚུལ་ཁྲིམས་ཀྱི་རྒྱུ་ནི་མ་འོངས་པའི་དུས་ན་འདིའི་བཟོད་པའི་རྒྱུར་འགྱུར་རོ། །སེམས་ཅན་འདིའི་ད་ལྟར་བཟོད་པའི་རྒྱུ་ནི་མ་འོངས་པའི་དུས་ན་འདིའི་ཚུལ་ཁྲིམས་ཀྱི་ རྒྱུར་འགྱུར་རོ། །སེམས་ཅན་འདིའི་ད་ལྟར་ཚུལ་ཁྲིམས་ཀྱི་རྒྱུ་ནི་མ་འོངས་པའི་དུས་ན་འདིའི་བཟོད་པའི་རྒྱུར་འགྱུར་རོ། །སེམས་ཅན་འདིའི་ད་ལྟར་བཟོད་པའི་རྒྱུ་མ་འོངས་པའི་དུས་འདིའི་བརྩོན་འགྲུས་ཀྱི་རྒྱུར་འགྱུར་རོ། ། སེམས་ཅན་འདིའི་ད་ལྟར་བརྩོན་འགྲུས་ཀྱི་རྒྱུ་ནི་མ་འོངས་པའི་དུས་ན་འདིའི་བསམ་གཏན་གྱི་རྒྱུར་འགྱུར་རོ། །སེམས་ཅན་འདིའི་ད་ལྟར་བསམ་གཏན་གྱི་རྒྱུ་ནི་མ་འོངས་པའི་དུས་ན་འདིའི་ཤེས་རབ་ཀྱི་རྒྱུར་ འགྱུར་རོ། །སེམས་ཅན་འདིའི་ད་ལྟར་འཇིག་རྟེན་པའི་ཤེས་པ་དང་སྤྱོད་པའི་རྒྱུ་ནི་མ་འོངས་པའི་དུས་ན་འདིའི་འཇིག་རྟེན་ལས་འདས་པའི་རྒྱུར་འགྱུར་རོ། །སེམས་ཅན་འདིའི་ད་ལྟར་དབང་པོའི་དམན་པའི་རྒྱུ་ ནི་མ་འོངས་པའི་དུས་ན་འདིའི་ཐེག་པ་ཆེན་པོའི་རྒྱུར་འགྱུར་རོ་ཞེས་དེ་ལྟར་མ་འོངས་པའི་དུས་ན་སེམས་ཅན་རྣམས་ཀྱི་རྒྱུ་གང་དང་། རྐྱེན་གང་དག་དང་། རྣམ་པ་གང་དག་མ་འོངས་པའི་དུས་ན། འབྱུང་བར་འགྱུར་ བའི་སེམས་ཅན་རྣམས་ཀྱི་རྒྱུ་དེ་དག་དང་། རྐྱེན་དེ་དག་དང་། རྣམ་པ་དེ་དག་བྱང་ཆུབ་སེམས་དཔས་ཡང་དག་པ་ཇི་ལྟ་བ་བཞིན་དུ། རབ་ཏུ་ཤེས་སོ། །དེ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་ 55-1-145b སྐྱོ་བར་མི་འགྱུར་ཏེ། དེའི་སེམས་ལ་འཇུག་པའི་ཤེས་པ་དང་། ཆོས་ཀྱི་སྣོད་དུ་གྱུར་པ་ཇི་སྙེད་པ་དེ་སྙེད་དུ་ཆོས་སྟོན་ཏོ། །འབྲས་བུ་ཡོད་པར་ཆོས་སྟོན་པ་ཡིན་ཏེ། ཆོས་ཀྱི་གཏམ་ལ་སེར་སྣ་མི་བྱེད་པ་འདི་ནི་ཕྱི་མའི་ མཐའི་ཕ་རོལ་གྱི་སེམས་ཤེས་པ་ཞེས་བྱའོ། །དེ་ལ་ད་ལྟར་བྱུང་བའི་ཕ་རོལ་གྱི་སེམས་ཤེས་པ་གང་ཞེ་ན། གང་ད་ལྟར་བྱུང་བའི་དུས་ན་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བ་གང་དག་སྐྱེ་བ་དེ་དག་ ཐམས་ཅད་བྱང་ཆུབ་སེམས་དཔས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེས་འདོད་ཆགས་དང་བཅས་པའི་སེམས་ཀྱང་འདོད་ཆགས་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ སོ། །འདོད་ཆགས་དང་བྲལ་བའི་སེམས་ཀྱང་འདོད་ཆགས་དང་བྲལ་བའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་ དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་། ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་དང་བྲལ་བ་དང་། བསྡུས་པ་དང་། རྣམ་པར་གཡེངས་པ་དང་། མཉམ་པར་བཞག་པ་དང་། མཉམ་པར་མ་བཞག་པ་དང་། བྱིང་བ་དང་། རབ་ཏུ་འཛིན་པ་དང་། རྒོད་པ་དང་། མི་རྒོད་པ་དང་། རྣམ་པར་ཞི་བ་དང་། རྣམ་པར་མ་ཞི་བ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་མ་གྲོལ་བ་དང་། རྒྱ་ཆེ་བ་དང་། རྒྱ་ཆེ་བ་མ་ཡིན་པ་དང་། ཆུང་ངུ་དང་། ཡངས་པ་དང་། ཆེན་པོར་གྱུར་པ་དང་། ཚད་མེད་པའི་སེམས་ཀྱང་ཚད་མེད་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟར་ཉོན་མོངས་པ་གང་དང་གང་གིས་སེམས་ཅན་གང་དང་གང་གི་སེམས་ བསྒྲིབས་པར་གྱུར་པ་དེ་དག་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་ཤེས་རབ་ཀྱིས་ཇི་ལྟར་ཉོན་མོངས་པ་ལས་ངེས་པར་འབྱུང་བར་འགྱུར་བར་ཆོས་སྟོན་ཏོ། །དེ་འཁོར་གང་དུ་འགྲོ་ 55-1-146a བར་ཐོག་མ་ཉིད་དུ་འཁོར་དེའི་སེམས་ལ་ལྟ་སྟེ། བལྟས་ནས་ཀྱང་སོ་སོ་ཅི་རིགས་པར་ཆོས་སྟོན་ཏོ། །དེ་ལྟར་གང་སེམས་ཅན་དེ་དག་གི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་དེ་དག་ཐམས་ཅད་ཡང་ དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རང་གི་སེམས་བསྒྲིབས་པ་འམ། གཞན་གྱི་སེམས་བསྒྲིབས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེའི་སེམས་ཀྱི་རྒྱུན་ནི་ཡེ་ཤེས་ ཀྱིས་རིག་པ། དྲན་པས་རིག་པ། བློ་གྲོས་ཀྱིས་རིག་པ། རྟོགས་པས་རིག་པ། ཤེས་རབ་ཀྱིས་རིག་པ། བྱང་ཆུབ་གྱིས་རིག་པའོ། །སེམས་ཀྱི་རྒྱུན་ནི་ཉོན་མོངས་པ་དང་བྲལ་བ། བག་ཆགས་ཀྱི་མཚམས་སྦྱོར་ བའི་ཉོན་མོངས་པ་ཡང་དག་པར་ཆད་པ་དག་པ། དྲི་མ་མེད་པ། འོད་གསལ་བ། ཁ་ན་མ་ཐོ་བ་མེད་པ། མི་བརླང་བ། ཉོན་མོངས་པ་མེད་པ། རྙོག་པ་མེད་པ། ཆོས་ཐམས་ཅད་སྣང་བས་རིག་པ། སེམས་ཅན་ ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་ཞུགས་ཤིང་སེམས་ཀྱི་རྒྱུན་ཤིན་དུ་རིག་པ་སྟེ། དེ་ལྟར་གང་དེ་ལྟ་བུའི་ཆོས་ལ་སེམས་འབབ་པ་ཤེས་པ་ལ་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའི་ཕ་རོལ་གྱི་སེམས་ ཤེས་པའི་མངོན་པར་ཤེས་པ་མི་ཟད་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པ་གང་ཞེ་ན། དེ་དྲན་པ་དེས་སྔོན་གྱི་གནས་རྗེས་ སུ་དྲན་ཏེ། དྲན་པ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་གནས་ཀྱིས་ཤིན་དུ་བྱིན་གྱིས་བརླབས་པའོ། །རབ་ཏུ་རིག་པས་ན་མི་གཡོ་བའོ། །ཡེ་ཤེས་ཤིན་དུ་ཡོངས་སུ་སྦྱང་བ་བྱས་པས་ན་མི་རྒོད་པའོ། །ཞི་གནས་ལ་ རབ་ཏུ་གནས་པས་ན་འཚེ་བ་མེད་པའོ། །ལྷག་མཐོང་གིས་ཤིན་དུ་ཟིན་པས་ན་ནོར་བ་མེད་པའོ། །མངོན་སུམ་དུ་ཤེས་པས་ན་གཞན་གྱི་དྲིང་ལ་མི་འཇོག་པའོ། །དྲན་ཞིང་མི་བརྗེད་པའི་ཆོས་ཅན་པས་ན་དྲན་པར་ 55-1-146b བྱ་བའོ། །ཐེག་པ་ཆེན་པོ་རབ་ཏུ་ཤེས་པའི་ཕྱིར་བསོད་ནམས་ཀྱི་ཚོགས་བསགས་པའོ། །གཞན་ལ་རག་མ་ལུས་པས་ན་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །ཐམས་ཅད་ཀྱི་ཕ་རོལ་དུ་འགྲོ་བའི་ཕྱིར་ཕ་རོལ་དུ་ཕྱིན་པ་ ཐམས་ཅད་ཀྱི་ཚོགས་བསགས་པའོ། །དེ་དྲན་པ་དེས་སྔོན་གྱི་གནས་རྗེས་སུ་དྲན་ཏེ། དེས་ཚེ་རབས་གཅིག་ཀྱང་རྗེས་སུ་དྲན་ནོ། །གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། བཅུ་དང་། ཉི་ཤུ་དང་། སུམ་བཅུ་ དང་། བཞི་བཅུ་དང་། ལྔ་བཅུ་དང་། ཚེ་རབས་བརྒྱ་ཡང་རྗེས་སུ་དྲན་ནོ། །ཚེ་རབས་སྟོང་དང་། ཚེ་རབས་བརྒྱ་སྟོང་དང་། ཚེ་རབས་བརྒྱ་ཕྲག་དུ་མ་དང་། ཚེ་རབས་བརྒྱ་སྟོང་ཕྲག་དུ་མ་དང་། འཆགས་པའི་བསྐལ་པ་དང་། འཇིག་ པའི་བསྐལ་པ་དང་། ཆགས་པའི་བསྐལ་པ་དུ་མ་དང་། འཇིག་པའི་བསྐལ་པ་དུ་མ་དང་། ཆགས་པ་དང་འཇིག་པའི་བསྐལ་པ་དུ་མ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་བརྒྱ་དང་། བསྐལ་པ་སྟོང་དང་། བསྐལ་པ་ བརྒྱ་སྟོང་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་ཡང་རྗེས་སུ་དྲན་ཏེ། སེམས་ཅན་མིང་ཆེ་གེ་མོ་ཞས་བྱ་བ་དེ་དག་བྱུང་བར་གྱུར་པ་དེར་བདག་ཀྱང་ བྱུང་སྟེ། བདག་གི་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ་ནི་ཁ་དོག་ནི་འདི་འདྲ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། ཚེའི་ཚད་ནི་འདི་ཙམ་ཞིག་ཐུབ་ཐུབ། ཡུན་ནི་འདི་སྲིད་ཅིག་གནས་ གནས། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་ངོ་། །བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །དེ་ནས་ཀྱང་ཤི་འཕོས་ནས་འདིར་སྐྱེས་ཏེ། དེ་ལྟར་རྣམ་པ་དང་བཅས། རྒྱུ་མཚན་དང་བཅས། ཡུལ་ ཕྱོགས་དང་བཅས་པར་སྔོན་གྱི་གནས་རྣམ་པ་མང་པོ་རྗེས་སུ་དྲན་ནོ། །དེས་བདག་དང་སེམས་ཅན་གཞན་གྱི་སྔོན་གྱི་མཐའ་ནས་བཟུང་སྟེ་སྔོན་གྱི་གནས་རྗེས་སུ་དྲན་ནོ། །དེ་བདག་གི་དགེ་བའི་རྩ་བ་དང་། སེམས་ཅན་གཞན་ 55-1-147a གྱི་དགེ་བའི་རྩ་བ་སྔོན་གྱི་རྒྱུ་ལས་བྱུང་བ་དྲན་ཞིང་བདག་གི་དགེ་བའི་རྩ་བ་དྲན་ནས་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །སེམས་ཅན་གཞན་གྱི་དགེ་བའི་རྩ་བ་དྲན་ནས་སེམས་ཅན་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་ཏུ་ འཛུད་དོ། །གང་སྔོན་གྱི་འདུ་བྱེད་ཀྱི་སྡུག་བསྔལ་དེ་ཡང་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ཉིད་དང་། བདག་མེད་པར་རྟོན་པར་བྱེད་དོ། །དེ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ཉིད་དང་། བདག་ མེད་པར་རྟོན་པས་གཟུགས་ཀྱིས་དྲེགས་པ་མེད་པ་ཡིན། ཁ་དོག་གིས་དྲེགས་པ་མེད་པ་ཡིན། ནད་མེད་པས་དྲེགས་པ་མེད་པ་ཡིན། ལང་ཚོས་དྲེགས་པ་མེད་པ་ཡིན། འཚོ་བས་དྲེགས་པ་མེད་པ་ཡིན། ལོངས་སྤྱོད་ ཀྱིས་དྲེགས་པ་མེད་པ་ཡིན། གཡོག་འཁོར་གྱིས་དྲེགས་པ་མེད་པ་ཡིན། དབང་ཕྱུག་གིས་དྲེགས་པ་མེད་པ་ཡིན། བརྒྱ་བྱིན་དུ་འདོད་པ་མེད་པ་ཡིན། ཚངས་པར་འདོད་པ་མེད་པ་ཡིན། འཇིག་རྟེན་སྐྱོང་བར་འདོད་ པ་མེད་པ་ཡིན། འཁོར་ལོས་སྒྱུར་བར་འདོད་པ་མེད་པ་ཡིན། སྐྱེ་བ་ཐམས་ཅད་འདོད་པ་མེད་པ་ཡིན་ནོ། །འདོད་པ་དང་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པ་ཐམས་ཅད་ཀྱང་བདག་ལ་བདེ་བའི་ཕྱིར་མི་འདོད་དེ། གཞན་དུ་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམས་བཞིན་དུ་སྲིད་པར་སྐྱེ་བ་འཛིན་ཏོ། །དེ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ཉིད་དང་། བདག་མེད་པར་རྟོན་པས་སྔོན་གྱི་ཀུན་ནས་ཉོན་མོངས་ པའི་སྤྱོད་པས་ངོ་ཚ་ཞིང་འཛེམ་སྟེ་གནོང་ཞིང་རྣམ་པར་སྨོད་དོ། །ད་ལྟར་གྱི་ཚེ་ཡང་སྲོག་གི་ཕྱིར་ཡང་མི་བྱ་བ་མི་བྱེད་ཅིང་དེ་སྔོན་གྱི་དགེ་བའི་རྩ་བ་རྣམས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ་རྒྱས་པར་བྱེད་དོ། །ད་ལྟར་ བྱུང་བའི་དགེ་བའི་རྩ་བ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ཡོངས་སུ་བསྔོའོ། །དེས་མི་མཐུན་པར་ཡོངས་སུ་སྔོ་བ་སྤངས་ཏེ། སངས་རྒྱས་ཀྱི་རིགས་དང་། ཆོས་ཀྱི་རིགས་དང་། དགེ་འདུན་གྱི་རིགས་ 55-1-147b རྒྱུན་མི་འཆད་པ་དང་། ཐམས་ཅད་མཁྱེན་པའི་ཕྱིར་ཡོངས་སུ་བསྔོ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པ་མི་ཟད་པའོ། །དེ་ལ་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་བྱ་བ་ཤེས་པ་མངོན་པར་ཤེས་པ་གང་ཞེ་ན། གང་འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པས་རབ་ཏུ་ཟིན་པའི་ཆོས་རྣམས་སྒྲུབ་པ་དང་། ལས་ སུ་རུང་བ་དང་། དབང་བྱེད་པས་དེས་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་འདི་དག་ཤིན་དུ་བསྒོམས་པའི་ཕྱིར་མངོན་པར་འདུ་བྱེད་པ་མེད་པའི་རྫུ་འཕྲུལ་མངོན་དུ་ཐོབ་པར་འགྱུར་ཏེ། དེ་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་དུ་ མ་མྱོང་བར་འགྱུར་རོ། །དེའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་དག་ནི་སེམས་ཅན་ལ་བལྟ་བའི་ཕྱིར་རྒྱ་ཆེར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་ཏེ། དེའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གང་གིས་སེམས་ཅན་གདུལ་བར་བྱ་ བའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་དང་དེ་སེམས་ཅན་རྣམས་ལ་ཉེ་བར་སྟོན་ཏེ། གཟུགས་སུ་འམ། སྟོབས་སུ་འམ། བྱིན་ཀྱི་བརླབས་སུ་ཡང་རུང་སྟེ། དེ་གཟུགས་དང་ཁ་དོག་ཏུ་སྣང་བ་གང་དང་གང་གིས་སེམས་ཅན་ འདུལ་བར་འགྱུར་བའི་གཟུགས་དང་ཁ་དོག་ཏུ་སྣང་བ་དེ་དང་དེ་ཉིད་སེམས་ཅན་རྣམས་ལ་ཉེ་བར་སྟོན་ཏོ། །སངས་རྒྱས་ཀྱི་གཟུགས་དང་ཁ་དོག་ཏུ་སྣང་བ་འམ། བྱང་ཆུབ་སེམས་དཔའི་གཟུགས་དང་ཁ་དོག་ཏུ་སྣང་བ་འམ། རང་ སངས་རྒྱས་ཀྱི་གཟུགས་དང་། ཁ་དོག་ཏུ་སྣང་བ་འམ། ཉན་ཐོས་ཀྱི་གཟུགས་དང་ཁ་དོག་ཏུ་སྣང་བ་འམ། བརྒྱ་བྱིན་གྱི་གཟུགས་དང་ཁ་དོག་ཏུ་སྣང་བ་འམ། འཇིག་རྟེན་སྐྱོང་བའི་གཟུགས་དང་ཁ་དོག་ཏུ་སྣང་བ་ འམ། འཁོར་ལོས་སྒྱུར་བའི་གཟུགས་དང་ཁ་དོག་ཏུ་སྣང་བ་འམ། དེ་བཞིན་དུ་ཁྱབ་འཇུག་དང་། སྐེམ་བྱེད་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། སྐྱེ་དགུའི་བདག་པོའི་གཟུགས་དང་ཁ་དོག་ཏུ་སྣང་བ་ 55-1-148a འམ། གང་དེ་མ་ཡིན་པའི་གཟུགས་དང་ཁ་དོག་ཏུ་སྣང་བ་ཐ་ན་དུད་འགྲོའི་སྐྱེ་གནས་ཀྱི་གཟུགས་དང་ཁ་དོག་ཏུ་སྣང་བ་གང་དང་གང་གིས་སེམས་ཅན་འདུལ་བར་འགྱུར་བའི་གཟུགས་དང་། ཁ་དོག་ ཏུ་སྣང་བ་དེ་དང་དེ་ཉིད་སྟོན་ཏེ། མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། །དེ་སྟོབས་གང་དང་གང་གིས་སྟོབས་སྙེམས་པ་དང་། ཁྲོ་བ་དང་། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པའི་ཤེས་ ཆེ་བའི་སེམས་ཅན་རྣམས་གདུལ་བར་བྱ་བའི་སྟོབས་དེ་དང་དེ་ཉིད་སྟེན་ཏེ། ཡང་ན་བརྒྱ་བྱིན་གྱི་སྟོབས་སམ། ཡང་ན་ཚངས་པའི་སྟོབས་སམ། ཡང་ན་འཇིག་རྟེན་སྐྱོང་བའི་སྟོབས་སམ། ཡང་ན་འཁོར་ལོས་ སྒྱུར་བའི་སྟོབས་སམ། ཡང་ན་ཚན་པོ་ཆེའི་སྟོབས་སམ། ཡང་ན་སྲེད་མེད་ཀྱི་བུས་སྟོབས་ཀྱི་བཞི་ཆ་འམ། ཡང་ན་སྲེད་མེད་ཀྱི་བུའི་སྟོབས་ཀྱི་ཕྱེད་དམ། ཡང་ན་སྲེད་མེད་ཀྱི་བུའི་སྟོབས་ཀྱང་རུང་སྟེ། བྱང་ཆུབ་སེམས་དཔའི་སྟོབས་གང་དང་ལྡན་པས་སོར་མོ་གསུམ་གྱི་རིའི་རྒྱལ་པོ་རི་རབ་བཏེག་སྟེ། འཕང་དུ་དཔག་ཚད་འབུམ་དྲུག་ཁྲི་བཞི་སྟོང་ཙམ་ལ་རྒྱར་དཔག་ཚད་བརྒྱད་ཁྲི་བཞི་སྟོང་དུ་འཕངས་པའང་ འདི་ལྟ་སྟེ་དཔེར་ན་སྐྱུ་རུ་རའི་འབྲས་བུ་གཅིག་བཞིན་དུ་འཇིག་རྟེན་གྱི་ཁམས་གཞན་དུ་འཕངས་ཀྱང་བྱང་ཆུབ་སེམས་དཔའ་དེའི་སྟོབས་ལ་ཉམས་པ་མེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ གྱི་ཁམས་འདི་ལྟར་རྒྱ་ཆེ་བ། འདི་ལྟར་ཡངས་པ་ཆུའི་ཁམས་ནས་བཟུང་སྟེ། སྟེང་དུ་འོག་མིན་གྱི་བར་ལ་ཐུག་པ་འདི་ལག་མཐིལ་གྱི་སྟེང་དུ་བཞག་སྟེ་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་འདུག་ལ། སྤྱོད་ལམ་ཐམས་ཅད་ཀྱང་སྟོན་ཏེ། བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་སྟོབས་དང་། སེམས་ཅན་སྟོབས་སྙེམས་ཤིང་ཁྲོ་བ་དང་། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པའི་ཤས་ཆེ་བ་རྣམས་ལ་སྟོབས་སྙེམས་ 55-1-148b པ་དང་། ཁྲོ་བ་དང་། ང་རྒྱལ་དང་། དྲེགས་པ་གདུལ་བའི་ཕྱིར་ཆོས་སྟོན་ཏོ། །དེ་རྫུ་འཕྲུལ་གྱི་རྐང་པ་དེ་དག་གི་བྱིན་གྱིས་བརླབས་ཀྱིས་ཡེ་ཤེས་འཐོབ་བོ། །བྱང་ཆུབ་སེམས་དཔའ་བྱིན་གྱི་བརླབས་ཀྱི་ཡེ་ཤེས་དེ་དག་གང་ དང་གང་ལ་བྱིན་གྱིས་བརླབས་པ་དེ་དེ་ཁོ་ན་བཞིན་དུ་འགྱུར་ཏེ། དེས་གལ་ཏེ་རྒྱ་མཚོ་ཆེན་པོ་ལ་བ་ལང་གི་རྗེས་ཙམ་དུ་གྱུར་ཅིག་ཅེས་བ་ལང་གི་རྗེས་སུ་བྱིན་གྱིས་བརླབས་ན་བ་ལང་གི་རྗེས་ཙམ་དུ་འདུག་གོ། །བ་ལང་ གི་རྗེས་ཀྱང་རྒྱ་མཚོ་ཆེན་པོར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་ན་རྒྱ་མཚོ་ཆེན་པོ་ཉིད་དུ་འདུག་གོ། །གལ་ཏེ་སྲེག་པའི་བསྐལ་པ་ཆུའི་ཕུང་པོར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་ན་དེ་ཆུའི་ཕུང་པོ་ཉིད་དུ་འདུག་གོ། །ཆུའི་ ཕུང་པོ་ཡང་མེའི་ཕུང་པོར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་ན་མེའི་ཕུང་པོ་ཉིད་དུ་འདུག་གོ། །མེའི་ཕུང་པོ་ཡང་རླུང་གི་ཕུང་པོར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་ན་དེ་རླུང་གི་ཕུང་པོ་ཉིད་དུ་འདུག་གོ། །རླུང་གི་ཕུང་པོ་ཡང་ མེའི་པོར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་ན། དེ་མེའི་ཕུང་པོ་ཉིད་དུ་འདུག་གོ། །མེའི་ཕུང་པོ་ཡང་སའི་ཕུང་པོར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་ན་དེ་སའི་ཕུང་པོ་ཉིད་དུ་འདུག་གོ། །སའི་ཕུང་པོ་ཡང་མེའི་ཕུང་པོར་གྱུར་ཅིག་ ཅེས་བྱིན་གྱིས་བརླབས་ན་དེ་མེའི་ཕུང་པོ་ཉིད་དུ་འདུག་གོ། །དེ་བཞིན་དུ་ཐ་མ་དང་། འབྲིང་དང་། རབ་ཀྱི་ཆོས་གང་དང་གང་བྱིན་གྱིས་བརླབས་ཀྱིས་བརླབས་པ་དེ་དག་དེ་ཁོ་ན་བཞིན་དུ་འདུག་གོ། །དེའི་བྱིན་གྱིས་བརླབས་དེ་ནི་སངས་རྒྱས་ བཅོམ་ལྡན་འདས་རྣམས་མ་གཏོགས་པར་བརྒྱ་བྱིན་ནམ། ཚངས་པ་འམ། བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་འམ་སུས་ཀྱང་རུང་སྟེ་འཇིག་རྟེན་དུ་ཆོས་དང་འཐུན་པས་སུས་ཀྱང་བསྐྱོད་པ་འམ། བསྒུལ་བ་འམ། མི་སྣང་ བར་བྱེད་མི་ནུས་ཏེ། སེམས་ཅན་གྱི་རིས་ན་གང་བྱང་ཆུབ་སེམས་དཔའི་བྱིན་གྱི་བརླབས་དེ་ལ་བསྐྱོད་པ་འམ། བསྒུལ་བ་འམ། མི་སྣང་བར་བྱེད་ནུས་པའི་སེམས་ཅན་དེ་གང་ཡང་མེད་དོ། །དེ་བྱང་ཆུབ་སེམས་དཔའི་ 55-1-149a བྱིན་གྱི་བརླབས་ཀྱི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པ་དེས་བརྗོད་པ་སྣ་ཚོགས་དང་། དགའ་བ་དང་། མགུ་བ་ལྷུར་ལེན་པའི་སེམས་ཅན་རྣམས་ལ་སྒྲ་ཇི་ལྟ་བ་བཞིན་དུ་འཇུག་པས་ཆོས་སྟོན་ཏོ། །དེའི་རྫུ་འཕྲུལ་གྱི་རྐང་ པ་དེ་དག་ཀྱང་མངོན་པར་འཕགས་པའོ། །རང་གི་ཁ་ན་ལས་པའོ། །བདུད་དང་། ཉོན་མོངས་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པའོ། །སངས་རྒྱས་ཀྱི་ཡུལ་ལ་འཇུག་པའོ། །སེམས་ཅན་ཐམས་ཅད་ལ་མི་གནོད་པར་སྦྱོར་ བའོ། །དགེ་བའི་རྩ་བ་དང་ཚོགས་བསགས་པའོ། །བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་མི་འཕྲོགས་པ་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་བྱ་བ་ཤེས་པའི་མངོན་པར་ ཤེས་པ་མི་ཟད་པ་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་ལྔ་མི་ཟད་པ་ཞེས་བྱའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་ བའི་དངོས་པོ་བཞི་མི་ཟད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པའོ། །དེ་ལ་སྦྱིན་པ་ནི་གང་ཟང་ཟིང་སྦྱིན་པ་དང་། ཆོས་སྦྱིན་པའོ། །སྙན་པར་སྨྲ་བ་ནི་གང་ སློང་བ་དང་ཆོས་ཉན་པ་རྣམས་ལ་ཚིག་འཇམ་ཞིང་སྙན་པར་སྨྲ་བའོ། །དེ་ལ་དོན་སྤྱོད་པ་ནི་གང་བདག་དང་གཞན་དག་གི་དོན་བསམ་པ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པའོ། །དེ་ལ་དོན་མཐུན་པ་ནི་གང་ཐེག་པ་གང་ལ་བདག་ ཡོན་ཏན་དུ་འདུ་ཤེས་པའི་ཐེག་པ་དེ་ཉིད་ལ་ཆོས་དང་ཟང་ཟིང་ལེན་པ་རྣམས་རབ་ཏུ་འགོད་པའོ། །གཞན་ཡང་སྦྱིན་པ་ནི་གང་སློང་བ་རྣམས་ལ་ཡིད་མགུ་བར་སྦྱིན་པའོ། །དེ་ལ་སྙན་པར་སྨྲ་བ་ནི་གང་སློང་བ་རྣམས་ལ་ མི་སྨོད་པའོ། །དེ་ལ་དོན་སྤྱོད་པ་ནི་གང་སློང་བ་རྣམས་ཀྱི་དོན་ཡོངས་སུ་རྫོགས་པར་བྱེད་པའོ། །དེ་ལ་དོན་མཐུན་པ་ནི་གང་ཐེག་པ་དེ་ཉིད་ལ་ཡང་དག་པར་འཛུད་པའོ། །གཞན་ཡང་སྦྱིན་པ་ནི་གང་བསམ་པ་ཐག་པ་ནས་གཏོང་བའོ། ། 55-1-149b སྙན་པར་སྨྲ་བ་ནི་གང་སྦྱོར་བ་ཡོངས་སུ་ཆད་པ་མེད་པའོ། །དོན་སྤྱོད་པ་ནི་གང་ལྷག་པའི་བསམ་པས་བྱིན་ཏེ་འགྱོད་པ་མེད་པའོ། །དོན་མཐུན་པ་ནི་གང་ཐེག་པ་ཆེན་པོ་ལ་ཡོངས་སུ་སྔོ་བའོ། །གཞན་ཡང་སྦྱིན་པ་ནི་གང་ བྱམས་པའི་རྗེས་སུ་འགྲོ་བའི་སེམས་ཀྱིས་ཡོངས་སུ་གཏོང་བའོ། །སྙན་པར་སྨྲ་བ་ནི་གང་དགའ་བ་དང་མཆོག་ཏུ་དགའ་བར་གྱུར་པའི་སེམས་མི་གཏོང་བའོ། །དོན་སྤྱོད་པ་ནི་གང་སྙིང་རྗེ་ཆེན་པོ་ཡོངས་སུ་དག་ པའི་སེམས་བསྐྱེད་པས་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་དག་ལ་བརྩོན་པའོ། །དོན་འཐུན་པ་ནི་གང་བཏང་སྙོམས་དང་ལྡན་པའི་སེམས་མཐོ་དམའ་མེད་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ ཡོངས་སུ་བསྔོ་བའི་སེམས་སོ། །གཞན་ཡང་སྦྱིན་པ་ནི་གང་ཆོས་བཞིན་བཙལ་བའི་ལོངས་སྤྱོད་རྣམས་ཡོངས་སུ་གཏོང་བའོ། །སྙན་པར་སྨྲ་བ་ནི་གང་དག་ལ་སྦྱིན་པ་བྱིན་པ་དེ་དག་ཆོས་ལ་རབ་ཏུ་འཛུད་པའོ། ། དོན་སྤྱོད་པ་ནི་གང་བདག་གི་དོན་དང་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱེད་པའོ། །དོན་མཐུན་པ་ནི་གང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའོ། །གཞན་ཡང་ སྦྱིན་པ་ནི་གང་ནང་དང་ཕྱིའི་དངོས་པོ་རྣམས་ཡོངས་སུ་གཏོང་བའོ། །སྙན་པར་སྨྲ་བ་ནི་གང་ཆོས་ཐམས་ཅད་ཀྱི་ཡོན་ཏན་ཤེས་པ་ལ་སློབ་དཔོན་གྱི་དཔེ་འཁྱུད་མེད་པའོ། །དོན་སྤྱོད་པ་ནི་གང་བདག་གི་དོན་བཏང་སྟེ་གཞན་ གྱི་དོན་བྱེད་པའོ། །དོན་མཐུན་པ་ནི་གང་ལོངས་སྤྱོད་བསྡུས་ཏེ་ལག་ཏུ་ཐོབ་པ་ཡང་གཞན་དག་ལ་བྱིན་ནས་མི་དགའ་བ་མེད་པའོ། །དེ་ལ་ཆོས་སྦྱིན་པ་གང་ཞེ་ན། གང་ཇི་སྐད་ཐོས་པའི་ཆོས་རྣམས་སྟོན་པའོ། །སྙན་པར་ སྨྲ་བ་ནི་གང་ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་ཡང་དག་པར་རབ་ཏུ་སྟོན་པའོ། །དོན་སྤྱོད་པ་ནི་གང་གཞན་དག་ལ་ལུང་འབོག་པ་དང་། ཁ་ཏོན་བྱེད་དུ་འཇུག་པ་ལ་མི་སྐྱོ་བའོ། །དོན་མཐུན་པ་ནི་གང་ཐམས་ཅད་མཁྱེན་ 55-1-150a པ་ཉིད་ཀྱི་སེམས་དང་མ་བྲལ་བས་ཆོས་རྙེད་པ་དང་གཞན་དག་ཀྱང་རབ་ཏུ་འཛུད་པའོ། །གཞན་ཡང་ཆོས་ཀྱི་སྦྱིན་པ་ནི་གང་ཆོས་ཉན་པ་འོངས་ཤིང་ལྷགས་པ་རྣམས་ལ་མི་སྐྱོ་ཞིང་མི་གཡེང་བར་ཆོས་སྟོན་པའོ། ། སྙན་པར་སྨྲ་བ་ནི་གང་ཇི་སྲིད་དུ་རྒྱང་རིང་པོར་ཡང་སོང་སྟེ། དམ་པའི་ཆོས་ཡང་དག་པར་སྟོན་པའོ། །དོན་སྤྱོད་པ་ནི་གང་ཆོས་འདོད་པའི་གང་ཟག་རྣམས་ལྷུང་བཟེད་མ་ཚང་ངམ། གོས་དང་། ཟས་དང་། མལ་སྟན་དང་། ན་བའི་ གསོས་སྨན་དང་། ཡོ་བྱད་མེད་དམ། གཞན་ཡང་དེ་དག་ལ་གང་དང་གང་གིས་བྲེལ་བ་དེ་དག་ཐམས་ཅད་བྱིན་ཏེ། ལྷག་པའི་བསམ་པར་སོང་བའི་སེམས་ཀྱི་རྒྱུད་ཀྱིས་ཆོས་སྟོན་པའོ། །དོན་མཐུན་པ་ནི་གང་ཆོས་ཀྱི་སྦྱིན་པ་བྱིན་ ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཛུད་ཅིང་ཡོངས་སུ་སྔོ་བའོ། །གཞན་ཡང་ཆོས་ཀྱི་སྦྱིན་པ་ནི་གང་སྦྱིན་པ་ཐམས་ཅད་ཀྱི་མཆོག་ནི་ཆོས་ཀྱི་སྦྱིན་པ་ཡིན་པར་རིག་ནས་ཆོས་ཀྱི་སྦྱིན་པ་ཡོངས་ སུ་གཏོང་བའོ། །སྙན་པར་སྨྲ་བ་ནི་གང་ཕན་པའི་དངོས་པོའི་ཕྱིར་ཆོས་སྟོན་ཏོ། །དོན་སྤྱོད་པ་ནི་གང་དོན་ལ་རྟོན་པའི་ཆོས་སྟོན་གྱི་ཡི་གེ་ལ་རྟོན་པ་ནི་མ་ཡིན་ནོ། །དོན་མཐུན་པ་ནི་གང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་ སུ་རྫོགས་པར་བྱ་བའི་ཕྱིར་ཆོས་སྟོན་པའོ། །གཞན་ཡང་ཆོས་སྦྱིན་པ་ནི་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སྙན་པར་སྨྲ་བ་ནི་གང་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པའོ། །དོན་སྤྱོད་པ་ ནི་གང་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའོ། །དོན་མཐུན་པ་ནི་གང་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །གཞན་ཡང་ཆོས་སྦྱིན་པ་ནི་དང་པོ་སེམས་བསྐྱེད་པའི་བྱང་ཆུབ་སེམས་ དཔའ་རྣམས་ཀྱིའོ། །སྙན་པར་སྨྲ་བ་ནི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དོན་སྤྱོད་པ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དོན་མཐུན་པ་ནི་སྐྱེ་བ་གཅིག་གིས་ཐོགས་ 55-1-150b པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །གཞན་ཡང་ཆོས་སྦྱིན་པ་ནི་བྱང་ཆུབ་ཀྱི་རྩ་བ་དང་ས་བོན་གྱི་གཞིའོ། །སྙན་པར་སྨྲ་བ་ནི་བྱང་ཆུབ་ཀྱི་མྱུ་གུ་དང་འདབ་མ་ཡོངས་སུ་རྫོགས་པའོ། །དོན་སྤྱོད་པ་ནི་བྱང་ཆུབ་ཀྱི་མེ་ ཏོག་ཡོངས་སུ་རྒྱས་པའོ། །དོན་མཐུན་པ་ནི་བྱང་ཆུབ་ཀྱི་འབྲས་བུ་མངོན་པར་འགྲུབ་པ་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་བའི་དངོས་པོ་བཞི་མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་བཞི་མི་ཟད་པ་སྟེ། བཞི་གང་ཞེ་ན། གང་འདི་དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་ལ་དོན་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། གང་ཆོས་ཐམས་ཅད་ལ་དོན་དམ་པར་ཤེས་པ་སྟེ། ཆོས་ཤེས་པ་དང་། སོ་སོར་རྟོགས་པ་ཤེས་ པ་དང་། རྗེས་སུ་འགྲོ་བ་ཤེས་པ་དང་། རྒྱུ་ཤེས་པ་དང་། རྐྱེན་ཤེས་པ་དང་། གཉིས་སུ་མེད་པར་ཤེས་པ་དང་། ཚོགས་པ་ཤེས་པ་དང་། ཐ་མར་འགྲོ་བ་ཤེས་པ་དང་། བར་ན་མི་འདུག་པ་ཤེས་པ་དང་། རྐྱེན་ལ་འཇུག་ པ་ཤེས་པ་དང་། དེ་ཆོས་ཀྱི་དབྱིངས་དབྱེར་མེད་པ་ཤེས་པ་དང་། དེ་བཞིན་ཉིད་ཀྱི་རྗེས་སུ་འཇུག་པ་དང་། ཡང་དག་པའི་མཐའ་ལ་གནས་པ་ཤེས་པ་དང་། སྟོང་པ་ཉིད་རྟོགས་པའི་ཤེས་པ་དང་། མཚན་མ་མེད་པ་ལ་སྤྱོད་ པ་ཤེས་པ་དང་། སྨོན་པ་མེད་པ་ལ་སྨོན་ལམ་མེད་པར་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ལ་མངོན་པར་འདུ་བྱེད་པ་མེད་པར་ཤེས་པ་དང་། ཚུལ་གཅིག་ལ་འཇུག་པ་ཤེས་པ་དང་། བདག་མེད་པར་རྟོགས་པའི་ཤེས་ པ་དང་། སེམས་ཅན་མེད་པར་རྟོགས་པའི་ཤེས་པ་དང་། སྲོག་མེད་པར་ཤིན་དུ་རྟོགས་པའི་ཤེས་པ་དང་། གང་ཟག་མེད་པ་དོན་དམ་པར་ཤེས་པ་དང་། འདས་པའི་དུས་ལ་མ་ཆགས་པའི་ཤེས་པ་དང་། མ་འོངས་པའི་ 55-1-151a དུས་ལ་ཐུག་པ་དམེད་པའི་ཤེས་པ་དང་། ད་ལྟར་བྱུང་བའི་དུས་ན་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པར་ཤེས་པ་དང་། ཕུང་པོ་རྣམས་ལ་སྒྱུ་མར་ཤེས་པ་དང་། ཁམས་རྣམས་ལ་སྦྲུལ་གདུག་པ་ལྟ་བུར་རྟོག་པའི་ ཤེས་པ་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པ་ལྟ་བུར་ངེས་པར་སེམས་པའི་ཤེས་པ་དང་། ནང་ཉེ་བར་ཞི་བར་ཤེས་པ་དང་། ཕྱི་རོལ་དུ་རྒྱུ་བ་མེད་པར་ཤེས་པ་དང་། ཡུལ་རྣམས་ལ་སྒྱུ་མ་དང་བྱེ་བྲག་མེད་པར་ཤེས་ པ་དང་། དྲན་པ་ལ་གནས་པའི་ཤེས་པ་དང་། བཟོད་པའི་རྗེས་སུ་འགྲོ་བ་ཤེས་པ་དང་། བློ་གྲོས་ཀྱིས་སོ་སོར་རྟོག་པའི་ཤེས་པ་དང་། བདག་ལ་རྟོག་པའི་ཤེས་པ་དང་། བདེན་པ་རྣམས་ལ་རབ་ཏུ་རྟོག་པར་ཤེས་པ་དང་། སྡུག་བསྔལ་ལ་མི་འབྱུང་བར་ཤེས་པ་དང་། ཀུན་འབྱུང་བ་ལ་མངོན་པར་འདུ་མི་བྱེད་པར་ཤེས་པ་དང་། འགོག་པ་ལ་མཚན་ཉིད་མེད་པར་ཤེས་པ་དང་། ལམ་ལ་སྒྲོལ་བར་ཤེས་པ་དང་། ཆོས་རྣམས་ལ་ཚིག་ རབ་ཏུ་དབྱེ་བར་ཤེས་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་དྲན་པ་མེད་པ་དང་། ཡིད་ལ་བྱ་བ་མེད་པར་ཤེས་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་དགེ་བ་དང་མི་དགེ་བ་གཉིས་སུ་འཇུག་པའི་ཤེས་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ལུས་དང་སེམས་ཡང་བར་ཤེས་པ་དང་། དབང་པོ་རྣམས་ལ་འཇུག་པར་ཤེས་པ་དང་། སྟོབས་རྣམས་ལ་མི་རྫི་བར་ཤེས་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཆོས་ཐམས་ ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་ཤེས་པ་དང་། ཞི་གནས་ལ་གནས་པར་ཤེས་པ་དང་། ལྷག་མཐོང་ལ་སྣང་བར་ཤེས་པ་དང་། སྒྱུ་མ་ལ་རྣམས་པར་བསྒྲུབས་པར་འདུ་ཤེས་པ་དང་། སྨིག་རྒྱུ་ལ་ནོར་ བར་འདུ་ཤེས་པ་དང་། རྨྱི་ལམ་ལ་ཡང་དག་པ་མ་ཡིན་པར་མཐོང་བར་ཤེས་པ་དང་། བྲག་ཅ་ལ་རྐྱེན་དུ་དམིགས་པའི་ཤེས་པ་དང་། མིག་ཡོར་ལ་མི་གཡོ་བར་ཤེས་པ་དང་། མཚན་ཉིད་ཐ་དད་པ་རྣམས་ལ་ 55-1-151b མཚན་ཉིད་གཅིག་ཏུ་ཤེས་པ་དང་། འདུ་བ་རྣམས་ལ་འབྲལ་བར་ཤེས་པ་དང་། མཚམས་སྦྱོར་བ་རྣམས་ལ་མཚམས་སྦྱོར་བ་མེད་པར་ཤེས་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་གཞན་གྱི་སྒྲའི་རྗེས་སུ་འགྲོ་བས་འཇུག་པར་ ཤེས་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་རྟེན་པ་འཇུག་པ་དང་། རབ་ཏུ་དབེན་ཞིང་རྩེ་གཅིག་པར་ཤེས་པ་དང་། ཐེག་པ་ཆེན་པོ་ལ་དགེ་བའི་རྩ་བ་དང་། ཚོགས་སྤེལ་བར་ཤེས་པ་འདི་ནི་དོན་སོ་སོ་ཡང་དག་པར་རིག་ པ་ཞེས་བྱའོ། །གཞན་ཡང་དོན་སོ་སོ་ཡང་དག་པར་རིག་པ་ནི་དོན་སོ་སོ་ཡང་དག་པར་རིག་པ་གང་གིས་ཆོས་ཐམས་ཅད་ལ་དོན་རྟོན་པས་རྟོན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་མ་ལུས་པར་སྟོང་པ་སྟེ། གང་ སྟོང་པའི་དོན་དེ་ནི་དོན་ནོ། །ཆོས་ཐམས་ཅད་ནི་མ་ལུས་པར་མཚན་མ་མེད་པའི་དོན་དེ་ནི་དོན་ནོ། །ཆོས་ཐམས་ཅད་ནི་མ་ལུས་པར་སྨོན་པ་མེད་པ་སྟེ། གང་སྨོན་པ་མེད་པའི་དོན་དེ་ནི་དོན་ནོ། །ཆོས་ཐམས་ཅད་ནི་མ་ ལུས་པར་མངོན་པར་འདུ་མི་བྱེད་པ་སྟེ། གང་མངོན་པར་འདུ་མི་བྱེད་པའི་དོན་དེ་ནི་དོན་ནོ། །ཆོས་ཐམས་ཅད་ནི་མ་ལུས་པར་མི་སྐྱེ་བ་སྟེ། གང་མ་ལུས་པར་མི་སྐྱེ་བའི་དོན་དེ་ནི་དོན་ནོ། །ཆོས་ཐམས་ཅད་ནི་ མ་ལུས་པར་མ་བྱུང་བ་སྟེ། གང་མ་ལུས་པར་མ་བྱུང་བའི་དོན་དེ་ནི་དོན་ནོ། །ཆོས་ཐམས་ཅད་ནི་མ་ལུས་པར་དངོས་པོ་མེད་པ་སྟེ། གང་མ་ལུས་པར་དངོས་པོ་མེད་པའི་དོན་དེ་ནི་དོན་ནོ། །ཆོས་ཐམས་ཅད་ནི་མ་ ལུས་པར་དབེན་པ་སྟེ། གང་མ་ལུས་པར་དབེན་པའི་དོན་དེ་ནི་དོན་ནོ། །ཆོས་ཐམས་ཅད་ནི་མ་ལུས་པར་བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པ་སྟེ། གང་བདག་མེད་པ་དང་། སེམས་ཅན་ མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པའི་དོན་དེ་ནི་དོན་ཏེ། གང་འདི་ལྟ་བུའི་ཆོས་རྣམས་རྟོགས་པ་དེ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །གང་འདིར་བསྟན་པ་ནི་ཐོགས་པ་མེད་པར་བསྟན་པ། 55-1-152a ཆགས་པ་མེད་པར་བསྟན་པ། མི་ཟད་པར་བསྟན་པ། ཆོས་ཐམས་ཅད་ཐོབ་པར་བསྟན་པ་སྟེ། དོན་བསྟན་པ་དེ་ནི་སོ་སོ་ཡང་དག་པར་རིག་པ་ཡིན་ནོ། །དོན་སོ་སོ་ཡང་དག་པར་རིག་པ་དེ་ནི་དོན་ཐམས་ ཅད་བསྟན་པ་ལ་མི་ཟད་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཡང་དག་པར་བཀའ་སྩལ་ཅིང་ཡང་དག་པར་རྗེས་སུ་ཐུགས་རང་བའོ། །དེ་ཡང་དག་པ་དང་། དེ་ཁོ་ན་དང་། མ་ལོག་པ་དང་། གཞན་ མ་ཡིན་པ་སྟེ་ཤེས་རབ་དང་། ཡེ་ཤེས་ཀྱིས་རྟོགས་པ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པ་སྟེ། འདི་ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། གང་ཆོས་ཐམས་ ཅད་ལ་རྗེས་སུ་འཇུག་པ་ཤེས་པ་སྟེ། དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། བཟང་པོ་དང་། ངན་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆ་དང་མཐུན་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པར་ཉེ་བར་སོང་བ་རྣམས་ལ་ ཆོས་ཀྱི་དབྱིངས་མཉམ་པ་ཉིད་དུ་ཤེས་པ་དང་། བྱང་ཆུབ་མཉམ་པ་ཉིད་དུ་ཤེས་པ་དང་། ཁམས་མཉམ་པ་ཉིད་དུ་ཤེས་པ་འདི་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །གཞན་ཡང་ཆོས་སོ་སོ་ཡང་དག་པར་ རིག་པ་ནི་གང་འདོད་ཆགས་སྤྱོད་པའི་སེམས་ཅན་རྣམས་ཀྱི་སེམས་ལ་འཇུག་ཅིང་འབབ་པར་ཤེས་པ་དང་། བཅོས་མའི་འདོད་ཆགས་སྤྱོད་པ་དང་། བཅོས་མ་མ་ཡིན་པའི་འདོད་ཆགས་སྤྱོད་པ་དང་། སྣྲེལ་ཞིའི་ འདོད་ཆགས་སྤྱོད་པ་དང་། ལྟ་བའི་འདོད་ཆགས་སྤྱོད་པ་དང་། མི་ཟད་པའི་འདོད་ཆགས་སྤྱོད་པ་དང་། འཇམ་པའི་འདོད་ཆགས་སྤྱོད་པ་དང་། ཡང་བའི་འདོད་ཆགས་སྤྱོད་པ་དང་། ཡང་བ་མ་ཡིན་པའི་འདོད་ཆགས་ 55-1-152b སྤྱོད་པ་དང་། ཀུན་རྫོབ་ཀྱི་འདོད་ཆགས་སྤྱོད་པ་དང་། སྦྱོར་བའི་འདོད་ཆགས་སྤྱོད་པ་དང་། བསམ་པའི་འདོད་ཆགས་སྤྱོད་པ་དང་། ལྷག་པའི་བསམ་པའི་འདོད་ཆགས་སྤྱོད་པ་དང་། མཚན་ཉིད་ཀྱི་འདོད་ཆགས་ སྤྱོད་པ་དང་། མཚན་ཉིད་མི་མཐུན་པའི་འདོད་ཆགས་སྤྱོད་པ་དང་། རྣམ་པར་གཞག་པའི་འདོད་ཆགས་སྤྱོད་པ་དང་། རྐྱེན་གྱི་འདོད་ཆགས་སྤྱོད་པ་དང་། སྔོན་གྱི་མཐའི་རྐྱེན་གྱིས་འདོད་ཆགས་སྤྱོད་པ་དང་། ཕྱི་མའི་མཐའི་རྐྱེན་གྱིས་འདོད་ཆགས་སྤྱོད་པ་དང་། ད་ལྟར་བྱུང་བའི་རྐྱེན་གྱིས་འདོད་ཆགས་སྤྱོད་པ་རྣམས་དང་། སེམས་ཅན་ནང་དུ་འདོད་ཆགས་ལ་ཕྱི་རོལ་དུ་འདོད་ཆགས་མེད་པ་དག་ཀྱང་ཡོད། སེམས་ཅན་ ཕྱི་རོལ་དུ་འདོད་ཆགས་ལ་ནང་དུ་འདོད་ཆགས་མེད་པ་དག་ཀྱང་ཡོད། སེམས་ཅན་ནང་དུ་ཡང་འདོད་ཆགས་ལ་ཕྱི་རོལ་དུ་ཡང་འདོད་ཆགས་པ་དག་ཀྱང་ཡོད། སེམས་ཅན་ནང་དུ་ཡང་འདོད་ཆགས་ མེད་ལ་ཕྱི་རོལ་དུ་ཡ་འདོད་ཆགས་པ་མེད་པ་དག་ཀྱང་ཡོད། སེམས་ཅན་གཟུགས་ལ་འདོད་ཆགས་ལ་སྒྲ་དང་། དྲི་དང་། རོ་དང་། རེག་པ་ལ་འདོད་ཆགས་མེད་པ་དག་ཀྱང་ཡོད། སྒྲ་ལ་འདོད་ཆགས་ལ་ གཟུགས་དང་། དྲི་དང་། རོ་དང་། རེག་པ་ལ་འདོད་ཆགས་མེད་པ་དག་ཀྱང་ཡོད། དྲི་ལ་འདོད་ཆགས་ལ་གཟུགས་དང་། སྒྲ་དང་། རོ་དང་། རེག་པ་ལ་འདོད་ཆགས་མེད་པ་དག་ཀྱང་ཡོད། རོ་ལ་འདོད་ཆགས་ ལ་གཟུགས་དང་། སྒྲ་དང་། དྲི་དང་། རེག་པ་ལ་འདོད་ཆགས་མེད་པ་དག་ཀྱང་ཡོད། སེམས་ཅན་རེག་པ་ལ་འདོད་ཆགས་ལ་གཟུགས་དང་། སྒྲ་དང་། དྲི་དང་། རོ་ལ་འདོད་ཆགས་མེད་པ་དག་ཀྱང་ཡོད་དེ། འདི་ནི་སེམས་ཅན་འདོད་ཆགས་སྤྱོད་པ་རྣམས་ཀྱི་འཇུག་པ་སྟེ། འཇུག་པའི་སྒོ་འདིས་སེམས་ཅན་རྣམས་ཀྱི་འདོད་ཆགས་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་ངོ་། །སེམས་ཅན་རྣམས་ཀྱི་ཞེ་སྡང་ལ་སྤྱོད་པ་ཡང་ 55-1-153a ཉི་ཁྲི་ཆིག་སྟོངོ་། །སེམས་ཅན་རྣམས་ཀྱི་གཏི་མུག་ལ་སྤྱོད་པ་ཡང་ཉི་ཁྲི་ཆིག་སྟོང་ངོ་། །སེམས་ཅན་རྣམས་ཀྱི་ཆ་མཉམ་པ་ལ་སྤྱོད་པ་ཡང་ཉི་ཁྲི་ཆིག་སྟོང་སྟེ། གང་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་ སྟོང་པོ་དེ་དག་གི་སེམས་ཀྱི་འཇུག་པ་དང་འབབ་པ་ཤེས་པ་དང་། སོ་སོ་ཅི་རིགས་པར་ཆོས་སྟོང་པར་ཤེས་པ་དང་། དུས་ལས་མི་འདའ་བར་ཤེས་པ་དང་། སྣོད་ཀྱི་བྱེ་བྲག་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། འབྲས་བུ་ཡོད་ པར་ཆོས་བསྟན་པ་ཤེས་པ་དང་། མ་ལྷག་པར་ཆོས་བསྟན་པ་ཤེས་པ་དེ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེ་ལ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། གང་སེམས་ཅན་ཐམས་ ཅད་ཀྱི་སྐད་ལ་འཇུག་པ་ཤེས་པ་སྟེ། ལྷའི་སྐད་དང་། ཀླུའི་སྐད་དང་། གནོད་སྦྱིན་གྱི་སྐད་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་ སྐད་ལ་འཇུག་པ་སྟེ། མདོར་ན་ཇི་སྙེད་དུ་འགྲོ་བ་ལྔར་སྐྱེས་པའི་སེམས་ཅན་རྣམས་ཀྱི་སྐད་དང་། སྒྲ་དང་། དབྱངས་དང་། ཚིག་གི་ལམ་དང་། ངེས་པའི་ཚིག་དང་། བརྡ་དང་། སྤྱོད་པ་ཇི་སྙེད་པ་དེ་དག་ཐམས་ཅད་རབ་ཏུ་ ཤེས་ཏེ། ཤེས་ནས་ཀྱང་སྒྲ་དེ་དང་དེ་དག་དང་། ངེས་པའི་ཚིག་དེ་དང་དེ་དག་གིས་སེམས་ཅན་དེ་དང་དེ་དག་ལ་སྒྲ་ཇི་ལྟ་བ་བཞིན་དུ་འཇུག་པས་ཆོས་སྟོན་ཏེ། འདི་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། ། གཞན་ཡང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་སྤྱོད་པ་འདི་དག་འདི་ལྟ་བུར་བརྟག་པར་བྱ། ཆོས་འདི་དག་འདི་ལྟ་ལུར་བརྟུལ་བར་བྱ། ཆོས་འདི་དག་འདི་ལྟ་བུར་མཚམས་སྦྱོར་བར་བྱ། ཆོས་འདི་ལྟ་ བུར་ཁོང་དུ་ཆུད་པར་བྱ། ཆོས་འདི་ལྟ་བུར་ཡི་གེ་རྣམས་ཀྱིས་བརྟག་པར་བྱའོ་ཞེས་དེས་གཅིག་གི་ཚིག་ཀྱང་ཤེས། གཉིས་ཀྱི་ཚིག་ཀྱང་ཤེས། མང་པོའི་ཚིག་ཀྱང་ཤེས། སྐྱེས་པའི་ཚིག་ཀྱང་ཤེས། བུད་མེད་ 55-1-153b ཀྱི་ཚིག་ཀྱང་ཤེས། མ་ནིང་གི་ཚིག་ཀྱང་ཤེས། འདས་པའི་ཚིག་ཀྱང་ཤེས། མ་འོངས་པའི་ཚིག་ཀྱང་ཤེས། ད་ལྟར་བྱུང་བའི་ཚིག་ཀྱང་ཤེས། ཡི་གེ་གཅིག་ཏུ་སྒྲོ་བཏགས་པ་ཡང་ཤེས། ཡི་གེ་དུ་མར་སྒྲོ་བཏགས་པ་ཡང་ ཤེས། སྒྲོ་བཏགས་པ་མེད་པ་ཡང་ཤེས་ཏེ། འདི་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །གཞན་ཡང་ངེས་པའི་ཚིག་དེ་ནི་ཆོས་ཐམས་ཅད་འགོག་པ་ལ་ཚིག་གིས་ཆོས་ཤེས་པ་སྟེ། འདི་ནི་ངེས་པའི་ ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེའི་ངེས་པའི་ཚིག་དེ་ནི་ཐོགས་པ་མེད་པ། འཁྲུལ་པ་མེད་པ། ཤིན་ཏུ་རྣམ་པར་དག་པ། ཟློས་པ་མེད་པ། མི་དྲག་པ། མ་བརྟགས་པ། ཟུར་ཕྱིན་པ། རྣམ་ པར་གསལ་བ། དོན་དང་ཡི་གེས་བསྐོར་བ་ཇི་ལྟ་བ་བཞིན་དུ་འཁོར་ཚིམ་པར་བྱེད་པ། རྣམ་པ་སྣ་ཚོགས་པ། ཟབ་མོ་ཟབ་པར་སྣང་བ། ཀུན་རྫོབ་དང་། དོན་དམ་པས་བརྒྱན་པ། རང་གི་སེམས་དང་། ཤེས་པ་དང་། ལྟ་བ་རྟོགས་པ། སངས་རྒྱས་ཀྱིས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་མགུ་བར་བྱེད་པ་སྟེ། འདི་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེ་ལ་སྤོབས་པ་སོ་སོ་ ཡང་དག་པར་རིག་པ་གང་ཞེ་ན། འདི་ལྟ་སྟེ། ཆགས་པ་མེད་པར་ལུང་བསྒོ་བ་བསྟན་པ་ཤེས་པ་དང་། ཕྱེད་པར་ལུང་བསྒོ་བ་བསྟན་པ་ཤེས་པ་དང་། ཐོགས་པ་མེད་པར་ལུང་བསྒོ་བ་བསྟན་པ་ཤེས་པ་ དང་། མྱུར་བའི་སྤོབས་པ་དང་། ལ་གོར་བའི་སྤོབས་པ་དང་། མགྱོགས་པའི་སྤོབས་པ་དང་། འབྲས་བུ་ཡོད་པའི་སྤོབས་པ་དང་། ཇི་ལྟར་དྲིས་པ་བཞིན་དུ་སྤོབས་པ་དང་། མི་འཕྲོག་པའི་སྤོབས་པ་དང་། ཡོངས་སུ་མི་ཉམས་པའི་སྤོབས་པ་དང་། ཤིན་དུ་འབྲེལ་བའི་སྤོབས་པ་དང་། རྟོགས་པའི་སྤོབས་པ་དང་། ཆོས་ལ་དགའ་བའི་སྤོབས་པ་དང་། བཟོད་པའི་སྟོབས་ལ་གནས་པའི་སྤོབས་པ་དང་། ཟབ་ 55-1-154a མོ་ལ་སྤོབས་པ་དང་། སྣ་ཚོགས་ཀྱི་སྤོབས་པ་དང་། ཀུན་རྫོབ་དང་དོན་དམ་པ་ལ་སྤོབས་པ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་སྤོབས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བར་བསྟན་པ་ལ་སྤོབས་པ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ ཀྱི་ཡན་ལག་དང་། ལམ་ཟབ་མོ་སྤོབས་པ་དང་། ཞི་གནས་དང་ལྷག་མཐོང་ལ་སྤོབས་པ་སྟེ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་ནི་ངེས་པའི་ཚིག་ལ་རྟོག་པས་ཚིག་གི་ཆོས་ཤེས་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། བདེན་པ་ལ་འཇུག་པ་ཤེས་པའི་སྤོབས་པའོ། །ཐེག་པ་ཐམས་ཅད་ལ་སྤོབས་པའོ། ། ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་པས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཚིམ་པར་བྱ་བ་ལ་སྤོབས་པ་སྟེ། མི་དོར་མི་ལྐུག་པའི་ཚིག་དང་། མི་བརླང་བའི་ཚིག་དང་། བརྟན་པའི་ཚིག་དང་། མི་རྩུབ་ པའི་ཚིག་དང་། འཇམ་པའི་ཚིག་དང་། དག་པའི་ཚིག་དང་། རབ་ཏུ་གྲོལ་བའི་ཚིག་དང་། ཐོགས་པ་མེད་པའི་ཚིག་དང་། ཟུར་ཕྱིན་པའི་ཚིག་དང་། ངེས་པའི་ཚིག་དང་། མི་གཡོ་བའི་ཚིག་དང་། མི་རྒོད་པའི་ཚིག་དང་། ཞི་བའི་ཚིག་དང་། བཙུན་པའི་ཚིག་དང་། འབྲེལ་བའི་ཚིག་དང་། ཐ་བ་མེད་པའི་ཚིག་དང་། ཤིན་དུ་རིགས་པའི་ཚིག་དང་། མ་ཚང་བ་མེད་པའི་ཚིག་དང་། སྙན་པའི་ཚིག་དང་། མཉེན་ པའི་ཚིག་དང་། མ་སྨད་པའི་ཚིག་དང་། ཤིན་དུ་སྡུད་པའི་ཚིག་དང་། འཕགས་པ་ཐམས་ཅད་ཀྱིས་བསྔགས་པའི་ཚིག་སྟེ། ཞིང་མཐའ་ཡས་པར་གོ་བར་བྱེད་པའི་རྗེས་སུ་སོང་བའི་དབྱངས་དང་། ཚངས་པའི་སྒྲ་སྐད་ 55-1-154b ལ་རྟོག་ཅིང་གོ་བར་བྱེད་པའི་རྗེས་སུ་སོང་བའི་དབྱངས་དང་། སངས་རྒྱས་ཀྱིས་བཀའ་སྩལ་པའི་སྤོབས་པས་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ ཤེས་པས་ཆོས་སྟོན་ཏེ། དེའི་ཆོས་སྟོན་པ་དེ་ཡང་དེ་བྱེད་པ་ཡང་དག་པར་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་ངེས་པར་འབྱུང་བར་འགྱུར་ཏེ། འདི་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །བཙུན་ པ་ཤཱ་ར་དྭ་ཏིའི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་བཞི་མི་ཟད་པའོ།། །། བམ་པོ་དྲུག་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ རྟོན་པ་བཞི་ཡང་མི་ཟད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་པ་དང་། ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་མི་རྟོན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི་དྲང་བའི་དོན་ གྱི་མདོ་སྡེ་ལ་མི་རྟོན་པ་དང་། ཆོས་ཉིད་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པའོ། །དེ་ལ་དོན་ནི་གང་། ཚིག་འབྲུ་ནི་གང་ཞེ་ན། ཚིག་འབྲུ་ཞེས་བྱ་བ་ནི་གང་འཇིག་རྟེན་པའི་ཆོས་དང་བྱ་བ་ལ་འཇུག་པ་བསྟན་པའོ། ། དོན་ཅེས་བྱ་བ་ནི་གང་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་སྦྱིན་པ་དང་། དུལ་བ་དང་། ལེགས་པར་སྡོམ་པ་དང་། དེས་པ་བསྟན་པའོ། །དོན་ཅེས་བྱ་བ་ནི་གང་སྦྱིན་པ་དང་། དུལ་ བ་དང་། ལེགས་པར་སྡོམ་པ་དང་། དེས་པའི་མཉམ་པ་ཉིད་ཤེས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་འཁོར་བའི་སྐྱོན་བསྒྲགས་ཤིང་བརྗོད་པའོ། །དོན་ཅེས་བྱ་བ་ནི་གང་འཁོར་བ་ལ་མི་དམིགས་པར་རྟོག་པའོ། ། ཚིག་འབྲུ་ཞེས་བྱ་བ་ནི་གང་མྱ་ངན་ལས་འདས་པའི་ཡོན་ཏན་དང་ཕན་ཡོན་བརྗོད་པའོ། །དོན་ཅེས་བྱ་བ་ནི་གང་རང་བཞིན་གྱིས་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའོ། །ཚིག་འབྲུ་ཞེས་ 55-1-155a བྱ་བ་ནི་གང་ཐེག་པ་ཇི་ལྟར་རྣམ་པར་བཞག་པ་བཞིན་དུ་སྟོན་པའོ། །དོན་ཅེས་བྱ་བ་ནི་གང་ཆོས་ཀྱི་དབྱིངས་དབྱེར་མེད་ཅིང་ཚུལ་གཅིག་པ་ལ་འཇུག་པ་ཞེས་བྱའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་བདོག་པ་ཐམས་ཅད་ ཡོངས་སུ་གཏོང་བ་བསྟན་པའོ། །དོན་ཅེས་བྱ་བ་ནི་གང་འཁོར་གསུམ་ཡོངས་སུ་དག་པ་ཤེས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་ལུས་དང་ངག་དང་ཡིད་ཀྱི་སྡོམ་པ་དང་། ཚུལ་ཁྲིམས་དང་། བསླབ་པ་དང་། སྦྱངས་ པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ཐམས་ཅད་ཡང་དག་པར་བླང་བ་བསྟན་པའོ། །དོན་ཅེས་བྱ་བ་ནི་གང་ལུས་དང་ངག་དང་། ཡིད་མི་དམིགས་པ་དང་། སྡོམ་པ་དང་། ཚུལ་ཁྲིམས་དང་། བསླབ་པ་དང་། སྦྱངས་པའི་ ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ཐམས་ཅད་ཡང་དག་པར་བླང་བ་བསྟན་པ་ཡོངས་སུ་དག་པར་ཤེས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་གནོད་སེམས་དང་ཐ་བ་དང་། སྐྱོན་དང་། ཁྲོ་བ་དང་། འཁོན་དུ་འཛིན་པ་དང་། ང་རྒྱལ་དང་། རྒྱག་པ་དང་། དྲེགས་པ་ཐམས་ཅད་ཡང་དག་པར་འཇོམས་ཤིང་བཟོད་པའི་སྟོབས་དང་དེས་པ་བསྟན་པའོ། །དོན་ཅེས་བྱ་བ་ནི་གང་མི་སྐྱེ་བའི་ཆོས་ལ་བཟོད་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་ དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྒྲུབ་པ་ལ་བརྩོན་འགྲུས་བརྩམ་པ་བསྟན་པའོ། །དོན་ཅེས་བྱ་བ་ནི་གང་བླང་བ་དང་དོར་བ་ལ་མི་གནས་པའི་བརྩོན་འགྲུས་སོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་བསམ་གཏན་ དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་བསྟན་པའོ། །དོན་ཅེས་བྱ་བ་ནི་གང་འགོག་པའི་སྙོམས་པར་འཇུག་པ་ཤེས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་ཐོས་པ་ཐམས་ཅད་འཛིན་ པ་ཤེས་རབ་ཀྱི་རྩ་བའོ། །དོན་ཅེས་བྱ་བ་ནི་གང་བརྗོད་དུ་མེད་པའི་དོན་ཤེས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་བྱང་ཆུབ་ཀྱི་ཕྱོགས་ཀྱིང་ཆོས་སུམ་བཅུ་རྩ་བདུན་ཡང་དག་པར་བསྟན་པའོ། །དོན་ཅེས་བྱ་བ་ནི་གང་ 55-1-155b བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྒྲུབ་པའི་འབྲས་བུ་མངོན་སུམ་དུ་བྱེད་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། ལམ་གྱི་བདེན་པ་ཡང་དག་པར་བསྟན་པའོ། །དོན་ཅེས་བྱ་བ་ནི་གང་ འགོག་པ་མངོན་ན་སུམ་དུ་བྱེད་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་མ་རིག་པ་ལ་སོགས་པ་ནས་རྒ་ཤིའི་བར་དུ་ཡང་དག་པར་བསྟན་པའོ། །དོན་ཅེས་བྱ་བ་ནི་གང་མ་རིག་པ་འགོག་པ་ནས་རྒ་ཤི་འགོག་པའི་བར་དུའོ། ཚིག་འབྲུ་ཞེས་བྱ་བ་ནི་གང་ཞི་གནས་དང་ལྷག་མཐོང་གི་ཚོགས་བསྟན་པའོ། །དོན་ཅེས་བྱ་བ་ནི་གང་རིག་པ་དང་རྣམ་པར་གྲོལ་བའི་ཡེ་ཤེས་སོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ དང་། ཆ་མཉམ་པར་སྤྱོད་པའི་སེམས་ཅན་རྣམས་ལ་བསྟན་པའོ། །དོན་ཅེས་བྱ་བ་ནི་གང་སེམས་ཅན་རྣམས་དགྲོལ་བ་མི་འཁྲུགས་པའི་ཡེ་ཤེས་སོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་སྒྲིབ་པ་དང་། སྒྲིབ་པར་འགྱུར་བའི་ ཆོས་རྣམས་ཡང་དག་པར་བསྟན་པའོ། །དོན་ཅེས་བྱ་བ་ནི་གང་སྒྲིབ་པ་མེད་པའི་ཡེ་ཤེས་དང་རྣམ་པར་ཐར་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་དཀོན་མཆོག་གསུམ་གྱི་ཡོན་ཏན་དང་བསྔགས་པ་མཐའ་ཡས་པ་ བསྟན་པའོ། །དོན་ཅེས་བྱ་བ་ནི་གང་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་མཐོང་བ་དང་། འདོད་ཆགས་དང་བྲལ་ཞིང་འགོག་པའི་ཆོས་ཉིད་དང་། འདུས་མ་བྱས་ཀྱི་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་ཡོན་ཏན་སྒྲུབ་པའི་ཡེ་ ཤེས་སོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བར་གྱི་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཚོགས་བསྟན་པའོ། །དོན་ཅེས་བྱ་བ་ནི་གང་སེམས་ཀྱི་སྐད་ ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་འཚང་རྒྱ་བ་སྟེ། མདོར་ན་གང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་འདི་ནི་ཚིག་འབྲུ་ཞེས་བྱའོ། །གང་ 55-1-156a སེམས་ཅན་ཐམས་ཅད་ཀྱི་སྐད་དང་། ཡི་གེ་དང་། ཚིག་འབྲུས་བརྗོད་དུ་མེད་པའི་དོན་དེ་ནི་དོན་ཏེ། འདི་ནི་དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་པ་ཞེས་བྱའོ། །དེ་ལ་རྣམ་པར་ཤེས་པ་ནི་གང་། ཡེ་ཤེས་ནི་ གང་ཞེ་ན། རྣམ་པར་ཤེས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་གནས་པ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་ཤེས་པ་གནས་པ་ནི་གཟུགས་ལ་ཉེ་བར་འགྲོ་བ་དང་། འདུ་ཤེས་ལ་ཉེ་བར་འགྲོ་བ་དང་། འདུ་བྱེད་ ལ་ཉེ་བར་འགྲོ་ཞིང་གནས་པ་སྟེ། འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ། །དེ་ལ་ཡེ་ཤེས་གང་ཞེ་ན། གང་ཕུང་པོ་བཞི་ལ་གནས་པའི་རྣམ་པར་ཤེས་པའི་ཕུང་པོ་ཡོངས་སུ་ཤེས་པ་སྟེ། འདི་ནི་ཡེ་ཤེས་ཤེས་ བྱའོ། །གཞན་ཡང་རྣམ་པར་ཤེས་པ་ནི་སའི་ཁམས་རྣམ་པར་ཤེས་པ་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་རྣམ་པར་ཤེས་པ་སྟེ། འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ། །གང་ ཁམས་རྣམ་པ་བཞི་པོ་འདི་དག་ལ་གནས་པའི་རྣམ་པར་ཤེས་པ་ལ་ཆོས་ཀྱི་དབྱིངས་དབྱེར་མེད་པར་ཤེས་པ་འདི་ནི་ཡེ་ཤེས་ཤེས་བྱའོ། །གཞན་ཡང་རྣམ་པར་ཤེས་པ་ནི་གང་མིག་གིས་ཤེས་པར་བྱ་བའི་ གཟུགས་རྣམས་ལ་རྣམ་པར་རིགས་པ་དང་། དེ་བཞིན་དུ་རྣ་བས་ཤེས་པར་བྱ་བའི་སྒྲ་རྣམས་དང་། སྣས་ཤེས་པར་བྱ་བའི་དྲི་རྣམས་དང་། ལྕེས་ཤེས་པར་བྱ་བའི་རོ་རྣམས་དང་། ལུས་ཀྱིས་ཤེས་པར་བྱ་བའི་རེག་བྱ་རྣམས་དང་། ཡིད་ཀྱིས་ཤེས་པར་བྱ་བའི་ཆོས་རྣམས་ལ་རྣམ་པར་རིག་པ་སྟེ། འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ། །གང་ཡང་ནང་ཉེ་བར་ཞི་ཞིང་ཕྱི་རོལ་དུ་རྒྱུ་བ་མེད་པ་དང་། ཡེ་ཤེས་ལ་རྟོན་པས་ཆོས་གང་ལ་ཡང་མི་རྟོག་ རྣམ་པར་མི་རྟོག་པ་འདི་ནི་ཡེ་ཤེས་ཤེས་བྱའོ། །གཞན་ཡང་དམིགས་པ་ལས་རྣམ་པར་ཤེས་པ་སྐྱེ་བ་དང་། ཡིད་ལ་བྱེད་པ་ལས་རྣམ་པར་ཤེས་པ་སྐྱེ་བ་དང་། ཡོངས་སུ་རྟོག་པ་ལས་རྣམ་པར་ཤེས་པ་སྐྱེ་བ་ 55-1-156b འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ། །གང་ཡང་འཛིན་པ་མེད་པ་དང་། མཆོག་ཏུ་འཛིན་པ་མེད་པ་དང་། དམིགས་པ་མེད་པ་དང་། རྣམ་པར་རིག་པ་མེད་པ་དང་། རྟོག་པ་མེད་པ་འདི་ནི་ཡེ་ཤེས་ཤེས་བྱའོ། ། གཞན་ཡང་འདུས་བྱས་རྒྱུ་བའི་ཆོས་རྣམས་ལ་རྣམ་པར་ཤེས་པ་སྐྱེ་སྟེ། འདུས་མ་བྱས་ལ་ནི་རྣམ་པར་ཤེས་པ་རྒྱུ་བ་མེད་དོ། །གང་འདུས་མ་བྱས་སུ་ཤེས་པ་དེ་ནི་ཡེ་ཤེས་སོ། །གཞན་ཡང་སྐྱེ་བ་དང་འཇིག་པ་ ལ་གནས་པ་ནི་རྣམ་པར་ཤེས་པའོ། །མི་སྐྱེ་བ་དང་མི་འགོག་པ་ལ་གནས་པ་ནི་ཡེ་ཤེས་ཏེ། འདི་ནི་ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མི་རྟོན་པ་ཞེས་བྱའོ། །དེ་ལ་ངེས་པའི་དོན་གྱི་མདོ་སྡེ་ནི་གང་། དྲང་ བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ལམ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་འབྲས་བུ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། ། མདོ་སྡེ་གང་དག་ཀུན་རྫོབ་སྒྲུབ་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་དོན་དམ་པ་སྒྲུབ་པར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་ལས་དང་བྱ་བ་ལ་འཇུག་ པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་ལས་དང་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་ཀུན་ནས་ཉོན་མོངས་པ་བཤད་པའི་ ཕྱིར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་རྣམ་པར་བྱང་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་འཁོར་བ་ལ་ཡིད་བྱུང་བར་བྱ་བ་ བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པ་ལ་འཇུག་པར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་ཚིག་དང་། ཡི་གེ་ 55-1-157a སྣ་ཚོགས་སུ་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་ཟབ་མོ་མཐོང་བར་དཀའ་བ་ཁོང་དུ་ཆུད་པར་དཀའ་བ་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་ཚིག་དང་ཡི་གེ་ མང་ཞིང་སེམས་ཅན་གྱི་སེམས་དགའ་བར་བྱ་བའི་ཕྱིར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་ཚིག་དང་། ཡི་གེ་ཉུང་ལ་སེམས་ཅན་གྱི་སེམས་ངེས་པར་སེམས་པར་བྱེད་པར་བསྟན་པ་དེ་དག་ནི་ངེས་ པའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། སྒྲ་རྣམ་པ་སྣ་ཚོགས་སུ་ བཤད་པ་དང་། བདག་པོ་མེད་པ་ལ་བདག་པོ་དང་། བཅས་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་ དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། དངོས་པོ་མེད་པ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། བདག་པོ་མེད་པ་དང་། རྣམ་པར་ཐར་པའི་སྒོའི་བར་དུ་བསྟན་ པ་དེ་དག་ནི་ངེས་པའི་དོན་ཅེས་བྱ་སྟེ། འདི་ནི་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི་དྲང་བའི་དོན་གྱི་མདོ་སྡེ་ལ་མི་རྟོན་པ་ཞེས་བྱའོ། །དེ་ལ་ཆོས་ཉིད་ནི་གང་། གང་ཟག་ནི་གང་ཞེ་ན། གང་གང་ཟག་ཏུ་ལྟ་བ་ལ་གནས་ཏེ། ཆོས་ཁ་ཅིག་ལ་རྩོམ་པ་འདི་ནི་གང་ཟག་ཅེས་བྱའོ། །གང་གང་ཟག་ཏུ་ལྟ་བ་དེའི་རྩོམ་པ་ཡོངས་སུ་ཤེས་པ་འདི་ནི་ཆོས་ཉིད་ཅེས་བྱའོ། །གཞན་ཡང་སོ་སོའི་སྐྱེ་བོའི་གང་ཟག་དང་། སོ་སོའི་སྐྱེ་བོའི་དགེ་བའི་གང་ ཟག་དང་། དད་པས་རྗེས་སུ་འབྲང་བའི་གང་ཟག་དང་། ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་དང་། བརྒྱད་པའི་གང་ཟག་དང་། རྒྱུན་དུ་ཞུགས་པའི་གང་ཟག་དང་། ལན་ཅིག་ཕྱིར་འོང་བའི་གང་ཟག་དང་། ཕྱིར་མི་ 55-1-157b འོང་བའི་གང་ཟག་དང་། དགྲ་བཅོམ་པའི་གང་ཟག་དང་། རང་སངས་རྒྱས་ཀྱི་གང་ཟག་དང་། བྱང་ཆུབ་སེམས་དཔའི་གང་ཟག་དང་། གང་ཟག་གཅིག་འཇིག་རྟེན་དུ་བྱུང་ན་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་ བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་། མིའི་སྐྱེ་བོ་ཕལ་པོ་ཆེའི་དོན་གྱི་ཕྱིར། ཕན་པའི་ཕྱིར། བདེ་བའི་ཕྱིར་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་གང་ཟག་གཅིག་པོ་འཇིག་རྟེན་ དུ་བྱུང་སྟེ། འདི་ནི་གང་ཟག་ཅེས་བྱའོ། །གང་ཟག་གི་སྒྲ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཀུན་རྫོབ་ཀྱི་ཚིག་གི་གནས་ཀྱིས་སེམས་ཅན་རྣམས་དྲང་བའི་ཕྱིར་བསྟན་པ་སྟེ། དེ་ལ་གང་དག་མངོན་པར་ཞེན་པ་དེ་དག་ ནི་རྟོན་པ་མ་ཡིན་པ་ཞེས་བྱ་སྟེ། དེ་དག་རྟོན་པ་ལ་གཟུད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཉིད་ལ་རྟོན་ཅིག །གང་ཟག་ལ་ནི་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་ཆོས་ཉིད་གང་ཞེ་ན། འདི་ལྟ་སྟེ། འགྱུར་བ་མེད་པ་དང་། སྒྲོ་བཏགས་པ་མེད་པ་དང་། བྱ་བ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མི་གནས་པ་དང་། རབ་ཏུ་མི་གནས་པ་དང་། རྩ་བ་མེད་པ་དང་། ཐམས་ཅད་དུ་མཉམ་པ་དང་། མཉམ་པ་དག་ལ་མཉམ་པ་དང་། མི་མཉམ་པ་དག་ལ་ མཉམ་པ་དང་། མཉམ་པ་དང་མི་མཉམ་པ་དག་ལ་མཉམ་པ་དང་། རྟོག་པ་མེད་པ་དང་། རྩོམ་པ་མེད་པ་དང་། ཆོས་ཐམས་ཅད་ལ་སྐྱོན་མེད་པ་རྙེད་པ་དང་། ཤིན་དུ་ནམ་མཁའི་རང་བཞིན་གྱི་ཕྱིར་མཚན་ཉིད་འདི་ནི་ཆོས་ ཉིད་ཅེས་བྱའོ། །དེ་ལ་གང་དག་ཆོས་ཉིད་ལ་རྟོན་པ་དག་ནི་ཁམས་གང་ལ་ཡང་མི་རྟོན་ཏོ། །དེ་བས་ན་ཆོས་ཀྱི་སྒོའི་ཚུལ་ལ་འཇུག་པ་འདིས་ཆོས་ཐམས་ཅད་ལ་རྟོན་པའི་ཕྱིར་ཆོས་ཐམས་ཅད་ཆོས་ཉིད་ཁོ་ནར་འགྱུར་ བ་འདི་ནི་ཆོས་ཉིད་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པ་ཞེས་བྱ་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོན་པ་བཞི་མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་ 55-1-158a དཔའ་རྣམས་ཀྱི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཀྱང་མི་ཟད་པ་ཡིན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་མི་ཟད་པ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་ བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། བྱམས་པའི་སེམས་ལ་སྙོམས་པར་འཇུག་པ་དང་། སྙིང་རྗེ་ཆེན་པོའི་སྦྱོར་བ་དང་། དགེ་བ་ཐམས་ཅད་རྩོམ་པ་དང་། བདག་དང་གཞན་གྱི་སྡིག་པ་བཤགས་པ་དང་། སློབ་པ་དང་། མི་སློབ་པ་ཐམས་ཅད་དང་། རང་སངས་རྒྱས་དང་། སེམས་དང་པོ་བསྐྱེད་པ་དང་། ཕྱིར་མི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་དུས་གསུམ་དུ་ཡང་དག་པར་བསྒྲུབས་པའི་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དང་། སློབ་པ་དང་། མི་སློབ་པ་ཐམས་ཅད་དང་། རང་སངས་རྒྱས་དང་། སེམས་དང་པོ་བསྐྱེད་པ་དང་། ཕྱིར་མི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་ དངོས་པོ་དང་། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དང་། སངས་རྒྱས་ ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཕགས་པ་ཐམས་ཅད་དང་། སློབ་པ་དང་མི་སློབ་པ་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པ་གསོལ་བ་དང་། སྐུ་ཚེ་བསྲིང་བར་གསོལ་བ་དང་ལྡན་པའི་བསོད་ནམས་ བྱ་བའི་དངོས་པོ་དང་། དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང་བསྐུལ་བ་དང་། གསོལ་བ་གདབ་པའི་དགེ་བའི་རྩ་བ་བསགས་པ་རྣམས་བྱང་ཆུབ་ཏུ་བསྔོ་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དང་། 55-1-158b སེམས་ཅན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ལ་ཕ་རོལ་ཏུ་ཕྱིན་པའི་ལམ་སྟེན་པ་དང་། སེམས་ཅན་དབུལ་པོ་རྣམས་ལ་ལོངས་སྤྱོད་ ཀྱིས་ཡང་དག་པར་སྡུད་པ་དང་། སེམས་ཅན་ནད་པ་རྣམས་ལ་སྨན་སྦྱིན་ཞིང་གཡོ་མེད་པར་རིམ་གྲོ་བྱེད་པ་དང་། མཐུ་ཆུང་བ་རྣམས་ལ་བཟོད་པས་བསྟན་པ་དང་། ལྟུང་བ་མི་འཆབ་པ་དང་། སྡིག་པ་འཆགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་མཆོད་པ་དང་རིམ་གྲོ་ཐམས་ཅད་རྩོམ་པ་དང་། མཁན་པོ་དང་། སློབ་དཔོན་དག་ལ་སྟོན་པ་བཞིན་ཕངས་པར་འཛིན་པ་དང་། ཆོས་རྣམས་ལ་རིན་ཐང་མེད་པའི་རིན་པོ་ཆེ་ཚོལ་བ་ལྟར་བརྩོན་པ་དང་། ཆོས་སྨྲ་བ་རྣམས་ལ་སངས་རྒྱས་བཞིན་དུ་ཕངས་པར་འཛིན་པ་དང་། དཔག་ཚད་བརྒྱར་ཡང་སོང་ཞིང་དམ་པའི་ཆོས་མཉན་པ་ལ་མི་ངོམས་ པ་དང་། ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་པ་དང་། ཟང་ཟིང་མེད་པར་ཆོས་སྦྱིན་པ་དང་། ཆོས་ལ་རིན་ཐང་མེད་པའི་རིན་པོ་ཆེ་ཆེན་པོ་བཞིན་དུ་ཕངས་པར་འཛིན་པ་དང་། ཕ་མ་ལ་བསྙེན་བཀུར་བྱེད་པ་དང་། བྱས་པ་གཟོ་ བ་དང་། བྱས་པ་ཚོར་བ་དང་། བྱས་ནས་མི་འགྱོད་པ་དང་། བསོད་ནམས་གསོགས་པས་མི་ངོམས་པ་དང་། ལུས་བསྡམས་པས་ལུས་ཀྱི་ཚུལ་འཆོས་པ་མེད་པ་དང་། ངག་བསྡམས་པས་ངག་གི་ཚུལ་འཆོས་པ་མེད་པ་ དང་། ཡིད་བསྡམས་པས་ཡིད་ཀྱི་ཚུལ་འཆོས་པ་མེད་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་རབ་ཏུ་འཇོག་པས་ཚངས་པའི་བསོད་ནམས་ཡོངས་སུ་འཛིན་པ་དང་། གཏན་པ་མེད་པའི་མཆོད་སྦྱིན་བྱེད་པས་ མཚན་ཡོངས་སུ་རྫོགས་པར་བྱེད་པ་དང་། དགེ་བའི་རྩ་བའི་ཚོགས་སྣ་ཚོགས་བསགས་པས་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱེད་པ་དང་། ང་རྒྱལ་མེད་པས་ལུས་བརྒྱན་པ་དང་། ངག་གི་ཉེས་པ་ཐམས་ཅད་ 55-1-159a སྤངས་པས་ངག་བརྒྱན་པ་དང་། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་སེམས་བརྒྱན་པ་དང་། མངོན་པར་ཤེས་པས་རྣམ་པར་འཕྲུལ་པས་སངས་རྒྱས་ཀྱི་ཞིང་གི་རྒྱན་དུ་འགྱུར་བ་དང་། འདོད་ཆགས་དང་བྲལ་བའི་ཆོས་ཉིད་ཀྱིས་ཆོས་ཀྱི་རྒྱན་དུ་འགྱུར་བ་དང་། ཕྲ་མ་མེད་པ་དང་། ཞེ་གཅོད་པ་མེད་པ་དང་། འགྱོད་པའི་ཚིག་མི་སྨྲ་བས་འཁོར་གྱི་རྒྱན་དུ་འགྱུར་བ་དང་། བརྗོད་པ་ལ་སེར་སྣ་མེད་པར་ བྱེད་པས་ཆོས་བཟུང་བར་འགྱུར་བ་དང་། འབྲས་བུ་ཡོད་པའི་ཆོས་སྟོན་པས་རབ་ཏུ་དགའ་ནས་ལེགས་སོ་ཞེས་བྱ་བ་སྦྱིན་པ་དང་། ལེགས་པར་བཤད་པ་ལ་རྟོག་པས་སྒྲིབ་པ་རྣམ་པར་སྤོང་བ་དང་། ངེས་པར་འབྱིན་ པའི་ཆོས་མཉན་པའི་ཕྱིར་སྟི་སྟང་དུ་བྱས་ཏེ་ཆོས་མཉན་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བརྟུལ་ཞུགས་ཀྱི་ནག་ཚལ་ཕུལ་བས་བྱང་ཆུབ་ཀྱི་ཤིང་གི་རྒྱན་པ་དུ་འགྱུར་བ་དང་། སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་དགེ་བའི་རྩ་བ་ཐམས་ཅད་སྔོན་དུ་འགྲོ་བས་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་དུ་འགྱུར་བ་དང་། ལས་དང་ཉོན་མོངས་པ་ཐམས་ཅད་ཀྱིས་མ་གོས་པས་སྐྱེ་བ་དང་ཤི་འཕོ་ཡོངས་སུ་དག་པ་ དང་། རིན་པོ་ཆེ་དང་ཕངས་པའི་དངོས་པོ་ཐམས་ཅད་ལ་མི་ལྟ་བར་ཡོངས་སུ་གཏོང་བས་ལག་ན་རིན་པོ་ཆེ་འཐོབ་པ་དང་། གཏེར་མི་ཟད་པ་རབ་ཏུ་སྦྱིན་པས་ལོངས་སྤྱོད་མི་ཟད་པ་དང་། བཞིན་འཛུམ་ཞིང་ཁྲོ་གཉེར་མེད་ པས་སེམས་ཅན་རྣམས་མཐོང་མ་ཐག་ཏུ་དགའ་བར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ལ་འོད་ཟེར་མཉམ་པར་གཏོང་བས་མཉམ་པ་ཉིད་ཀྱི་རྒྱན་འཐོབ་པ་དང་། མ་ལོབས་པ་རྣམས་ལ་མི་བརྙས་པས་ འོད་བཀོད་པ་གཏོང་བ་དང་། ཚུལ་ཁྲིམས་ཀྱི་བསོད་ནམས་བསགས་པས་སྐྱེ་བ་ཡོངས་སུ་དག་པ་དང་། ལྟུང་བ་མི་གླེང་བས་མངལ་གྱི་གནས་ཡོངས་སུ་དག་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་ 55-1-159b སུ་དག་པས་ལྷ་དང་མིར་སྐྱེ་བ་དང་། རྗེས་སུ་བསྟན་པ་ཐམས་ཅད་ལ་རྣམ་པར་མི་རྟོག་པས་རྣམ་པར་གནོན་པ་དོན་ཡོད་པ་དང་། ཆོས་ཐམས་ཅད་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་པས་ཆོས་ཐམས་ཅད་ལ་དབང་བ་དང་། བསམ་པ་ཡོངས་སུ་དག་པས་འཇིག་རྟེན་ཐམས་ཅད་ལ་དབང་བ་དང་། སེམས་ཅན་ཡོངས་སུ་དག་པར་བྱེད་པས་རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པས་ལྷག་ པའི་བསམ་པ་ཡོངས་སུ་དག་པ་དང་། ཉི་ཚེ་བའི་སྤྱོད་པ་མི་འདོད་པས་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་མོས་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་གཏོང་བས་བསོད་ནམས་ཐམས་ཅད་ཡོངས་ སུ་འཛིན་པ་དང་། དད་པ་སྔོན་དུ་འགྲོ་བས་ནོར་བདུན་ཡོངས་སུ་རྫོགས་པར་འགྱུར་བ་དང་། ལུས་དང་སྲོག་ལ་མི་ལྟ་བས་སངས་རྒྱས་ཀྱི་ཆོས་ཡོངས་སུ་འཛིན་པ་དང་། སྔོན་དམ་བཅས་པ་ཉམས་ འོག་ཏུ་ཆུད་པར་བྱེད་པས་འཇིག་རྟེན་ཐམས་ཅད་ལ་མི་སླུ་བ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དང་། དེ་ལྟར་ རྒྱུ་གང་དང་གང་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བའི་རྒྱུ་དེ་དང་དེ། དག་ཡང་དག་པར་སྒྲུབ་པ་འདི་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ་མདོར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ བསོད་ནམས་ཀྱི་ཚོགས་མི་ཟད་པ་ཞེས་བྱ་སྟེ། རྒྱ་ཆེར་ནི་བསྐལ་པ་འམ། དེ་བས་ཀྱང་ལྷག་པར་བཤད་དུ་ཡོད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་གང་ ཞེ་ན། རྒྱུ་གང་དང་རྐྱེན་གང་གིས་ཡེ་ཤེས་རྟོགས་པར་འགྱུར་བའི་རྒྱུ་དེ་དག་དང་། རྐྱེན་དེ་དག་བྱང་ཆུབ་སེམས་དཔར་ཡང་དག་པར་སྒྲུབ་སྟེ། དེ་ལ་རྒྱུ་ནི་གང་རྐྱེན་ནི་གང་ཞེ་ན། གང་འདི་ཡེ་ཤེས་ཡོངས་སུ་ཚོལ་ 55-1-160a བ་ལ་རབ་ཏུ་འདུན་པ་དང་ཡེ་ཤེས་རྟོགས་པའི་དགེ་བའི་བཤེས་གཉེན་རྣམས་ལ་རྟག་ཏུ་སྟེན་པ་དང་། འགྲོགས་པ་དང་། བསྙེན་བཀུར་བྱེད་པ་དང་། གང་ཡང་སངས་རྒྱས་ཀྱི་ཡེ་ཤེས་ལ་རྟོན་ཅིང་། ཉན་ཐོས་ དང་རང་སངས་རྒྱས་ཀྱི་ཡེ་ཤེས་ལ་མི་རྟོན་པ་དང་། དགེ་བའི་ཤེས་གཉེན་དེ་དག་ལ་ང་རྒྱལ་མེད་ཅིང་བླ་མ་བཞིན་དུ་ཕངས་པར་འཛིན་པ་དང་། སྟོན་པ་བཞིན་དུ་ཕངས་པར་འཛིན་པ་དང་། དགེ་བའི་བཤེས་གཉེན་ དེ་དག་གིས་ཀྱང་འདི་བསམ་པ་ཕུན་སུམ་ཚོགས་པར་རིག་ནས་འབྲེལ་བའི་གཏམ་དག་པ་ཡེ་ཤེས་ཀྱི་གཏམ་སྒྲུབ་པར་བྱེད་དོ། །སྣོད་དུ་རིག་ནས་རྒྱུན་མི་འཆད་པར་ཕྱི་རོལ་མ་ཡིན་པའི་ཆོས་སྟོན་ཏོ། །དེས་ཆོས་དེ་ དག་ཐོས་ནས་ཆོས་ཀྱི་ཚོགས་ལ་སྦྱོར་བར་བྱེད་དེ། གང་ཆོས་ཀྱི་ཚོགས་ལ་སྦྱོར་བ་དེ་ནི་དེའི་ཡེ་ཤེས་ཀྱི་ཚོགས་ཡིན་ནོ། །དེ་ལ་ཆོས་ཀྱི་ཚོགས་ལ་སྦྱོར་བ་གང་ཞེ་ན། གང་འདི་དོན་ཉུང་བ་དང་། བྱ་བ་ཉུང་བ་དང་། སྨྲ་བ་ཉུང་བ་དང་། ཡོ་བྱད་ཉུང་བ་དང་། ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་ལ་མི་ཉལ་ཞིང་རྣལ་འབྱོར་ལ་བརྩོན་པ་དང་། ཐོས་པའི་དོན་ལ་རྟོག་པ་དང་། ཡང་དང་ཡང་ཚོལ་བ་དང་། སེམས་ལ་རྙོག་པ་མེད་པ་དང་། སྒྲིབ་པ་རྣམས་རྣམ་པར་སེལ་བ་དང་། ལྟུང་བ་རྣམས་ལས་འབྱུང་བ་ཤེས་པ་དང་། འགྱོད་པ་མེད་པ་དང་། ཀུན་ནས་ལྡང་བ་མེད་པ་དང་། སྒྲུབ་པ་སྙིང་པོར་བྱེད་པ་དང་། ཆོས་ལ་གཞོལ་བ་དང་། ཆོས་ལ་འབབ་ པ་དང་། རྟུལ་བ་དང་ལྡན་པ་དང་། ཡེ་ཤེས་ཚོལ་བ་ལ་མགོ་དང་གོས་ལ་མེ་འབར་བ་ལྟ་བུ་དང་། དེ་ལ་མ་ཆགས་པར་གནས་པ་དང་། ཚུལ་ཁྲིམས་ལ་མི་ལྷོད་པ་དང་། བརྩོན་པ་མི་གཏོང་བ་དང་། ཁྱད་པར་དུ་ འགྲོ་བ་དང་། འདུ་འཛི་ལ་མི་དགའ་བ་དང་། གཅིག་པུར་དགའ་བ་དང་། དགོན་པ་ལ་མངོན་དུ་ཕྱོགས་ཤིང་ཡིད་ལ་བྱེད་པ་དང་། འཕགས་པའི་རིགས་ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་དག་ལས་མི་གཡོ་བ་ 55-1-160b དང་། ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ་དང་། འཇིག་རྟེན་པའི་སྔགས་དྲན་པར་མི་འཛིན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཚོལ་བ་དང་། བརྗེད་པ་མེད་པ་དང་། རྟོགས་པའི་རྗེས་སུ་ འགྲོ་བ་དང་། བློ་གྲོས་ཀྱིས་ལམ་དང་འཐུན་པ་དང་། བརྟན་པས་སྡོམ་པ་དང་། རྐྱེན་རྣམས་ཀྱིས་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པས་བརྒྱན་པ་དང་། ཡེ་ཤེས་ཀྱི་རྗེས་སུ་འགྲོ་ བ་ལྷུར་ལེན་པ་དང་། མི་ཤེས་པ་སེལ་བ་དང་། མ་རིག་པ་དང་། གཏི་མུག་གི་མུན་པ་དང་རབ་རིབ་ཀྱི་ལིང་ཏོག་གིས་ཆོད་པ་སེལ་བ་དང་། ཤེས་རབ་ཀྱི་མིག་རྣམ་པར་དག་པ་དང་། བློ་ཤིན་དུ་རྣམ་པར་དག་པ་དང་། བློ་རྒྱ་ཆེ་བ་དང་། བློ་མ་ཞུམ་པ་དང་། བློ་མ་གྱེས་པ་དང་། མངོན་སུམ་ཤེས་པ་དང་། ཡོན་ཏན་གཞན་ལ་རག་མ་ལུས་པ་དང་། བདག་གི་ཡོན་ཏན་མི་སེམས་པ་དང་། གཞན་གྱི་ཡོན་ཏན་ཡོངས་སུ་བརྗོད་པ་དང་། ལེགས་པར་བྱ་བའི་ལས་བྱེད་པ་དང་། ལས་ཀྱི་རྣམ་པར་སྨིན་པ་དང་འགལ་བར་མི་བྱེད་པ་དང་། ལས་ཡོངས་སུ་དག་པའི་ཡེ་ཤེས་ཏེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ ཀྱི་ཚོགས་མི་ཟད་པ་ཞེས་བྱའོ། །གཞན་ཡང་ཡེ་ཤེས་ཀྱི་ཚོགས་རྣམ་པ་བཞི་སྟེ། རྣམ་པ་བཞི་གང་ཞེ་ན། སྦྱིན་པ་བཞི་པོ་འདི་དག་ནི་ཡེ་ཤེས་ཀྱི་ཚོགས་རབ་ཏུ་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་སྨྲ་བ་རྣམས་ལ་གྲོ་ག་དང་། སྨྱིག་གུ་དང་། སྣ་ཚ་དང་། གླེགས་བམ་སྦྱིན་པ་དང་། ཆོས་སྨྲ་བ་རྣམས་ལ་ཆོས་ཀྱི་སྟན་སྣ་ཚོགས་སྦྱིན་པ་དང་། ཆོས་སྨྲ་བ་རྣམས་ལ་རྙེད་པ་དང་། ཚིགས་སུ་བཅད་པ་ཐམས་ཅད་སྦྱིན་པ་དང་། ཆོས་སྨྲ་བ་རྣམས་ལ་ཆོས་བསྡུ་བའི་ཕྱིར་གཡོ་མེད་པར་ལེགས་སོ་ཞེས་བྱ་བ་སྦྱིན་པ་སྟེ། སྦྱིན་པ་བཞི་པོ་དེ་དག་ནི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །སྲུང་བ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་ 55-1-161a རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་སྨྲ་བ་རྣམས་ཇོ་བོ་བཞིན་དུ་སྲུང་བ་དང་། དགེ་བའི་རྩ་བ་སྲུང་བ་དང་། ཡུལ་དང་ལྗོངས་ཀྱི་ཕྱོགས་སྲུང་བ་དང་། ཕན་ པའི་དངོས་པོ་སྲུང་བ་སྟེ། སྲུང་བ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །ཉེ་བར་རྟོན་པ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་སྨྲ་བ་རྣམས་ལ་ཟང་ཟིང་གིས་ཉེ་བར་རྟོན་པ་དང་། ཆོས་ཀྱིས་ཉེ་བར་རྟོན་པ་དང་། ཤེས་རབ་ཀྱིས་ཉེ་བར་རྟོན་པ་དང་། ཡེ་ཤེས་ཀྱིས་ཉེ་བར་ རྟོན་པ་སྟེ། ཉེ་བར་རྟོན་པ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །སྟོབས་ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ སོགས་པར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། མོས་པའི་ཕྱིར་དད་པའི་སྟོབས་དང་། ཐོས་པ་ཚོལ་བའི་ཕྱིར་བརྩོན་འགྲུས་ཀྱི་སྟོབས་དང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཕྱིར་དྲན་པའི་སྟོབས་དང་། མཉམ་པ་ཉིད་ལ་ སེམས་ངེས་པར་སེམས་པའི་ཕྱིར་ཏིང་ངེ་འཛིན་གྱི་སྟོབས་དང་། ཐོས་པའི་སྟོབས་ཀྱི་ཕྱིར་ཤེས་རབ་ཀྱི་སྟོབས་ཏེ། སྟོབས་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །ཚུལ་ཁྲིམས་ བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་ལ་རབ་ཏུ་དགའ་བའི་ཚུལ་ཁྲིམས་དང་། ཆོས་ཡོངས་སུ་ཚོལ་བའི་ཚུལ་ཁྲིམས་ དང་། ཆོས་ལ་ངེས་པར་སེམས་པའི་ཚུལ་ཁྲིམས་དང་། བྱང་ཆུབ་ཏུ་ཡོངས་སུ་སྔོ་བའི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་ 55-1-161b པར་འགྱུར་རོ། །བཟོད་པ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་ཚོལ་བ་ལ་བརྩོན་པས་ངན་དུ་བརྗོད་པ་དང་། ངན་དུ་སྨྲ་ བའི་ཚིག་གི་ལམ་བཟོད་པ་དང་། ཆོས་ཚོལ་བ་ལ་བརྩོན་པས་རླུང་དང་། ཉི་མ་དང་། གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་བཟོད་པ་དང་། ཆོས་ཚོལ་བ་ལ་བརྩོན་པས་མཁན་པོ་དང་སློབ་དཔོན་དང་འཐུན་ པར་འཇུག་པའི་བཟོད་པ་དང་། ཆོས་ཚོལ་བ་ལ་བརྩོན་པས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་ལ་བཟོད་པ་སྟེ། བཟོད་པ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །བརྩོན་འགྲུས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཉན་པའི་བརྩོན་འགྲུས་ དང་། འཛིན་པའི་བརྩོན་འགྲུས་དང་། བསྟན་པའི་བརྩོན་འགྲུས་དང་། ནན་ཏན་གྱི་བརྩོན་འགྲུས་ཏེ། བརྩོན་འགྲུས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ རོ། །བསམ་གཏན་གྱི་ཡན་ལག་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དབེན་པ་དང་། རྩེ་གཅིག་པ་དང་། བསམ་ གཏན་དང་མངོན་པར་ཤེས་པ་ཚོལ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ལ་རྟོན་པ་སྟེ། བསམ་གཏན་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སྩོགས་པར་འགྱུར་རོ། །ཤེས་རབ་ ཀྱི་སྣང་བ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སྩོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆད་པ་ལ་མི་གནས་པ་དང་། རྟག་པ་ལ་མི་འཇུག་པ་དང་། རྟེན་ཅིང་ 55-1-162a འབྲེལ་བར་འབྱུང་བ་དང་མི་འགལ་བ་དང་། བདག་མེད་པ་ལ་བཟོད་པ་སྟེ། ཤེས་རབ་ཀྱི་སྣང་བ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སྩོགས་པར་འགྱུར་རོ། །ཐབས་བཞི་པོ་འདི་དག་ ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། འཇིག་རྟེན་གྱི་རྗེས་སུ་འཇུག་པ་དང་། ཆོས་ཀྱི་རྗེས་སུ་འཇུག་པ་དང་། སེམས་ཅན་གྱི་རྗེས་སུ་འཇུག་པ་དང་། ཡེ་ཤེས་ ཀྱི་རྗེས་སུ་འཇུག་པ་སྟེ། ཐབས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སྩོགས་པར་འགྱུར་རོ། །ལམ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སྩོགས་པར་འགྱུར་ ཏེ་བཞི་གང་ཞེ་ན་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པའི་ལམ་དང་སའི་ལམ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ལམ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ལམ་སྟེ། ལམ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ ཀྱི་ཚོགས་སོགས་པར་འགྱུར་རོ། །མི་ངོམས་པ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། ཐོས་པས་མི་ངོམ་པ་དང་། བསྟན་པས་མི་ངོམ་ པ་དང་། དཔྱོད་པས་མི་ངོམ་པ་དང་། ཤེས་པས་མི་ངོམ་པ་སྟེ། མི་ངོམ་པ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །གཞན་ཡང་ཡེ་ཤེས་ཀྱི་ཚོགས་ནི་གང་སེམས་ ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང་། ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའོ། སྦྱིན་པ་ལས་ཀྱང་ཡེ་ཤེས་ཀྱི་ཚོགསུ་བལྟའོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལས་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་བལྟའོ། །བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལས་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། 55-1-162b བྱང་ཆུབ་སེམས་དཔའི་རྩོམ་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཡེ་ཤེས་ཀྱིས་གྲུབ་སྟེ། ཡེ་ཤེས་སྔོན་དུ་འགྲོ་བ་ཡེ་ཤེས་ལ་རྟོན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་གནས་པའི་ཕྱིར་ཏེ། ཡེ་ཤེས་དང་ལྡན་པ་ཐམས་ཅད་རྟོན་པ་ ཡིན་ནོ། །བདུད་ཐམས་ཅད་ཀྱིས་ཀྱང་དེ་ལ་གླགས་མི་རྙེད་དོ། །དེ་ལ་སངས་རྒྱས་ཀྱི་ཆོས་ཀྱི་སྣོད་ཐམས་ཅད་ཀྱང་ཉེ་བར་གནས་པ་ཡིན་ཏེ། སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱང་འཐོབ་བོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ ཐོབ་པར་བྱེད་དེ། འདི་ནི་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་ཞེས་བྱའོ། །བཙུན་པ་ཤཱ་ར་དྭ་ཏིའུ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་པ་ཡང་མི་ཟད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་བཞག་པ་དང་། ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་ བཞག་པ་དང་། སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་བཞག་པ་དང་། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་ བཞག་པ་ནི་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཤེ་ན། དེ་རང་གི་ལུས་དང་གཞན་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ལུས་གྱི་ སྔོན་གྱི་མཐའ་ལ་ཡང་རྟོག །ལུས་གྱི་ཕྱི་མའི་མཐའ་ལ་ཡང་རྟོག །ལུས་ཀྱི་ད་ལྟར་བྱུང་བ་ལ་ཡང་རྟོགས་ཏེ། ཀྱེ་མ་ལུས་འདི་ནི་ཕྱིན་ཅི་ལོག་ལས་བྱུང་བ། རྒྱུ་དང་རྐྱེན་ཀྱིས་གྲུབ་པ། ཚོར་བ་མེད་པ། བྱེད་པ་མེད་པ། བདག་པོ་མེད་པ། ཡོངས་སུ་འཛིན་པ་མེད་པ། རྒྱུ་དང་རྐྱེན་ 55-1-163a རྣམས་ཀྱིས་བྱུང་བ་སྟེ། འདི་ལྟ་སྟེ། དཔེར་ན་ཕྱི་རོལ་གྱི་རྩྭ་དང་། ཤིང་གེལ་པ་དང་། རྩི་དང་། ནགས་ཚལ་འདི་དག་རྒྱུ་རྐྱེན་གྱིས་འབྱུང་ཞིང་ཚོར་བ་མེད་པ། བྱེད་པ་མེད་པ། བདག་པོ་མེད་པ་ཡོངས་ སུ་འཛིན་པ་མེད་པ། དེ་བཞིན་དུ་བདག་གི་ལུས་འདི་ཡང་རྩྭ་དང་། ཤིང་གེལ་པ་དང་། ནགས་ཚལ་དང་། ཤིང་དང་། བརྩིག་པ་དང་། མིག་གཡོར་ལྟ་བུ་སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱིས་ཡོངས་ སུ་བཟུང་བ། ཚོར་བ་མེད་པ། བྱེད་པ་མེད་པ། བདག་པོ་མེད་པ། ཡོངས་སུ་འཛིན་པ་མེད་པ། བདག་དང་བདག་གི་འམ། རྟག་པའམ། བརྟན་པ་འམ། ཐེར་ཟུག་གམ། མི་གཡོ་བ་འམ། མི་གནོད་པ་འམ། མི་འགྱུར་བའི་ཆོས་ཅན་གྱིས་སྟོང་སྟེ། ལུས་འདི་ལ་བདག་གིར་མི་བྱའི་བདག་གིས་སྙིང་པོ་མེད་པའི་ལུས་འདིས་སྙིང་པོ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །སྙིང་པོ་དེ་ཡང་གང་ཞེ་ན། གང་འདི་དེ་ བཞིན་གཤེགས་པའི་སྐུ་སྟེ། བདག་གིས་དེ་བཞིན་གཤེགས་པའི་སྐུ་ཆོས་ཀྱི་སྐུ། རྡོ་རྗེའི་སྐུ། མི་ཤིགས་པའི་སྐུ། བརྟན་པའི་སྐུ་འཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་ པའི་སྐུ་དེ་བསྒྲུབ་པར་བྱའོ། །བདག་གི་ལུས་ཉེས་པ་དུ་མའི་སྐྱོན་ཆགས་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པའི་སྐུ་ཉེས་པ་ཐམས་ཅད་དང་བྲལ་བ་ཐོབ་པར་བྱའོ་སྙམ་མོ། །དེས་ཕན་ཡོན་ མཐོང་བས་ན་སོ་སོར་རྟོག་པའི་སྟོབས་ཀྱིས་འབྱུང་བ་ཆེན་པོའི་གནས་ཀྱི་ལུས་སྤོང་སྟེ། བདག་གི་ལུས་འདི་ཡང་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་ལ་ཟད་པར་བྱའོ། །འདི་ལྟ་སྟེ་དཔེར་ན་ ཕྱི་རོལ་གྱི་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། འབྱུང་བ་ཆེན་པོ་བཞི་པོ་དེ་དག་སྒོ་སྣ་ཚོགས་དང་། རྣམ་པ་སྣ་ཚོགས་དང་། དམིགས་པ་སྣ་ཚོགས་དང་། རྣམ་གྲངས་སྣ་ཚོགས་ 55-1-163b དང་། ཡོ་བྱད་སྣ་ཚོགས་དང་། ལོངས་སྤྱོད་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་དང་ཡོངས་སུ་སྤྱོད་པར་འགྱུར་རོ། །དེ་བཞིན་དུ་བདག་གི་ལུས་འབྱུང་བ་ཆེན་པོ། བཞི་ལ་གནས་པ་འདི་ཡང་སྒོ་སྣ་ཚོགས་དང་། རྣམ་གྲངས་སྣ་ཚོགས་དང་། དམིགས་པ་སྣ་ཚོགས་དང་། ཡོ་བྱད་སྣ་ཚོགས་དང་། ལོངས་སྤྱོད་སྣ་ཚོགས་ཀྱིས་རྒྱ་ཆེར་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་དུ་འགྱུར་བར་བྱའོ་ཞེས་དེས་དོན་གྱི་དབང་འདི་མཐོང་བས། ལུས་སྡུག་བསྔལ་བར་ཡང་རྟོག་ཅིང་སེམས་ཅན་ལ་ལྟ་བའི་ཕྱིར་ལུས་ཀྱི་སྡུག་བསྔལ་གྱིས་ཀྱང་ཡོངས་སུ་མི་སྐྱོའོ། །ལུས་ལ་མི་རྟག་པར་རྟོག་ཅིང་སྐྱེ་བ་དང་ཤི་འཕོ་བས་ཀྱང་ཡོངས་སུ་མི་སྐྱོའོ། །ལུས་ལ་བདག་ མེད་པར་རྟོག་ཅིང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡང་ཡོངས་སུ་མི་སྐྱོའོ། །ལུས་ལ་ཞི་བར་རྟོག་ཅིང་ཞི་བར་བཏང་སྙོམས་སུ་ཡང་མི་ལྟུང་ངོ་། །ལུས་ལ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་ མེད་པ་དང་། དབེན་པར་ཡང་རྟོག་ལ། ལུས་ཀྱི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། དབེན་པའི་མཐར་ཡང་མི་ལྟུང་ངོ་། །དེ་བཞིན་དུ་ལུས་ལ་མངོན་པར་འདུ་མི་བྱེད་པ་དང་། མི་སྐྱེ་བ་དང་། མ་ བྱུང་བ་དང་། དངོས་པོ་མེད་པ་དང་། ཇི་ལྟ་བ་བཞིན་དུ་རྣམ་པར་དག་པར་ཡང་རྟོག་ལ། ལུས་མངོན་པར་འདུ་མི་བྱེད་པ་དང་། མི་སྐྱེ་བ་དང་། མ་བྱུང་བ་དང་། དངོས་པོ་མེད་པ་དང་། ཇི་ལྟ་བ་བཞིན་དུ་རྣམ་པར་དག་པའི་མཐར་ཡང་ མི་ལྟུང་ངོ་། །ལུས་ཚོར་བ་མེད་པ་དང་། ལུས་བྱེད་པ་མེད་པ་དང་། ལུས་བདག་པོ་མེད་པ་དང་། ལུས་ཡོངས་སུ་འཛིན་པ་མེད་པ་དང་། ལུས་དབྱེར་མེད་པ་དང་། ལུས་རོ་གཅིག་པ་དང་། ལུས་ནམ་མཁའི་ངོ་བོ་ཉིད་ དང་། ལུས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་ཡང་རྟོག་ལ། ལུས་གཡོ་བ་མེད་པ་དང་། བྱེད་པ་མེད་པ་དང་། བདག་པོ་མེད་པ་དང་། འཛིན་པ་མེད་པ་དང་། དབྱེར་མེད་པ་དང་། རོ་གཅིག་པ་དང་། 55-1-164a ནམ་མཁའི་ངོ་བོ་ཉིད་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་མཐར་ཡང་མི་ལྟུང་ངོ་། །ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེ་ལུས་ལ་རྫས་དང་སྙིང་པོ་ཡང་དག་པར་རྗེས་སུ་མི་ མཐོང་ངོ་། །དེ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པས་ནང་ན་གནས་པའི་ཉོན་མོངས་པ་རྣམས་ཀྱི་སྐབས་མི་འབྱེད་དོ། །དེ་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པས་ཕྱི་རོལ་གྱི་རྗེས་སུ་ སོང་བའི་ཉོན་མོངས་པ་རྣམས་དང་ལྷན་ཅིག་ཏུ་མི་གནས་སོ། །དེ་ལུས་ཉོན་མོངས་པ་ཅན་མ་ཡིན་པས་ཡོངས་སུ་དག་པའི་ལུས་ཀྱི་ལས་དང་ལྡན་པ་ཡིན། དེ་ལུས་ཀྱི་ལས་ཡོངས་སུ་དག་པ་དང་ལྡན་པས་ལྷ་ དང་མིའི་ནང་ན་མཚན་གྱིས་ལེགས་པར་བརྒྱན་པའི་ལུས་ཐོབ་སྟེ། དེའི་ལུས་མཚན་གྱིས་ལེགས་པར་བརྒྱན་པས་ལྷ་དང་མི་རྣམས་མངོན་དུ་འདོད་པར་འགྱུར་བ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ལུས་ལ་ ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བ་དྲན་པ་ ཉེ་བར་གཞག་པ་ནི་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་ཞིང་གནས་ཤེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཚོར་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་སྡུག་ བསྔལ་བའོ་སྙམ་ནས་དེས་ཚོར་བ་ཤིན་དུ་རྟོགས་པ་དང་། ཡེ་ཤེས་ཀྱིས་རྟོགས་པ་དང་། ཤེས་རབ་ཀྱིས་རྟོགས་པ་དང་། ཉེ་བར་ཞི་བས་རྟོགས་པས་བདེ་བའི་ཚོར་བ་ཡང་ཚོར་བར་བྱེད་དེ། དེ་འདོད་ཆགས་ཀྱི་བག་ ལ་ཉལ་ཡང་བག་ལ་ཉལ་བར་མི་འགྱུར་རོ། །སྡུག་བསྔལ་གྱི་ཚོར་བས་རེག་ན་ཡང་ངན་སོང་དང་མི་ཁོམ་པར་སྐྱེས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྐྱེད་དེ། དེ་ཁོང་ཁྲོ་བའི་བག་ལ་ཉལ་ཡང་བག་ལ་ 55-1-164b ཉལ་བར་མི་འགྱུར་རོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བས་རེག་སྟེ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ཡང་ཚོར་བར་བྱེད་དེ། དེ་མ་རིག་པའི་བག་ལ་ཉལ་ཡང་ བག་ལ་ཉལ་བར་མི་འགྱུར་རོ། །དེ་ཚོར་བ་དང་ལྡན་པའི་དྲན་པས་ཚོར་བ་གང་ཅི་ཡང་རུང་སྟེ། བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཚོར་ན། ཚོར་བ་དེ་དག་ཐམས་ཅད་ ལས་འབྱུང་བའི་ཡེ་ཤེས་མཐོང་བ་སྒོམ་མོ། །དེ་སེམས་ཅན་ཐམས་ཅད་ཀྱི་ཚོར་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་གོ་གྱོན་ཏེ། སེམས་ཅན་འདི་དག་ཚོར་བ་ལས་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ མི་ཤེས་ཏེ། དེ་དག་འབྱུང་བ་མི་ཤེས་པས་བདེ་བའི་ཚོར་བས་རེག་ན་ནི་རྗེས་སུ་ཆགས་པར་འགྱུར། སྡུག་བསྔལ་གྱི་ཚོར་བས་རེག་ན་ནི་ཁོང་ཁྲོ་བར་འགྱུར། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ ཚོར་བས་རེག་ན་ནི་རྨོངས་པར་འགྱུར་ཏེ། བདག་ནི་ཤེས་རབ་དང་། ཡེ་ཤེས་སུ་ལྡན་པའི་ཚོར་བས་ཚོར་བ་ཐམས་ཅད་རྒྱུན་ཆད་པའི་ཐབས་མཁས་པ་དང་སྙིང་རྗེ་ཆེན་པོས་ཟིན་པའི་དགེ་བའི་རྩ་བའི་ཚོགས་ཀྱིས་སེམས་ ཅན་དེ་དག་གི་ཚོར་བ་ཐམས་ཅད་བསལ་བའི་ཕྱིར་ཆོས་བསྟན་ཏོ་སྙམ་མོ། །ཡང་ཅིའི་ཕྱིར་ཚོར་བ་ཞེས་བྱ་ཞེ་ན། མ་རིག་པས་རྟོགས་པའི་ཚོར་བ་ནི་སྡུག་བསྔལ་དུ་འགྱུར། ཡེ་ཤེས་ཀྱིས་རྟོགས་པའི་ཚོར་བ་ནི་བདེ་བར་ འགྱུར་ཏེ། དེ་ལ་ཡེ་ཤེས་ཀྱིས་རྟོགས་པའི་ཚོར་བ་ནི་བདེ་བར་འགྱུར་བ་གང་ཞེ་ན། འདི་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། སྐྱེ་བ་པོ་འམ། གསོ་བ་འམ། སྐྱེས་བུ་འམ། གང་ཟག་གམ། ཤེད་ལས་སྐྱེས་ སམ། ཤེད་བུ་ཡང་རུང་། གང་གིས་ཀྱང་ཚོར་བར་འགྱུར་བ་མེད་ཀྱི་མངོན་པར་ཞེན་པ་ནི་ཚོར་བའོ། །ཡོངས་སུ་འཛིན་པ་ནི་ཚོར་བའོ། །ཉེ་བར་ལེན་པ་ནི་ཚོར་བའོ། །དམིགས་པ་ནི་ཚོར་བའོ། །ཕྱིན་ཅི་ལོག་ནི་ཚོར་བའོ། ། 55-1-165a རྣམ་པར་རྟོག་པ་ནི་ཚོར་བའོ། །ལྟ་བ་དང་བག་ལ་ཉལ་བ་ནི་ཚོར་བའོ། །མིག་ཏུ་འདུ་ཤེས་པ་ནི་ཚོར་བའོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དུ་འདུ་ཤེས་པ་ནི་ཚོར་བའོ། །གཟུགས་སུ་འདུ་ ཤེས་པ་ནི་ཚོར་བའོ། །དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་སུ་འདུ་ཤེས་པ་ནི་ཚོར་བའོ། །གང་ཡང་མིག་དང་གཟུགས་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པའི་བདེ་བའང་རུང་། སྡུག་བསྔལ་བ་ཡང་རུང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཡང་རུང་སྟེ་འདི་ནི་ཚོར་བ་ཞེས་བྱའོ། །དེ་བཞིན་དུ་རྣ་བ་དང་། སྒྲར་འདུས་ཏེ་རེག་པའི་རྐྱེན་དང་། སྣ་དང་དྲིར་འདུས་ཏེ་རེག་པའི་རྐྱེན་དང་། ལྕེ་དང་རོར་འདུས་ཏེ་རེག་པའི་ རྐྱེན་དང་། ལུས་དང་རེག་བྱར་འདུས་ཏེ་རེག་པའི་རྐྱེན་དང་། གང་ཡང་ཡིད་དང་ཆོས་སུ་འདུས་ཏེ་རེག་པའི་རྐྱེན་ལས་བྱུང་བའི་ཚོར་བ་བདེ་བ་ཡང་རུང་། སྡུག་བསྔལ་བ་ཡང་རུང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་ མ་ཡིན་པ་ཡང་རུང་སྟེ་འདི་ནི་ཚོར་བ་ཞེས་བྱའོ། །གཞན་ཡང་རྣམ་གྲངས་སུ་ན་ཚོར་བ་ནི་གཅིག་པུ་ཁོ་ན་སྟེ། གང་འདི་སེམས་ཀྱི་རྣམ་པར་རིག་པའོ། །ཚོར་བ་གཉིས་ཏེ། གང་འདི་ནང་གི་དང་ཕྱིའོ། །ཚོར་བ་གསུམ་སྟེ། གང་འདི་འདས་པ་རྣམ་པར་རིག་པ་དང་། མ་འོངས་པ་རྣམ་པར་རིག་པ་དང་། ད་ལྟར་བྱུང་བ་རྣམ་པར་རིག་པའོ། །ཚོར་བ་བཞི་སྟེ། གང་འདི་ཁམས་བཞི་རྣམ་པར་རིག་པའོ། །ཚོར་བ་ལྔ་སྟེ། གང་འདི་ཕུང་པོ་ལྔ་ཡིད་ ལ་བྱེད་པའོ། །ཚོར་བ་དྲུག་སྟེ། གང་འདི་སྐྱེ་མཆེད་དྲུག་ལ་ཡོངས་སུ་རྟོག་པའོ། །ཚོར་བ་བདུན་ཏེ། གང་འདི་རྣམ་པར་ཤེས་པ་གནས་པ་བདུན་ནོ། །ཚོར་བ་བརྒྱད་དེ། གང་འདི་ལོག་པའི་སྦྱོར་བ་བརྒྱད་དོ། །ཚོར་བ་དགུ་ སྟེ། གང་འདི་སེམས་ཅན་གྱི་གནས་དགུའོ། །ཚོར་བ་བཅུ་སྟེ། གང་འདི་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སོ། །འདི་ནི་ཚོར་བ་ཀུན་གྱི་ཚུལ་ཏེ། དམིགས་པ་ཇི་སྙེད་པ་དེ་སྙེད་དུ་ཡིད་ལ་བྱེད་དོ། །ཇི་སྙེད་དུ་ཡིད་ལ་བྱེད་ 55-1-165b པ་དེ་སྙེད་དུ་ཡོངས་སུ་རྟོག་པའོ། །ཇི་སྙེད་དུ་ཡོངས་སུ་རྟོག་པ་དེ་སྙེད་དུ་ཚོར་བ་སྟེ། དེའི་ཕྱིར་ན་སེམས་ཅན་ཚད་མེད་པ་རྣམས་ཀྱི་ཚོར་བ་ཚད་མེད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཚོར་བ་རྣམས་ལ་ཚོར་ བའི་རྗེས་སུ་ལྟ་ཞིང་གནས་པས་སེམས་ཅན་ཐམས་ཅད་ཀྱི་ཚོར་བ་སྐྱེ་བ་དང་འཇིག་པ་དང་གནས་པ་ཤེས་པ་བསྐྱེད་པར་བྱའོ། །གང་སེམས་ཅན་ཐམས་ཅད་ཀྱི་ཚོར་བ་སྐྱེ་བ་དང་འཇིག་པ་དང་གནས་པ་དགེ་བ་དང་། མི་དགེ་ བའི་ཚོར་བ་ཤེས་པ་འདི་ནི་བྱང་ཆུབ་སེམས་དཔའི་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་བཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་ གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་དེའི་བྱང་ཆུབ་ཀྱི་སེམས་མ་བརྗེད་པ་དྲན་པས་བསྲུངས་ཤིང་མི་གཡེང་བ་སྟེ། དེ་སེམས་ལ་འདི་ལྟར་རྟོག་གོ། །སེམས་ནི་སྐྱེས་ནས་ཞིག་ཅིང་ཞུ་སྟེ་མི་གནས་པའོ། །ནང་ན་ཡང་མི་ འདུག །ཕྱི་རོལ་དུ་ཡང་མ་འཕོས། གཉི་ག་མེད་པར་ཡང་མི་དམིགས་ཏེ། ང་བདག་གི་བྱང་ཆུབ་ཀྱི་སེམས་དང་པོ་སྐྱེས་པའོ། །དེ་ནི་ཟད་ཅིང་འགགས་ཏེ་ཡལ་ཞིང་མེད་པར་གྱུར་པས་ཡུལ་ན་མི་གནས། ཕྱོགས་ན་མི་གནས་ ཏེ། དེ་ནི་གདགས་པར་མི་ནུས་སོ། །སེམས་ཅན་གང་གིས་བྱང་ཆུབ་ཀྱི་ཕྱིར་དགེ་བའི་རྩ་བ་རྣམས་ཡང་དག་པར་བསྒྲུབས་པ་དེ་དག་ཀྱང་ཟད་ཅིང་འགགས་ཏེ། ཡལ་ཞིང་མེད་པར་གྱུར་པས་ཡུལ་ན་མི་གནས། ཕྱོགས་ན་མི་གནས་ཏེ། དེ་ཡང་གདགས་པར་མི་ནུས་སོ། །སེམས་གང་དག་གིས་དགེ་བའི་རྩ་བ་དེ་དག་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དེ་དག་ཀྱང་དེའི་རང་བཞིན་དང་དེའི་མཚན་ཉིད་དེ། སེམས་ཀྱིས་སེམས་མི་ཤེས་སོ། །སེམས་ཀྱིས་སེམས་ མི་ཐོང་མཐོང་ངོ་། །སེམས་ཀྱིས་སེམས་ཀྱི་མཚམས་མི་སྦྱོར་རོ། །དེ་ལ་སེམས་གང་ཞེ་ན། གང་གིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་པ་སྟེ། བྱང་ 55-1-166a ཆུབ་ཀྱི་སེམས་གང་ཡིན་པ་དེ་དགེ་བའི་རྩ་བའི་སེམས་དང་ལྷན་ཅིག་མི་གནས། དགེ་བའི་རྩ་བའི་སེམས་དེ་ཡང་ཡོངས་སུ་སྔོ་བའི་སེམས་དང་ལྷན་ཅིག་མི་གནས། ཡོངས་སུ་བསྔོ་བའི་སེམས་གང་ཡིན་ པ་དེ་ཡང་བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་མི་གནས་སོ་སྙམ་དུ་རྟོག་གོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དེ་ལྟར་རྟོག་པ་ནི་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་ན་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་ སོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། རྒྱུ་དང་འབྲས་བུ་ཆུད་མི་ཟ་བའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཤིན་དུ་ཟབ་སྟེ། སེམས་ཀྱི་ཆོས་ཉིད་དེ་ལྟ་བུ་ཡིན་དུ་ཟིན་ཀྱང་ཆོས་ཐམས་ཅད་ནི་རྒྱུ་དང་རྐྱེན་ལ་རག་ ལས་ཤིང་གཡོ་བ་མེད་པ། བྱེད་པ་མེད་པ། བདག་པོ་མེད་པ། ཡོངས་སུ་འཛིན་པ་མེད་པ་སྟེ། དེ་དག་ཇི་ལྟར་འདོད་པ་དེ་བཞིན་དུ་རྣམ་པར་སྒྲུབ་བོ། །བདག་གིས་ཀྱང་རྣམ་པར་སྒྲུབ་པ་ལ་བརྩོན་པར་བྱ་སྟེ། སེམས་ ཀྱི་ཆོས་ཉིད་འདི་ཡང་མི་སྤང་ངོ་སྙམ་མོ། །དེ་ལ་སེམས་ཀྱི་ཆོས་ཉིད་ནི་གང་། རྣམ་པར་སྒྲུབ་པ་ནི་གང་ཞེ་ན་སེམས་ནི་སྒྱུ་མ་ལྟ་བུ་སྟེ། འདི་ལ་གང་སྦྱིན་པར་བྱེད་པ་གང་ཡང་མེད་དེ། འདི་ནི་སེམས་ཀྱི་ ཆོས་ཉིད་ཅེས་བྱའོ། །གང་ཡང་བདོག་པ་ཐམས་ཅད་ཡོངས་སུ་བཏང་སྟེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བ་འདི་ནི་རྣམ་པར་སྒྲུབ་པ་ཞེས་བྱའོ། །སེམས་ནི་རྨི་ལམ་ལྟ་བུར་རབ་ ཏུ་ཞི་བའི་མཚན་ཉིད་དེ། འདི་ནི་སེམས་ཀྱི་ཆོས་ཉིད་ཅེས་བྱའོ། །གང་ཡང་ཚུལ་ཁྲིམས་དང་། བསླབ་པ་དང་། སྦྱངས་པའི་ཡོན་ཏན་དང་། བྱང་ཆུབ་ཀྱི་ཚོགས་སོགས་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་ཡོངས་ སུ་སྔོ་བ་འདི་ནི་རྣམ་པར་སྒྲུབ་པ་ཞེས་བྱའོ། །སེམས་ནི་མིག་ཡོར་ལྟ་བུ་སྟེ། གཟོད་མ་ནས་ཡོངས་སུ་མ་གྲུབ་པ་འདི་ནི་སེམས་ཀྱི་ཆོས་ཉིད་ཅེས་བྱའོ། །གང་ཡང་བཟོད་པ་དང་དེས་པ་ཐམས་ཅད་མི་སྐྱེ་བའི་ 55-1-166b ཆོས་ལ་བཟོད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བ་འདི་ནི་རྣམ་པར་སྒྲུབ་པ་ཞེས་བྱའོ། །སེམས་ནི་སྨིག་རྒྱུ་ལྟ་བུ་སྟེ། ཤིན་ཏུ་དབེན་པའི་ཕྱིར་དབེན་པ་ན་འདི་ནི་སེམས་ཀྱི་ཆོས་ཉིད་ཅེས་བྱའོ། ། གང་ཡང་དགེ་བའི་རྩ་བ་ཐམས་ཅད་ལ་བརྩོན་འགྲུས་བརྩམས་པ་རྣམས་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བ་འདི་ནི་རྣམ་པར་སྒྲུབ་པ་ཞེས་བྱའོ། །སེམས་ནི་གཟུགས་ཅན་མ་ ཡིན་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། རྣམས་པར་རིག་པ་མེད་པ་སྟེ། འདི་ནི་སེམས་ཀྱི་ཆོས་ཉིད་ཅེས་བྱའོ། །གང་ཡང་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ ཐམས་ཅད་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བ་འདི་ནི་རྣམ་པར་སྒྲུབ་པ་ཞེས་བྱའོ། །སེམས་ནི་གཟུང་བ་མེད་པ། མཚན་མ་མེད་པ། བསྟན་དུ་མེད་པ། གནས་མེད་པ་སྟེ། འདི་ནི་སེམས་ཀྱི་ཆོས་ཉིད་ཅེས་ བྱའོ། །གང་ཡང་དྲིས་པའི་ཚིག་རབ་ཏུ་དབྱེ་བ་བསྟན་པ་ཤེས་པ་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བ་འདི་ནི་རྣམ་པར་སྒྲུབ་པ་ཞེས་བྱའོ། །སེམས་ནི་དམིགས་པ་མེད་ པར་མི་སྐྱེ་བ་སྟེ། འདི་ནི་སེམས་གྱི་ཆོས་ཉིད་ཅེས་བྱའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་དགེ་བའི་རྩ་བ་ཐམས་ཅད་ལ་དམིགས་པའི་སེམས་ཉེ་བར་སྒྲུབ་པ་འདི་ནི་རྣམ་པར་སྒྲུབ་པ་ཞེས་ བྱའོ། །སེམས་ནི་རྒྱུ་མེད་པར་མི་སྐྱེ་བ་སྟེ། འདི་ནི་སེམས་ཀྱི་ཆོས་ཉིད་ཅེས་བྱའོ། །གང་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུར་སེམས་བསྐྱེད་པ་འདི་ནི་རྣམ་པར་སྒྲུབ་པ་ཞེས་བྱའོ། །ཡུལ་དྲུག་ལས་ རྣམ་པར་གྲོལ་བར་སེམས་མི་སྐྱེ་བ་འདི་ནི་སེམས་ཀྱི་ཆོས་ཉིད་ཅེས་བྱའོ། །གང་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཡུལ་གྱི་རྒྱུར་སེམས་མངོན་པར་སྒྲུབ་པ་འདི། ནི་རྣམ་པར་སྒྲུབ་པ་ཞེས་བྱའོ། །སེམས་ལ་ 55-1-167a སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་ཐོབ་པར་བྱ་བའི་ཕྱིར་སེམས་ཉེ་བར་འདོགས་སོ། །དེ་མངོན་པར་ཤེས་པ་ཐོབ་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ སེམས་ཀྱི་སྤྱོད་པ་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་དེ་ལྟ་བུའི་རང་བཞིན་གྱིས་ཆོས་སྟོན་ཏོ། །སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་སེམས་ ཉེ་བར་འདོགས་ཏེ། དེ་སྙིང་རྗེ་ཆེན་པོ་ཐོབ་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པས་མི་སྐྱོའོ། །སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་བྱང་ཆུབ་སེམས་དཔའ་སེམས་ཟད་ པར་བྱ་བའི་ཕྱིར་མི་སྐྱེད། སེམས་འགོག་པར་བྱ་བའི་ཕྱིར་ཡང་མ་ཡིན་ཏེ། འཁོར་བའི་རྒྱུན་ཀྱི་དགེ་བའི་རྩ་བ་ཀུན་དུ་སྦྱོར་བ་རྣམས་ལ་སེམས་མངོན་པར་སྒྲུབ་བོ། །སེམས་ཀྱི་དྲན་པ་ཤེས་པ་དེས་མ་བྱུང་བ་དང་། མི་ སྐྱེ་བ་དང་། མི་འགོག་པར་ངེས་པར་འགྱུར་བ་ལ་འཇུག་པའི་ཆོས་སུ་གནས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་སྟེ། ནམ་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་མ་གྱུར་ གྱི་བར་དུ་སེམས་ཀྱི་རྒྱུན་དེ་ཉེ་བར་འདོགས་ཏེ། སེམས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་སྟེ། འདི་ནི་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་བཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འཕགས་པའི་ཤེས་རབ་ཀྱི་མིག་ གིས་མཐོང་བའི་ཆོས་དེ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་བརྗེད་པར་མི་འགྱུར་རོ། །ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་བྱང་ཆུབ་སེམས་དཔའ་གང་སྟོང་པ་ཉིད་ལས་རྣམ་པར་གྲོལ་ 55-1-167b བ་དང་། མཚན་མ་མེད་པ་ལས་རྣམ་པར་གྲོལ་བ་དང་། སྨོན་པ་མེད་པ་ལས་རྣམ་པར་གྲོལ་བ་དང་། མངོན་པར་འདུ་མི་བྱེད་པ་ལས་རྣམ་པར་གྲོལ་བ་དང་། མི་སྐྱེ་བ་ལས་རྣམ་པར་གྲོལ་བ་དང་། མི་འབྱུང་བ་ལས་རྣམ་པར་གྲོལ་བ་དང་། དངོས་པོ་མེད་པ་ལས་རྣམ་པར་གྲོལ་བའི་ཆོས་ཆུང་རབ་ཙམ་ཡང་མི་མཐོང་ངོ་། །ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་བྱང་ཆུབ་སེམས་དཔས་ཆོས་གང་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་རྣམ་པར་གྲོལ་བ་ཆུང་ རབ་ཙམ་ཡང་མི་མཐོང་ངོ་། །ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་བྱང་ཆུབ་སེམས་དཔས་ཆོས་ཁོ་ན་མཐོང་གི་ཆོས་མ་ཡིན་པ་མི་མཐོང་སྟེ། དེ་ལ་ཆོས་གང་ཞེ་ན། འདི་ལྟ་སྟེ། བདག་མེད་པའི་དོན་དང་། སེམས་ཅན་ མེད་པའི་དོན་དང་། སྲོག་མེད་པའི་དོན་དང་། གང་ཟག་མེད་པའི་དོན་དང་། ཆད་པ་མེད་པའི་དོན་དང་། རྟག་པ་མེད་པའི་དོན་དང་། འབྱུང་བ་མེད་པའི་དོན་དང་། འཇིག་པ་མེད་པའི་དོན་ཏེ། དེ་ལ་ཆོས་ཤེས་བྱའོ། །དེ་ལ་ཆོས་ མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་དང་། འབྱུང་བར་ལྟ་བ་དང་། འཇིག་པར་ལྟ་བ་སྟེ། འདི་ནི་ཆོས་མ་ཡིན་ པ་ཞེས་བྱའོ། །འདི་ལྟར་ཡང་ཆོས་ཐམས་ཅད་ནི་ཆོས་སོ། །ཆོས་ཐམས་ཅད་ནི་ཆོས་མ་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པར་སོ་སོར་རྟོག་པས་ཆོས་ཐམས་ཅད་ནི་ཆོས་ མ་ཡིན་ནོ། །ངར་འཛིན་པ་དང་། ང་ཡིར་འཛིན་པའི་ལྟ་བ་ལ་མངོན་པར་ཞེན་པས་ཆོས་ཐམས་ཅད་ནི་ཆོས་མ་ཡིན་ནོ། །དེ་ལྟར་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་བྱང་ཆུབ་སེམས་དཔས་གང་ལས་སངས་ རྒྱས་ཀྱི་ཆོས་མེད་པ་དང་། གང་ལས་བྱང་ཆུབ་མེད་པ་དང་། གང་ལས་ལམ་མེད་པ་དང་། གང་ལས་ཐར་པ་མེད་པ་དང་། གང་ལས་ངེས་པར་འབྱུང་བ་མེད་པའི་ཆོས་གང་ཡང་མི་མཐོང་སྟེ། དེས་ཆོས་ཐམས་ཅད་ངེས་པར་ 55-1-168a འབྱུང་བར་ཤེས་པས་སེམས་ཅན་རྣམས་ལ་སྒྲིབ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་སྒོ་ཐོབ་པར་འགྱུར་རོ། །དེས་ཆོས་ཐམས་ཅད་དང་། ཉོན་མོངས་པ་ཐམས་ཅད་ལ་ཡང་བཅོས་པའི་འདུ་ཤེས་འཐོབ་སྟེ། ཆོས་འདི་དག་ནི་ཉོན་མོངས་པ་མེད་པ་སྟེ། འདི་དག་ནི་ཉོན་མོངས་པ་དང་བཅས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ངེས་པའི་དོན་ཀྱི་དོན་ལ་རྟོན་ཏེ། ཉོན་མོངས་པའི་ཚོགས་ཀྱང་མེད། ཕུང་པོར་གྱུར་ པ་ཡང་མེད། འདོད་ཆགས་ཀྱི་དངོས་པོ་མེད། ཞེ་སྡང་གི་དངོས་པོ་མེད། གཏི་མུག་གི་དངོས་པོ་མེད་དེ། ཉོན་མོངས་པ་འདི་དག་རྟོགས་པའི་ཕྱིར་བྱང་ཆུབ་སྟེ། ཉོན་མོངས་པའི་ངོ་བོ་ཉིད་གང་ཡིན་པ་བྱང་ཆུབ་ཀྱི་ངོ་བོ་ཉིད་ ཀྱང་དེ་ཡིན་ནོ་ཞེས་དེ་འདི་ལྟ་བུར་དྲན་པ་ཉེ་བར་འཇོག་ཀྱང་ཅི་ཡང་ཉེ་བར་མི་འཇོག །རབ་ཏུ་མི་འཇོག །རྣམ་པར་མི་འཇོག་གོ། །ཆོས་ཉིད་དེ་གནས་པར་རབ་ཏུ་ཤེས་ཏེ། དེའི་ཕྱིར་ཆོས་ཀྱི་དབྱིངས་དེ་གནས་པ་ཞེས་བྱའོ། ། གནས་གང་ན་ཆོས་ཀྱི་དབྱིངས་ན་གནས་པ་དེ་ན་སེམས་ཅན་གྱི་ཁམས་ཀྱང་གནས་སོ། །སེམས་ཅན་གྱི་ཁམས་གནས་གང་ན་གནས་པ་དེ་ན་ནམ་མཁའི་ཁམས་ཀྱང་གནས་ཏེ། དེ་བས་ན་ཆོས་ཐམས་ཅད་ནི་ནམ་མཁའ་དང་ མཚུངས་པ་ཞེས་བྱའོ། །ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཆོས་ལ་རྟོན་པ་ཡིན་ཏེ། དེ་ཆོས་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཆོས་སུ་མོས་སོ། །དེ་ཟད་པ་ཤེས་པ་ཡང་ སྐྱེད་དེ། འདུས་བྱས་ཀྱང་ཟད་པར་མི་བྱེད་དོ། །མི་སྐྱེ་བ་ཤེས་པ་ཡང་མངོན་པར་སྒྲུབ་སྟེ། དེ་སེམས་ཅན་ལ་ལྟ་བའང་སྐྱེད་ཅིང་མི་སྐྱེ་བའི་མཐའ་ཡང་མི་སྤོང་ངོ་། །ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ དྲན་པ་དེ་ལ་གནས་པར་འགྱུར་ཏེ། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་དང་། ཆོས་སུ་བཏགས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ 55-1-168b དྲན་པ་དེ་ལ་གནས་པར་འགྱུར་ཏེ། ཕྱི་མའི་མཐའི་བར་དུ་ཡང་དྲན་པ་དེས་མི་བརྗེད་ཅིང་ཉམས་པར་མི་འགྱུར་རོ། །ཆོས་ཐམས་ཅད་མ་ལུས་པར་དྲན་པ་དེ་ལ་གནས་ཏེ། དྲན་པ་དེས་ཕྱི་མའི་མཐའི་བར་དུ་ཡང་མི་བརྗེད་ཅིང་ ཉམས་པར་མི་འགྱུར་རོ། །ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་དེ་ནི་ཚད་མེད་པ་ཤིན་དུ་བསྟན་པའི་ཚིག་སྟེ། ཀུན་དུ་སྤྱོད་ཡུལ་བ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འདུ་བ། སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ། བདུད་ཐམས་ཅད་ཕམ་པར་བྱེད་པ། རང་འབྱུང་གི་ཡེ་ཤེས་རྟོགས་པར་བྱེད་པའི་ཚིག་འདི་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་ཞེས་ བྱའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པ་མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པར་སྤོང་བ་བཞི་ཡང་ མི་ཟད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་སྐྱེད། འབད། བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་དང་། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད། འབད། བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་ འདུན་པ་སྐྱེད། འབད། བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། བསྒོམ་པ་དང་། ཕྱིར་ཞིང་འབྱུང་བ་དང་ཆུད་ཟ་བར་མི་ འགྱུར་བ་དང་། ཉམས་པར་མི་འགྱུར་བ་དང་། ཤིན་དུ་རྒྱས་པར་བྱ་བའི་ཕྱིར་འདུན་པ་སྐྱེད། འབད། བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པའོ། །གང་སྡིག་པ་མི་དགེ་བའི་ཆོས་མ་ 55-1-169a སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་ཅེས་བྱ་བ་དེ་ནི་ཚུལ་བཞིན་ཡིད་ལ་བྱེད་པའི་ཚིག་བླ་དགས་སོ། །འབད། བརྩོན་འགྲུས་རྩོམ་ཞེས་བྱ་བ་དེ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་མི་འདོར་བའི་ཚིག་བླ་དགས་ སོ། །སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་ཅེས་བྱ་བ་དེ་ནི་ཚུལ་བཞིན་དུ་རྟོག་པའི་ཚིག་བླ་དགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་བཞིན་རབ་ཏུ་སྦྱོར་བ་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ཀུན་དུ་མི་སྤྱོད་ པའི་ཕྱིར་རོ། །དེ་ལ་སྡིག་པ་མི་དགེ་བའི་ཆོས་རྣམས་གང་ཞེ་ན། གང་འདི་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་དང་། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་དང་། ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་སོ། །དེ་ལ་ཚུལ་ ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་གང་ཞེ་ན། གང་འདི་ཚུལ་ཁྲིམས་ཉམས་པ་དང་། གང་དག་གཞན་གྱི་ཚུལ་ཁྲིམས་ཀྱང་ཉམས་པར་བྱེད་པའི་ཆོས་ཅི་ཡང་རུང་སྟེ། གང་དག་ཚུལ་ཁྲིམས་ཀྱི་ཕུང་པོའི་མི་མཐུན་པའི་ཕྱོགས་ སུ་འགྱུར་བ་འདི་ནི་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ཤེས་བྱའོ། །དེ་ལ་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་གང་ཞེ་ན། གང་འདི་ཆོ་ག་ཉམས་པ་སྟེ། གང་དག་གཞན་གྱི་སེམས་ཀྱང་རྣམ་པར་གཡེང་བར་བྱེད་པའི་ཆོས་ ཅི་ཡང་རུང་སྟེ། གང་དག་ཏིང་ངེ་འཛིན་གྱི་ཕུང་པོའི་མི་མཐུན་པའི་ཕྱོགས་སུ་འགྱུར་བ་འདི་ནི་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་ཤེས་བྱའོ། །དེ་ལ་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་གང་ཞེ་ན། གང་འདི་ལྟ་བ་ཉམས་ པ་སྟེ། གང་དག་གཞན་གྱི་ལྟ་བ་འང་ཉམས་པར་བྱེད་པ། ཀུན་ནས་ལྡང་བ་དང་། སྒྲིབ་པ་དང་། ཆོད་པར་འགྱུར་བའི་ཆོས་ཅི་ཡང་རུང་སྟེ། གང་དག་ཤེས་རབ་ཀྱི་ཕུང་པོའི་མི་མཐུན་པའི་ཕྱོགས་སུ་འགྱུར་བ་འདི་ནི་ཤེས་རབ་ ཀྱི་མི་མཐུན་པའི་ཕྱོགས་ཞེས་བྱ་སྟེ། འདི་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ཤེས་བྱའོ། །ཚུལ་བཞིན་ཡིད་ལ་བྱེད་པ་གང་གིས་སྡིག་པ་མི་དགེ་བའི་ཆོས་འདི་ལྟ་བུ་མ་སྐྱེས་པ་རྣམས་སྐྱེ་བའི་གོ་སྐབས་མི་འབྱེད་པ་ 55-1-169b འདི་ནི་ཡང་དག་པར་སྤོང་བ་དང་པོ་ཞེས་བྱའོ། །གང་ཡང་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད། འབད། བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ ཏུ་འཇོག་ཅེས་བྱ་བ་དེ་ནི་ཚུལ་བཞིན་ཡིད་ལ་བྱེད་པའི་ཚིག་བླ་དགས་སོ། །དེ་ཅིའི་ཕྱིར་ཞེ་ན། སྡིག་པ་མི་དགེ་བའི་ཆོས་དེ་དག་སེམས་ལ་ཕུང་པོར་གྱུར་པ་མེད་དེ། ཡུལ་ན་མི་གནས། ཕྱོགས་ན་མི་གནས་ཤིང་གདགས་ པར་མི་ནུས་པའི་ཕྱིར་རོ། །གང་སྡིག་པ་མི་དགེ་བའི་ཆོས་དེ་དག་སེམས་ལ་ཀུན་དུ་འབྱུང་བ་སྤང་བ་ཤེས་པ་ནི་རྒྱུ་དང་དམིགས་པ་གང་དག་གིས་སྡུག་པའི་རྣམ་པར་འདོད་ཆགས་སམ། ཁོང་ཁྲོ་བའི་རྣམ་པར་ ཞེ་སྡང་ངམ། མ་རིག་པའི་རྣམ་པར་གཏི་མུག་སྐྱེ་བའང་རུང་སྟེ། དེ་དག་ལ་མི་སྡུག་པའི་ཚུལ་བཞིན་ཡིད་ལ་བྱེད་པས་ནི་འདོད་ཆགས་ཞི་བར་བྱེད། བྱམས་པས་ནི་ཞེ་སྡང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་ པས་ནི་གཏི་མུག་ཞི་བར་བྱེད་པ་སྟེ། གང་ཉོན་མོངས་པ་འདི་དག་ཞི་བ་འདི་ནི་སྤོང་བ་ཞེས་བྱའོ། །ཐ་སྙད་བཏགས་པ་གཟུང་གི་དོན་དམ་པར་ན་དེ་ལ་གང་སྤང་བའི་ཆོས་གང་ཡང་མི་དམིགས་ཏེ། ཆོས་ ཐམས་ཅད་མཉམ་པ་ཉིད་དུ་མངོན་སུམ་པས་ན། དེའི་ཕྱིར་ཡང་དག་པར་སྤོང་བ་ཞེས་བྱ་སྟེ། འདི་ནི་ཡང་དག་པར་སྤོང་བ་གཉིས་པ་ཞེས་བྱའོ། །གང་ཡང་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་ པའི་ཕྱིར་འདུན་པ་སྐྱེད། འབད། བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་ཅེས་བྱ་བ་དེ་ནི་ཚད་མེད་པའི་ཚིག་ཤིན་དུ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་དག་བྱང་ཆུབ་ སེམས་དཔས་ཡང་དག་པར་བསྒྲུབ་པར་བྱ་བའི་ཆོས་དེ་དག་ཚད་མེད་པའི་ཕྱིར་རོ། །དེ་ལ་འདུན་པ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བའོ། །བརྩོན་འགྲུས་ནི་དགེ་བའི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པའོ། ། 55-1-170a སེམས་ཡང་དག་པར་འཛིན་པས་ནི་དགེ་བའི་ཆོས་ཐམས་ཅད་ཉམས་སུ་ལོན་པར་བྱེད་དེ། དགེ་བའི་ཆོས་དེ་དག་ལ་དཔྱོད་ཅིང་རྣམ་པར་འབྱེད་པ་སྟེ། འདི་ནི་ཡང་དག་པར་སྤོང་བ་གསུམ་པ་ཞེས་བྱའོ། གང་ཡང་དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། བསྒོམ་པ་དང་། ཕྱིར་ཞིང་འབྱུང་བ་དང་། ཆུད་ཟ་བར་མི་འགྱུར་བ་དང་། ཉམས་པར་མི་འགྱུར་བ་དང་། ཤིན་དུ་རྒྱས་པར་བྱ་བའི་ཕྱིར་འདུན་པ་སྐྱེད། འབད། བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་ཅེས་བྱ་བ་དེ་ནི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བའི་ཚིག་བླ་དགས་སོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ནི་བྱང་ཆུབ་ཀྱི་སྙིང་པོའི་མཐར་མ་ཐུག་གི་བར་དུ་བར་མ་དོར་ཆུད་མི་ཟ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་བའི་རྩ་བ་དེ་ནི་ཁམས་གསུམ་པ་ཐམས་ཅད་ལ་མི་ གནས་པའི་ཕྱིར་ཏེ། དགེ་བའི་རྩ་བ་གང་ཁམས་གསུམ་པ་ལ་གནས་པ་དེ་ནི་ཡོངས་སུ་ཟད་པར་འགྱུར་གྱི། དགེ་བའི་རྩ་བ་གང་ཁམས་གསུམ་པ་ལ་མི་གནས་པར་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་དེ་ནི་བྱང་ ཆུབ་ཀྱི་སྙིང་པོའི་མཐར་མ་ཐུག་གི་བར་དུ་བར་མ་དོར་གང་ཡང་ཟད་པར་མི་འགྱུར་རོ། །འདི་ནི་བྱང་ཆུབ་སེམས་དཔའ་ཡང་དག་པར་སྤོང་བ་བཞི་ཞེས་བྱ་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་ཡང་དག་པར་སྤོང་བ་བཞི་མི་ཟད་པའོ།། །། བམ་པོ་བདུན་པ་སྟེ་ཐ་མ། བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་བཞི་མི་ཟད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའོ། །དེ་དག་གི་རྩ་བའི་རྟེན་དང་གནས་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ཚད་མེད་པ་བཞི་པོ་དག་སྟེ། དེ་ཚད་མེད་པ་བཞི་ 55-1-170b པོ་འདི་ལ་བསྟན་ཅིང་བསྒོམས་ཏེ་མང་དུ་བྱས་པས་སེམས་ལས་སུ་རུང་བ་ཐོབ་པར་འགྱུར་རོ། །དེ་སེམས་ལས་སུ་རུང་བ་ཐོབ་པས་བསམ་གཏན་དང་པོ་ལ་མཉམ་པར་བཞག་གོ། །དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་ པ་དང་། དེ་བཞིན་དུ་བཞི་པ་ལ་ཡང་མཉམ་པར་གཞོག་སྟེ། དེས་བསམ་གཏན་ཐོབ་པས་ལུས་དང་སེམས་ཡང་བ་ཐོབ་པར་འགྱུར་རོ། །དེ་ལུས་དང་སེམས་ཡང་བ་དང་ལྡན་པས་མངོན་པར་ཤེས་པ་ལ་འཇུག་པ་མངོན་པར་ སྒྲུབ་བོ། །དེ་མངོན་པར་ཤེས་པ་ལ་འཇུག་པ་མངོན་པར་སྒྲུབ་པ་དང་ལྡན་པས་འདུན་པ་ལས་སམ། བརྩོན་འགྲུས་ལས་སམ། སེམས་ལས་སམ། དཔྱོད་པ་ལས་རྫུ་འཕྲུལ་གྱི་རྐང་པ་སྐྱེད་དོ། །དེ་ལ་འདུན་པ་ནི། གང་ཆོས་དེ་དག་ལ་མངོན་དུ་ཕྱོགས་པའོ། །བརྩོན་འགྲུས་ནི་གང་ཆོས་དེག་སྒྲུབ་པའོ། །སེམས་ནི་གང་ཆོས་དེ་དག་ལ་རྟོག་པའོ། །དཔྱོད་པ་ནི་གང་ཆོས་དེ་དག་ལ་མཁས་པ་སྟེ། དེ་རྫུ་འཕྲུལ་གྱི་རྐང་པ་མངོན་པར་ སྒྲུབ་པ་རྣམས་ཀྱིས་ཡང་དག་པར་སྒྲུབ་སྟེ། དེའི་ཕྱིར་ན་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །དེ་ལ་འདུན་པས་ནི་རྣམ་པར་སྒྲུབ་བོ། །བརྩོན་འགྲུས་ཀྱིས་ནི་རྫོགས་པར་བྱེད་དོ། །སེམས་ཀྱིས་ནི་རྣམ་པར་འཇོག་ གོ། །དཔྱོད་པས་ནི་རྣམ་པར་འབྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་མོས་པ་ལས་བྱུང་བ་མངོན་པར་འདུ་བྱེད་པ་མེད་པ། རང་གི་སེམས་སྐྱེད་པས་དབང་བྱེད་པ། ཇི་ལྟར་འདོད་ པ་བཞིན་དུ་འགྲོ་བ་ཡོངས་སུ་སྤང་བ་ལེགས་པར་བྱས་པ། རྩ་བ་ལ་ཤིན་དུ་གནས་པ། ཐམས་ཅད་དུ་རྒྱུ་ཞིང་རླུང་དམར་བཞིན་དུ་ཐོག་པ་མེད་པ། ནམ་མཁའི་མཐར་ཐུག་པ་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་དག་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་བཞི་མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ལྔ་མི་ཟད་པ་སྟེ། དེ་ལ་དབང་པོ་ལྔ་གང་ཞེ་ན། གང་འདི་དད་པའི་ 55-1-171a དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །དེ་ལ་དད་པའི་དབང་པོ་གང་ཞེ་ན། དད་པ་གང་གིས་ཆོས་བཞི་ལ་དད་པ་སྟེ། བཞི་ གང་ཞེ་ན། འདི་ལྟ་སྟེ། འཁོར་བ་ན་སྤྱོད་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་དད་པ་སྟེ། དེ་ལས་ཀྱི་རྣམས་པར་སྨིན་པ་ལ་རྟེན་པ་ཡིན། དགེ་བའམ། སྡིག་པའི་ལས་གང་དང་གང་བྱས་པའི་ལས་དེ་དང་ དེའི་རྣམ་པར་སྨིན་པ་མྱོང་བར་འགྱུར་རོ་སྙམ་སྟེ། སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དད་པ་སྟེ། སྤྱོད་པ་དེ་ལ་ཞུགས་ནས་ཀྱང་ཐེག་པ་གཞན་ལ་འདོད་པ་མི་སྐྱེད་པ་ དང་། ཆོས་ཐམས་ཅད་ལ་དོན་དམ་པ་ངེས་པའི་དོན་ཟབ་མོ་རྟེན་ཅིང་འབྲེལ་པར་འབྱུང་བ་བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གསོ་བ་མེད་པ། གང་ཟག་མེད་པར་རྣམ་པར་དཔྱོད་པ་དང་། སྟོང་པ་ཉིད་ དང་། སྨོན་པ་མེད་པའི་མཚན་ཉིད་དུ་དད་པ་སྟེ། ལྟ་བར་གྱུར་པ་ཐམས་ཅད་དང་། བག་ལ་ཉལ་བར་གྱུར་པ་ཐམས་ཅད་བག་ལ་ཉལ་བར་མི་བྱེད་པ་དང་། སྟོབས་དང་། མི་འཇིགས་པ་ལ་སོགས་པ་སངས་རྒྱས་ ཀྱི་ཆོས་ཐམས་ཅད་ལ་དད་པ་སྟེ། དད་པའི་ཕྱིར་ཐེ་ཙོམ་དང་བྲལ། ནེམ་ནུར་དང་བྲལ་བས་སངས་རྒྱས་ཀྱི་ཆོས་དེ་དག་ཡང་དག་པར་སྒྲུབ་པ་སྟེ། འདི་ནི་དད་པའི་དབང་པོ་ཞེས་བྱའོ། །དེ་ལ་བརྩོན་འགྲུས་ཀྱི་དབང་པོ་ གང་ཞེ་ན། ཆོས་གང་དག་ལ་དད་པའི་དབང་པོས་དད་པར་གྱུར་པའི་ཆོས་དེ་དག་བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་སྒྲུབ་སྟེ། འདི་ནི་བརྩོན་འགྲུས་ཀྱི་དབང་པོ་ཞེས་བྱའོ། །དེ་ལ་དྲན་པའི་དབང་པོ་གང་ཞེ་ན། ཆོས་གང་དག་བརྩོན་འགྲུས་ཀྱི་དབང་པོ་ཡང་དག་པར་བསྒྲུབས་པ་དྲན་པའི་དབང་པོས་ཆུད་མི་གཟོན་ཏེ། འདི་ནི་དྲན་པའི་དབང་པོ་ཞེས་བྱའོ། །དེ་ལ་ཏིང་ངེ་འཛིན་གྱི་དབང་པོ་གང་ཞེ་ན། དྲན་པའི་དབང་པོས་ཆོས་ 55-1-171b གང་དག་ཆུད་མི་གཟོན་པའི་ཆོས་དེ་དག་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་དེ། འདི་ནི་ཏིང་ངེ་འཛིན་གྱི་དབང་པོ་ཞེས་བྱའོ། །དེ་ལ་ཤེས་རབ་ཀྱི་དབང་པོ་གང་ཞེ་ན། ཆོས་གང་དག་ཏིང་ངེ་འཛིན་གྱི་དབང་ པོས་རྩེ་གཅིག་ཏུ་བྱས་པའི་ཆོས་དེ་དག་ཤེས་རབ་ཀྱི་དབང་པོས་རབ་ཏུ་རྟོག་ཅིང་ཤིན་ཏུ་རྟོགས་པར་བྱེད་དེ། གང་ཆོས་དེ་དག་ལ་གཞན་གྱི་དྲིང་ལ་མི་འཇོག་པར་ཤེས་ཤིང་སོ་སོར་རང་གིས་ཤེས་པ་འདི་ནི་ཤེས་ རབ་ཀྱི་དབང་པོ་ཞེས་བྱའོ། །དེ་ལྟར་ན་དབང་པོ་ལྔ་འདི་དག་ནི་ལྷན་ཅིག་འགྲོགས་ཤིང་རྗེས་སུ་འབྲེལ་བ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ལུང་བསྟན་པའི་སར་ཡང་གཞོག་གོ། ། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་ཕྱི་རོལ་པའི་དབང་པོ་ལྔ་མངོན་པར་ཤེས་པ་རྣམས་སེམས་ཅན་མངལ་དུ་སོང་བ་རྣམས་ནི་ཇི་སྲིད་དུ་དེའི་ཕོའི་དབང་པོ་དང་། མོའི་དབང་པོ་མངོན་པར་གྲུབ་པར་མ་གྱུར་ པ་དེ་སྲིད་དུ་ལུང་མི་སྟོན་ཏོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་བྱང་ཆུབ་སེམས་དཔའ་དག་པ་ཇི་སྲིད་དུ་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་དང་ལྡན་པར་མ་གྱུར་པ་དེ་སྲིད་ དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མི་སྟོན་ཏེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ལྔ་མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུས་གཞན་ཡང་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ལྔ་མི་ཟད་པ་སྟེ། དེ་ལ་སྟོབས་ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་ རབ་ཀྱི་སྟོབས་སོ། །དེ་ལ་དད་པའི་སྟོབས་གང་ཞེ་ན། གང་འདི་མོས་པ་དང་། དད་པ་དང་། མི་རྫི་བ་སྟེ། གལ་ཏེ་བདུད་སྡིག་ཅན་སངས་རྒྱས་ཀྱི་གཟུགས་ཀྱིས་དེའི་དྲུང་དུ་འོངས་ནས་ཆོས་ལ་ངེས་པར་སེམས་ 55-1-172a པའི་མོས་པ་གང་ཡང་རུང་བ་ལས་འབྲལ་བར་བྱེད་ཅིང་འདུན་པ་ཟློག་པར་བྱེད་ན་ཡང་དད་པའི་སྟོབས་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི་དད་པའི་སྟོབས་དེ་ལས་བསྐྱོད་པ་འམ། བསྒུལ་བ་འམ། བསླང་ བར་མི་ནུས་ཏེ། འདི་ནི་དད་པའི་སྟོབས་ཤེས་བྱའོ། །དེ་ལ་བརྩོན་འགྲུས་ཀྱི་སྟོབས་གང་ཞེ་ན། བྱང་ཆུབ་སེམས་དཔས་བརྩོན་འགྲུས་བརྩམ་པ་གང་དང་གང་རྩོམ་པ་དང་། དགེ་བའི་ཆོས་གང་དང་གང་དག་ ལ་སྦྱོར་བ་དེ་དང་དེ་དག་ལ་སྟོབས་བསྐྱེད་པ་སྲ་བ་འཐོབ་སྟེ། སྟོབས་བསྐྱེད་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་གནས་དེ་ལས་མ་རྒལ་གྱི་བར་དུ་དེ་ལ་ལྷར་བཅས་པའི་འཇིག་རྟེན་གྱིས་ཀྱང་ བསྐྱོད་པ་འམ། བསྒུལ་བ་འམ། བསླང་བར་མི་ནུས་པ་འདི་ནི་བརྩོན་འགྲུས་ཀྱི་སྟོབས་ཤེས་བྱའོ། །དེ་ལ་དྲན་པའི་སྟོབས་གང་ཞེ་ན། དེ་ཆོས་དྲན་པའི་གནས་གང་དང་གང་ལ་སེམས་འཇོག་པ་དེ་ལས་ཉོན་ མོངས་པ་གང་ཡང་རུང་བ་དག་གིས་གཏོར་བར་མི་ནུས་ཏེ། དེའི་དྲན་པའི་སྟོབས་བསྐྱེད་པ་དེས་ཉོན་མོངས་པ་ཐམས་ཅད་འཇོམས་ཤིང་། བྱང་ཆུབ་སེམས་དཔའི་དྲན་པ་དེ་ནི་ཉོན་མོངས་པ་ཐམས་ཅད་ ཀྱིས་མི་རྫི་བ་ཡིན་ཏེ། འདི་ནི་དྲན་པའི་སྟོབས་ཤེས་བྱའོ། །དེ་ལ་ཏིང་ངེ་འཛིན་གྱི་སྟོབས་གང་ཞེ་ན། གང་འདུ་འཛི་ཐམས་ཅད་ལས་དབེན་པར་གནས་ཤིང་སྤྱོད་པ་སྟེ། དེ་སྒྲ་དང་ཚིག་གི་ལམ་ཐམས་ཅད་ ཀྱིས་ཤིན་དུ་སྟོན་ཀྱང་དེའི་བསམ་གཏན་དང་པོ་ལ་སྒྲའི་ཚེར་མ་ཡང་སྒྲིབ་པར་མི་བྱེད་དོ། །དེ་རྟོག་པ་དང་དཔྱོད་པར་སྤྱོད་ཀྱང་དེའི་བསམ་གཏན་གཉིས་པ་ལ་སྒྲིབ་པར་མི་འགྱུར་རོ། །དེ་དགའ་བ་དང་མགུ་ བ་སྐྱེས་པ་ཡང་དེའི་བསམ་གཏན་གསུམ་པ་ལ་སྒྲིབ་པར་ཡང་མི་འགྱུར་རོ། །དེ་སེམས་ཅན་ཐམས་ཅད་སྨིན་པར་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བཏང་སྙོམས་པར་ཡང་མི་འགྱུར་ལ། དེའི་ 55-1-172b བསམ་གཏན་བཞི་པ་ལ་ཡང་སྒྲིབ་པར་མི་འགྱུར་རོ། །དེ་བསམ་གཏན་བཞི་པོ་དེ་དག་གིས་གནས་ཏེ། བསམ་གཏན་དང་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་ཀྱང་ཐུལ་བར་མི་ནུས་སོ། །དེ་མཉམ་ པར་བཞག་པའི་གནས་ཀྱང་མི་གཏོང་ལ་ཏིང་ངེ་འཛིན་གྱི་དབང་གིས་ཀྱང་མི་སྐྱེ་སྟེ། འདི་ནི་ཏིང་ངེ་འཛིན་གྱི་སྟོབས་ཤེས་བྱའོ། །དེ་ལ་ཤེས་རབ་ཀྱི་སྟོབས་གང་ཞེ་ན། འཇིག་རྟེན་ལས་འདས་པའི་ཆོས་ལ་མི་ ཐུལ་བར་ཤེས་པ་སྟེ། ཚེ་རབས་ཚེ་རབས་སུ་ཡང་དེའི་སློབ་དཔོན་མེད་པར་བཟོའི་ལས་དང་། རིག་ད་པ་དང་། སྔགས་དང་། སྟོབས་ཀྱི་གནས་ཐམས་ཅད་མངོན་དུ་འགྱུར་རོ། །འཇིག་རྟེན་ན་དམ་པ་བྱ་དཀའ་ བ། བཟོད་པར་དཀའ་བ། ཐོབ་པར་དཀའ་བ། ཇི་སྙེད་པ་དེ་དག་བྱང་ཆུབ་སེམས་དཔའ་ལ་མངོན་པར་འགྱུར་རོ། །གང་ཡང་འཇིག་རྟེན་ལས་འདས་པའི་ཆོས་གང་དང་གང་དག་གིས་འཇིག་རྟེན་ལས་ཟློ་བ་ དེ་དག་ཀྱང་བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་དང་། ཡེ་ཤེས་ཀྱི་སྟོབས་བསྐྱེད་པས་རྗེས་སུ་རྟོགས་ཏོ། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་རྫི་བ་འདི་ནི་ཤེས་རབ་ཀྱི་སྟོབས་ ཤེས་བྱ་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ལྔ་མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ ལག་བདུན་མི་ཟད་པ་སྟེ། དེ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་ འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་དུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། 55-1-173a བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །དེ་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། དྲན་པ་གང་གིས་ཆོས་རྣམས་རྟོགས་པར་འགྱུར་བ་དང་། ཆོས་རྣམས་ལ་སོ་སོར་རྟོག་པ་ དང་། ཆོས་རྣམས་ལ་དཔྱོད་པ་དང་། ཆོས་རྣམས་ས་ལ་ཀུན་འགྲོ་བ་དང་། ཆོས་རྣམས་ལ་བསམ་པ་དང་། ཆོས་རྣམས་ལ་རྗེས་སུ་རྟོག་པ་སྟེ། དེ་དྲན་པ་དེས་ཆོས་རྣམས་ཀྱི་རང་གི་མཚན་ཉིད་རྟོགས་ པར་འགྱུར་རོ། །ཆོས་རྣམས་ཀྱི་རང་གི་མཚན་ཉིད་གང་ཞེ་ན། ཆོས་ཐམས་ཅད་ནི་རང་གི་མཚན་ཉིད་ཀྱི་སྟོང་པ་སྟེ་གང་གིས་དེ་ལྟར་དྲན་ཞིང་རྟོགས་པ་འདི་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་ཆོས་ རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམ་པར་འབྱེད་པ་ཤེས་ཏེ། ཆོས་གང་ཇི་ལྟ་ཇི་ལྟ་བུར་རྣམ་པར་དབྱེ་བར་བྱ་བ་ངེས་པའི་དོན་ཀྱང་ངེས་ པའི་དོན་དུ། དྲང་བའི་དོན་ཀྱང་དྲང་བའི་དོན་དུ། ཀུན་རྫོབ་ཀྱི་དོན་ཀྱང་ཀུན་རྫོབ་ཀྱི་དོན་དུ། དོན་དམ་པ་ཡང་དོན་དམ་པར། བརྡ་ཡང་བརྡར། རྣམ་པར་ངེས་པ་ཡང་རྣམ་པར་ངེས་པར་ཆོས་དེ་དང་དེ་དག་དེ་ལྟ་ བུར་རྣམ་པར་འབྱེད་པ་འདི་ནི་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་དྲན་པ་འདི་དང་། ཆོས་རྣམ་པར་ འབྱེད་པ་དང་། དགའ་བ་དང་། ཤིན་དུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཤེས་པ་འདི་རབ་ཏུ་འཛིན་པ་དང་། སྤྲོ་བ་དང་། སྟོབས་དང་། རྟུལ་བ་དང་། ཕྱིར་མི་ལྡོག་པ་དང་། འདུན་པ་དང་། མཐུ་དང་། བརྩོན་པ་མི་གཏོང་བ་དང་། ལམ་མངོན་པར་རྟོགས་པར་བྱ་བའི་ཕྱིར་བརྩོན་པ་འདི་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ 55-1-173b ལག་གང་ཞེ་ན། ཆོས་ལ་དགའ་བ་དང་། ཆོས་ལ་མོས་པ་དང་། ཆོས་ལ་མཆོག་ཏུ་དགའ་བ་གང་གིས་སེམས་མ་གོད་པ་དང་དད་ཅིང་འདོད་པ་སྟེ། ཆོས་ལ་དགའ་བ་གང་གིས་ལུས་དང་སེམས་ཤིན་དུ་སྦྱངས་པར་ འགྱུར་བ་དང་། ཉོན་མོངས་པ་རྣམས་སེལ་བ་འདི་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་ཤིན་དུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་ལུས་ཤིན་དུ་སྦྱངས་པ་དང་། སེམས་ཤིན་དུ་སྦྱངས་པས་ཉོན་མོངས་པ་བསལ་བས་སྒྲིབ་པ་དང་བྲལ་བ་དང་། ཞི་གནས་ལ་འཇུག་པའི་དམིགས་པ་ལ་སེམས་གཞོག་པ་འདི་ནི་ཤིན་དུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། ། དེ་ལ་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་སེམས་མཉམ་པར་བཞག་པས་ཆོས་ཀྱི་ཡེ་ཤེས་མངོན་པར་རྫོགས་པར་འཚང་རྒྱའི། སེམས་མཉམ་པར་མ་བཞག་པས་ནི་མ་ཡིན་ནོ། ། གང་སེམས་མཉམ་པར་བཞག་པས་ཆོས་དེ་དག་མངོན་པར་རྫོགས་པར་འཚང་རྒྱའི། སེམས་མཉམ་པར་མ་བཞག་པས་མ་ཡིན་ཏེ། ལྟ་བ་དང་། བག་ལ་ཉལ་དང་། ཀུན་ནས་ལྡང་བ་དེ་དག་བོར་བས་ཀྱང་ མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། གཞན་དུ་ན་ཆོས་ཐམས་ཅད་མཉམ་པ་ཉིད་དང་། ཆོས་ཐམས་ཅད་ཐ་དད་དུ་དབྱེ་བ་མེད་པས་ཆོས་ཐམས་ཅད་མཉམ་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་སྟེ། འདི་ནི་ ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་འདི་ནི་བདེ་བ་དང་། ཡིད་མི་བདེ་བའི་ཆ་དང་འཐུན་པའི་ཆོས་རྣམས་ཀྱིས་སེམས་ ཡོངས་སུ་མི་གཏུགས་པ་དང་། འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་པ་དང་མཐོ་དམན་དུ་མི་གནས་པའི་ཕྱིར་མི་སྒུལ་བ་ཡིན་ཏེ། གནོད་པ་མེད་པ་དང་། འཕྲོགས་པ་མེད་པ་དང་། རྗེས་སུ་ 55-1-174a ཆགས་པ་མེད་པ་དང་། ཞེ་འགྲས་པ་མེད་པ་དང་། འཕགས་པའི་བདེན་པའི་ལམ་དང་མཐུན་པ་འདི་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་དག་ནི་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་བདུན་མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་མི་ཟད་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གང་ཞེ་ན། ལམ་ ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡང་དག་པའི་ལྟ་བ་གང་ཞེ་ན། གང་འདི་འཕགས་པ་འཇིག་རྟེན་ལས་འདས་པ་སྟེ། བདག་ཏུ་ལྟ་བ་ལས་ཀུན་ནས་ ལངས་པ་མ་ཡིན། སེམས་ཅན་དུ་མ་ཡིན། སྲོག་ཏུ་མ་ཡིན། གསོ་བར་མ་ཡིན། སྐྱེས་བུར་མ་ཡིན། གང་ཟག་ཏུ་མ་ཡིན། ཤེད་ལས་སྐྱེས་སུ་མ་ཡིན། ཤེད་བུར་མ་ཡིན། བྱེད་པ་པོར་མ་ཡིན། ཚོར་བ་ པོར་ལྟ་བ་ལས་ཀུན་ནས་ལངས་པ་མ་ཡིན། རྟག་པ་དང་ཆད་པར་ལྟ་བ་ལས་ཀུན་ནས་ལངས་པ་མ་ཡིན། འབྱུང་བ་དང་འཇིག་པར་ལྟ་བ་ལས་ཀུན་ནས་ལངས་པ་མ་ཡིན། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མི་སྟོན་པར་ལྟ་བ་ལས་ཀུན་ནས་ལངས་པ་ཡང་མ་ཡིན་པ་ནས་འཁོར་བ་དང་། མྱ་ངན་ལས་འདས་པར་ལྟ་བའི་བར་ལས་ཀུན་ནས་ལངས་པ་ཡང་མ་ཡིན་ཏེ། འདི་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ། ། དེ་ལ་ཡང་དག་པའི་རྟོག་པ་གང་ཞེ་ན། རྟོག་པ་གང་དག་གིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པ་དག་ཀུན་དུ་འབྱུང་བའི་ཀུན་དུ་རྟོག་པ་དེ་དག་ལ་མི་རྟོག་པ་དང་། རྟོག་པ་གང་དག་གིས་ 55-1-174b ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་ཀུན་དུ་འབྱུང་བའི་ཀུན་དུ་རྟོག་པ་དེ་དག་ལ་མི་རྟོག་པ་ནི་ཡང་དག་པའི་རྟག་པ་ཞེས་བྱའོ། ། དེ་ལ་ཡང་དག་པའི་ངག་གང་ཞེ་ན། ངག་གང་གིས་བདག་ལ་ཡང་ཡོངས་སུ་མི་གདུང་ཞིང་གཞན་ལ་ཡང་མ་ཡིན་པ་དང་། བདག་ལ་ཡང་ཀུན་ནས་ཉོན་མོངས་པར་མི་བྱེད་ཅིང་གཞན་ལ་ཡང་མ་ཡིན་པ་དང་། བདག་ལ་ཡང་མི་གནོད་ཅིང་གཞན་ལ་ཡང་མ་ཡིན་པ་སྟེ། ངག་གང་གིས་འཕགས་པའི་ལམ་ལ་ལེགས་པར་འཇུག་པ་མཉམ་པར་བཞག་པ་ལ་བརྩོན་པའི་ངག་དེ་དང་ལྡན་པ་ཡིན་ཏེ། འདི་ནི་ ཡང་དག་པའི་ངག་ཅེས་བྱའོ། །དེ་ལ་ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན་གང་ལས་ཀྱང་གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་དེ་མངོན་པར་འདུ་མི་བྱེད་པ་དང་། གང་ལས་ཀྱང་དཀར་ལ་རྣམ་པར་ སྨིན་པ་ཡང་དཀར་བའི་ལས་དེ་མངོན་པར་འདུ་བྱེད་པ་དང་། གང་ལས་ཀྱང་དཀར་གནག་ལ་རྣམ་པར་སྨིན་པ་ཡང་དཀར་གནག་ཏུ་འགྱུར་བའི་ལས་དེ་དག་མངོན་པར་འདུ་མི་བྱེད་པ་དང་། ལས་གང་མི་གནག་མི་ དཀར་ཞིང་རྣམ་པར་སྨིན་པ་ཡང་མེད་ལ་ལས་ཀྱིས་ལས་ཟད་པར་འགྱུར་བའི་ལས་དེ་མངོན་པར་འདུ་བྱེད་པའོ། །དེ་ལས་ལ་རྟོན་པས་ཡང་དག་པའི་ལས་ཀྱི་མཐའ་ལ་བརྩོན་པ་ཞེས་བྱ་སྟེ། འདི་ནི་ཡང་དག་པའི་ ལས་ཀྱི་མཐའ་ཞེས་བྱའོ། །དེ་ལ་ཡང་དག་པའི་འཚོ་བ་གང་ཞེ་ན། གང་འཕགས་པའི་རིགས་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་མི་གཏོང་བ་དང་། ཚུལ་འཆོས་པ་མེད་པ་དང་། ཁ་གསག་ མེད་པ་དང་། ཐོབ་ཀྱིས་འཇལ་བ་མེད་པ་དང་། དགང་སླ་བ་དང་། གསོ་སླ་བ་དང་། ཆོ་ག་བཟང་པོའི་ངང་ཚུལ་ཅན་དང་། གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་པ་དང་། བདག་གི་རྙེད་པས་ཆོག་ཤེས་པ་དང་། ཁ་ན་ 55-1-175a མ་ཐོ་བ་མེད་པ་དང་། འཕགས་པས་གནང་བའི་འཚོ་བ་འདི་ནི་ཡང་དག་པའི་འཚོ་བའོ། །དེ་ལ་ཡང་དག་པའི་རྩོལ་བ་གང་ཞེ་ན། རྩོལ་བ་གང་ལོག་པ་རྣམས་ཀྱིས་འཕགས་པས་མ་གནང་བ། འདོད་ཆགས་ དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པའི་བག་ལ་ཉལ་བ་བྱེད་པའི་རྩོལ་བ་དེ་མི་འདོད་ཅིང་། རྩོལ་བ་གང་ཡང་དག་པར་འཕགས་པའི་ལམ་དང་བདེན་པ་ལ་འཇུག་པ། མྱ་ངན་ལས་འདའ་བར་འགྲོ་བའི་ལམ་ དུ་གཏོད་པའི་རྩོལ་བ་དེའི་རྗེས་སུ་འགྲོ་བ་འདི་ནི་ཡང་དག་པའི་རྩོལ་བ་ཞེས་བྱའོ། །དེ་ལ་ཡང་དག་པའི་དྲན་པ་གང་ཞེ་ན། དྲན་པ་གང་ཤིན་དུ་ཉེ་བར་གཞག་པ་དང་། མི་སྒུལ་བ་དང་། དྲང་བ་དང་། གྱ་གྱུ་མེད་པ་དང་། འཁོར་བའི་སྐྱོན་གྱི་ཉེས་དམིགས་ལ་ལྟ་བ་དང་། མྱ་ངན་ལས་འདས་པའི་ལམ་དུ་འདྲེན་པ་སྟེ། དྲན་པ་དང་། བཞུངས་པ་དང་། འཕགས་པའི་ལམ་མི་བརྗེད་པ་འདི་ནི་ཡང་དག་པའི་དྲན་པ་ཞེས་བྱའོ། །དེ་ལ་ཡང་དག་ པའི་ཏིང་ངེ་འཛིན་གང་ཞེ་ན། ཡང་དག་པ་ཉིད་དུ་མཉམ་པ་དང་། གང་ཆོས་ཐམས་ཅད་ཀྱིས་མཉམ་པ་སྟེ་ཏིང་ངེ་འཛིན་གང་ལ་གནས་པས་སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་ཕྱིར་ཡང་དག་པ་ངེས་པར་ འགྱུར་བ་ལ་འཇུག་པ་འདི་ནི་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། །ཡང་གང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ལ་གནས་ནས་སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་ཕྱིར་ཡང་དག་པ་ངེས་པར་གྱུར་བ་ ལ་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཏིང་ངེ་འཛིན་མི་ཟད་པ་ཞེས་བྱའོ། །འདི་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལམ་སྟེ་ དེ་བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པར་སངས་རྒྱས་ནས་འཆད་པ་དང་། སྟོན་པ་དང་། རབ་ཏུ་སྟོན་པ་དང་། འཛིན་དུ་འཇུག་པ་དང་། མོས་པར་བྱེད་པ་དང་། ཀློག་ཏུ་འཇུག་པ་དང་། ཤེས་པར་བྱེད་པ་ 55-1-175b དང་། རྣམ་པར་ཤེས་པར་བྱེད་པ་དང་། རབ་ཏུ་འཛུད་པ་དང་། རྣམ་པར་འགྲེལ་བ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་པ་འདི་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ལམ་མི་ཟད་པ་ཞེས་བྱའོ། །བཙུན་པ་ཤཱ་ར་དྭ་ཏིའི་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་དང་། ལྷག་མཐོང་ཡང་མི་ཟད་པ་ཡིན་ཏེ། དེ་ལ་ཞི་གནས་མི་ཟད་པ་གང་ཞེ་ན། གང་ སེམས་ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བ་དང་། རྣམ་པར་མི་གཡེང་བ་དང་། དབང་པོ་ལེགས་པར་བསྡམས་པ་དང་། མི་རྒོད་པ་དང་། མི་འཕྱར་བ་དང་། མུ་ཅོར་མི་སྨྲ་བ་དང་། ཡབ་ཡབ་པོ་མ་ཡིན་པ་དང་། མི་ འགྱུར་བ་དང་། ཞི་དེས་པ་དང་། བསྲུངས་པ་དང་། ཅང་ཤེས་པ་དང་། ལས་སུ་རུང་བ་དང་། རྩེ་གཅིག་པ་དང་། གཅིག་པུར་དགའ་བ་དང་། འདུ་འཛི་ཡོངས་སུ་སྤོང་བ་དང་། དབེན་པར་དགའ་བ་དང་། ལུས་ དབེན་པ་དང་། སེམས་མ་བསླང་བ་དང་། དགོན་པར་མངོན་དུ་ཕྱོགས་པ་ཡིད་ལ་བྱེད་པ་དང་། འདོད་པ་ཉུང་བ་དང་། འདོད་པ་མེད་པ་དང་། ཆོག་ཤེས་པ་དང་། འཚོ་བ་ཡོངས་སུ་དག་པ་དང་། ཆོ་ག་ཕུན་སུམ་ ཚོགས་པ་དང་། སྤྱོད་ལམ་བསྲུངས་པ་དང་། དུས་ཤེས་པ་དང་། ཚོད་ཤེས་པ་དང་། དུས་མིན་ཤེས་པ་དང་། དྲོད་ཤེས་པ་དང་། དགང་སླ་བ་དང་། གསོ་སླ་བ་དང་། སོ་སོར་བརྟགས་པའི་སྟོབས་ཀྱིས་མི་མཐོ་ མི་དམའ་བ་དང་། ངན་དུ་བརྗོད་པ་དང་། ངན་བུ་སྨྲས་པའི་ཚིག་གི་ལམ་དང་དུ་ལེན་པ་དང་། རྣལ་འབྱོར་ལ་མངོན་དུ་ཕྱོགས་པའི་སེམས་བསྐྱེད་པ་དང་། ནང་དུ་ཡང་དག་འཇོག་ལ་མངོན་པར་དགའ་བ་དང་། བསམ་ གཏན་གྱི་ཡན་ལག་ཡིད་ལ་བྱེད་པ་དང་། བྱམས་པ་སྐྱེད་པ་དང་། སྙིང་རྗེ་མངོན་པར་སྒྲུབ་པ་དང་། དགའ་བ་ལ་གཞོག་པ་དང་། བཏང་སྙོམས་སྒོམ་པ་དང་། བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པ་ 55-1-176a དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་ མེད་མིན་སྐྱེ་མཆེད་དང་། འདུ་ཤེས་དང་ཚོར་བ་འགོག་པ་མཐར་ཀྱིས་སྙོམས་པར་འཇུག་པ་དགུ་པོ་འདི་དག་ནི་ཞི་གནས་ཤེས་བྱའོ། །འདི་ལྟར་ཞི་གནས་ཀྱི་ཚོགས་ནི་ཚད་མེད་པ་སྟེ། ཞི་གནས་ཀྱི་ཚོགས་དེ་ དག་ལ་གང་བརྩོན་པ་འདི་ནི་ཞི་གནས་མི་ཟད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་མཐོང་མི་ཟད་པ་གང་ཞེ་ན། གང་ཤེས་རབ་ཀྱི་ཆ་དང་མཐུན་པ་སྒོམ་པའི་ལམ་སྟེ། ཆོས་རྣམས་ལ་གཡོ་བ་ མེད་པར་ཤེས་པ་དང་བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པར་ཤེས་པ་དང་། ཕུང་པོ་རྣམས་ལ་སྒྱུ་མར་མཐོང་བའི་ཤེས་པ་དང་། ཁམས་རྣམས་ ལ་སྦྲུལ་གདུག་པ་ལྟ་བུར་མཐོང་བའི་ཤེས་པ་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པ་ལྟ་བུར་མཐོང་བའི་ཤེས་པ་དང་། བདེན་པ་རྣམས་ལ་ཤིན་ཏུ་རྟོགས་པར་མཐོང་བའི་ཤེས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་ མི་འགལ་བར་མཐོང་བའི་ཤེས་པ་དང་། ལྟ་བ་ཐམས་ཅད་དང་བྲལ་བར་མཐོང་བའི་ཤེས་པ་དང་། རྒྱུ་དང་འབྲས་བུ་དང་རྣམ་པར་སྨིན་པ་ཆུད་མི་ཟ་བར་མཐོང་བའི་ཤེས་པ་དང་། འབྲས་བུ་འཐོབ་པ་མངོན་སུམ་ དུ་བྱ་བ་ལ་ངེས་པར་མཐོང་བའི་ཤེས་པ་དང་། ཡང་དག་པ་ཉིད་ལ་འཇུག་པ་མཐོང་བའི་ཤེས་པ་ནི་ལྷག་མཐོང་ཞེས་བྱ་སྟེ། ལྷག་མཐོང་ཞེས་བྱ་བ་ནི་ཆོས་རྣམས་ཡང་དག་པར་མཐོང་བའོ། །ཆོས་རྣམས་ཇི་ལྟ་ བ་བཞིན་དུ་མཐོང་བའོ། །ཆོས་རྣམས་དེ་ཁོ་ན་ཉིད་དུ་མཐོང་བའོ། །ཆོས་རྣམས་གཞན་མ་ཡིན་པ་ཉིད་དུ་མཐོང་བའོ། །ཆོས་རྣམས་སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པར་མཐོང་བའོ། །ཆོས་རྣམས་ 55-1-176b མངོན་པར་འདུ་མི་བྱེད་པ་དང་། དེ་བཞིན་དུ་མ་སྐྱེས་པ་དང་། མ་བྱུང་བ་དང་། དངོས་པོ་མེད་པ་དང་། ཇི་ལྟ་བ་བཞིན་དང་། རྣམ་པར་དག་པ་དང་། བདེན་པར་མཐོང་བའོ། །ཆོས་རྣམས་གཡོ་བ་མེད་པ་དང་། བྱེད་པ་མེད་པ་ དང་། བདག་པོ་མེད་པ་དང་། ཡོངས་སུ་འཛིན་པ་མེད་པ་དང་། དབྱེར་མེད་ཅིང་རོ་གཅིག་པ་དང་། ནམ་མཁའི་ངོ་བོ་ཉིད་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པར་མཐོང་བའོ། །ལྷག་མཐོང་ཞེས་བྱ་བ་ནི་ཡོད་པའི་ རྣམ་པར་ཡང་མི་མཐོང་། མེད་པའི་རྣམ་པར་ཡང་མི་མཐོང་། སྐྱེ་བ་དང་། འཇིག་པ་དང་། གནས་པའི་རྣམ་པར་ཡང་མ་མཐོང་། དམིགས་པ་དང་། མཚན་མའི་རྣམ་པར་ཡང་མི་མཐོང་བ་སྟེ། དེ་མཐོང་མོད་ཀྱི་ཅི་ ཡང་མི་མཐོང་ངོ་། །གང་གི་ཚེ་མཐོང་བ་མེད་པ་དེའི་ཚེ་མཐོང་སྟེ། ལྷག་མཐོང་གིས་ཀྱང་མཐོང་བ་ཡང་མ་ཡིན། མ་མཐོང་བ་ཡང་མ་ཡིན་པར་མཐོང་ངོ་། །གང་གི་ཚེ་དེ་ལྟར་མཐོང་བ་དེའི་ཚེ་ཡང་དག་པ་ཉིད་མཐོང་ངོ་། ། ཡང་དག་པ་ཉིད་མཐོང་བས་ལྷག་མཐོང་ལ་མཁས་པས་ཐོབ་པར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་ལྷག་མཐོང་གིས་དེ་ལྟར་མཐོང་ཡང་མངོན་པར་འདུ་མི་བྱེད་པར་ཡང་མི་ལྟུང་ཞིང་དགེ་བའི་རྩ་བ་མངོན་པར་ འདུ་མི་བྱེད་པ་ལས་ཀྱང་མི་ལྡང་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་མཐོང་མི་ཟད་པ་ཞེས་བྱའོ། །བཙུན་པ་ཤཱ་ར་དྭ་ཏིའི་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་དང་། ལྷག་མཐོང་མི་ཟད་ པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་དང་སྤོབས་པ་མི་ཟད་པ་ཡིན་ཏེ། དེ་ལ་གཟུངས་མི་ཟད་པ་གང་ཞེ་ན། གཟུངས་ཤེས་བྱ་བ་ནི་གང་སྔོན་དགེ་བའི་རྩ་བའི་ ཚོགས་བསགས་པ། དྲན་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འཛིན་པ་དང་། ཀུན་འཛིན་པ་དང་། མི་བརྗེད་པ་དང་། དྲན་པས་ཡང་དག་པར་འཛིན་པ་སྟེ། འདི་ནི་གཟུངས་ཤེས་བྱའོ། །ཡང་གཟུངས་ཤེས་ 55-1-177a བྱ་བ་ནི་གང་གིས་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ཀུན་དུ་འཛིན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་དང་། ཉན་ཐོས་ཐམས་ཅད་དང་། སེམས་ཅན་ ཐམས་ཅད་ཀྱིས་སྨྲས་པ་ཀུན་དུ་འཛིན་པ་དང་། ལེགས་པར་སྨྲས་པ་ཐམས་ཅད་མ་ལུས་པར་ཀུན་དུ་འཛིན་པ་སྟེ། འདི་ནི་གཟུངས་ཤེས་བྱའོ། །གང་གི་ཚེ་བསྐལ་པ་གཞན་དུ་བརྗེས་པར་གྱུར་ཏམ། ཚེ་གཞན་དུ་བརྗེས་པར་གྱུར་པ་དེ་ཡང་བྱང་ཆུབ་སེམས་དཔའ་དེའི་གཟུངས་ཀྱི་དྲན་པའི་ཤེས་པ་དེ་ཆུད་ཟ་བར་མི་འགྱུར། བརྗེད་པར་ཡང་མི་འགྱུར་ཏེ། ཆོས་ཐམས་ཅད་འཕགས་པའི་ཤེས་རབ་ཀྱི་མིག་ མིག་གིས་ལག་འཐིལ་ན་སྐྱུ་རུ་རའི་བྲུ་འདུག་པ་བཞིན་དུ་མཐོང་བ་འདི་ནི་གཟུངས་མི་ཟད་པ་ཞེས་བྱའོ། །དེ་ལ་སྤོབས་པ་མི་ཟད་པ་གང་ཞེ་ན། སྤོབས་པ་ཞེས་བྱ་བ་ནི་གང་འདི་ཐོགས་པ་མེད་པའི་ སྤོབས་པ་དང་། རྒྱུན་ཆད་པ་མེད་པའི་སྤོབས་པ་དང་། མི་འཕྲོགས་པའི་སྤོབས་པ་དང་། མ་རྨོངས་པའི་སྤོབས་པ་དང་། མྱུར་བའི་སྤོབས་པ་དང་། དགའ་བའི་སྤོབས་པ་དང་། ལ་གོར་དུ་སྤོབས་ པ་དང་། མི་འགྱུར་བའི་སྤོབས་པ་དང་། རྣོ་བའི་སྤོབས་པ་དང་། མགྱོག་པའི་སྤོབས་པ་དང་། དེའི་སྤོབས་པ་དེ་ནི་ལས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་སྦྱངས་པ། སངས་རྒྱས་ཀྱིས་བསླབས་པ། ལྷ་རྣམས་ཀྱིས་ཡོངས་སུ་བཟུང་བ། ཕྱད་པར་ལུང་སྟོན་པ། འབྲས་བུ་ཡོད་པར་ཆོས་སྟོན་པ། མྱ་ངན་ལས་འདས་པའི་ལམ་དུ་འགྲོ་བ་སྟེ། དེ་དེ་ལྟར་ སྤོབས་པ་ཕུན་སུམ་ཚོགས་པ་ཡིན་ནོ། །གཟུགས་སུ་སྣང་བ་ཇི་སྙེད་པར་བྱང་ཆུབ་སེམས་དཔའ་དེའི་མདོ་དང་ཚིགས་སུ་བཅད་པ་བསྟན་པ་ལ་སྤོབས་པར་སྣང་བ་ཡང་དེ་སྙེད་དུ། སྒྲར་གྲག་པ་ཇི་སྙེད་ 55-1-177b པར་བྱང་ཆུབ་སེམས་དཔའ་དེའི་མདོ་དང་ཚིགས་སུ་བཅད་པ་བཤད་པ་ལ་སྤོབས་པར་སྣང་བ་ཡང་དེ་སྙེད་དེ་འདི་བསྟན་ཏོ། །འདི་བཤད་དོ་ཞེས་དེ་མི་རྟོག་ཅིང་མངོན་པར་འདུ་བྱེད་པ་མེད་མོད་ཀྱི། འཁོར་གང་དང་གང་དུ་འགྲོ་ཡང་རུང་སྟེ། གལ་ཏེ་རྒྱལ་རིགས་ཀྱི་འཁོར་དུ་འམ། གལ་ཏེ་བྲམ་ཟེའི་འཁོར་དུ་འམ། གལ་ཏེ་རྗེའུ་རིགས་ཀྱི་འཁོར་དུ་འམ། གལ་ཏེ་ཁྱིམ་བདག་གི་འཁོར་དུ་འམ། གལ་ཏེ་དགེ་སྦྱོང་གི་འཁོར་དུ་འམ། གལ་ཏེ་རྒྱལ་ཆེན་བཞིའི་འཁོར་དུ་འམ། གལ་ཏེ་སུམ་བཅུ་རྩ་གསུམ་པའི་འཁོར་དུ་འམ། གལ་ཏེ་འཐབ་བྲལ་གྱི་འཁོར་དུ་འམ། གལ་ཏེ་དགའ་ལྡན་གྱི་འཁོར་དུ་འམ། གལ་ཏེ་འཕྲུལ་དགའི་འཁོར་དུ་འམ། གལ་ཏེ་གཞན་འཕྲུལ་དབང་བྱེད་ཀྱི་འཁོར་དུ་འམ། གལ་ཏེ་བདུད་ཀྱི་འཁོར་དུ་འམ། གལ་ཏེ་ཚངས་པའི་འཁོར་དུ་ཡང་རུང་སྟེ། དེ་དང་དེར་དེའི་ལྷུན་གྱིས་གྲུབ་པ་ ཉིད་དུ་སེམས་ཅན་ཐམས་ཅད་ཀྱི་དད་པ་དང་། དབང་པོ་དག་ལ་ཆོས་རྣམས་སྤོབས་པར་གྱུར་ཏེ། དེ་འདོད་ན་ཚེ་གཞན་ནམ་བསྐལ་པ་གཞན་གྱི་བར་དུའང་མི་ལྡང་ཞིང་ཐོགས་པ་མེད་པར་ཆོས་སྟོན་ཏོ། །དེའི་ ཆོས་བསྟན་པ་དེས་ཀྱང་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་བྱ་བའི་ཕྱིར་ངེས་པ་འབྱུང་བར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་དག་ ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་དང་སྤོབས་པ་མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་མདོ་བཞི་མི་ཟད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་ནི་མི་རྟག་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྟན་པ་མི་ཟད་པའི་ཤེས་པ་རབ་ཏུ་འཇུག་པ་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྟན་ 55-1-178a པ་མི་ཟད་པའི་ཤེས་པ་རབ་ཏུ་འཇུག་པ་དང་། ཆོས་ཐམས་ཅད་བདག་མེད་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྟན་པ་མི་ཟད་པའི་ཤེས་པ་རབ་ཏུ་འཇུག་པ་དང་། མྱ་ངན་ལས་འདས་པ་ཞི་བར་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་བསྟན་པ་མི་ཟད་པའི་ཤེས་པ་འཇུག་པའོ། །དེ་ལ་མི་རྟག་པའི་དོན་གང་ཞེ་ན། མེད་པའི་དོན་དང་། མི་ཆགས་པའི་དོན་ཏེ་དངོས་པོ་རྣམ་པར་འཇིག་པའི་དོན་ནི་མ་ཡིན་ནོ། །མི་རྟག་པའི་ དོན་ནི་ཆོས་ལ་བདག་མེད་པ་སྟེ། ངོ་བོ་ཉིད་ཀྱིས་དབེན་པའི་ཕྱིར་དེ་ལ་རྣམ་པར་འཇིག་པ་གང་ཡང་མེད་དེ། འདི་ནི་མི་རྟག་པའི་དོན་ཏོ། །དེ་ལ་སྡུག་བསྔལ་གྱི་དོན་གང་ཞེ་ན། མངོན་པར་དགའ་བ་མེད་པའི་དོན་ནི་ སྡུག་བསྔལ་གྱི་དོན་ཏོ། །དགའ་བ་ཟད་པའི་དོན་ནི་སྡུག་བསྔལ་གྱི་དོན་ཏོ། །སྨོན་པ་མེད་པའི་དོན་ནི་སྡུག་བསྔལ་གྱི་དོན་ཏོ། །སྡུག་བསྔལ་གྱི་སྒྲ་རབ་ཏུ་བསྟན་པའི་དོན་ནི་སྡུག་བསྔལ་གྱི་དོན་ཏོ། །ནམ་མཁའ་རབ་ཏུ་བརྗོད་ པའི་དོན་ནི་སྡུག་བསྔལ་གྱི་དོན་ཏེ། འདི་ནི་སྡུག་བསྔལ་གྱི་དོན་ཅེས་བྱའོ། །དེ་ལ་བདག་མེད་པའི་དོན་གང་ཞེ་ན། བདག་ནི་ཤིན་དུ་བདག་མེད་པ་སྟེ། གང་བདག་མེད་པའི་དོན་དེ་ནི་གསོབ་བོ། །གསོག་གོ། །ཡ་མ་བརླའོ། ། སྟོང་པའོ་སྟོང་པའི་དོན་ནི་བདག་མེད་པའི་དོན་ཏེ། འདི་ནི་བདག་མེད་པའི་དོན་ཅེས་བྱའོ། །དེ་ལ་ཞི་བའི་དོན་གང་ཞེ་ན། ཞི་བ་ནི་ཞི་བས་ཞི་བར་མི་འགྱུར་ཏེ། ཞི་བ་ཉིད་ཞི་བའོ། །མ་ཞི་བའང་ཞི་བས་ཞི་བར་མི་ འགྱུར་ཏེ། གང་ཞི་བའི་དོན་དེ་ནི་མཚན་མ་ཐམས་ཅད་ཉེ་བར་ཞི་བ་སྟེ། འདི་ནི་ཞི་བ་ཞེས་བྱའོ། །ཞི་བ་ནི་མྱ་ངན་ལས་འདས་པ་སྟེ། འདི་ནི་ཞི་བའི་དོན་ཅེས་བྱའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་དག་ནི། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ཆོས་གྱི་མདོ་བཞི་མི་ཟད་པའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཅིག་པུ་བགྲོད་པའི་ལམ་མི་ཟད་པ་ཡིན་ཏེ། དེ་ལ་གཅིག་པུ་བགྲོད་པའི་ལམ་གང་ཞེ་ན། 55-1-178b གཅིག་པུ་བགྲོད་པའི་ལམ་ལ་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་དྲིང་མི་འཇོག་པ་ཡིན་ཏེ། གཅིག་པུ་བགྲོད་པའི་ལམ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གཅིག་པུ་གཉིས་མ་ཡིན་ཞིང་། གྲོགས་མེད་ པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གོ་ཆ་གྱོན་ཏེ། བདག་གི་བརྩོན་འགྲུས་དང་། མཐུ་དང་། སྟོབས་ཀྱི་ཡོངས་སུ་བཟུང་བའི་ལྷག་པའི་བསམ་པས་གཞན་གྱི་སྐབས་མེད་པར་བདག་ཉིད་བྱེད་ ཅིང་བདག་གི་མཐུ་སྟོབས་ཀྱིས་འཕགས་ཏེ། དེས་དེ་ལྟ་བུའི་གོ་ཆ་སྲ་བ་བགོས་ནས་སེམས་ཅན་ཐམས་ཅད་ཀྱིས་ཡོངས་སུ་ཐོབ་པར་བྱ་བ་གང་ཅི་ཡོད་པ་དེ་དག་ཐམས་ཅད་བདག་གིས་ཡོངས་སུ་ཐོབ་པར་ བྱའོ། །གང་འཕགས་པ་ཐམས་ཅད་དང་། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོབ་པར་བྱ་བ་ལ་དེ་བདག་གིས་ཡོངས་སུ་ཐོབ་པར་བྱའོ། །སྦྱིན་པ་ནི་བདག་གི་གྲོགས་མ་ ཡིན་གྱི་བདག་ནི་སྦྱིན་པའི་གྲོགས་སོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ནི་བདག་གི་གྲོགས་མ་ཡིན་གྱི་བདག་ནི་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་ འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་གྲོགས་སོ། །བདག་ལ་ནི་ཕ་རོལ་དུ་ཕྱིན་པ་རྣམས་ཀྱིས་རིམ་གྲོ་མི་བྱའི། བདག་གིས་ནི་ཕ་རོལ་དུ་ཕྱིན་པ་རྣམས་ལ་རིམ་གྲོ་བྱའོ། །བདག་ལ་ནི་བསྡུ་བའི་དངོས་ པོ་རྣམས་ཀྱིས་རིམ་གྲོར་མི་བྱའི། བདག་གིས་ནི་བསྡུ་བའི་དངོས་པོ་རྣམས་ལ་རིམ་གྲོ་བྱའོ། །བདག་ལ་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱིས་རིམ་གྲོར་མི་བྱའི། བདག་གིས་ནི་དགེ་བའི་རྩ་བ་ཐམས་ཅད་ལ་རིམ་ གྲོར་བྱའོ། །གང་འདི་ལྟ་བུའི་ཆོས་ལ་གྲོགས་མེད་པར་བདག་ཉིད་མེད་ཅིང་གཞན་གྱི་གོ་སྐབས་མེད་པར་བདག་གཅིག་པུ་གཉིས་མ་ཡིན་ཞིང་གྲོགས་མེད་པར་རྡོ་རྗེ་སའི་སྙིང་པོ་ལ་འདུག་སྟེ། བདུད་སྟོབས་ 55-1-179a དང་བཅས་པ་རྣམས་བཏུལ་ལ། སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་ལ། དེ་ཡང་ མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཅིག་པུ་བགྲོད་པའི་ལམ་མི་ཟད་པ་ཞེས་བྱའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ཐབས་མི་ཟད་པ་སྟེ། དེ་ལ་ཐབས་གང་ཞེ་ན། ཐབས་གང་གིས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་རྣམ་པར་སྒྲུབ་ཅིང་སློང་བ་སྟེ། ཐབས་ནི་བྱང་ཆུབ་སེམས་དཔའི་དགེ་ བའི་ཆོས་ཐམས་ཅད་ཉེ་བར་གཞོག་པའོ། །ཐབས་ནི་བསམ་པ་ངེས་པར་སེམས་པའོ། །ཐབས་ནི་སྦྱོར་བ་རྒྱུན་མི་འཆད་པའོ། །ཐབས་ནི་ལྷག་པའི་བསམ་པས་བྱེ་བྲག་ཏུ་འཕགས་པའི་ཆོས་འདོད་པའོ། ། ཐབས་ནི་སྦྱིན་པས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ། །ཐབས་ནི་ཚུལ་ཁྲིམས་ཀྱིས་སྐྱེ་བ་ཐམས་ཅད་ཡོངས་སུ་འཛིན་པའོ། །ཐབས་ནི་བཟོད་པས་བྱང་ཆུབ་ཀྱི་ཕྱིར་ལུས་དང་ ངག་དང་སེམས་ཀྱི་རྒྱན་ཏོ། །ཐབས་ནི་བརྩོན་འགྲུས་ཀྱིས་འཇུག་པ་དང་། གནས་པ་ལ་བརྩོན་པའོ། །ཐབས་ནི་བསམ་གཏན་གྱིས་བསམ་གཏན་ལས་ཕྱིར་ལྡོག་པར་ཤེས་པའོ། །ཐབས་ནི་ཤེས་རབ་ཀྱིས་ འདུས་མ་བྱས་སྤོང་བའོ། །ཐབས་ནི་བྱམས་པས་དཔུང་གཉེན་མེད་པ་རྣམས་ཀྱི་སྐྱབས་སོ། །ཐབས་ནི་སྙིང་རྗེས་འཁོར་བ་ལ་མི་སྨོད་པའོ། །ཐབས་ནི་དགའ་བས་དགའ་བ་དང་། མི་དགའ་བ་ལ་མི་མཇེད་པའོ། ། ཐབས་ནི་བཏང་སྙོམས་ཀྱིས་དགེ་བའི་རྩ་དང་། ཚོགས་ཐམས་ཅད་འཕེལ་བའོ། །ཐབས་ནི་ལྷའི་མིག་གིས་སངས་རྒྱས་ཀྱི་སྤྱན་འཐོབ་པའོ། །ཐབས་ནི་ལྷའི་རྣ་བས་སངས་རྒྱས་ཀྱི་སྙན་འཐོབ་པའོ། ། 55-1-179b ཐབས་ནི་ཕ་རོལ་གྱི་སེམས་ཤེས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་འཐོབ་པའོ། །ཐབས་ནི་སྔོན་གྱི་གནས་རྗེས་སུ་དྲན་པས་དུས་གསུམ་ལ་ཆགས་པ་མེད་པར་ཤེས་པའོ། ། ཐབས་ནི་རྫུ་འཕྲུལ་བྱ་བ་ཤེས་པས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་འཐོབ་པའོ། །ཐབས་ནི་སེམས་ཅན་དག་གི་བསམ་པ་རྣམས་ལ་འཇུག་པའོ། །ཐབས་ནི་སྦྱོར་བའི་མཚན་ཉིད་རབ་ཏུ་ཤེས་པའོ། ། ཐབས་ནི་རྒལ་ནས་བདུག་པའོ། །ཞུགས་ནས་ཀྱང་རྒལ་བའོ། །ཐབས་ནི་ཉོན་མོངས་པ་མེད་པས་ཀུན་ནས་ཉོན་མོངས་པའོ། །ཐབས་ནི་ཁུར་བོར་ནས་ཁུར་ཁྱེར་བའོ། །ཐབས་ནི་ཚད་ཡོད་པ་ཚད་མེད་པར་ སྟོན་པའོ། །ཐབས་ནི་ཚད་མེད་པ་ཚད་ཡོད་པར་སྟོན་པའོ། །ཐབས་ནི་དབང་པོ་ཞན་པ་རྣམས་ལ་གསལ་བར་བྱེད་པའོ། །ཐབས་ནི་དུས་དང་དུས་མ་ཡིན་པ་ཤེས་པའོ། །ཐབས་ནི་ལམ་ལ་ལམ་ངན་པར་འགྲོ་སྟེ་ ལམ་ངན་པ་ལ་གནས་པའི་སེམས་ཅན་རྣམས་ཡང་དག་པའི་ལམ་ལ་རབ་ཏུ་འགོད་པའོ། །ཐབས་ནི་ཉུང་ངུ་ལས་མང་པོར་བྱེད་དོ། །མང་པོ་ལས་ཚད་མེད་པར་བྱེད་དོ། །ཐབས་ནི་བྱེ་བའི་སེམས་ཅན་རྣམས་ འདུམ་པར་བྱེད་དོ། །ཐབས་ནི་ཐ་མ་དང་འབྲིང་དང་རབ་ལ་གནས་པའོ། །ཐབས་ནི་མྱ་ངན་ལས་འདས་པའི་རིགས་ལས་འཁོར་བའི་རིགས་པར་ལྟུང་ངོ་། །ཐབས་ནི་ཐར་པ་ལས་བཅིངས་པ་ཚོལ་ལོ། །ཐབས་ ནི་ཤེས་བྱ་ཟད་པར་བྱེད་དེ། ཤེས་བྱ་ཟད་པར་ཡང་མི་ལྟུང་ངོ་། །ཐབས་ནི་སྤྱོད་ལམ་ཐམས་ཅད་འཁྲུགས་པར་བྱེད་ལ་སྤྱོད་ལམ་རྣམས་ལས་ཀྱང་མི་ཉམས་སོ། །ཐབས་ནི་སེམས་ཅན་ལ་ལྟའི་ཚུལ་ཁྲིམས་ ལ་མ་ཡིན་ནོ། །ཐབས་ནི་བསྡུ་བས་ལྟ་བ་ལ་རྟེན་གྱི་རྩོད་པས་ནི་མ་ཡིན་ནོ། །ཐབས་ནི་སྒྲ་འབྱིན་པའོ། །ཐབས་ནི་ཁམས་གསུམ་པ་སྤྱོད་ཡུལ་པའོ། །ཐབས་ནི་རྣམ་པར་ཐར་པའི་སྒོ་གསུམ་ 55-1-180a འཐོབ་པའི་མཚན་ཉིད་སྤྱོད་པའོ། །ཐབས་ནི་འཕགས་པ་མ་ཡིན་པའི་སྐྱེ་བོ་དང་འདྲེས་ཀྱི་འཕགས་པའི་སྐྱེ་བོ་དང་མ་འདྲེས་པའོ། །ཐབས་ནི་མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་བལྟས་ཤིང་འཁོར་བ་ ལ་མངོན་དུ་ཕྱོགས་པའོ། །ཐབས་ནི་བདུད་ཀྱི་སྤྱོད་ཡུལ་ན་ཉོན་མོངས་པ་མེད་པར་སྣང་བའོ། །ཐབས་ནི་ཐམས་ཅད་ནས་ཐམས་ཅད་དེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མི་ ཟད་པ་ཞེས་བྱའོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ཟད་པ་བརྒྱད་ཅུ་སྟེ། མི་ཟད་པ་འདིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཆུད་ཅིང་འདུས་པའོ། །བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་ པས་མི་ཟད་པའི་ཆོས་ཀྱི་སྒོའི་ལེའུ་འདི་བཤད་པ་ན་སྲོག་ཆགས་འབུམ་ཕྲག་བདུན་ཅུ་རྩ་བརྒྱད་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་སེམས་སྐྱེས་པར་གྱུར་ཏོ། །བྱང་ཆུབ་སེམས་ དཔའ་ལྔ་ཁྲི་ཉིས་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཐམས་ཅད་དང་ལྡན་པའི་འཁོར་དེས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པར་བྱ་བའི་ཕྱིར་མེ་ཏོག་གི་ཕྲེང་བ་དང་། མེ་ཏོག་གི་གདུགས་ དང་། མེ་ཏོག་གི་རྣ་རྒྱན་ཁ་དོག་དང་། ལྡན་པ་དྲི་དང་ལྡན་པ་རྣམ་པ་སྣ་ཚོགས་ཀྱིས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་མངོན་པར་གཏོར་ཏོ། །ལྷ་རྣམས་ཀྱིས་ཀྱང་སྟེང་གི་ནམ་ མཁའ་ལ་གླུ་བླངས་ཏེ་འདི་སྐད་ཅེས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པར་བསྒྲུབས་པ་གང་ཡིན་པ་དེ་ནི་ བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་ཆོས་ཀྱི་རྣམ་གྲངས་འདིར་མི་ཟད་པའི་རྣམ་པས་བསྟན་ཏོ། །སེམས་ཅན་གང་དག་མི་ཟད་པའི་སྒོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་ཉན་ཅིང་ཐོས་ནས་ཀྱང་མོས་པ་དང་། ཡོངས་ 55-1-180b སུ་འདྲི་བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དེ་དག་ཀྱང་མི་ཟད་པ་འདི་དང་ལྡན་པར་འགྱུར་རོ་ཞེས་ཆེད་དུ་བརྗོད་པ་ ཆེད་དུ་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་ལས་ཕྲག་པའི་རས་ཕུད་དེ་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་ཆོས་ཀྱི་དགབ་པའི་ཕྱིར་བྱིན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ་ ལེགས་སོ། །སྐྱེས་བུ་དམ་པ་མི་ཟད་པའི་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ཀྱིས་ལེགས་པར་སྨྲས་སོ། །ཁྱོད་ལ་དེ་བཞིན་གཤེགས་པ་རྗེས་སུ་ཡི་རང་ངོ་། །གང་ཁྱོད་ལ་ངས་རྗེས་སུ་ཡི་རང་བ་དེ་ལ་སངས་རྒྱས་ བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་རྗེས་སུ་ཡི་རང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་ཕྲག་པའི་རས་དེ་ལག་པ་གཉིས་ཀྱིས་བླངས་ཏེ། སྤྱི་བོ་ལ་བཞག་ནས་འདི་སྐད་ ཅེས་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་བ་འདི་ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇི་རྟེན་གྱི་མཆོད་རྟེན་ལགས་སོ་ཞེས་གསོལ་ཏོ། །དེ་ནས་ཕྱོགས་བཅུ་ནས་རིན་པོ་ཆེའི་རས་བཅོས་བུ་དང་། རིན་པོ་ཆེའི་ གདུགས་དང་། རིན་པོ་ཆེའི་བ་དན་དང་། རིན་པོ་ཆེའི་ལྡ་ལྡི་རིན་པོ་ཆེའི་སྤང་རྒྱན་དང་། རིན་པོ་ཆེས་སྤྲས་པའི་དར་གྱི་ལྡ་ལྡི་དག་འོང་བར་སྣང་སྟེ། དེ་དག་འོངས་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པའི་ ལུས་ལ་མངོན་པར་འགེབས་པར་བྱེད་དེ། རིན་པོ་ཆེའི་རས་བཅོས་བུ་དང་། རིན་པོ་ཆེའི་གདུགས་དང་། རིན་པོ་ཆེའི་བ་དན་དང་། ལྡ་ལྡི་རིན་པོ་ཆེའི་སྤང་རྒྱན་ཅན་དེ་དག་ལས་བློ་གྲོས་མི་ཟད་པ་ལེགས་སོ་ ལེགས་སོ། །བློ་གྲོས་མི་ཟད་པ་ཁྱོད་ཀྱིས་མི་ཟད་པའི་སྒོའི་ལེའུ་ལེགས་པར་སྨྲས་ཏེ། ཁྱོད་ཀྱིས་ལེགས་པར་སྨྲས་པ་ལ་རྗེས་སུ་ཡི་རང་ངོ་ཞེས་སྒྲ་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་ 55-1-181a ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིན་པོ་ཆེའི་རས་བཅོས་བུ་དང་། རིན་པོ་ཆེའི་གདུགས་རྣམས་དང་། རིན་པོ་ཆེའི་བ་དན་རྣམས་དང་། ལྡ་ལྡི་རིན་པོ་ཆེའི་སྤང་རྒྱན་ཅན་འདི་དག་གང་ནས་མཆིས། འདི་ལྟ་བུའི་སྒྲ་དག་ག་ལས་བྱུང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་གང་དག་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་པ་དེ་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ སངས་རྒྱས་ཏེ། དེ་བཞིན་གཤེགས་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་བྱས་པ་གཟོ་བ་དང་། བྱས་པ་ཚོར་བར་འཛིན་པས་སྐྱེས་བུ་དམ་པ་འདིའི་ཡང་དག་པའི་ཡོན་ཏན་རྗོད་ཅིང་། འདུས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་མཆོད་པ་བྱ་བའི་ཕྱིར་ཆོས་ཀྱི་དགབ་པ་འདི་དག་བཏང་ངོ་། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་ རབ་ཏུ་དགའ་བ་དང་། མོས་པ་དང་། རི་མོ་ཤིན་དུ་ཆེར་བསྐྱེད་ནས་ཚིག་འདི་སྐད་ཅེས་གང་བདག་གིས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་བལྟ་བ་དང་། ཕྱག་འཚལ་བ་དང་། མཆོད་པ་དང་། བསྙེན་ བཀུར་བྱ་བ་དང་། ཆོས་བསྟན་པ་འདི་ཡང་མཉན་པ་རྙེད་པ་ནི་བདག་ཅག་གིས་རྙེད་པ་ལེགས་པར་རྙེད་དོ། །སེམས་ཅན་གང་དག་གིས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པའི་མིང་ཐོས་པ་དེ་དག་ཀྱང་རྙེད་ པ་ལེགས་པར་རྙེད་པ་ཡིན་ན། གང་དག་གིས་འདི་མངོན་སུམ་དུ་ཤའི་མིག་གིས་མཐོང་ལ། ཆོས་ཀྱི་རྣམ་གྲངས་འདི་ཡང་ཉན་ཅིང་ཐོས་ནས་ཀྱང་མོས་པ་དང་། ཡོངས་སུ་འདྲི་བ་དང་། འཛིན་ 55-1-181b པ་དང་། འཆང་བ་དང་། ཀློག་པ་དང་། སྟོན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་ལྟ་ཅི་སྨོས་ཤེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེའི་ལེགས་པར་ སྨྲས་པ་ལ་རྗེས་སུ་ཡི་རང་བར་མཛད་དེ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་ཚེའི་ ཚད་བསྐལ་པར་གནས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྦྱིན་པ་བྱིན་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླངས་པ་ཐམས་ཅད་ལ་སློབ་ཅིང་། སེམས་ཅན་ཐམས་ཅད་ཀྱིས་ ཉེས་པར་བྱས་པ་ཡང་བཟོད་ལ། མགོ་དང་གོས་ལ་མེ་འབར་བ་བཞིན་དུ་བརྩོན་འགྲུས་བརྩམས་ཤིང་གནས་ཏེ། བསམ་གཏན་རྩེ་གཅིག་དང་ལྡན་ལ་ཤེས་རབ་ཀྱི་བྱེ་བྲག་ལ་མཁས་ཀྱང་ཆོས་ཀྱི་རྣམ་ གྲངས་འདི་དང་བྲལ་ན་དེའི་ཕ་རོལ་དུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་ངས་མ་བཤད་དོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་འམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་ གྲངས་འདི་ཉན་པ་དང་། ཐོས་ནས་ཀྱང་མོས་པ་དང་། འདྲི་བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དང་། སྒོམ་ པའི་རྣལ་འབྱོར་ལ་བརྩོན་པར་གནས་པ་དེ་ནི་དེའི་ཕ་རོལ་དུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་རྒྱ་བར་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྟོན་ཏེ། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་དེ་ནི་དེའི་ 55-1-182a སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་སྦྱིན་པ་དེ་ནི་སྦྱིན་པ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་མ་བརྗེད་པས། ཆོས་ཀྱི་རྣམ་གྲངས་འདི་ལ་བརྩོན་པའི་ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། ལེགས་པར་སྡོམ་པ་གང་ཡིན་པ་འདི་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པ་སྟེ། དེ་ཅིའི་ཕྱིར་ ཞེ་ན། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་བསླབ་པ་ཐམས་ཅད་ནི་ཆོས་ཀྱི་རྣམ་གྲངས་འདི་ལས་ཡོངས་སུ་བསྟན་པའི་ཕྱིར་རོ། །ཆོས་ཀྱི་རྣམ་གྲངས་འདི་ལས་བྱང་ཆུབ་སེམས་དཔའི་བཟོད་ པ་བསྟན་པ་གང་ཡིན་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་བསྐྱོད་པར་མི་ནུས་ཏེ། གང་ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བའི་བཟོད་པ་དེ་ནི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མཆོག་གོ། །ཆོས་ཀྱི་ རྣམ་གྲངས་འདི་རབ་ཏུ་འདོན་པ་དང་། སྟོན་པ་དང་། སྦྱོར་བ་དང་། སྒོམ་པའི་ལུས་དང་། ངག་དང་། སེམས་ཀྱི་བརྩོན་འགྲུས་གང་ཡིན་པ་དེ་ནི་དེའི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའོ། །ཆོས་ཀྱི་ རྣམ་གྲངས་འདི་ལ་སེམས་ངེས་པར་སེམས་ཤིང་རྣམ་པར་མི་གཡེང་ལ་རྩེ་གཅིག་ཏུ་ངེས་པར་སེམས་པ་གང་ཡིན་པ་དེ་ནི་དེའི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའི་མཆོག་གོ། །ཆོས་ཀྱི་ རྣམ་གྲངས་འདི་བཤད་པ་ན་མངོན་སུམ་དུ་ཤེས་པ་དང་། གཞན་གྱི་དྲིང་ལ་མི་འཇོག་པར་ཤེས་པ་དང་། རབ་ཏུ་རྣམ་པར་འབྱེད་པ་ཤེས་པ་དང་། ནན་ཏན་ཤེས་པ་གང་ཡིན་པ་དེ་ནི་དེའི་ཤེས་རབ་ཀྱི་ ཕ་རོལ་དུ་ཕྱིན་པའི་མཆོག་སྟེ། ཤཱ་ར་དྭ་ཏིའི་བུ་དེ་ལྟར་ན་ཆོས་ཀྱི་རྣམ་གྲངས་འདི་ལ་རབ་ཏུ་སྦྱོར་བའི་བྱང་ཆུབ་སེམས་དཔའ་ནི་དཀའ་བ་ཆུང་ངུས་ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་དག་བསྒོམ་ 55-1-182b པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ་རྣམ་གྲངས་འདིས་ཀྱང་དེ་འདི་ལྟར་རིག་པར་བྱ་སྟེ། ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔས་མི་བསྐྱུད་ཅིང་དྲང་བར་སྤོབས་པ་དང་། འཁོར་དེ་དག་ཐམས་ཅད་ཀྱང་སེམས་རྣམ་པར་མི་གཡེང་བར་ཆོས་ལ་གུས་པར་ཡིད་ལ་བགྱིད་པས་ཆོས་ཉན་པ་སྟེ། ལྟས་བཞི་པོ་དེ་དག་གིས་མི་མཇེད་ཀྱི་བདག་པོ་ཚངས་པ་ཚངས་རིས་ཀྱི་ལྷ་རྣམས་ དང་ལྷན་ཅིག་ཏུ་ཆོས་ཉན་དུ་འདིར་མཆིས་པར་འཚལ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ལ་བདུད་སྡིག་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིས་བདག་ གི་སྟོབས་དང་བཞོན་པར་བཅས་པ་ཐམས་ཅད་སྟོབས་ཆུང་བར་བགྱིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་ནི་དེ་ཉིད་ ཀྱིས་བྱང་ཆུབ་སེམས་དཔའ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ལགས་ཏེ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་གང་ན་བྱང་ཆུབ་སེམས་དཔའ་དེ་གནས་ན་དེ་ ཉིད་སངས་རྒྱས་ཤེས་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དང་། ཆོས་ཀྱི་རྣམ་གྲངས་འདིའི་གཟི་བརྗིད་ཀྱི་ཚོགས་དང་། སྟོབས་བསྐྱེད་པས་བདག་གི་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་རྣམས་བཅོམ་པས་ཆོས་སྨྲ་བ་དེ་དག་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་དམ་བཅའོ། །གང་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པ་དེར་སེམས་བསྐྱེད་པའི་བག་ཙམ་གྱིས་ཀྱང་ བར་ཆད་བགྱིད་ཏུ་མི་མཆིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ཀྱིས་ཟུང་ 55-1-183a ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་བཟུང་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དག་ལྟར་བདག་གིས་ཆོས་ཀྱི་རྣམ་གྲངས་རྒྱས་པར་བགྱིད་པའི་རྔོ་མི་ཐོག་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་རྒྱས་པར་རྣམ་པར་དབྱེ་ བའི་ཕྱིར་སྙིང་ལས་ཆུང་ངུར་གྱིས་ཤིག །འཁོར་འདི་ན་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཕྱོགས་བཅུར་རྒྱས་པར་བྱེད་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་དག་ཚོགས་ ཤིང་འཁོད་དོ། །དེ་ནས་འཁོར་དེ་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཅུས་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ ཅག་གིས་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་ཕྱོགས་བཅུའི་འཇིག་རྟེན་དུ་མ་ལུས་པར་རྫོགས་ཤིང་རྒྱས་པར་བགྱིའོ། །འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བྱམས་པ་དམ་པའི་ཆོས་ཡོངས་སུ་གཟུང་བ་དང་། དམ་པའི་ཆོས་བསྲུང་བའི་སླད་དུ་ཆོས་ཀྱི་རྣམ་གྲངས་འདི་རྒྱས་པར་བགྱིད་དེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་ འདས་ནས་སླད་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔའ་གང་དག་གི་རྣ་ལམ་དུ་གྲག་པར་འགྱུར་བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། སྟོན་པ་དེ་དག་ ནི་བྱང་ཆུབ་སེམས་དཔའ་བྱམས་པའི་བྱིན་གྱི་བརླབས་སུ་རིག་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ཡོངས་སུ་འཛིན་པ་བྱང་ཆུབ་སེམས་དཔའ་དེ་དག་ལ་བཀའ་སྩལ་པ། སྐྱེས་བུ་དམ་པ་ 55-1-183b དག་ཇི་ལྟར་ཁྱེད་ད་ལྟར་ངའི་མདུན་ན་དམ་པའི་ཆོས་ཡོངས་སུ་འཛིན་པར་ལངས་པ་དེ་བཞིན་དུ་ཁྱོད་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྤྱན་སྔར་དམ་པའི་ཆོས་ཡོངས་སུ་འཛིན་ པར་ལངས་པ་ལེགས་སོ་ལེགས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་བློ་ཞན་ པས་བདག་གིས་ཆོས་ཀྱི་རྣམ་གྲངས་འདིར་དོན་དང་། ཚིགས་དང་། ཡི་གེ་ཡོངས་སུ་རྫོགས་པར་མ་བགྱིས་པ་ལྟ་ན་བཅོམ་ལྡན་འདས་དང་། མི་ཟད་པའི་ཆོས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་འདི་དག་ལ་བདག །བཟོད་པ་གསོལད་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་མི་ཟད་པ་སོ་སོ་ཡང་དག་པར་རིག་པ་སྒྲིབ་པ་མེད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་དོན་དང་། ཆོས་དང་། ངེས་པའི་ཚིག་དང་། སྤོབས་པ་རྣམས་ལ་འཁྲུལ་པ་མེད་དོ། །འགོག་པ་ལ་ཡང་འཁྲུལ་པ་མེད་དོ། །གང་དག་ཆོས་འདི་ལྟ་བུ་དག་རྟོགས་པར་ཁོང་དུ་ཆུད་པའི་སྐྱེས་བུ་དམ་པ་དེ་དག་ནི་ཡང་དག་པའི་ དོན་རྣམ་པར་ངེས་པ་ཐོབ་པ་ཡིན་ནོ། །བློ་གྲོས་མི་ཟད་པ་ཁྱོད་ནི་སོ་སོ་ཡང་དག་པར་རིག་པ་བཞིའི་དམ་པའི་མཆོག་ཐོབ་ཅིང་དབང་རྙེད་པ། ཐེག་པ་ཆེན་པོ་འདི་ལ་གཞན་གྱི་དྲིང་ལ་མི་འཇོག་ཅིང་རྣམ་པར་ ངེས་པའི་དམ་པའི་མཆོག་ཐོབ་པ་སྟེ། བློ་གྲོས་མི་ཟད་པ་ས་འདི་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལུས་ཀྱི་འཁྲུལ་པ་འམ། ངག་གི་འཁྲུལ་པ་འམ། སེམས་ཀྱི་འཁྲུལ་པ་གང་ཡང་མེད་དོ། །དེ་དག་ཐམས་ ཅད་ནི་ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་དང་། ངག་དང་། ཡིད་ཀྱི་ལས་དང་ལྡན་པ་ཡིན་ནོ། །བློ་གྲོས་མི་ཟད་པ་ཁྱོད་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོས་ཆོས་བསྟན་པའི་ཕྱིར་རྗེས་སུ་དགོངས་སོ། ། 55-1-184a བློ་གྲོས་མི་ཟད་པ་ང་ལྟ་བུ་རྣམས་ཀྱིས་ཁྱོད་འདྲ་བའི་སྐྱེས་བུ་དམ་པ་རྣམས་ལ་ཤིན་དུ་བཟོད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟ་བུར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བློ་གྲོས་མི་ཟད་པས་ བསྟན་པ་དང་། དོན་དང་ཚིག་དང་ཡི་དགེ་མི་ཟད་པ་བསྟན་པ་དང་། འདུས་པ་ཆེན་པོའི་ལེའུ་དང་། བློ་གྲོས་མི་ཟད་པའི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག །ཀུན་དགའ་བོ་ཁྱོད་ཀྱིས་འདུས་པ་ཆེན་པོའི་ལེའུའི་ཆོས་ ཀྱི་རྣམ་གྲངས་འདི་བཟུང་ན་དེ་ལས་ཆོས་ལ་དྲན་པའི་སྟོབས་ཀྱི་མཐུ་བསྐྱེད་པ་འབུམ་འགྱུར་དུ་ཐོབ་པར་འགྱུར་རོ། །གཞན་དག་ལ་ཡང་བསྟན་ན་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་བྱ་བས་ ཉེ་བར་གནས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའི་ཚོགས་དེ་དག་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་ གྲོས་མི་ཟད་པ་དང་། གནས་བརྟན་ཤཱ་ར་དྭ་ཏིའི་བུ་དང་། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ་ བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འདུས་པ་ཆེན་པོའི་ལེའུ་འབུམ་པ་ལས་བློ་གྲོས་མི་ཟད་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཨཱརྱ་བི་མ་ལ་ཀཱིར་ཏི་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ 55-1-184b ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་འདས་པ་དང་། ད་ལྟར་གྱི་དང་། མ་བྱོན་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ ལྡན་འདས་ཡངས་པའི་གྲོང་ཁྱེར་ན་ཨ་མྲ་སྲུང་བའི་ཚལ་ན། དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་ པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་དུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་དུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་ གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་དུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་དུ་སོན་པ་ཤ་སྟག་གོ། ། བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་དང་ཡང་ཐབས་གཅིག་སྟེ། མངོན་པར་ཤེས་པ་མངོན་པར་ཤེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་ཆེན་པོ་ཡོངས་སུ་སྦྱངས་ པ་ལས་ངེས་པར་བྱུང་བ། སངས་རྒྱས་ཀྱིས་བྱིན་ཀྱི་བརླབས་ཀྱིས་བྱིན་གྱིས་བརླབས་པ། ཆོས་ཀྱི་གྲོང་ཁྱེར་སྲུང་བ། དམ་པའི་ཆོས་ཡོངས་སུ་འཛིན་པ། སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཕྱོགས་བཅུར་ སྒྲ་ཤིན་དུ་བསྒྲགས་པ། གསོལ་བ་མ་བཏབ་པར་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་བཤེས་གཉེན་དུ་གྱུར་པ། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་འཆད་པར་བྱེད་པ། བདུད་དང་ཕྱིར་རྒོལ་བ་བཅོམ་པ་ ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། ཏིང་ངེ་འཛིན་དང་། གཟུངས་དང་། སྤོབས་པ་ཕུན་སུམ་ཚོགས་པ། སྒྲིབ་པ་དང་ཀུན་ནས་སྡང་བ་ 55-1-185a ཐམས་ཅད་དང་བྲལ་བ། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་གནས་པ། སྤོབས་པ་རྒྱུན་མི་འཆད་པ། སྦྱིན་པ་དང་། དུལ་བ་དང་། མི་འགྱུར་བ་དང་། ཡང་དག་པར་སྡོམ་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་ལ་མཁས་པ་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་ལས་ངེས་པར་བྱུང་བ། མི་དམིགས་ པའི་ཆོས་ལ་བཟོད་པ་དང་ལྡན་པ། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་སྐོར་བ། མཚན་ཉིད་མེད་པའི་ཕྱིར་རྒྱས་བཏབ་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཤེས་པ་ལ་མཁས་པ། འཁོར་ཐམས་ ཅད་ཟིལ་གྱིས་མི་ནོན་པའི་མི་འཇིགས་པས་རྣམ་པར་གནོན་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་བསགས་པ། མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་ཀྱིས་ལུས་ཤིན་དུ་བརྒྱན་པ། གཟུགས་དམ་པ་འཛིན་པ། རྒྱན་དང་བྲལ་བ། རི་རབ་ཀྱི་རྩེ་མོ་མཐོང་བ་བཞིན་དུ་སྙན་པ་དང་གྲགས་པས་མངོན་པར་འཕགས་པ། ལྷག་པའི་བསམ་པ་རྡོ་རྗེ་ལྟར་བསྲ་བ་སངས་རྒྱས་དང་ཆོས་དང་དགེ་ འདུན་ལ་མི་ཕྱེད་པའི་དད་པ་རྙེད་པ། ཆོས་རིན་པོ་ཆེའི་འོད་ཟེར་ལས་བདུད་རྩིའི་ཆར་ཤིན་དུ་འབེབས་པ། སེམས་ཅན་ཐམས་ཅད་ཀྱི་སྐད་དང་། སྨྲ་བ་དང་། དབྱངས་ཀྱི་ཡན་ལག་དང་། སྒྲ་ རྣམ་པར་དག་པའི་དབྱངས་དང་ལྡན་པ། ཆོས་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་ཅིང་མཐའ་དང་། མཐའ་མེད་པར་ལྟ་བའི་བག་ཆགས་ཀྱི་མཚམས་སྦྱོར་བ་ཀུན་གཅོད་པ་དང་། སེང་གེ་ལྟར་འཇིགས་པ་མེད་ཅིང་སྒྲ་མངོན་པར་སྒྲོག་པ། ཆོས་ཆེན་པོའི་འབྲུག་སྒྲ་སྒྲོགས་པ། མཚུངས་པ་དང་མི་འཚུངས་པའི་ཆོས་ལས་ཡང་དག་པར་འདས་པ། ཆོས་རིན་པོ་ཆེ་ཤེས་ 55-1-185b རབ་དང་བསོད་ནམས་ཀྱི་ཚོགས་ཡང་དག་པར་སྒྲུབ་པའི་དེད་དཔོན་ཆེན་པོ་དྲང་བ་དང་། ཞི་བ་དང་། ཕྲ་བ་དང་། འཇམ་པ་དང་། བལྟ་དཀའ་བ་དང་། རྟོགས་པར་དཀའ་བའི་ཆོས་ཀྱི་ཚུལ་ལ་ མཁས་པ། སེམས་ཅན་རྣམས་ཀྱི་འོང་བ་དང་། འགྲོ་བ་དང་། སེམས་ཅན་གྱི་བསམ་པ་རྟོགས་པའི་རྗེས་སུ་ཞུགས་པའི་ཡེ་ཤེས་ཀྱི་ཡུལ་དང་ལྡན་པ། མི་མཉམ་པ་དང་མཉམ་པའི་སངས་རྒྱས་ ཀྱི་ཡེ་ཤེས་ལ་དབང་བསྐུར་བས་དབང་བསྐུར་བ། སྟོབས་བཅུ་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་མ་འདྲེས་པ་ལ་ལྷག་པའི་བསམ་པས་ཞུགས་པ། ངན་སོང་གི་འཇིགས་པ་དང་། ངན་འགྲོ་ ལོག་པར་ལྟུང་བའི་འཇིགས་པའི་འོབས་ཐམས་ཅད་ལས་རྒལ་བས་བསམས་བཞིན་དུ་སྲིད་པའི་འགྲོ་བར་སྐྱེ་བ་སྟོན་པ། སྨན་པའི་རྒྱལ་པོ་ཆེན་པོ། སེམས་ཅན་ཐམས་ཅད་འདུལ་བའི་ཆོ་ ག་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་ཐམས་ཅད་རྟོགས་པ། ཅི་རིགས་པར་ཆོས་ཀྱི་སྨན་སྦྱར་བ་རབ་ཏུ་སྦྱོར་བ། ཡོན་ཏན་མཐའ་ཡས་པའི་འབྱུང་གནས་དང་ ལྡན་པ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་ཡོན་ཏན་བཀོད་པས་ལེགས་པར་བརྒྱན་པ་མཐོང་བ་དང་། ཐོས་པ་འབྲས་བུ་ཡོད་པ། གོམ་པ་འདོར་བ་འབྲས་བུ་ཡོད་པ། བསྐལ་པ་བྱེ་བ་ཁྲག་ ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པར་ཡོན་ཏན་ཡོངས་སུ་བརྗོད་ཀྱང་ཡོན་ཏན་གྱི་ཆུ་བོ་མཐའ་ཡས་པར་རྟོགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་མཉམ་པར་ལྟ་བ་ཞེས་བྱ་དང་། མཉམ་མི་མཉམ་ ལྟ་བ་དང་། ཏིང་ངེ་འཛིན་རྣམ་པར་སྤྲུལ་པའི་རྒྱལ་པོ་དང་། ཆོས་ཀྱི་དབང་ཕྱུག་དང་། ཆོས་ཀྱི་ཏོག་དང་། འོད་ཀྱི་ཏོག་དང་། འོད་བཀོད་པ་དང་། རིན་པོ་ཆེ་བཀོད་པ་དང་། བཀོད་པ་ཆེན་པོ་དང་། 55-1-186a སྤོབས་པ་བརྩེགས་པ་དང་། རིན་པོ་ཆེ་བརྩེགས་པ་དང་། ལག་ན་རིན་པོ་ཆེ་དང་། ལག་ན་ཕྱག་རྒྱ་རིན་པོ་ཆེ་དང་། རྟག་ཏུ་ལག་བརྐྱང་དང་། རྟག་ཏུ་ལག་བཏེག་དང་། རྟག་ཏུ་གདུང་དང་། རྟག་ཏུ་དགའ་དགོད་དབང་པོ་དང་། མཆོག་ཏུ་དགའ་བའི་རྒྱལ་པོ་དང་། ལྷའི་རྒྱལ་པོ་དང་། སྨོན་ལམ་ལ་ཞུགས་པས་ཕྱིན་པ་དང་། སོ་སོ་ཡང་དག་པར་རིག་པ་རབ་ཏུ་སྒྲུབ་པ་ཐོབ་དང་། ནམ་ མཁའི་མཛོད་དང་། རིན་ཆེན་སྒྲོན་མ་འཛིན་དང་། རིན་ཆེན་དཔའ་དང་། རིན་ཆེན་དགའ་བ་དང་། རིན་ཆེན་དཔལ་དང་། མིག་འཕྲུལ་ཅན་དང་། དྲ་བ་ཅན་གྱི་འོད་དང་། དམིགས་པ་མེད་པའི་བསམ་ གཏན་དང་། ཤེས་རབ་བརྩེགས་དང་། རིན་ཆེན་གཏོང་དང་། བདུད་འཇོམས་དང་། གློག་གི་ལྷ་དང་། རྣམ་པར་འཕྲུལ་པའི་རྒྱལ་པོ་དང་། མཚན་བརྩེགས་ཡང་དག་འདས་དང་། སེང་གེའི་ང་རོ་ མངོན་པར་བསྒྲགས་པའི་དབྱངས་དང་། རིའི་རྩེ་མོ་ཀུན་དུ་འཇོམས་པའི་རྒྱལ་པོ་དང་། སྤོས་ཀྱི་གླང་པོ་ཆེ་དང་། སྤོས་ཀྱི་བ་གླང་གླང་པོ་ཆེ་དང་། རྟག་ཏུ་འབད་དང་། བརྩོན་པ་མི་འདོར་བ་ བ་དང་། རབ་ཀྱི་བློ་གྲོས་དང་། མཛེས་པར་སྐྱེས་དང་། པད་མོའི་དཔལ་གྱི་སྙིང་པོ་དང་། པད་མོ་བཀོད་པ་དང་། སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། ཚངས་པའི་དྲ་བ་ཅན་དང་། རིན་ཆེན་གདན་དཀར་ཅན་དང་། བདུད་ལས་རྒྱལ་དང་། ཞིང་སྙོམས་བརྒྱན་དང་། ནོར་བུ་རིན་ཆེན་གདུགས་དང་། གཙུག་ན་གསེར་དང་། གཙུག་ན་ནོར་བུ་དང་། བྱམས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་ པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་ངོ་། །གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ནས་ཚངས་པ་རལ་པ་ཅན་ལ་སོགས་པ་ཚངས་པ་ཁྲི་བཅོམ་ལྡན་འདས་ 55-1-186b ལ་ལྟ་བ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་ལྷགས་པ་དེ་དག་ཀྱང་འཁོར་དེ་ཉིད་དུ་འདུས་སོ། །གླིང་ཆེན་པོ་བཞི་པ་སོ་སོ་ནས་ཀྱང་བརྒྱ་བྱིན་ཁྲི་ཉིས་སྟོང་ལྷགས་ཏེ། དེ་དག་ཀྱང་ འཁོར་དེ་ཉིད་དུ་འདུས་སོ། །དེ་བཞིན་དུ་གཞན་ཡང་དབང་ཆེ་བ་དབང་ཆེ་བར་གྲགས་པས་ཚངས་པ་དང་། བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་ དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ། །དེ་བཞིན་དུ་འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཀྱང་དེར་ལྷགས་སོ། དེ་ནས་བཅོམ་ལྡན་འདས་དཔལ་གྱི་སྙིང་པོའི་སེང་གེའི་ཁྲི་ལ་བཞུགས་ཏེ། འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །རྒྱ་མཚོའི་ནང་ནས་རིའི་རྒྱལ་པོ་རི་རབ་ མངོན་པར་འཕགས་པ་བཞིན་དུ་འཁོར་ཐམས་ཅད་ཟིལ་གྱིས་མནན་ཏེ་ལམ་མེ་ལྷན་ནེ་ལྷང་ངེས་དཔལ་གྱི་སྙིང་པོའི་སེང་གེའི་ཁྲི་ལ་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ལིད་ཙ་བི་གཞོན་ནུ་དཀོན་ མཆོག་འབྱུང་གནས་ལིད་ཙ་བི་གཞོན་ནུ་ལྔ་བརྒྱ་ཙམ་དང་། རིན་པོ་ཆེ་སྣ་བདུན་གྱི་གདུགས་ཐོགས་ནས་ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། ཨ་མྲ་སྲུང་བའི་ཚལ་ག་ལ་བ་དང་། བཅོམ་ལྡན་འདས་ ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ནས། རིན་པོ་ཆེའི་གདུགས་ཇི་ལྟ་བུ་ཐོགས་པ་དེ་དག་གིས་ བཅོམ་ལྡན་འདས་ལ་མངོན་པར་བསྐྱབས་ཏེ། མངོན་པར་བསྐྱབས་ནས་ཕྱོགས་གཅིག་འཁོད་དོ། །རིན་པོ་ཆེན་འི་གདུགས་དེ་དག་ཕུལ་མ་ཐག་ཏུ་དེའི་མདོ་ལ་སངས་རྒྱས་ཀྱི་མཐུས་རིན་པོ་ཆེའི་ 55-1-187a གདུགས་དེ་དག་གཅིག་ཏུ་གྱུར་ཏེ། རིན་པོ་ཆེའི་གདུགས་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཁེབས་པར་སྣང་ངོ་། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ ཀྱི་ཆུ་ཞེང་དེ་དག་ཀྱང་རིན་པོ་ཆེའི་གདུགས་ཆེན་པོ་དེ་ཉིད་ཀྱི་ནང་ན་སྣང་ངོ་། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རིའི་རྒྱལ་པོ་རི་རབ་གང་དག་ཡོད་པ་རྣམས་དང་། གངས་རི་དང་། རི་བཏང་བཟུང་ དང་། རི་བཏང་བཟུང་ཆེན་པོ་དང་། སྤོས་ཀྱི་ངད་ལྡན་དང་། རིན་པོ་ཆེའི་རི་དང་། རི་ནག་པོ་དང་། ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དང་། དེག་ཐམས་ཅད་ཀྱང་རིན་པོ་ཆེའི་གདུགས་ཆེན་པོ་དེ་ཉིད་ཀྱི་ནང་ན་སྣང་ངོ་། །སྟོང་གསུམ་གྱི་སྟོང་ཆེན་ པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱ་མཚོ་ཆེན་པོ་གང་དག་ཡོད་པ་རྣམས་དང་། མཚོ་དང་། མཚེའུ་དང་། རྫིང་དང་། འབབ་ཆུ་དང་། ཆུ་བྲན་དང་། ལུ་མ་འབབ་པ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེའི་གདུགས་ཆེན་པོ་དེ་ཉིད་ཀྱི་ནང་ན་སྣང་ངོ་། །སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཉི་མ་དང་ཟླ་བའི་གཞལ་མེད་ཁང་དང་། སྐར་མའི་གཟུགས་དང་། ལྷའི་གནས་དང་། ཀླུའི་གནས་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་གནས་རྣམས་དང་། རྒྱལ་པོ་ཆེན་པོ་བཞིའི་གནས་དང་། གྲོང་དང་། གྲོར་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེའི་གདུགས་ཆེན་ པོ་གཅིག་པོ་དེ་ཉིད་ཀྱི་ནང་ན་སྣང་ངོ་། །ཕྱོགས་བཅུའི་འཇིག་རྟེན་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་སྟོན་པ་གང་འབྱུང་བ་དེ་ཡང་རིན་པོ་ཆེའི་གདུགས་ཆེན་པོ་གཅིག་པོ་དེ་ལས་འབྱུང་བའི་སྒྲར་གྲག་གོ། །དེ་ནས་བཅོམ་ལྡན་ འདས་ལས་དེ་ལྟ་བུའི་ཆོ་འཕྲུལ་ཆེན་པོ་འདི་མཐོང་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ཏེ། ཚིམ་ཞིང་མགུ་ནས་ཡིད་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་དེ་བཞིན་གཤེགས་པ་ལ་ 55-1-187b ཕྱག་འཚལ་ཏེ། མིག་མི་འཛུམས་པར་ལྟ་ཞིང་འཁོད་དོ། །དེ་ནས་ལིད་ཙ་བི་གཞོན་ནུ་དཀོན་མཆོག་འབྱུང་གནས་ཀྱིས་བཅོམ་ལྡན་འདས་ལས་དེ་ལྟ་བུའི་ཆོ་འཕྲུལ་ཆེན་པོ་འདི་མཐོང་ནས་པུས་མོ་གཡས་པའི་ལྷ་ང་ས་ ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །གཙང་ཞིང་མཛེས་པ་པད་མའི་འདབ་ ལྟར་ཡངས་པའི་སྤྱན། །དགོངས་པ་དག་ཅིང་ཞི་གནས་ཕ་རོལ་ཕྱིན་མཆོག་བརྙེས། །དགེ་བའི་ལས་བསགས་ཡོན་ཏན་རྒྱ་མཚོ་དཔག་མི་ལང་། །དགེ་སྦྱོང་ཞི་བའི་ལམ་བརྟེན་ཁྱོད་ལ་ཕྱག་འཚལ་ ལོ། །སྐྱེས་བུ་ཁྱུ་མཆོག་འདྲེན་པའི་རྫུ་འཕྲུལ་ཁྱོད་གཟིགས་ཤིག །བདེ་བར་གཤེགས་པའི་ཞིང་མཆོག་རབ་གསལ་ཀུན་ཀྱང་གདའ། །ཁྱོད་ཀྱི་ཆོས་ཀྱི་བཀའ་མཆིད་རྒྱ་ཆེ་འཆི་མེད་ འགྲོ། །དེ་དག་ཐམས་ཅད་ནམ་མཁའ་འདི་ཡི་དཀྱིལ་ན་གདའ། །ཁྱོད་ཀྱི་ཆོས་ཀྱི་རྒྱལ་སྲིད་མཆོག་འདི་ཆོས་ཀྱིས་རྒྱལ། །རྒྱལ་བས་འགྲོ་བ་རྣམས་ལ་ཆོས་ཀྱི་ནོར་ཀྱང་སྩལ། ། ཆོས་རྣམས་རབ་ཏུ་འབྱེད་མཁས་དོན་དམ་སྟོན་མཛད་པ། །ཆོས་ཀྱི་དབང་ཕྱུག་ཆོས་རྒྱལ་ཁྱོད་ལ་མགོས་ཕྱག་འཚལ། །མཆིས་པ་མ་ལགས་པ་དང་མ་མཆིས་མ་ལགས་ དང་། །ཆོས་འདི་ཐམས་ཅད་རྒྱུ་ལས་བརྟེན་ནས་འབྱུང་བ་དང་། །འདི་ལ་བདག་མེད་ཚོར་བ་པོ་དང་བྱེད་མེད་ཅིང་། །དགེ་སྡིག་ལས་ཅིའང་ཆུད་མི་ཟ་ཞེས་གསུང་ གིས་སྟོན། །ཐུབ་དབང་ཁྱོད་ཀྱིས་བདུད་དཔུང་སྟོབས་ཅན་རབ་བཏུལ་ནས། །བྱང་ཆུབ་མཆོག་རབ་ཞི་བ་མི་འཆི་བདེ་བ་བརྙེས། །དེ་ལ་ཚོར་མེད་སེམས་དང་ཡིད་ཀྱི་རྒྱུ་བ་མེད། །མུ་སྟེགས་ངན་པའི་ཚོགས་རྣམས་ཀུན་གྱིས་དེ་མི་ 55-1-188a རྟོགས། །རྨད་བྱུང་ཆོས་ཀྱི་རྒྱལ་པོ་ལྷ་མི་མངོན་སུམ་དུ། །ལན་གསུམ་བཟླས་པ་ཆོས་ཀྱི་འཁོར་ལོ་རྣམ་མང་པོ། །ཤིན་དུ་ཞི་བ་རང་བཞིན་རྣམ་དག་རབ་ཏུ་བསྐོར། །དེ་ཚེ་དཀོན་མཆོག་གསུམ་པོ་དག་ཀྱང་ཉེ་བར་བསྟན། ཁྱོད་ཀྱིས་དཀོན་མཆོག་ཆོས་ཀྱིས་ལེགས་པར་གང་བཏུལ་བ། །དེ་དག་རྟོག་པ་མ་མཆིས་རྟག་པར་རབ་ཏུ་ཞི། །ཁྱོད་ནི་སྐྱེ་རྒ་ན་འཆི་མཐར་འབྱིན་སྨན་པའི་མཆོག །ཡོན་ཏན་རྒྱ་མཚོ་དཔག་མི་ལང་ལ་མགོས་ཕྱག་འཚལ། སྟི་སྟང་ལེགས་པར་བགྱིས་པས་མི་བསྐྱོད་རི་རབ་བཞིན། །ཚུལ་ཁྲིམས་ལྡན་དང་ཚུལ་ཁྲིམས་འཆལ་ལ་མཚུངས་པར་བྱམས། །མཉམ་པ་ཉིད་ལ་བཞུགས་ཤིང་ཐུགས་ཀྱང་ནམ་མཁའ་བཞིན། །སེམས་ཅན་དཀོན་མཆོག་འདི་ ལ་སུ་ཞིག་མཆོད་མི་བགྱིད། །ཐུབ་པ་ཆེན་པོ་འཁོར་རྣམས་འདུས་པ་འདི་དག་ནི། །ཁྱོད་ཀྱི་ཞལ་དུ་རབ་ཏུ་དད་པའི་ཡིད་ཀྱིས་ལྟ། །ཐམས་ཅད་ཀྱིས་ཀྱང་རྒྱལ་བ་རང་གི་མདུན་གནས་མཐོང་། །དེ་ནི་རྒྱལ་བའི་མ་འདྲེས་སངས་རྒྱས་ མཚན་ལགས་སོ། །བཅོམ་ལྡན་འདས་ཀྱི་གསུང་གཅིག་རབ་ཏུ་ཕྱུང་བ་ཡང་། །འཁོར་རྣམས་ཀྱིས་ནི་གསུང་ལ་ཐ་དད་རྣམ་པར་རིག །འགྲོ་བ་དག་གིས་རང་གི་དོན་བཞིན་རྣམ་རིག་པ། །དེ་ནི་རྒྱལ་བའི་མ་འདྲེས་སངས་རྒྱས་ མཚན་ལགས་སོ། །གསུང་གཅིག་རབ་ཏུ་བསྒྲགས་པ་མཛད་པ་དེ་ཡིས་ནི། །ཁ་ཅིག་བག་ཆགས་བསྒོས་ཤིང་ཁ་ཅིག་རྟོགས་པར་བྱས། །སོམ་ཉི་འཚལ་བ་འདྲེན་པས་རབ་ཏུ་ཞི་མཛད་དེ། །དེ་ནི་རྒྱལ་བའི་མ་འདྲེས་སངས་ རྒྱས་མཚན་ལེགས་སོ། །སྟོབས་བཅུ་འདྲེན་པའི་རྩལ་མངའ་ཁྱོད་ལ་ཕྱག་འཚལ་ལོ། །འཇིགས་པ་མི་མངའ་འཇིགས་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །མ་འདྲེས་པ་ཡི་ཆོས་རྣམས་ངེས་པར་རབ་རྟོགས་པ། །འགྲོ་བ་ ཐམས་ཅད་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ། །ཀུན་དུ་སྦྱོར་བའི་བཅིངས་པ་གཅོད་ལ་ཕྱག་འཚལ་ལོ། །ཕ་རོལ་ཕྱིན་ནས་སྐམ་ལ་བཞུགས་ལ་ཕྱག་འཚལ་ལོ། །དུབ་པའི་འགྲོ་བ་སྒྲོལ་བ་ཁྱོད་ལ་ཕྱག་འཚལ་ལོ། ། 55-1-188b འཁོར་བའི་འགྲོ་བར་མི་གནས་པ་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་དང་འགྲོ་བར་ཞུགས་ཤིང་ཀུན་འགྲོགས་ཀྱང་། །འགྲོ་བ་ཐམས་ཅད་ལས་ནི་རྣམ་པར་གྲོལ་བའི་ཐུགས། །པད་མ་དག་ནི་ཆུ་སྐྱེས་ཆུ་ཡིས་ ཡོངས་མི་གོས། །ཐུབ་པའི་པད་མས་སྟོང་པ་ཉིད་ནི་ངེས་པར་བསྒོམས། །མཚན་མ་ཐམས་ཅད་རྣམ་པ་ཀུན་དུ་རབ་ཏུ་བསལ། །ཁྱོད་ནི་ཅི་ལའང་སྨོན་པར་མཛད་པ་ཡོང་མི་མངའ། །སངས་རྒྱས་དག་གི་མཐུ་ཆེན་ བསམ་གྱིས་མི་ཁྱབ་སྟེ། །ནམ་མཁའ་ལྟ་བུར་མི་གནས་པ་ལ་བདག་ཕྱག་འཚལ། །དེ་ནས་བཅོམ་ལྡན་འདས་ལ་ལིད་ཙ་བི་གཞོན་ནུ་དཀོན་མཆོག་འབྱུང་གནས་ཀྱིས་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལིད་ཙ་བི་གཞོན་ནུ་ལྔ་བརྒྱ་ཙམ་པོ་འདི་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ཏེ། འདི་དག་ཀྱང་ བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གང་ལགས་ཤེས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཞུ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་དེ་དག་ལ་ སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལིད་ཙ་བི་གཞོན་ནུ་དཀོན་མཆོག་འབྱུང་གནས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་ སོ་ལེགས་སོ། །གཞོན་ནུ་ཁྱོད་གང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལས་བརྩམས་ཏེ་དེ་བཞིན་གཤེགས་པ་ལ་འདྲི་བ་ལེགས་སོ། །དེའི་ཕྱིར་གཞོན་ནུ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལས་བརྩམས་ཏེ་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་ལིད་ཚ་བི་གཞོན་ནུ་དཀོན་མཆོག་འབྱུང་ 55-1-189a གནས་དང་། ལིད་ཙ་བི་གཞོན་ནུ་ལྔ་བརྒྱ་ཙམ་པོ་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་སེམས་ཅན་གྱི་ཞིང་ནི་བྱང་ ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཇི་ཙམ་དུ་སེམས་ཅན་རྣམས་ལ་རྒྱས་པར་བྱེད་པ་དེ་ཙམ་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །སེམས་ཅན་རྣམས་ ཇི་ལྟ་བུས་འདུལ་བར་འགྱུར་བ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །སངས་རྒྱས་ཀྱི་ཞིང་ལ་འཇུག་པ་ཇི་ལྟ་བུས་སེམས་ཅན་རྣམས་སངས་རྒྱས་ཀྱི་ཡེ་ཤེས་ལ་འཇུག་པར་འགྱུར་བ་དེ་ལྟ་བུའི་སངས་རྒྱས་ ཀྱི་ཞིང་ཡོངས་སུ་འཛིན་ཏོ། །སངས་རྒྱས་ཀྱི་ཞིང་ལ་འཇུག་པ་ཇི་ལྟ་བུས་སེམས་ཅན་རྣམས་འཕགས་པ་ལྟ་བུའི་དབང་པོ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན་ རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ནི་སེམས་ཅན་གྱི་དོན་ལས་བྱུང་བའི་ཕྱིར་རོ། །དཀོན་མཆོག་འབྱུང་གནས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ཇི་ལྟ་བུར་བྱ་བ་འདོད་པ་དེ་བཞིན་དུ་ བྱེད་མོད་ཀྱི་ནམ་མཁའ་ལ་ནི་བྱར་མི་རུང་ཞིང་བརྒྱན་དུ་ཡང་མི་རུང་བ་དེ་བཞིན་དུ། དཀོན་མཆོག་འབྱུང་གནས་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པར་ཤེས་ནས་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་ པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཇི་ལྟ་བུར་བྱ་བར་འདོད་པ་དེ་ལྟ་བུར་སངས་རྒྱས་ཀྱི་ཞིང་བྱེད་མོད་ཀྱི། སངས་རྒྱས་ཀྱི་ཞིང་ནམ་མཁར་ནི་བྱར་མི་རུང་ངོ་། བརྒྱན་དུ་མི་རུང་ངོ་། །དཀོན་མཆོག་འབྱུང་གནས་ འོན་ཀྱང་བསམ་པའི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་གཡོ་མེད་པ་དང་། སྒྱུ་མེད་པ་རྣམས་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ་ 55-1-189b ལྷག་པའི་བསམ་པའི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དུ་དགེ་བའི་རྩ་བ་དང་ཚོགས་ཐམས་ཅད་བསགས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། ། སྦྱོར་བའི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དུ་དགེ་བའི་ཆོས་ཐམས་ཅད་ལ་གནས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ སེམས་བསྐྱེད་པ་རྒྱ་ཆེན་པོ་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། ། སྦྱིན་པའི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །ཚུལ་ཁྲིམས་ ཀྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་བསམ་པ་ཐམས་ཅད་དང་ལྡན་པའི་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་སྲུང་བའི་སེམས་ཅན་རྣམས་སྐྱེ་བར་ འགྱུར་རོ། །བཟོད་པའི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་ཅིང་བཟོད་པ་དང་། དུལ་བ་དང་ཞི་གནས་ དམ་པའི་ཕ་རོལ་དུ་ཕྱིན་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །བརྩོན་འགྲུས་ཀྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་དགེ་བའི་ཆོས་ཐམས་ ཅད་ལ་བརྩོན་འགྲུས་བརྩམས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །བསམ་གཏན་གྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་དྲན་པ་དང་ 55-1-190a ཤེས་བཞིན་གྱིས་མཉམ་པར་བཞག་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །ཤེས་རབ་ཀྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་ཡང་དག་པ་ཉིད་ དུ་ངེས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །ཚད་མེད་པ་བཞི་རྣམས་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་བྱམས་པ་དང་། སྙིང་ རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་གནས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །བསྡུ་བའི་དངོས་པོ་བཞི་རྣམས་ཞི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ ཞིང་དེར་རྣམ་པར་གྲོལ་བ་ཐམས་ཅད་ཀྱིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །ཐབས་ལ་མཁས་པ་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་ཐབས་ དང་སྤྱོད་པ་ཐམས་ཅད་ལ་མཁས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ ཀྱི་ཞིང་དེར་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། འརྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་སྒྲུབ་པ་ཤེས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། ། ཡོངས་སུ་སྔོ་བའི་སེམས་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དུ་ཡོན་ཏན་ཐམས་ཅད་ཀྱི་རྒྱན་རྣམས་སྣང་བར་འགྱུར་རོ། །མི་ཁོམ་པ་བརྒྱད་རབ་ཏུ་ཞི་བར་བསྟན་པ་ ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་ཐམས་ཅད་ཤིན་ཏུ་ཆད་ཅིང་མི་ཁོམ་པ་བརྒྱད་མེད་པར་འགྱུར་རོ། །བདག་ཉིད་བསླབ་པའི་གཞི་རྣམས་ལ་ 55-1-190b གནས་ཤིང་ཕ་རོལ་གྱི་ལྟུང་བ་མི་གླེང་བ་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་ལྟུང་བའི་སྒྲ་ཡང་མི་གྲག་པར་འགྱུར་རོ། དགེ་བ་བཅུའི་ལས་ ཀྱི་ལམ་ཡོངས་སུ་དག་པ་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་ཚེ་ངེས་པ་དང་། ལོངས་སྤྱོད་ཆེ་བ་དང་། ཚངས་པར་སྤྱོད་པ་དང་། བདེ་བའི་རྗེས་སུ་ འཇུག་པའི་ཚིག་གིས་བརྒྱན་པ་དང་། ངག་འཇམ་པ་དང་། འཁོར་མི་ཕྱེད་པ་དང་། བྱེ་བ་སྡུམ་པ་ལ་མཁས་པ་དང་། ཕྲག་དོག་དང་བྲལ་བ་དང་། གནོད་སེམས་ཀྱི་སེམས་མེད་པ་དང་། ཡང་དག་པར་ལྟ་བ་དང་ ལྡན་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཅི་འདྲ་བར་བསམ་པ་ཡང་དེ་འདྲའོ། །བསམ་པ་ཅི་འདྲ་བར་སྦྱོར་བ་ཡང་དེ་འདྲའོ། ། སྦྱོར་བ་ཇི་སྙེད་པར་ལྷག་པའི་བསམ་པ་ཡང་དེ་སྙེད་དོ། །ལྷག་པའི་བསམ་པ་ཇི་སྙེད་པར་ངེས་པར་སེམས་པ་ཡང་དེ་སྙེད་དོ། །ངེས་པར་སེམས་པ་ཇི་སྙེད་པར་སྒྲུབ་པ་ཡང་དེ་སྙེད་དོ། །སྒྲུབ་པ་ཇི་སྙེད་པར་ཡོངས་སུ་ བསྔོ་བ་ཡང་དེ་སྙེད་དོ། །ཡོངས་སུ་བསྔོ་བ་ཇི་སྙེད་པར་ཐབས་རྣམས་ཀྱང་དེ་སྙེད་དོ། །ཐབས་རྣམས་ཇི་སྙེད་པར་ཞིང་ཡོངས་སུ་དག་པ་ཡང་དེ་སྙེད་དེ། ཞིང་ཡོངས་སུ་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ ཡོངས་སུ་དག་པ་ཡང་དེ་བཞིན་ནོ། །སེམས་ཅན་ཡོངས་སུ་དག་པ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་ཡོངས་སུ་དག་པ་ཡང་དེ་བཞིན་ནོ། །ཡེ་ཤེས་ཡོངས་སུ་དག་པ་ཇི་ལྟ་བ་བཞིན་དུ་བསྟན་པ་ཡོངས་སུ་དག་པ་ཡང་དེ་ བཞིན་ནོ། །བསྟན་པ་ཡོངས་སུ་དག་པ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་བསྒྲུབས་པ་ཡོངས་སུ་དག་པ་ཡང་དེ་བཞིན་ནོ། །ཡེ་ཤེས་བསྒྲུབས་པ་ཡོངས་སུ་དག་པ་ཇི་ལྟ་བ་བཞིན་དུ་རང་གི་སེམས་ཡོངས་སུ་དག་པ་ཡང་ 55-1-191a དེ་བཞིན་ཏེ། རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་འདོད་པས་རང་གི་སེམས་ཡོངས་སུ་སྦྱང་བ་ལ་ནན་ཏན་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟ་བུར་ བྱང་ཆུབ་སེམས་དཔའི་སེམས་ཡོངས་སུ་དག་པ་དེ་འདྲ་བར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་རོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཇི་ལྟར་བུར་ སེམས་ཡོངས་སུ་དག་པ་དེ་འདྲ་བར་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། དེ་སེམས་ཡོངས་སུ་མ་དག་ གམ། ཅི་ནས་སངས་རྒྱས་ཀྱི་ཞིང་འདི་ལྟ་བུར་ཡོངསུ་མ་དག་པར་སྣང་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་ཚེ་དང་ལྡན་པ་ ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཉི་མ་དང་ཟླ་བ་ཡོངས་སུ་མ་དག་གམ་ཅི་ན་དམུས་ལོང་དག་གིས་མི་མཐོང་། གསོལ་པ། བཅོམ་ལྡན་འདས་དེ་ལྟར་མ་ལགས་སོ། ། དེ་དམུས་ལོང་གིས་ནོངས་ཀྱི་ཉི་མ་དང་ཟླ་བས་ནི་མ་ནོངས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་དུ་སེམས་ཅན་ལ་ལས་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་བཀོད་པ་མི་མཐོང་བ་དེ་ ནི་སེམས་ཅན་རྣམས་ཀྱི་མི་ཤེས་པས་ཉེས་ཀྱི་དེ་ལ་དེ་བཞིན་གཤེགས་པས་ཉེས་པ་ནི་མ་ཡིན་ནོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་མོད་ཀྱི་ཁྱོད་ཀྱིས་དེ་མི་མཐོང་ངོ་། །དེ་ནས་ཚངས་པ་རལ་པ་ཅན་གྱིས་ གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་དག་གོ་ཞེས་མ་ཟེར་ཅིག །བཙུན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་ 55-1-191b སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འདི་ལྟ་སྟེ་དཔེར་ན་བཙུན་པ་ཤཱ་རིའི་བུ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གནས་ཀྱི་བཀོད་པ་བཞིན་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་བཀོད་པ་ འང་ཁོ་བོས་དེ་འདྲ་བ་མཐོང་ངོ་། །དེ་ནས་གནས་བརྟན་ཤཱ་རིའི་བུས་ཚངས་པ་རལ་པ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཚངས་པ་ཁོ་བོས་ནི་ས་ཆེན་པོ་འདི་མཐོ་དམན་དང་། ཚེར་མ་དང་། གཡང་ས་དང་། རིའི་རྩེ་མོ་དང་། ངམ་གྲོག་དང་། འཇིམ་ངན་གྱིས་རབ་ཏུ་གང་བར་མཐོང་ངོ་། །ཚངས་པ་རལ་པ་ཅན་གྱིས་སྨྲས་པ། འདི་ལྟར་སངས་རྒྱས་ཀྱི་ཞིང་འདྲ་བར་ཡོངས་སུ་མ་དག་པར་མཐོང་བ་ནི་བཙུན་པ་ཤཱ་རིའི་བུ་སེམས་ལ་མཐོ་དམན་ཡོད་ཅིང་ སངས་རྒྱས་ཀྱི་ཡེ་ཤེས་ལ་བསམ་པ་ཡོངས་སུ་མ་དག་པར་ངེས་སོ། །གང་དག་བཙུན་པ་ཤཱ་རིའི་བུ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་ཞིང་སངས་རྒྱས་ཀྱི་ཡེ་ཤེས་ལ་བསམ་པ་ཡོངས་སུ་དག་པ་དེ་དག་གིས་ནི་ སངས་རྒྱས་ཀྱི་ཞིང་འདི་ཡོངས་སུ་དག་པར་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལ་ཞབས་ཀྱི་མཐེ་བོས་བསྣུན་པ་དང་། བསྣུན་མ་ཐག་ཏུ་འཇིག་རྟེན་ གྱི་ཁམས་འདི་རིན་པོ་ཆེ་དུ་མ་བརྩེགས་པ་དང་། རིན་པོ་ཆེ་བརྒྱ་སྟོང་དུ་མའི་ཚོགས་དག་རིན་པོ་ཆེ་བརྒྱ་སྟོང་དུ་མ་སོ་སོར་བཀོད་པར་གྱུར་པ་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པའི་འཇིག་ རྟེན་གྱི་ཁམས་ཡོན་ཏན་རིན་ཆེན་མཐའ་ཡས་བཀོད་པ་བཞིན་དུ་འཇིག་རྟེན་གྱི་ཁམས་འདིའང་དེ་འདྲའོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེའང་ངོ་མཚར་དུ་གྱུར་ཅིང་བདག་ཉིད་ཀྱང་རིན་པོ་ཆེའི་ པད་མ་བཀོད་པའི་སྟན་ལ་འདུག་པ་སྙམ་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་འདི་མཐོང་ངམ་ 55-1-192a གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །སྔོན་མ་མཐོང་མ་ཐོས་པའི་བཀོད་པ་འདི་དག་གདའོ། །བཀའ་སྩལ་པ། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནི་རྟག་ཏུ་འདི་འདྲ་མོད་ཀྱི་སེམས་ ཅན་དམན་པ་རྣམས་ཡོངས་སུ་སྨིན་པར་བྱས་པའི་ཕྱིར་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཞིང་དེ་ལྟ་བུར་ཉེས་པ་མང་པོའི་སྐྱོན་ཆགས་པར་སྟོན་ཏེ། ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་ལྷའི་བུ་རྣམས་རིན་པོ་ཆེའི་སྣོད་ གཅིག་ཏུ་ཟས་ཟ་ཡང་བསོད་ནམས་ཇི་ལྟ་བུ་བསགས་པའི་བྱེ་བྲག་གིས་ལྷའི་ཟས་བདུད་རྩི་ཉེ་བར་གནས་པ་དེ་བཞིན་དུ་ཤཱ་རིའི་བུ་སེམས་ཅན་སངས་རྒྱས་ཀྱི་ཞིང་གཅིག་ཏུ་སྐྱེས་པ་དག་ཀྱང་སེམས་ཅན་ཇི་ ལྟར་ཡོངས་སུ་དག་པ་བཞིན་དུ་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་མཐོང་ངོ་། །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་བཀོད་པ་འདི་སྣང་བ་ན་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །ལིད་ཙ་བི་གཞོན་ནུ་གང་དག་ལིད་ཙ་བི་གཞོན་ནུ་དཀོན་མཆོག་འབྱུང་གནས་དང་ལྷན་ཅིག་ཏུ་ལྷགས་པ་ལྔ་བརྒྱ་པོ་དེ་དག་ཀྱང་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་དེ་དག་བརྟུལ་བ་དང་། དེ་ནས་ཡང་སངས་རྒྱས་ཀྱི་ཞིང་དེ་ཕྱིར་སྔོན་གྱི་རང་བཞིན་དུ་གྱུར་པར་སྣང་ངོ་། །དེ་ན་ཉན་ཐོས་ཀྱི་ཐེག་པ་ཅན་གྱི་ལྷ་དང་མི་རྣམས་འདི་སྙམ་དུ་ སེམས་ཏེ། ཀྱེ་མའོ་འདུ་བྱེད་འདི་དག་ནི་མི་རྟག་གོ་སྙམ་དུ་རིག་ནས་སྲོག་ཆགས་སུམ་ཁྲི་ཉིས་སྟོང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །དགེ་སློང་བརྒྱད་སྟོང་ནི་ལེན་པ་མེད་པར་ ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །སངས་རྒྱས་ཀྱི་ཞིང་རྒྱ་ཆེན་པོ་ལ་མོས་པའི་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ཡང་ཆོས་ཐམས་ཅད་རྣམ་པར་བསྒྲུབས་པས་ཉེ་བར་གཞག་པའི་མཚན་ཉིད་དུ་རིག་ནས་བླ་ན་མེད་ 55-1-192b པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གླེང་གཞིའི་ལེའུ་སྟེ་དང་པོའོ།། །། ཡང་དེའི་ཚེ་ཡངས་པའི་གྲོང་ཁྱེར་ཆེན་པོ་ན་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ ཞེས་བྱ་བ་ཞིག་འདུག་སྟེ། སྔོན་གྱི་རྒྱལ་ལ་ལྷག་པར་བྱ་བ་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། བཟོད་པ་ཐོབ་པ། སྤོབས་པ་ཐོབ་པ། མངོན་པར་ཤེས་པ་ཆེན་པོས་རྣམ་པར་ རྩེན་པ། གཟུངས་ཐོབ་པ། མི་འཇིགས་པ་ཐོབ་པ། བདུད་དང་ཕྱིར་རྒོལ་བ་བཅོམ་པ། ཆོས་ཀྱི་ཚུལ་ཟབ་མོ་ལ་ཤིན་དུ་ཞུགས་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་ངེས་པར་བྱུང་བ། ཐབས་མཁས་པ་རྟོགས་པར་ཁོང་དུ་ ཆུད་པ། སྤོབས་པ་དང་ལྡན་པ། སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་མཁས་པ། སེམས་ཅན་གྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ལས་ངེས་པར་བྱུང་བ་སོ་སོ་ཅི་རིགས་པར་ཆོས་སྟོན་པ། ཐེག་པ་ཆེན་པོ་འདི་ ལ་བརྩོན་པར་བྱས་ཤིང་ཤེས་པར་བྱས་པ། ཤིན་དུ་བརྟགས་ཏེ་ལས་བྱེད་པ། སངས་རྒྱས་ཀྱི་སྤྱོད་ལམ་ལ་གནས་པ། བློ་དམ་པ་རྒྱ་མཚོ་ལྟ་བུའི་རྗེས་སུ་ཞུགས་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བཀུར་ཏེ་རབ་ ཏུ་བསྔགས་པ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་ཕྱག་བྱས་པ་དེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐབས་ལ་མཁས་པས་ཡངས་པའི་གྲོང་ཁྱེར་ཆེན་པོ་ན་གནས་ཏེ། སེམས་ཅན་ མགོན་མེད་པ་དང་དབུལ་པོ་རྣམས་བསྡུ་བའི་ཕྱིར་ལོངས་སྤྱོད་ཟད་མི་ཤེས་པ། སེམས་ཅན་ཚུལ་ཁྲིམས་འཆལ་པ་རྣམས་བསྡུ་བའི་ཕྱིར་ཚུལ་ཁྲིམས་ཡོངས་སུ་དག་པ། སེམས་ཅན་སྡང་བ་དང་། རབ་ཏུ་སྡང་ བ་དང་། གནོད་སེམས་ཅན་དང་། ཚུལ་ཁྲིམས་འཆལ་པ་དང་། ཁྲོ་བའི་སེམས་ཅན་རྣམས་བསྡུ་བའི་ཕྱིར་བཟོད་པ་དང་དུལ་བ་ཐོབ་པ། སེམས་ཅན་ལེ་ལོ་ཅན་རྣམས་བསྡུ་བའི་ཕྱིར་བརྩོན་འགྲུས་འབར་བ། 55-1-193a སེམས་འཁྲུག་པའི་སེམས་ཅན་རྣམས་བསྡུ་བའི་ཕྱིར་བསམ་གཏན་དང་། དྲན་པ་དང་། ཏིང་ངེ་འཛིན་ལ་གནས་པ། སེམས་ཅན་འཆལ་པའི་ཤེས་རབ་ཅན་རྣམས་བསྡུ་བའི་ཕྱིར་ཤེས་རབ་རྣམ་ པར་ངེས་པ་ཐོབ་པ། གོས་དཀར་པོ་གྱོན་ལ་དགེ་སྦྱོང་གི་སྤྱོད་པས་ཕུན་སུམ་ཚོགས་པ། ཁྱིམ་གྱི་གནས་ན་གནས་ལ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་མ་ འདྲེས་པ། བུ་དང་། ཆུང་མ་དང་། སླས་རྣམས་ཀྱང་རྟག་ཏུ་ཚངས་པར་སྤྱོད་པ། གཡོག་བྲན་གྱིས་ཡོངས་སུ་བསྐོར་བར་སྣང་ཡང་རབ་ཏུ་དབེན་པར་སྤྱོད་པ། རྒྱན་གྱིས་བརྒྱན་པར་སྣང་ཡང་རྟག་ཏུ་ མཚན་དང་ལྡན་པ། ཟས་སྐོམ་གྱིས་ཟས་ཟ་བར་སྣང་བ་ཡང་རྟག་ཏུ་བསམ་གཏན་གྱི་དགའ་བའི་ཟས་ཟ་བ། རྩེད་མོ་དང་། རྒྱན་པོའི་གྲྭ་ཐམས་ཅད་ན་སྣང་ཡང་རྩེད་མོ་དང་རྒྱན་པོ་ལ་ཆགས་པའི་སེམས་ ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་རྟག་ཏུ་དོན་ཡོད་པ། སྤྱོད་པ་ཡ་མཚན་ཅན་ཐམས་ཅད་ཚོལ་ཡང་སངས་རྒྱས་ལ་མི་ཕྱེད་པའི་བསམ་པ་དང་ལྡན་པ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ གསང་སྔགས་དང་བསྟན་བཅོས་ཀྱི་རྣམ་པ་ཤེས་ཀྱང་རྟག་ཏུ་ཆོས་ཀྱི་ཀུན་དགའ་ལ་དགའ་མོས་པ། འདུ་འཛི་ཀུན་གྱི་ནང་ན་སྣང་ཡང་ཐམས་ཅད་ཀྱི་ནང་ན་གཙོ་བོར་མཆོད་པ། འཇིག་རྟེན་དང་འཐུན་པར་བྱ་བའི་ ཕྱིར་རྒན་རབས་དང་། བར་མ་དང་། གཞོན་ནུའི་གྲོགས་སུ་གྱུར་ཅིང་ཆོས་བཞིན་དུ་སྨྲ་བ། ཐ་སྙད་ཐམས་ཅད་དུ་འཇུག་ཀྱང་རྙེད་པ་དང་ལོངས་སྤྱོད་ལ་རེ་བ་མེད་པ། སེམས་ཅན་ཐམས་ཅད་གདུལ་བའི་ཕྱིར་ལམ་གྱི་ བཞི་མདོ་དང་སུམ་མདོ་ཐམས་ཅད་ན་འང་སྣང་ལ་སེམས་ཅན་རྣམས་སྲུང་བའི་ཕྱིར་རྒྱལ་པོའི་བྱ་བ་རྣམས་ལ་ཡང་ཞུགས་པ། ཐེག་པ་དམན་པ་ལ་མོས་པ་ཟློག་ཅིང་ཐེག་པ་ཆེན་པོ་ལ་སེམས་ཅན་རྣམས་ཡང་དག་ 55-1-193b པར་གཟུད་པའི་ཕྱིར་ཆོས་ཉན་པ་དང་། ཡང་དག་པར་བརྗོད་པ་ཐམས་ཅད་ན་ཡང་སྣང་བ། བྱིས་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡི་གེའི་གྲྭ་ཁང་ཐམས་ཅད་ཏུ་འང་འགྲོ་བ། འདོད་པའི་ཉེས་པ་ ཡང་དག་པར་བསྟན་པའི་ཕྱིར་སྨད་འཚོང་གི་ཁྱིམ་ཀུན་དུའང་འཇུག་པ། དྲན་པ་ཡང་དག་པར་གཞག་པའི་ཕྱིར་ཆང་འཚོང་བའི་ཁྱིམ་ཐམས་ཅད་དུའང་འཇུག་པ། ཆོས་ཀྱི་མཆོག་བསྟན་པའི་ཕྱིར་ཚོང་དཔོན་གྱི་ནང་དུ་ ཡང་ཚོང་དཔོན་ཀུན་གྱིས་བཀུར་བ། འཛིན་པ་ཐམས་ཅད་ཀྱི་ལེན་པ་ཡོངས་སུ་གཅད་པའི་ཕྱིར་ཁྱིམ་བདག་གི་ནང་དུའང་ཁྱིམ་བདག་ཏུ་ཀུན་གྱིས་བཀུར་བ། བཟོད་པ་དང་དེས་པ་དང་། སྟོབས་ལ་རབ་ཏུ་དགོད་པའི་ཕྱིར་ རྒྱལ་རིགས་ཀྱི་ནང་དུ་རྒྱལ་རིགས་སུ་ཀུན་གྱིས་བཀུར་བ། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ཤིན་དུ་གཞོམ་པའི་ཕྱིར་བྲམ་ཟེའི་ནང་དུ་ཡང་བྲམ་ཟེར་ཀུན་གྱིས་བཀུར་བ། རྒྱལ་པོའི་བྱ་བ་ཐམས་ཅད་ཆོས་དང་མཐུན་ པར་བསྒོ་བའི་ཕྱིར་བློན་པོའི་ནང་དུ་ཡང་བློན་པོར་ཀུན་གྱིས་བཀུར་བ། རྒྱལ་པོའི་ལོངས་སྤྱོད་དང་དབང་ཕྱུག་ལ་ཆགས་པ་བཟློག་པའི་ཕྱིར་གཞོན་ནུའི་ནང་དུ་ཡང་གཞོན་ནུར་ཀུན་གྱིས་བཀུར་བ། བུད་མེད་གཞོན་ནུ་ཡོངས་ སུ་སྨིན་པར་བྱ་བའི་ཕྱིར་བཙུན་མོའི་འཁོར་གྱི་ནང་དུ་ཡང་ཉུང་རུམ་དུ་ཀུན་གྱིས་བཀུར་བ། ཐ་མལ་བའི་བསོད་ནམས་ཁྱད་པར་དུ་འཕགས་པར་དམིགས་པར་བྱ་བའི་ཕྱིར་སྐྱེ་བོ་ཕལ་པ་དང་ཡང་འཐུན་པར་འཇུག་ པ། དབང་ཕྱུག་གི་བདག་པོར་བསྟན་པའི་ཕྱིར་བརྒྱ་བྱིན་གྱི་ནང་དུ་ཡང་བརྒྱ་བྱིན་དུ་ཀུན་གྱིས་བཀུར་བ། ཡེ་ཤེས་ཀྱི་ཁྱད་པར་བསྟན་པའི་ཕྱིར་ཚངས་པའི་ནང་དུའང་ཚངས་པར་ཀུན་གྱིས་བཀུར་བ། སེམས་ ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཇིག་རྟེན་སྐྱོང་དུ་ཀུན་གྱིས་བཀུར་བ་སྟེ། དེ་ལྟར་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ཚད་མེད་པའི་ཐབས་ལ་མཁས་པའི་ཡེ་ཤེས་དང་ལྡན་ཏེ། ཡངས་པའི་གྲོང་ 55-1-194a ཁྱེར་ཆེན་པོ་ན་གནས་ཤིང་འདུག་གོ། །དེ་ཐབས་ལ་མཁས་པས་བདག་ཉིད་ན་བ་ལྟ་བུར་བསྟན་ནས་དེ་ལ་ནད་འདྲི་བའི་ཕྱིར་ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་རྒྱལ་པོ་དང་། བློན་པོ་དང་། དབང་པོ་དང་། གཞོན་ནུའི་འཁོར་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། ཚོངས་དཔོན་དང་། གྲོང་པ་དང་། ཡུལ་གྱི་མི་དང་། དེ་མ་ཡིན་པ་སྲོག་ཆགས་སྟོང་ཕྲག་མང་པོ་ནད་འདྲིར་འོངས་ཏེ། དེར་ལྷགས་པ་དེ་དག་ ལ་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་འབྱུང་བ་ཆེན་པོ་བཞིའི་འདི་ཉིད་ལས་བརྩམས་ནས་ཆོས་སྟོན་ཏེ། གྲོགས་པོ་དག་ལུས་འདི་ནི་འདི་ལྟར་མི་རྟག་པ། འདི་ལྟར་མི་བརྟན་པ། འདི་ལྟར་ཡིད་བརྟན་དུ་མི་ རུང་བ། འདི་ལྟར་ཉམ་ཆུང་བ། འདི་ལྟར་སྙིང་པོ་མེད་པ། འདི་ལྟར་ཞིག་པ། འདི་ལྟར་ཡུན་ཐུང་བ། འདི་ལྟར་སྡུག་བསྔལ་བ། འདི་ལྟར་ནད་མང་བ། འདི་ལྟར་འགྱུར་བའི་ཆོས་ཅན་ནོ། །གྲོགས་པོ་དག་འདི་ལྟར་ ལུས་འདི་ནི་ནད་མང་པོའི་སྣོད་དེ། མཁས་པས་དེ་ལ་གནས་པར་མི་བྱའོ། །གྲོགས་པོ་དག་ལུས་འདི་ནི་བཅང་མི་བཟོད་པ་སྟེ། དབུ་བ་རྡོས་པ་ལྟ་བུའོ། །ལུས་འདི་ནི་རིང་དུ་མི་གནས་པ་སྟེ། ཆུའི་ཆུ་བུར་ ལྟ་བུའོ། །ལུས་འདི་ནི་ཉོན་མོངས་པའི་སྲིད་པ་ལས་བྱུང་བ་སྟེ། སྨིག་རྒྱུ་ལྟ་བུའོ། །ལུས་འདི་ནི་སྙིང་པོ་མེད་པ་སྟེ་ཆུ་ཤིང་གི་སྡོང་པོ་ལྟ་བུའོ། །ཀྱེ་མ་ལུས་འདི་ནི་རུས་པ་ལ་རྒྱུས་པས་སྦྲེལ་བ་སྟེ་འཁྲུལ་འཁོར་ ལྟ་བུའོ། །ལུས་འདི་ནི་ཕྱིན་ཅི་ལོག་ལས་བྱུང་བ་སྟེ་སྒྱུ་མ་ལྟ་བུའོ། །ལུས་འདི་ནི་ཡང་དག་པ་མ་ཡིན་པ་མཐོང་བ་སྟེ་རྨི་ལམ་ལྟ་བུའོ། །ལུས་འདི་ནི་སྔོན་གྱི་ལས་ཀྱིས་གཟུགས་བརྙན་སྣང་བ་སྟེ་ གཟུགས་བརྙན་ལྟ་བུའོ། །ལུས་འདི་ནི་རྐྱེན་ལ་རག་ལུས་པའི་ཕྱིར་བྲག་ཆ་ལྟ་བུའོ། །ལུས་འདི་ནི་སེམས་འཁྲུག་ཅིང་འགྱེས་པའི་མཚན་ཉིད་དེ་སྤྲིན་ལྟ་བུའོ། །ལུས་འདི་ནི་སྐད་ཅིག་ཏུ་འཇིག་པ་དང་ལྡན་ 55-1-194b ཞིང་མི་གནས་པ་སྟེ་གློག་དང་མཚུངས་སོ། །ལུས་འདི་ནི་རྐྱེན་སྣ་ཚོགས་ལས་བྱུང་བ་སྟེ་བདག་པོ་མེད་པའོ། །ལུས་འདི་ནི་ས་དང་འདྲ་སྟེ་བྱེད་པ་མེད་པའོ། །ལུས་འདི་ནི་ཆུ་དང་འདྲ་སྟེ་བདག་མེད་པའོ། །ལུས་འདི་ནི་མེ་དང་འདྲ་ སྟེ་སྲོག་མེད་པའོ། །ལུས་འདི་ནི་རླུང་དང་འདྲ་སྟེ་གང་ཟག་མེད་པའོ། །ལུས་འདི་ནི་ནམ་མཁའ་དང་འདྲ་སྟེ་རང་བཞིན་མེད་པའོ། །ལུས་འདི་ནི་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་ཏེ་ཡང་དག་པ་མ་ཡིན་པའོ། །ལུས་འདི་ནི་བདག་ དང་བདག་གི་མེད་པ་སྟེ་སྟོང་པའོ། །ལུས་འདི་ནི་རྩྭ་དང་། ཤིང་དང་། བརྩིག་པ་དང་། བོང་བ་དང་། མིག་ཡོར་ལྟ་བུ་སྟེ་བེམས་པོའོ། །ལུས་འདི་ནི་རླུང་གི་འཁྲུལ་འཁོར་དང་ལྡན་པས་འབྱུང་སྟེ་ཚོར་བ་མེད་པའོ། །ལུས་འདི་ནི་རྣག་ དང་མི་གཙང་བ་བསགས་པ་སྟེ་གསོག་གོ། །ལུས་འདི་ནི་རྟག་ཏུ་བསྐུ་བ་དང་། མཉེ་བ་དང་། འཇིག་པ་དང་། འགྱེས་པའི་ཆོས་ཅན་ཏེ་གསོབ་བོ། །ལུས་འདི་ནི་ནད་བཞི་བརྒྱ་རྩ་བཞིས་གཙེས་པའོ། །ལུས་འདི་ནི་རྟག་ཏུ་རྒ་བས་ཟིལ་ གྱིས་ནོན་པ་སྟེ་ཁྲོན་པ་རྙིང་པ་དང་འདྲ་བའོ། །ལུས་འདི་ནི་འཆི་བའི་མཐའ་ཡིན་ཏེ་མཐར་མི་གནས་པའོ། །ལུས་འདི་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱིས་ཡོངས་སུ་ཟིན་པ་སྟེ། གཤེད་མ་དང་སྦྲུལ་གདུག་པ་དང་། གྲོང་ སྟོང་པ་ལྟ་བུ་སྟེ། ཁྱོད་ཀྱིས་དེ་ལྟ་བུའི་ལུས་དེ་ལ་ཡིད་བྱུང་བ་དང་སྐྱོ་བ་བསྐྱེད་ཅིང་དེ་བཞིན་གཤེགས་པའི་སྐུ་ལ་མོས་པ་བསྐྱེད་པར་བགྱིའོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ་ཡེ་ཤེས་ལས་སྐྱེས་ པའོ། །དེ་བཞིན་གཤེགས་པའི་སྐུ་ནི་བསོད་ནམས་ལས་སྐྱེས་པ། སྦྱིན་པ་ལས་སྐྱེས་པ། ཚུལ་ཁྲིམས་ལས་སྐྱེས་པ། ཏིང་ངེ་འཛིན་ལས་སྐྱེས་པ། ཤེས་རབ་ལས་སྐྱེས་པ། རྣམ་པར་གྲོལ་བ་ལས་སྐྱེས་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལས་སྐྱེས་པ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལས་སྐྱེས་པ། སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་ལས་སྐྱེས་པ། དགེ་བ་བཅུའི་ལས་ 55-1-195a ཀྱི་ལམ་ལས་སྐྱེས་པ། བཟོད་པ་དང་དེས་པ་ལས་སྐྱེས་པ། བརྩོན་འགྲུས་བརྟན་པའི་དགེ་བའི་རྩ་བ་ལས་སྐྱེས་པ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་ པར་འཇུག་པ་ལས་སྐྱེས་པ། ཐོས་པ་དང་། ཤེས་རབ་དང་། ཐབས་ལས་སྐྱེས་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལས་སྐྱེས་པ། ཞི་གནས་དང་ལྷག་མཐོང་ལས་སྐྱེས་པ། སྟོབས་བཅུ་ལས་སྐྱེས་པ། མི་འཇིགས་པ་བཞི་ལས་སྐྱེས་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལས་སྐྱེས་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལས་སྐྱེས་པ། མངོན་པར་ཤེས་པ་དང་རིག་པ་ལས་སྐྱེས་པ། མི་དགེ་བའི་ཆོས་ཐམས་ ཅད་སྤངས་བ་ལས་སྐྱེས་པ། དགེ་བའི་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ལས་སྐྱེས་པ། དབེན་པ་ལས་སྐྱེས་པ། ཡང་དག་པ་ཉིད་ལས་སྐྱེས་པ། བག་ཡོད་པ་ལས་སྐྱེས་པའོ། །གྲོགས་པོ་དག་དེ་བཞིན་ གཤེགས་པའི་སྐུ་ནི་དགེ་བའི་ལས་ཚད་མེད་པ་ལས་སྐྱེས་པ་སྟེ། ཁྱེད་ཀྱིས་དེ་ལྟ་བུའི་སྐུ་དེ་ལ་མོས་པ་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་རབ་ཏུ་སྤང་བའི་ཕྱིར་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་བཞིན་དུ་ལིད་ཅ་བི་དྲི་མ་མེད་པར་གྲགས་པས་དེ་ལྟར་ནད་འདྲི་བའི་ཚོགས་པ་དེ་དག་ལ་ཇི་ནས་སེམས་ཅན་བརྒྱ་སྟོང་མང་པོ་དག་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལྟ་དེ་ལྟ་བུར་ཆོས་འཆད་དོ། །ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་པའི་ལེའུ་ཞེས་བྱ་སྟེ་གཉིས་པའོ།། །། དེ་ནས་ལིད་ཙ་བི་ དྲི་མ་མེད་པར་གྲགས་པ་འདི་སྙམ་དུ་སེམས་ཏེ། བདག་ནི་ན་ཞིང་མི་བདེ་སྟེ་ཁྲིའི་སྟེང་ན་འདུག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ལ་མ་ 55-1-195b དགོངས་ཏེ། ཐུགས་མི་བརྩེ་བའི་ཕྱིར་ནད་འདྲི་བ་འགའ་ཡང་མ་བཏང་ངོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་སེམས་ཀྱི་རྟོག་པ་དེ་ལྟ་བུ་མཁྱེན་ནས་བཅོམ་ ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚ་དང་ ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལིད་ཙ་བ་དྲི་མ་མེད་པར་གྲགས་པ་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་ མངོན་པར་འཚལ་བ་དུས་གཅིག་ན། ཤིང་ཞིག་གི་དྲུང་ན་ནང་དུ་ཡང་དག་བཞག་པར་གྱུར་པ་ན་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ཡང་ཤིང་དེའི་དྲུང་ག་ལ་བ་དེར་མཆིས་ནས་བདག་ལ་འདི་སྐད་ཅེས་མཆིའོ། ། བཙུན་པ་ཤཱ་རིའི་བུ་ཇི་ལྟར་ཁྱོད་ཀྱིས་ཡང་དག་པར་བཞག་པ་དེ་ལྟ་བུའི་ནང་དུ་ཡང་དག་འཇོག་པ་ལ་ནང་དུ་ཡང་དག་བཞག་པ་མི་བྱའོ། །ཇི་ལྟར་ཁམས་གསུམ་དུ་ལུས་དང་སེམས་མི་སྣང་བར་འགྱུར་བ་དེ་ལྟར་ ནང་དུ་ཡང་དག་བཞག་པར་གྱིས་ཤིག །ཇི་ལྟར་འགོག་པ་ལས་ཀྱང་མི་ལྡང་ཞིང་སྤྱོད་ལམ་ཀུན་དུ་ཡང་སྣང་བར་འགྱུར་བ་དེ་ལྟར་ནང་དུ་ཡང་དག་གཞག་པར་གྱིས་ཤིག །ཇི་ལྟར་ཐོབ་པའི་མཚན་ཉིད་ཀྱང་ མི་འདོར་ལ་སོ་སོའི་སྐྱེ་བོའི་མཚན་ཉིད་དུ་ཡང་སྣང་བ་དེ་ལྟར་ནང་དུ་ཡང་དག་གཞག་པར་གྱིས་ཤིག །ཇི་ལྟར་ཁྱོད་ཀྱི་སེམས་ནང་ན་ཡང་མི་འདུག་ལ་ཕྱི་རོལ་གྱི་གཟུགས་ལ་ཡང་མི་རྒྱུ་བ་ ད་ལྟར་ནང་དུ་ཡང་དག་གཞག་པར་གྱིས་ཤིག །ཇི་ལྟར་ལྟ་བར་གྱུར་པ་ཐམས་ཅད་ལ་ཡང་མི་གཡོ་ཞིང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་རྣམས་ལ་ཡང་སྣང་བ་དེ་ལྟར་ནང་དུ་ 55-1-196a ཡང་དག་གཞག་པར་གྱིས་ཤིག །ཇི་ལྟར་འཁོར་བ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱང་མི་སྤོང་ལ། མྱ་ངན་ལས་འདས་པ་ལ་ཡང་ཡང་དག་པར་གཞོལ་བར་འགྱུར་བ་དེ་ལྟར་ནང་དུ་ཡང་དག་ གཞག་པར་གྱིས་ཤིག །བཙུན་པ་ཤཱ་རིའི་བུ་གང་དག་དེ་ལྟར་ནང་དུ་ཡང་དག་གཞག་པ་ལ་ནང་དུ་ཡང་དག་འཇོག་ན་དེ་དག་ལ་བཅོམ་ལྡན་འདས་ཀྱིས་ནང་དུ་ཡང་དག་འཇོག་པར་བཀའ་སྩལ་ཏོ་ཞེས་མཆི་ནས། བཅོམ་ལྡན་འདས་བདག་གིས་ཆོས་ཉིད་དེ་ཐོས་ནས་དེ་ལ་སླར་ཚིག་ལན་ལྡོན་པའི་རྔོ་མ་ཐོག་ཅིང་ཅང་མི་མཆི་བར་འགྱུར་ཏེ། དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །མཽད་གལ་གྱི་བུས་ཀྱང་གསོལ་པ། བཅོམ་ལྡན་འདས་ བདག་སྐྱེས་བུ་དམ་པ་དེའི་བྲོ་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། ཡངས་པའི་གྲོང་ཁྱེར་ཆེན་པོའི་སྲང་ཞིག་གི་སྒོ་ན་ཁྱིམ་བདག་ རྣམས་ལ་བདག་ཆོས་སྟོན་ཅིང་མཆིས་པའི་དྲུང་དེར་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་མཆིས་ནས་བདག་ལ་འདི་སྐད་ཅེས་མཆིའོ། །བཙུན་པ་མཽད་གལ་གྱི་བུ་ཇི་ལྟར་སྟོན་པ་ལྟར་ནི་ཁྱིམ་པ་གོས་དཀར་པོ་ཅན་ རྣམས་ལ་དེ་ལྟར་ཆོས་མི་བསྟན་ཏོ། །བཙུན་པ་མཽད་གལ་གྱི་བུ་ཆོས་དེ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པར་བྱ་སྟེ། བཙུན་པ་མཽད་གལ་གྱི་བུ་ཆོས་ནི་སེམས་ཅན་མེད་པ་སྟེ་སེམས་ཅན་གྱི་རྡུལ་དང་བྲལ་བ། བདག་མེད་པ་སྟེ་འདོད་ཆགས་ཀྱི་རྡུལ་དང་བྲལ་བ། སྲོག་མེད་པ་སྟེ་སྐྱེ་བ་དང་འཆི་འཕོ་དང་བྲལ་བ། གང་ཟག་མེད་པ་སྟེ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་མ་ཆད་པ། ཞི་བ་དང་ཉེ་བར་ཞི་བའི་མཚན་ 55-1-196b ཉིད་དེ་འདོད་ཆགས་དང་བྲལ་བ། དམིགས་པ་མེད་པར་འགྲོ་བ་སྟེ་ཡི་གེ་མེད་པ། ཚིག་ཐམས་ཅད་ཆད་པ། བརྗོད་དུ་མེད་པ། རླབས་ཐམས་ཅད་དང་བྲལ་བ། ཐམས་ཅད་ཀྱི་རྗེས་སུ་སོང་བ་སྟེ་ནམ་མཁའ་དང་མཉམ་ ཞིང་མཚུངས་པ། ཁ་དོག་དང་། རྟགས་དང་། དབྱིབས་མེད་པ། རྒྱུ་བ་ཐམས་ཅད་དང་བྲལ་བ། ངའི་བ་མེད་པ། ང་ཡིར་འཛིན་པ་མེད་པ། རྣམ་པར་རིག་པ་མེད་པ་སྟེ། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བ། གཉེན་པོ་ མེད་པའི་ཕྱིར་འདྲ་བ་མེད་པ། རྒྱུ་དང་མི་མཐུན་ཞིང་རྐྱེན་དུ་སྒྲོ་འདོགས་པ་མེད་པ། ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའི་ཕྱིར་ཆོས་ཐམས་ཅད་ནི་མཉམ་པར་བཞག་པ། རྗེས་སུ་མི་འགྲོ་བའི་ཚུལ་གྱིས་དེ་བཞིན་ཉིད་ཀྱི་རྗེས་ སུ་སོང་བ། ཤིན་དུ་མ་གཡོས་པའི་ཕྱིར་ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ་ཡུལ་དྲུག་ལ་མི་རྟེན་པས་མ་གཡོས་པ། མི་གནས་པས་གང་དུ་ཡང་འགྲོ་བ་དང་འོང་བ་མེད་པ། སྟོང་པ་ཉིད་དུ་ཡང་དག་པར་འདུ་བ། མཚན་མ་ མེད་པས་རབ་ཏུ་ཕྱེ་བ། སྨོན་པ་མེད་པའི་མཚན་ཉིད་རྟོག་པ་དང་སེལ་བ་མེད་པ། དོར་ཅིང་གཞག་པ་མེད་པ། སྐྱེ་བ་དང་འཇིག་པ་མེད་པ། ཀུན་གཞི་མེད་པ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་ལམ་ལས་ཡང་ དག་པར་འདས་པ། མ་ཁེངས་པ། མ་རུང་བ། གནས་པ། མི་གཡོ་བར་གྱུར་པ། རྒྱུ་བ་ཐམས་ཅད་དང་བྲལ་བ་སྟེ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་དེ་ལྟ་བུའི་ཆོས་ལ་བསྟན་པ་ཇི་ལྟ་བུ་ཞིག་ཡོད། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་ ཆོས་བསྟན་པ་ཞེས་བྱ་བ་དེ་ཡང་སྒྲོ་བཏགས་པའི་ཚིག་སྟེ། གང་དག་ཉན་པ་དེ་དག་ཀྱང་སྒྲོ་བཏགས་པ་ཉན་ཏོ། །བཙུན་པ་མཽད་གལ་གྱི་བུ་གང་ལ་སྒྲོ་བཏགས་པའི་ཚིག་མེད་པ་དེ་ལ་ཆོས་སྟོན་པ་ཡང་མེད་དེ། ཐོས་པ་ཡང་མེད། ཤེས་པ་ ཡང་མེད་དོ། །འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུས་སྒྱུ་མའི་སྐྱེས་བུ་དག་ལ་ཆོས་བསྟན་པ་བཞིན་ནོ། །དེ་ལྟ་བུར་སེམས་གནས་པས་ཆོས་བསྟན་པར་བྱའོ། །ཁྱོད་ཀྱིས་སེམས་ཅན་གྱི་དབང་པོ་ལ་མཁས་པར་བྱའི། །ཤེས་རབ་ཀྱི་མིག་གིས་ལེགས་པར་མཐོང་བ་དང་། 55-1-197a སྙིང་རྗེ་ཆེན་པོ་མངོན་དུ་གྱུར་པ་དང་། ཐེག་པ་ཆེན་པོའི་བསྔགས་པ་བརྗོད་པ་དང་། སངས་རྒྱས་ལ་བྱས་པ་གཟོ་བ་དང་། བསམ་པ་དག་པ་དང་། ཆོས་ཀྱི་ངེས་པའི་ཚིག་རྣམ་པར་ཤེས་པས་དཀོན་མཆོག་ གསུམ་གྱི་རིགས་མི་འཆད་པར་བྱ་བའི་ཕྱིར་ཁྱོད་ཀྱིས་ཆོས་བསྟན་པར་བྱའོ་ཞེས་མཆི་སྟེ། བཅོམ་ལྡན་འདས་དེ་ལྟ་དེ་ལྟ་བུར་དེས་ཆོས་བསྟན་པས་ཁྱིམ་བདག་གི་འཁོར་དེ་ལས་ཁྱིམ་བདག་བརྒྱད་བརྒྱ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བདག་ཀྱང་སྤོབས་པ་མ་མཆིས་པར་གྱུར་ཏེ། བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བཀའ་སྩལ་པ། འོད་སྲུང་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདིར་སོང་ཤིག །འོད་སྲུང་ཆེན་པོས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་ མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། དབུལ་པོའི་སྲང་དུ་བསོད་སྙོམས་ལ་མཆིས་ན་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་དེར་མཆིས་ནས་བདག་ ལ་འདི་སྐད་ཅེས་མཆིའོ། །འདི་ལྟར་སེམས་ཅན་ཆེན་པོའི་ཁྱིམ་བཀོལ་ཏེ་དབུལ་པོའི་ཁྱིམ་རྣམས་སུ་འགྲོ་བ་ནི་བཙུན་པ་འོད་སྲུང་ཆེན་པོའི་བྱམས་པ་ཕྱོགས་གཅིག་པ་ཡིན་གྱི་བཙུན་པ་འོད་སྲུང་ཆེན་པོ་ ཆོས་མཉམ་པ་ཉིད་ལ་གནས་པར་བྱའོ། །དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་བསམས་ཏེ་བསོད་སྙོམས་བཙལ་བར་བྱའོ། །ཟས་མེད་པར་ཟས་བཙལ་བར་བྱའོ། །གཞན་གྱི་རིལ་པོར་འཛིན་པ་བཙལ་ བའི་ཕྱིར་ཁྱོད་བསོད་སྙོམས་ལ་འགྲོ་བར་བྱའོ། །གྲོང་སྟོང་པར་བྱིན་གྱིས་བརླབས་ཏེ་ཁྱོད་གྲོང་དུ་འཇུག་པར་བྱའོ། །སྐྱེས་པ་དང་བུད་མེད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཁྱོད་གྲོང་ཁྱེར་དུ་འཇུག་པར་བྱའོ། །སངས་རྒྱས་ཀྱི་རིགས་ཀྱིས་ཁྱོད་ 55-1-197b ཁྱིམ་དུ་འགྲོ་བར་བྱའོ། །མི་ལེན་པས་བསོད་སྙོམས་བླང་བར་བྱའོ། །དམུས་ལོང་དང་མཚུངས་པར་གཟུགས་རྣམས་ལ་བལྟའོ། །བྲག་ཅ་དང་འདྲ་བར་སྒྲ་རྣམས་མཉན་ཏོ། །རླུང་དང་མཚུངས་པར་དྲི་རྣམས་མནམ་མོ། །རྣམ་པར་རིག་པ་མེད་པས་རོ་ རྣམས་མྱང་ངོ་། །ཡེ་ཤེས་ལ་རེག་པ་མེད་པས་རེག་བྱ་རྣམས་ལ་རེག་པར་བྱའོ། །སྒྱུ་མའི་སྐྱེས་བུའི་རྣམ་པར་རིག་པས་ཆོས་རྣམས་ལ་རིག་པར་བྱའོ། །གང་བདག་གི་དངོས་པོ་དང་གཞན་གྱི་དངོས་པོ་མེད་པ་དེ་ནི་མི་འབར་བའོ། །གང་མི་འབར་ བ་དེ་ནི་ཞི་བར་མི་འགྱུར་རོ། །གལ་ཏེ་གནས་བརྟན་འོད་སྲུང་ཆེན་པོ་ལོག་པ་ཉིད་བརྒྱད་ལས་ཀྱང་མི་འདའ་ཞིང་རྣམ་པར་ཐར་པ་བརྒྱད་ལ་འང་སྙོམས་པར་འཇུག་ཅིང་ལོག་པའི་མཉམ་པ་ཉིད་ཀྱིས་ཡང་དག་པའི་མཉམ་པ་ཉིད་ལ་འཇུག་པ་ དང་། བསོད་སྙོམས་གཅིག་ཀྱང་སེམས་ཅན་ཐམས་ཅད་ལ་སྦྱིན་ཞིང་སངས་རྒྱས་ཐམས་ཅད་དང་འཕགས་པ་ཐམས་ཅད་ལ་ཡང་དབུལ་ཏེ། ཕུལ་ནས་གདོད་བདག་གིས་བཟའ་བ་ལྟ་ན་ཇི་ལྟར་ཉོན་མོངས་པ་དང་བཅས་པ་ཡང་མ་ ཡིན། ཉོན་མོངས་པ་དང་བྲལ་བ་ཡང་མ་ཡིན་པ་དེ་ལྟར་བཟའོ། །མཉམ་པར་བཞག་པ་ཡང་མ་ཡིན། ལངས་པ་ཡང་མ་ཡིན་པར་བཟའོ། །འཁོར་བ་ལ་འང་མི་གནས་ལ་མྱ་ངན་ལས་འདས་པ་ལ་ཡང་མི་གནས་པར་བཟའོ། ། བཙུན་པ་ཁྱོད་ལ་གང་དག་བསོད་སྙོམས་སྦྱིན་པར་བྱེད་པ་དེ་དག་ཀྱང་འབྲས་བུ་ཆེ་བར་ཡང་མི་འགྱུར། འབྲས་བུ་ཆུང་བར་ཡང་མི་འགྱུར། འབྲིང་བར་ཡང་མི་འགྱུར། ཁྱད་པར་དུ་ཡང་ མི་འགྱུར། སངས་རྒྱས་གཤེགས་པར་ཡང་དག་པར་གཞོལ་བར་བྱའི་ཉན་ཐོས་འགྲོ་བར་ཡང་དག་པར་གཞོལ་བར་མི་བྱའོ། །གནས་བརྟན་འོད་སྲུང་ཆེན་པོ་དེ་ལྟར་ཡུལ་འཁོར་གྱི་བསོད་སྙོམས་དོན་ཡོད་པར་བཟའོ་ཞེས་མཆི་སྟེ་ བཅོམ་ལྡན་འདས་བདག་ཆོས་བསྟན་པ་འདི་ཐོས་ནས་ངོ་མཚར་དུ་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཁྱིམ་ན་ 55-1-198a གནས་པ་ཡང་འདི་ལྟ་བུའི་སྤོབས་པ་དང་ལྡན་ན། སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེད་སྙམ་ནས་དེ་ཚུན་ཆད་བདག་གིས་སེམས་ཅན་གང་ཡང་ཐེག་ པ་ཆེན་པོ་མ་ལགས་པར་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་སྔོན་ཆད་མ་བཙུད་དོ། །བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །རབ་འབྱོར་གྱིས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་ སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་འཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། ཡངས་པའི་གྲོང་ཁྱེར་ཆེན་པོར་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ ཁྱིམ་དུ་བསོད་སྙོམས་ལ་མཆིས་པ་དང་། ལིད་ཙ་བི་དྲི་མ་མེད་པར་གྲགས་པས་བདག་གི་ལྷུང་བཟེད་འཚལ་ནས་ཟས་བཟང་པོས་བཀང་སྟེ་འདི་སྐད་ཅེས་མཆིའོ། །བཙུན་པ་རབ་འབྱོར་ཁྱོད་གལ་ཏེ་ཟང་ཟིང་གི་མཉམ་པ་ཉིད་ རྗེས་སུ་རྟོགས་ཤིང་། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་ཀྱི་མཉམ་པ་ཉིད་རྗེས་སུ་རྟོགས་ན་གཟོད་བསོད་སྙོམས་འདི་ལོང་ཤིག །བཙུན་པ་རབ་འབྱོར་ཁྱོད་གལ་ཏེ་འདོད་ཆགས་དང་། ཞེ་སྡང་ དང་། གཏི་མུག་ཀྱང་མ་སྤངས་ལ་དེ་དག་དང་ལྷན་ཅིག་ཏུ་ཡང་གནས་མི་གནས། གལ་ཏེ་འཇིག་ཚོགས་ལ་ལྟ་བ་འང་མ་བསྐྱོད་ལ་བགྲོད་པ་གཅིག་པའི་ལམ་དུ་ཡང་སོང་། ཁྱོད་ཀྱིས་མ་རིག་པ་དང་སྲིད་པའི་སྲེད་པ་ཡང་ མ་བཅོམ་ལ་རིག་པ་དང་རྣམ་པར་གྲོལ་བ་ཡང་མ་སྐྱེད། མཚམས་མེད་པའི་མཉམ་པ་ཉིད་དང་། ཁྱོད་ཀྱི་རྣམ་པར་གྲོལ་བ་ཡང་མཚུངས། ཁྱོད་གྲོལ་བ་ཡང་མ་ཡིན་ལ་བཅིངས་པ་ཡང་མ་ཡིན། ཁྱོད་ཀྱིས་འཕགས་པའི་ 55-1-198b བདེན་པ་བཞི་འང་མ་མཐོང་ལ་བདེན་པ་མ་མཐོང་བ་ཡང་མ་ཡིན། འབྲས་བུ་ཐོབ་པའང་མ་ཡིན་ལ་སོ་སོའི་སྐྱེ་བོ་འང་མ་ཡིན་སོ་སོའི་སྐྱེ་བོའི་ཆོས་ལས་ཀྱང་མ་ལོག །ཁྱོད་འཕགས་པ་འང་མ་ཡིན་ལ་མ་འཕགས་ པ་འང་མ་ཡིན། ཆོས་ཐམས་ཅད་དང་ཡང་ལྡན་ལ་ཆོས་ཐམས་ཅད་ཀྱི་འདུ་ཤེས་དང་ཡང་བྲལ། ཁྱོད་ཀྱིས་སྟོན་པ་ཡང་མ་མཐོང་། ཆོས་ཀྱང་མ་ཐོས། དགེ་འདུན་ལ་འང་བསྙེན་བཀུར་མ་བྱས་ཤིང་སྟོན་པ་དྲུག་པོ་ གང་ཡིན་པ་དེ་དག་འདི་ལྟ་སྟེ། འོད་སྲུང་རྫོགས་བྱེད་དང་། ཀུན་དུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། ཀཱ་ཏྱའི་བུ་ནོག་ཅན་དང་། མི་ཕམ་སྐྲའི་ལ་བ་ཅན་དང་། གཅེར་བུ་ གཉེན་གྱི་བུ་དེ་དག་བཙུན་པའི་སྟོན་པ་ཡིན་ཏེ། དེ་དག་ལ་བརྟེན་ནས་ཁྱོད་རབ་ཏུ་བྱུང་ཞིང་། སྟོན་པ་དྲུག་པོ་དེ་དག་གར་འགྲོ་བར་འཕགས་པ་རབ་འབྱོར་ཡང་འགྲོ་ལ། ལྟ་བར་གྱུར་པ་ཐམས་ཅད་ཀྱི་ནང་དུ་ཡང་ཁྱོད་ཆུད་ཅིང་ མཐའ་དང་དབུས་ཀྱང་མི་རྙེད་དོ། །ཁྱོད་མི་ཁོམ་པ་བརྒྱད་དུ་ཡང་འཇུག་ལ་དལ་བ་ཐོབ་པ་ཡང་མེད། ཁྱོད་ཀུན་ནས་ཉོན་མོངས་པ་དང་ཡང་མཉམ་པར་གྱུར་ལ་རྣམ་པར་བྱང་བ་ཡང་ཁོང་དུ་མ་ཆུད། གང་སེམས་ཅན་ཐམས་ཅད་ ཀྱི་ཉོན་མོངས་པ་མེད་པ་དེ་བཙུན་པ་ཉོན་མོངས་པ་མེད་པ་ཡིན། ཁྱོད་ཀྱི་སྦྱིན་པ་ཡང་རྣམ་པར་མ་སྦྱངས། བཙུན་པ་ཁྱོད་ལ་སུ་དག་བསོད་སྙོམས་སྦྱིན་པར་བྱེད་པ་དེ་དག་ཀྱང་ལོག་པར་ལྷུང་བར་བྱེད། ཁྱོད་བདུད་ཐམས་ ཅད་དང་ཡང་ལྷན་ཅིག །ཉོན་མོངས་པ་ཐམས་ཅད་ཀྱང་ཁྱོད་ཀྱི་གྲོགས་སུ་གྱུར། ཉོན་མོངས་པའི་ངོ་བོ་ཉིད་གང་ཡིན་པ་བཙུན་པའི་ངོ་བོ་ཉིད་ཀྱང་དེ་ཡིན། སེམས་ཅན་ཐམས་ཅད་ལ་ཡང་ཁྱོད་ཀྱིས་གསད་པའི་སེམས་ ཉེ་བར་གཞག །སངས་རྒྱས་ཐམས་ཅད་ལ་ཡང་ཁྱོད་ཀྱིས་བསྐུར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡང་མི་སྙན་པར་བྱས། དགེ་འདུན་ལ་ཡང་ཁྱོད་མི་རྟོན་ཅིང་ནམ་ཡང་ཡོངས་སུ་མྱ་ངན་ལས་མི་འདའ་ན་གདོད་ 55-1-199a ཁྱོད་ཀྱིས་བསོད་སྙོམས་འདི་ལོང་ཤིག་ཅེས་མཆི་སྟེ། བསྟན་པ་འདི་དེ་ལས་ཐོས་ནས་བཅོམ་ལྡན་འདས་དེ་ལ་བདག་གིས་ཇི་སྐད་བཤད། ཇི་སྐད་སྨྲ། ཇི་ལྟར་བགྱི་སྙམ་སྟེ། ཕྱོགས་བཅུ་མུན་ པར་གྱུར་ནས་བདག་གིས་ལྷུང་བཟེད་དེ་ཡང་བོར་ཏེ་ཁྱིམ་ནས་སླར་འབྱུང་བར་བགྱིས་ན་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་བདག་ལ་འདི་སྐད་ཅེས་མཆིའོ། །བཙུན་པ་རབ་འབྱོར་ཡི་གེ་དག་ལ་མ་འཇིགས་པར་ལྷུང་བཟེད་ འདི་ལོང་ཤིག །བཙུན་པ་རབ་འབྱོར་འདི་ཇི་སྙམ་དུ་སེམས། གལ་ཏེ་དེ་བཞིན་གཤེགས་པའི་སྤྲུལ་པ་ལ་དེ་སྐད་བྱས་ན་དེ་ཇི་སྐྲག་པར་འགྱུར་རམ་བདག་གིས་དེ་ལ་རིགས་ཀྱི་བུ་དེ་ལྟ་མ་ཡིན་ནོ་ཞེས་བགྱིས་སོ། །དེས་བདག་ ལ་སྨྲས་པ། བཙུན་པ་རབ་འབྱོར་སྒྱུ་མ་སྤྲུལ་པའི་རང་བཞིན་གྱི་ཆོས་ཐམས་ཅད་ལ་སྐྲག་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ཚིག་དེ་དག་ཐམས་ཅད་ཀྱང་དེའི་རང་བཞིན་ཏེ། དེ་ལྟར་མཁས་པ་དག་ཡི་གེ་རྣམས་ ལ་ཡང་མི་ཆགས་ཤིང་དེ་དག་ལ་སྐྲག་པར་མི་བྱེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཡི་གེ་དེ་དག་ཐམས་ཅད་ནི་ཡི་གེ་མེད་པ་སྟེ། རྣམ་པར་གྲོལ་བ་ནི་མ་གཏོགས་སོ། །ཆོས་ཐམས་ཅད་ནི་རྣམ་པར་གྲོལ་བའི་མཚན་ ཉིད་དོ། །བསྟན་པ་འདི་བཤད་པ་ན་ལྷའི་བུ་ཉིས་བརྒྱ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །ལྷའི་བུ་ལྔ་བརྒྱ་ནི་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །བདག་ཀྱང་སྤོབས་ པ་མ་མཆིས་པར་གྱུར་ནས་དེ་ལ་སླར་ལན་ལྡོན་པའི་རྔོ་མི་ཐོག་སྟེ། བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་ བཀའ་སྩལ་པ། གང་པོ་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །གང་པོས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་ 55-1-199b འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། ནགས་ཚལ་ཆེན་པོའི་ས་ཕྱོགས་ཤིག་ན་ལས་དང་པོ་པའི་དགེ་སློང་དག་ལ་ཆོས་སྟོན་ཅིང་མཆིས་ན་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་དེར་མཆིས་ནས་བདག་ ལ་འདི་སྐད་ཅེས་མཆིའོ། །བཙུན་པ་གང་པོ་སྙོམས་པར་ཞུགས་ཏེ་དགེ་སློང་འདི་དག་གི་སེམས་ལྟོས་ལ་ཆོས་སྟོན་ཅིག །རིན་པོ་ཆེའི་སྣོད་ཆེན་པོར་ཟན་རུལ་མ་བླུགས་ཤིག །དགེ་སློང་འདི་དག་གི་བསམ་པ་ ཇི་ལྟ་བུ་ཤེས་པར་གྱིས་ལ་ནོར་བུ་རིན་པོ་ཆེ་བཻ་དཱུརྱ་མཆིང་བུའི་ནོར་བུ་དང་མཚུངས་པར་མ་བྱེད་ཅིག །བཙུན་པ་གང་པོ་སེམས་ཅན་གྱི་དབང་པོ་དག་ལ་མ་བརྟགས་པར་ཉི་ཚེ་བའི་དབང་པོ་ཉེ་བར་མ་སྒྲུབ་ཤིག །རྨ་མེད་ པ་ལ་རྨ་མ་དབྱུང་ཤིག །ལམ་ཆེན་པོར་འཇུག་པར་འདོད་པ་སྲང་དོག་པར་མ་གཟུད་ཅིག །རྒྱ་མཚོ་ཆེན་པོ་བ་ལང་གི་རྨིག་རྗེས་སུ་མ་བླུགས་ཤིག །རི་རབ་ཡུངས་འབྲུའི་ནང་དུ་མ་གཞུག་ཤིག །ཉི་མའི་འོད་སྲིན་ བུ་མེ་ཁྱེར་གྱིས་མ་བཟློག་ཤིག །སེང་གེའི་སྒྲ་སྒྲོགས་པར་འདོད་པ་རྣམས་ཝའི་སྒྲ་ལ་མ་གཟུད་ཅིག །བཙུན་པ་གང་པོ་དགེ་སློང་འདི་དག་ཐམས་ཅད་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལས་བྱང་ཆུབ་ ཀྱི་སེམས་སྟོར་བ་ཤ་སྟག་སྟེ། བཙུན་པ་གང་པོ་དགེ་སློང་འདི་དག་ཐམས་ཅད་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལས་བྱང་ཆུབ་ཀྱི་སེམས་སྟོར་བ་ཤ་སྟག་སྟེ། བཙུན་པ་གང་པོ་འདི་དག་ལ་ཉན་ཐོས ཀྱི་ཐེག་པ་མ་བསྟན་ཅིག །ཉན་ཐོས་ཀྱི་ཐེག་པ་ནི་ཡང་དག་པ་མ་ཡིན་ཏེ། སེམས་ཅན་གྱི་དབང་པོའི་རིམ་པ་ཤེས་པ་ལ་ཉན་ཐོས་འདི་དག་ནི་ཁོ་བོས་དམུས་ལོང་དང་འདྲ་བ་སྙམ་བྱེད་དོ། །དེ་ནས་ལིད་ཙ་བི་དྲི་མ་ མེད་པར་གྲགས་པ་དེའི་ཚེ་ཇི་ལྟར་དགེ་སློང་དེ་དག་སྔོན་གྱི་གནས་རྣམ་པ་མང་པོ་རྗེས་སུ་དྲན་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་དག་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་ 55-1-200a སངས་རྒྱས་ལྔ་བརྒྱ་ལ་བསྙེན་བཀུར་བྱས་པའི་དགེ་བའི་རྩ་བ་དང་ལྡན་པ་སྟེ། དེ་དག་གི་བྱང་ཆུབ་ཀྱི་སེམས་དེ་ཡང་མངོན་དུ་གྱུར་ནས་དེ་དག་སྐྱེས་བུ་དམ་པ་དེའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་ སྦྱར་བར་གྱུར་པ་དང་། དེས་ཡང་དེ་དག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ནས། བཅོམ་ལྡན་འདས་བདག་གིས་འདི་སྙམ་དུ་བསམས་སོ། །ཉན་ཐོས་ ཀྱིས་ཕ་རོལ་གྱི་སེམས་དང་བསམ་པ་མ་བརྟགས་པར་སུ་ལ་ཡང་ཆོས་མི་བསྟན་ཏོ། །དེ་ཅིའི་སླད་དུ་ཞེ་ན། ཉན་ཐོས་ལ་ནི་སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ལགས་པ་ལ་མཁས་པ་ཡང་མ་མཆིས། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞིན་དུ་རྟག་ཏུ་མཉམ་པར་བཞག་པ་ཡང་མ་ལགས་སོ་སྙམ་བགྱིད་དེ། བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་ མཆི་བར་མི་སྤྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀཱ་ཏྱའི་བུ་ཆེན་པོ་ལ་བཀའ་སྩལ་པ། ཀཱ་ཏྱའི་བུ་ཁྱོད་ལིད་ཙ་བྱི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །ཀཱ་ཏྱའི་བུས་ཀྱང་གསོལ་པ། བཅོམ་ ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གདམས་པ་མདོར་ བཀའ་སྩལ་ཏེ། མདོ་དེའི་ཚིག་གཏན་ལ་དབབ་པའི་སླད་དུ་བདག་གིས་འདི་ལྟ་སྟེ། མི་རྟག་པའི་དོན་དང་། སྡུག་བསྔལ་བའི་དོན་དང་། བདག་མེད་པའི་དོན་དང་། ཞི་བའི་དོན་གྱི་ཆོས་བསྟན་ན་ལིད་ཙ་བི་དྲི་མ་མེད་པར་གྲགས་ པ་དེར་མཆིས་ནས་བདག་ལ་འདི་སྐད་ཅེས་མཆིའོ། །བཙུན་པ་ཀཱ་ཏྱའི་བུ་ཆེན་པོ་རྒྱུ་བ་དང་བཅས་པ། སྐྱེ་བ་དང་བཅས་པ་འཇིག་པ་དང་ལྡན་པའི་ཆོས་ཉིད་མ་སྟོན་ཅིག །བཙུན་པ་ཀཱ་ཏྱའི་བུ་ཆེན་པོ་གང་ཤིན་དུ་མ་སྐྱེས། མ་ 55-1-200b བསྐྱེད། སྐྱེད་པར་མི་འགྱུར། མ་འགགས། མི་འགག །འགག་པར་མི་འགྱུར་བ་དེ་ནི་མི་རྟག་པའི་དོན་ཏོ། །གང་ཕུང་པོ་ལྔ་པོ་དག་ལ་སྟོང་པ་ཉིད་དུ་རྟོགས་པས་སྐྱེ་བ་མེད་པ་རྟོག་པའི་དོན་དེ་ནི་སྡུག་བསྔལ་གྱི་དོན་ཏོ། ། གང་བདག་དང་བདག་མེད་པ་གཉིས་སུ་མེད་པ་ཉིད་དེ་ནི་བདག་མེད་པའི་དོན་ཏོ། །གང་རང་གི་ངོ་བོ་མེད་པ་དང་། གཞན་གྱི་ངོ་བོ་མེད་པ་དེ་ནི་མི་འབར་ཏེ། གང་མི་འབར་བ་དེ་ནི་ཞི་བར་མི་འགྱུར་ཞིང་། གང་རབ་ཏུ་མ་ཞི་བ་དེ་ནི་ ཞི་བའི་དོན་ཏོ། །བསྟན་པ་འདི་བཤད་པ་ན་དགེ་སློང་དེ་དག་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བཅོམ་ལྡན་འདས་དེའི་སླད་དུ་བདག་ནི་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མ་འགགས་པ་ལ་བཀའ་སྩལ་པ། མ་འགགས་པ་ཁྱོད་ལིད་ཙ་བྱི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །མ་འགགས་པས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་ སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། བདག་འཆག་ས་ཞིག་ན་འཆག་པ་དེར་ཚངས་པ་ཆེན་པོ་དགེ་བ་བཀོད་པ་ཞེས་ བགྱི་བ་ཚངས་པ་ཁྲི་དང་ལྷན་ཅིག་ཕྱོགས་དེ་སྣང་བར་བགྱིས་ནས་བདག་ག་ལ་བ་དེར་མཆིས་ཏེ། བདག་གི་རྐང་པ་ལ་མགོ་བོས་ཕྱག་བགྱིས་ནས་ཕྱོགས་གཅིག་ཏུ་འཁོད་དེ་བདག་ལ་འདི་སྐད་ཅེས་མཆིའོ། །བཙུན་པ་མ་འགགས་ པ་ཁྱོད་བཅོམ་ལྡན་འདས་ཀྱིས་ལྷའི་མིག་ཅན་གྱི་མཆོག་ཏུ་གསུངས་ན། ཚེ་དང་ལྡན་པ་མ་འགགས་པའི་ལྷའི་མིག་གིས་ཇི་སྲིད་ཚུན་ཆད་མཐོང་། བདག་གིས་དེ་ལ་འདི་སྐད་ཅེས་བགྱིས་སོ། །གྲོགས་པོ་དག་ཁོ་བོས་ནི་ བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་མིག་དང་ལྡན་པའི་ལག་མཐིལ་དུ་སྐྱུ་རུ་རའི་འབྲས་བུ་བཞག་པ་བཞིན་དུ་མཐོང་ 55-1-201a ངོ་ཞེས་བཀའ་མཆིད་འདི་བགྱིས་པ་དང་། ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ཕྱོགས་དེར་མཆིས་ཏེ། བདག་གི་རྐང་པ་ལ་མགོ་བོས་ཕྱག་བགྱིས་ནས་བདག་ལ་འདི་སྐད་ཅེས་མཆིའོ། །བཙུན་པ་མ་ལགས་པའི་ ལྷའི་མིག་མངོན་པར་འདུ་བྱེད་པའི་མཚན་ཉིད་དམ། འོན་ཏེ་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་ཡིན། དེ་གལ་ཏེ་མངོན་པར་འདུ་བྱེད་པའི་མཚན་ཉིད་ཡིན་ན་ནི་ཕྱི་རོལ་གྱི་མངོན་པར་ཤེས་པ་ལྔ་དང་མཚུངས་སོ། །ཇི་སྟེ་མངོན་པར་འདུ་མི་ བྱེད་པ་ཡིན་ན་ནི་མངོན་པར་འདུ་མི་བྱེད་པ་ནི་འདུས་མ་བྱས་པ་ཡིན་ཏེ། དེས་ནི་མཐོང་བར་མི་ནུས་ན་གནས་བརྟན་གྱིས་ཇི་ལྟར་མཐོང་ཞེས་མཆི་ནས་བདག་ཅང་མི་མཆི་བར་གྱུར་ཏེ། ཚངས་པ་དེ་ཡང་སྐྱེས་བུ་དམ་པ་དེ་ལས་བསྟན་ པ་འདི་ཐོས་ནས་ངོ་མཚར་དུ་གྱུར་ཏེ་ཕྱག་འཚལ་ནས་འདི་སྐད་ཅེས་སྨྲས་སོ། །འཇིག་རྟེན་ན་ལྷའི་མིག་ཅན་གང་ལགས། སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་ན་ལྷའི་མིག་ཅན་ཏེ། དེ་དག་ནི་མཉམ་ པར་བཞག་པའི་གནས་ཀྱང་མི་འདོར་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་གཟིགས་ཏེ། གཉིས་ཀྱིས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །དེ་ནས་ཚངས་པ་གཡོག་འཁོར་ཁྲིས་བསྟན་པ་འདི་ཐོས་ནས་ལྷག་པའི་བསམ་པས་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེས་བདག་དང་སྐྱེས་བུ་དམ་པ་དེ་ལ་ཕྱག་བགྱིས་ཏེ་གུས་པར་སྨྲས་ནས་དེ་ཉིད་དུ་མི་གདའ་བར་གྱུར་ཏེ། བདག་ཀྱང་སྤོབས་པ་མ་མཆིས་པར་གྱུར་ཏོ། །དེའི་སླད་ དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཉེ་བར་འཁོར་ལ་བཀའ་སྩལ་པ། ཉེ་བར་འཁོར་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །ཉེ་བ་ འཁོར་གྱིས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན་དགེ་སློང་གཉིས་ཤིག་ལྟུང་བ་ 55-1-201b བྱུང་ནས་བཅོམ་ལྡན་འདས་ལ་ངོ་ཚ་སྟེ་བཅོམ་ལྡན་འདས་ཀྱི་དྲུང་དུ་མ་མཆིས་ཀྱི། དེ་གཉིས་བདག་ག་ལ་བ་དེར་མཆིས་ཏེ་བདག་ལ་འདི་སྐད་ཅེས་མཆིའོ། །བཙུན་པ་ཉེ་བར་འཁོར་བདག་ཅག་གཉིས་ལ་ལྟུང་བ་བྱུང་ སྟེ་ངོ་ཚ་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཡང་མ་མཆིས་ན། ཚེ་དང་ལྡན་པ་ཉེ་བར་འཁོར་ཁྱོད་ཀྱིས་བདག་ཅག་གཉིས་ཀྱི་ཐེ་ཙོམ་སོལ་ཏེ་བདག་ཅག་གཉིས་ལྟུང་བ་ལས་ཕྱུང་ཤིག་ཅེས་མཆི་ནས། བཅོམ་ལྡན་འདས་ བདག་དགེ་སློང་དེ་གཉིས་ལ་ཆོས་ཀྱི་གཏམ་སྟོན་པའི་ཕྱོགས་དེར་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་འང་མཆིས་ནས་དེ་བདག་ལ་འདི་སྐད་ཅེས་མཆིའོ། །བཙུན་པ་ཉེ་བར་འཁོར་ཁྱོད་ཀྱིས་དགེ་སློང་འདི་གཉིས་ཀྱི་ལྟུང་བ་དེ་ ཕྱིར་དམ་དུ་མི་བྱ། རྙོག་པ་ཅན་དུ་མི་བྱ་བར་འདི་གཉིས་ཀྱི་ལྟུང་བའི་འགྱོད་པ་སོལ་ཅིག །བཙུན་པ་ཉེ་བར་འཁོར་ལྟུང་བ་ནི་ནང་ན་ཡང་མི་གནས། ཕྱི་རོལ་དུ་ཡང་མི་འཕོས། གཉིས་ག་མེད་པར་ཡང་མི་དམིགས་སོ། ། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཀུན་ནས་ཉོན་མོངས་པས་སེམས་ཅན་ཀུན་ནས་ཉོན་མོངས་སོ། །སེམས་རྣམ་པར་བྱང་བས་རྣམ་པར་དག་པར་འགྱུར་རོ་ཞེས་གསུངས་ པའི་ཕྱིར་ཏེ། བཙུན་པ་ཉེ་བར་འཁོར་སེམས་ནི་ནང་ན་ཡང་མ་ཡིན། ཕྱི་རོལ་ན་ཡང་མ་ཡིན། གཉི་ག་མེད་པར་ཡང་མི་དམིགས་སོ། །སེམས་ཇི་ལྟ་བར་ལྟུང་བ་འང་དེ་བཞིན་ནོ། །ལྟུང་བ་ཇི་ལྟ་བར་ཆོས་ཐམས་ ཅད་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་ལས་མི་འདའོ། །བཙུན་པ་ཉེ་བར་འཁོར་སེམས་ཀྱི་རང་བཞིན་གང་ཡིན་པ་དང་། སེམས་ཀྱི་རང་བཞིན་གང་གིས་བཙུན་པའི་སེམས་རྣམ་པར་གྲོལ་བའི་སེམས་ཀྱི་རང་བཞིན་དེ་ནམ་ ཡང་ཀུན་ནས་ཉོན་མོངས་པར་གྱུར་ཏམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། བཙུན་པ་ཉེ་བར་འཁོར་སེམས་ཅན་ཐམས་ཅད་ཀྱི་སེམས་ནི་དེའི་རང་བཞིན་ཏེ། བཙུན་པ་ཉེ་བར་འཁོར་ཀུན་དུ་རྟོག་པ་ནི་ཉོན་མོངས་པ་སྟེ་ 55-1-202a མི་རྟོག །རྣམ་པར་མི་རྟོག་པ་ནི་རང་བཞིན་ནོ། །ཕྱིན་ཅི་ལོག་ནི་ཀུན་ནས་ཉོན་མོངས་པ་སྟེ། ཕྱིན་ཅི་མ་ལོག་པ་ནི་རང་བཞིན་ནོ། །བདག་ཏུ་སྒྲོ་འདོགས་པ་ནི་ཀུན་ནས་ཉོན་མོངས་པ་སྟེ། བདག་མེད་པ་ ནི་རང་བཞིན་ནོ། །བཙུན་པ་ཉེ་བར་འཁོར་ཆོས་ཐམས་ཅད་ནི་སྐྱེས་ནས་འཇིག་ཅིང་མི་གནས་པ་སྟེ། སྒྱུ་མ་དང་། སྤྲིན་དང་། གློག་ལྟ་བུའོ། །ཆོས་ཐམས་ཅད་ནི་མི་སྡོད་པ་སྟེ། སྐད་ཅིག་ཙམ་དུ་ཡང་མི་འདུག་གོ། ། ཆོས་ཐམས་ཅད་ནི་རྨི་ལམ་དང་སྨིག་རྒྱུ་བ་དང་འདྲ་སྟེ། ཡང་དག་པ་མ་ཡིན་པ་མཐོང་བའོ། །ཆོས་ཐམས་ཅད་ནི་ཆུ་ཟླ་དང་གཟུགས་བརྙན་དང་འདྲ་སྟེ། སེམས་ཀུན་དུ་རྟོག་པ་ལས་བྱུང་བའོ། །གང་དག་གིས་དེ་ལྟར་ཤེས་ པ་དེ་དག་ནི་འདུལ་བ་འཛིན་པ་ཞེས་བྱ་སྟེ། གང་དག་དེ་ལྟར་བཏུལ་བ་དེ་དག་ནི་ལེགས་པར་བཏུལ་བའོ། །དེ་ནས་དགེ་སློང་དེ་གཉིས་འདི་སྐད་ཅེས་མཆིའོ། །ཁྱིམ་བདག་འདི་ནི་ཤིན་དུ་ཤེས་རབ་དང་ལྡན་ཏེ། བཅོམ་ལྡན་འདས་ཀྱིས་ འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་གསུངས་པ་བཙུན་པ་ཉེ་བར་འཁོར་འདི་ནི་དེ་ཙམ་མ་ཡིན་ནོ། །དེ་གཉིས་ལ་བདག་གིས་འདི་སྐད་ཅེས་བགྱིས་སོ། །དགེ་སློང་ཁྱེད་ཀྱིས་འདི་ལ་ཁྱིམ་བདག་སྙམ་པའི་འདུ་ཤེས་མ་སྐྱེད་ཅིག ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་མ་གཏོགས་པར་གང་དག་འདིའི་སྤོབས་པའི་རྒྱུན་གཅོད་ནུས་པའི་ཉན་ཐོས་སམ། བྱང་ཆུབ་སེམས་དཔའ་དེ་གང་ཡང་མེད་དེ། འདིའི་ཤེས་རབ་ཀྱི་སྣང་བ་ནི་དེ་དང་འདྲའོ། །དེ་ནས་དགེ་ སློང་དེ་གཉིས་ཐེ་ཙོམ་གསལ་ནས་དེ་ཉིད་དུ་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་གཉིས་ཀྱིས་སྐྱེས་བུ་དམ་པ་དེ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ འདི་ལྟ་བུའི་སྤོབས་པ་ཐོབ་པར་གྱུར་ཅིག །ཅེས་མཆིའོ། །དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་བཀའ་སྩལ་པ། སྒྲ་གཅན་ཟིན་ 55-1-202b ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །སྒྲ་གཅན་ཟིན་ཀྱིས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། ལིད་ཙ་བི་གཞོན་ནུ་མང་ཞིག་བདག་ག་ལ་བ་དེར་མཆིས་ནས་བདག་ལ་འདི་སྐད་ཅེས་མཆིའོ། །བཙུན་པ་སྒྲ་གཅན་ཟིན་ཁྱོད་བཅོམ་ལྡན་འདས་ཀྱི་སྲས་ཡིན་ཏེ། འཁོར་ ལོས་སྒྱུར་བའི་རྒྱལ་སྲིད་བོར་ནས་རབ་ཏུ་བྱུང་ན། ཁྱོད་ཀྱིས་གང་ལ་དམིགས་ནས་རབ་ཏུ་བྱུང་བའི་ཡོན་ཏན་དང་ཕན་ཡོན་གང་ལགས་ཤེས་མཆི་ནས། བདག་དེ་དག་ལ་ཅི་རིགས་པར་རབ་ཏུ་བྱུང་བའི་ཡོན་ཏན་དང་ཕན་ ཡོན་སྟོན་ཅིང་མཆིས་ན་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ཡང་བདག་ག་ལ་བ་དེར་མཆིས་པ་དེར་བདག་ལ་ཕྱག་བགྱིས་ནས་འདི་སྐད་ཅེས་མཆིའོ། །བཙུན་པ་སྒྲ་གཅན་ཟིན་རབ་ཏུ་བྱུང་བའི་ཡོན་ཏན་དང་ཕན་ ཡོན་ཇི་ལྟར་ཁྱོད་སྟོན་པ་དེ་ལྟར་མི་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཏུ་འབྱུང་བ་ནི་ཡོན་ཏན་མེད་ཅིང་ཕན་ཡོན་མེད་པ་ཡིན་ནོ། །བཙུན་པ་སྒྲ་གཅན་ཟིན་གང་ལ་འདུས་བྱས་འཇུག་པ་དེ་ལ་ཡོན་ཏན་དང་ཕན་ ཡོན་ཡོད་མོད་ཀྱི་རབ་ཏུ་བྱུང་བ་ནི་འདུས་མ་བྱས་པར་སྦྱོར་བ་ཡིན་ཏེ། འདུས་མ་བྱས་ལ་ནི་ཡོན་ཏན་དང་ཕན་ཡོན་མེད་དོ། །བཙུན་པ་སྒྲ་གཅན་ཟིན་རབ་ཏུ་འབྱུང་བ་ནི་གཟུགས་ཅན་མ་ཡིན་ཏེ་གཟུགས་དང་ བྲལ་བའོ། །ཐོག་མ་དང་ཐ་མའི་མཐར་ལྟ་བ་དང་བྲལ་བའོ། །མྱ་ངན་ལས་འདས་པའི་ལམ་མོ། །མཁས་པ་རྣམས་ཀྱིས་བསྔགས་པའོ། །འཕགས་པ་རྣམས་ཀྱིས་ཡོངས་སུ་བཟུང་བའོ། །བདུད་ ཐམས་ཅད་ཕམ་པར་བྱེད་པའོ། །འགྲོ་བ་ལྔ་ལས་གྲོལ་བའོ། །མིག་ལྔ་རྣམ་པར་སྦྱོང་བའོ། །སྟོབས་ལྔ་འཐོབ་པའོ། །དབང་པོ་ལྔའི་རྟེན་ཏོ། །གཞན་དག་ལ་མི་གནོད་པའོ། །སྡིག་པའི་ཆོས་དང་ 55-1-203a མ་འདྲེས་པའོ། །ཕ་རོལ་མུ་སྟེགས་ཅན་རབ་ཏུ་འདུལ་བའོ། །གདགས་པ་ལས་ཡང་དག་པར་འདས་པའོ། །འདོད་པའི་འདམ་ལ་ཟབ་པའོ། །ཡོངས་སུ་འཛིན་པ་མེད་པའོ། །ང་ཡི་བ་མེད་ཅིང་ངར་ འཛིན་པ་དང་བྲལ་བའོ། །ལེན་པ་མེད་པའོ། །འཁྲུག་པ་མེད་པའོ། །འཁྲུག་པ་སྤངས་པའོ། །རང་གི་སེམས་འདུལ་ཞིང་གཞན་གྱི་སེམས་སྲུང་བའོ། །ཞི་གནས་དང་འཐུན་པའོ། །ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ པ་སྟེ། དེ་ནི་རབ་ཏུ་བྱུང་བ་ཞེས་བྱ། གང་དག་དེ་ལྟར་རབ་ཏུ་བྱུང་བ་དེ་དག་ནི་ལེགས་པར་རབ་ཏུ་བྱུང་བའོ། །གཞོན་ནུ་ཁྱོད་ཀྱང་ལེགས་པར་གསུངས་པའི་ཆོས་འདི་ལྟ་བུ་ལ་རབ་ཏུ་ཕྱུང་ཤིག །སངས་རྒྱས་འབྱུང་བ་ཡང་རྙེད་ པར་དཀའོ། །དལ་བ་འབྱོར་པ་ཡང་རྙེད་པར་དཀའོ། །མིར་འགྱུར་བ་ཡང་རྙེད་པར་དཀའོ། །གཞོན་ནུ་དེ་དག་གིས་འདི་སྐད་སྨྲས་སོ། །ཁྱིམ་བདག་བདག་ཅག་གིས་ཐོས་ན་དེ་བཞིན་གཤེགས་པ་ནི་ཕ་མས་མ་བཏང་བར་རབ་ཏུ་མི་ འབྱིན་ཅེའོ། །དེས་དེ་དག་ལ་སྨྲས་པ། གཞོན་ནུ་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ་ནན་ཏན་གྱིས་སྒྲུབས་ཤིག་དང་། དེ་ཉིད་ཁྱེད་ཀྱིས་རབ་དུ་བྱུང་ཞིང་བསྙེན་པར་རྫོགས་པ་ཡིན་ནོ། ། དེ་ནས་ལིད་ཙ་བི་གཞོན་ནུ་སུམ་སྟོང་ཉིས་བརྒྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ལིད་ཙ་བྱི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །ཀུན་དགའ་བོས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་ བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། བཅོམ་ལྡན་འདས་ཀྱི་སྐུ་ལ་སྙུན་ཅིག་བྱུང་ནས། དེ་ལ་འོ་མ་ཞིག་འཚལ་ཏེ་བདག་བྲམ་ཟེ་ཤིང་ 55-1-203b སཱ་ལ་ཆེན་པོ་ལྟ་བུ་ཞིག་གི་སྒོ་དྲུང་ན་ལྷུང་བཟེད་ཐོགས་ཤིང་མཆིས་པ་དང་། ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ཕྱོགས་དེར་མཆིས་ནས་བདག་ལ་ཕྱག་བགྱིས་ཏེ་འདི་སྐད་ཅེས་མཆིའོ། །བཙུན་པ་ཀུན་དགའ་ བོ་ཅིའི་ཕྱིར་ནང་པར་སྔར་ལྷུང་བཟེད་ཐོགས་ནས་ཁྱིམ་གྱི་སྒོ་དྲུང་འདི་ན་འདུག །དེ་ལ་བདག་གིས་འདི་སྐད་ཅེས་བགྱིས་སོ། །བཅོམ་ལྡན་འདས་ཀྱི་སྐུ་ལ་སྙུན་ཅིག་བྱུང་སྟེ་དེ་ལ་འོ་མ་ཞིག་དགོས་ནས་དེ་ཚོལ་ལོ་ ཞེས་བགྱིས་པ་དང་། དེ་བདག་ལ་འདི་སྐད་ཅེས་མཆིའོ། །བཙུན་པ་ཀུན་དགའ་བོ་དེ་སྐད་མ་ཟེར་ཅིག །བཙུན་པ་ཀུན་དགའ་བོ་དེ་བཞིན་གཤེགས་པའི་སྐུ་ནི་རྡོ་རྗེ་ལྟ་བུ་མཁྲེགས་པ་སྟེ། མི་དགེ་བ་ཐམས་ཅད་ ཀྱི་བག་ཆགས་ནི་སྤངས་དགེ་བའི་ཆོས་ཐམས་ཅད་དང་ནི་ལྡན་པ་ཡིན་ན་དེ་ལ་སྙུང་ག་ལ་འབྱུང་། དེ་ལ་ཉམ་ང་བ་ག་ལ་ཡོད། བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་པར་ཅང་མ་ཟེར་བར་སླར་སོང་ ཤིག །གཞན་སུ་ལ་ཡང་དེ་སྐད་མ་སྨྲ་ཤིག །གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བའི་ལྷའི་བུ་རྣམས་དང་། སངས་རྒྱས་ཀྱི་ཞིང་ཀུན་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོས་ས་རེ། བཙུན་པ་ ཀུན་དགའ་བོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་ལ་ཡང་ནད་མེད་ན། བཅོམ་ལྡན་འདས་དགེ་བའི་རྩ་བ་ཚད་མེད་པ་དང་ལྡན་ལྡན་པ་དེ་ལ་སྙུན་ག་ལ་མངའ་སྟེ། དེ་ནི་གནས་མེད་དོ། །བཙུན་ པ་ཀུན་དགའ་བོ་ཁོ་བོ་ངོ་ཚ་བར་མ་བྱ་བར་སླར་སོང་ཤིག །གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་དུ་རྒྱུ་དང་། གཅེར་བུ་པ་དང་། འཚོ་བ་པ་དག་གིས་ཐོས་ས་རེ། དེ་དག་འདི་སྙམ་དུ་ཀྱེ་མའོ་འདི་དག་གི་སྟོན་པ་ ནི་བདག་ཉིད་ཀྱང་ན་བ་ལས་སྐྱོབ་མི་ནུས་ན། སེམས་ཅན་ན་བ་དག་གི་སྐྱབས་ལྟ་ག་ལ་ནུས་སྙམ་དུ་སེམས་ས་རེ། བཙུན་པ་ཀུན་དགའ་བོ་གབ་ཅིང་མི་སྣང་བར་བཞུད་ཅིག །སུས་ཀྱང་ཐོས་ས་རེ། བཙུན་པ་ཀུན་ 55-1-204a དགའ་བོ་གབ་ཅིང་མི་སྣང་བར་བཞུད་ཅིག །སུས་ཀྱང་ཐོས་ས་རེ། བཙུན་པ་ཀུནད་གའ་བོ་དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུ་སྟེ། ཁ་ཟས་ཀྱིས་གསོས་པའི་ལུས་མ་ཡིན་ནོ། །དེ་བཞིན་ གཤེགས་པ་རྣམས་ནི་འཇིག་རྟེན་ལས་འདས་པའི་སྐུ་ཡིན་ཏེ། འཇིག་རྟེན་གྱི་ཆོས་ཐམས་ཅད་ལས་ཡང་དག་པར་འདས་པའོ། །དེ་བཞིན་གཤེགས་པའི་སྐུ་ལ་གནོད་པ་མེད་དེ། ཟག་པ་ཐམས་ཅད་ ལས་རྣམ་པར་ལོག་པའོ། །དེ་བཞིན་གཤེགས་པའི་སྐུ་ནི་འདུས་མ་བྱས་ཏེ། འདུ་བྱེད་ཐམས་ཅད་དང་བྲལ་བའོ། །བཙུན་པ་ཀུན་དགའ་བོ་དེ་ལྟ་བུ་ལ་ནད་ཡོད་པར་འདོད་པ་ནི་མི་རིགས་ཤིང་འདྲ་བ་མ་ཡིན་ནོ་ ཞེས་མཆི་ནས། དེ་ལ་བཅོམ་ལྡན་འདས་ལས་བདག་གིས་ལོག་པར་ཐོས་ཤིང་ལོག་པར་བཟུང་བར་མ་གྱུར་གྲང་སྙམ་སྟེ། བདག་རབ་ཏུ་ངོ་ཚ་བར་གྱུར་ཏེ། །དེ་ནས་བདག་གིས་བར་སྣང་ལས་སྒྲ་ཐོས་པ་ཀུན་དགའ་བོ་ ཁྱིམ་བདག་ཇི་ལྟར་སྟོན་པ་དེ་དེ་བཞིན་ཏེ། འོན་ཀྱང་བཅོམ་ལྡན་འདས་སྙིགས་མ་ལྔའི་དུས་ལ་བྱུང་བས་དེའི་ཕྱིར་སེམས་ཅན་རྣམས་དམན་ཞིང་དབུལ་བའི་སྤྱོད་པས་རྣམ་པར་འདུལ་ཏེ། དེ་བས་ན་ཀུན་དགའ་བོ་ངོ་ཚ་བར་མ་བྱེད་ པར་འོ་མ་ཁྱེར་ལ་སླར་སོང་ཤིག་ཅེས་མཆིའོ། །བཅོམ་ལྡན་འདས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་དྲིས་པ་ལན་འདེབས་པ་བསྟན་པ་འདི་འདྲ་སྟེ། བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་ མི་སྤྲོའོ། །དེ་བཞིན་དུ་ཉན་ཐོས་ལྔ་བརྒྱ་ཙམ་མི་སྤྲོ་བར་གྱུར་པ་དེ་དག་གིས་རང་གི་སྤོབས་པ་བཅོམ་ལྡན་འདས་ལ་གསོལ་ཏེ། གང་དག་ལིད་ཙ་བྱི་དྲི་མ་མེད་པར་གྲགས་པ་དང་གཏམ་བྱས་པ་དེ་ཐམས་ཅད་ཀྱང་བཅོམ་ལྡན་འདས་ལ་ གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ཁྱོད་ལིད་ཙ་བྱི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །བྱམས་པས་ཀྱང་གསོལ་པ། བཅོམ་ལྡན་འདས་ 55-1-204b བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། ལྷའི་བུ་ཡོངས་སུ་དགའ་ལྡན་ལ་སོགས་པ་དགའ་ལྡན་རིགས་ཀྱི་ལྷའི་བུ་རྣམས་ ལ་ལྷན་ཅིག་ཏུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕྱིར་མི་ལྡོག་པའི་ས་ལ་བརྩམས་ཏེ་ཆོས་ཀྱི་བཀའ་མཆིད་མཆི་བའི་ཕྱོགས་དེར་ལིད་ཙ་བྱི་དྲི་མ་མེད་པར་གྲགས་པ་མཆིས་ཏེ། དེ་བདག་ལ་འདི་སྐད་ཅེས་མཆིའོ། ། བྱམས་པ་ཁྱོད་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་གཅིག་གིས་ཐོགས་པར་ལུང་བསྟན་ན། བྱམས་པ་དེ་སྐྱེ་བ་གང་གིས་ལུང་བསྟན། བྱམས་པ་ཅི་འདས་པས་སམ། འོན་ཏེ་མ་འོངས་པས་སམ། འོན་ཏེ་ད་ལྟར་ གྱིས། དེ་ལ་གང་འདས་པའི་སྐྱེ་བ་དེ་ནི་ཟད་པའོ། །གང་མ་འོངས་པ་དེ་ནི་མ་ཕྱིན་པའོ། །ད་ལྟར་གྱི་སྐྱེ་བ་ལ་ནི་གནས་པ་འང་མེད་དེ། འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟར་དགེ་སློང་དག་ཁྱོད་ནི་སྐད་ཅིག་ ཅིག་ཏུ་སྐྱེའོ། །རྒའོ་འཆིའོ། །འཕོའོ། །འབྱུང་ངོ་ཞེས་གསུངས་སོ། །སྐྱེ་བ་མེད་པ་ལ་ནི་ངེས་པར་གྱུར་པ་ལ་འཇུག་པ་སྟེ། མི་སྐྱེ་བ་ནི་ལུང་བསྟན་པ་ཡང་མེད། མི་སྐྱེ་བ་ནི་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་མ་ཡིན་ན་ བྱམས་པ་ཁྱོད་དེ་བཞིན་ཉིད་སྐྱེ་བས་སམ། དེ་བཞིན་ཉིད་འགག་པས་སམ། ཇི་ལྟར་ལུང་བསྟན་པ་དེ་བཞིན་ཉིད་ནི་མི་སྐྱེ་མི་འགག་ཅིང་སྐྱེ་བར་མི་འགྱུར་ལ་འགག་པར་མི་འགྱུར་ཏེ། གང་སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་ གང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། གང་འཕགས་པ་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ་ནི་བྱམས་པ་ཁྱོད་ཀྱི་ཡང་དེ་བཞིན་ཉིད་དོ། །གལ་ཏེ་ཁྱོད་དེ་ལྟ་བུར་ལུང་བསྟན་ན་ནི་སེམས་ཅན་ཐམས་ཅད་ཀྱང་ལུང་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་ཉིད་ནི་གཉིས་ཀྱིས་ རབ་ཏུ་ཕྱེ་བ་མ་ཡིན། ཐ་དད་པས་རབ་ཏུ་ཕྱེ་བ་མ་ཡིན་པའི་ཕྱིར་ཏེ། བྱམས་པ་ཁྱོད་གང་གི་ཚེ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་ 55-1-205a རྒྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་རྗེས་སུ་རྟོགས་པ་ནི་བྱང་ཆུབ་ཡིན་པའི་ཕྱིར་རོ། །བྱམས་པ་ཁྱོད་གང་གི་ཚེ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ་སེམས་ཅན་ཐམས་ཅད་ ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་མ་འདས་པར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། དེ་དག་གི་སེམས་ཅན་ ཐམས་ཅད་ཤིན་དུ་ཡོངས་སུ་མྱ་ངན་ལས་འདས་ཤིང་མྱ་ངན་ལས་འདས་པའི་རང་བཞིན་ཅན་དུ་མཐོང་བའི་ཕྱིར་རོ། །བྱམས་པ་དེ་ལྟ་བས་ན་ལྷའི་བུ་འདི་རྣམས་མ་བྲིད་མ་སླུ་ཤིག །བྱང་ཆུབ་ལ་ནི་སུ་ཡང་མི་གནས་མི་ ལྡོག་གི། བྱམས་པ་ལྷའི་བུ་འདི་དག་བྱང་ཆུབ་ལ་ཀུན་དུ་རྟོག་པར་ལྟ་བ་དེ་འདོར་དུ་ཆུག་ཤིག །བྱང་ཆུབ་ནི་ལུས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན། སེམས་ཀྱིས་ཀྱང་མ་ཡིན་ནོ། །བྱང་ཆུབ་ནི་མཚན་ མ་ཐམས་ཅད་རྣམ་པར་ཞི་བའོ། །བྱང་ཆུབ་ནི་དམིགས་པ་ཐམས་ཅད་ཀྱིས་སྒྲོ་བཏགས་པ་མེད་པའོ། །བྱང་ཆུབ་ནི་ཡིད་ལ་བྱེད་པ་ཐམས་ཅད་རྒྱུ་བ་མེད་པའོ། །བྱང་ཆུབ་ནི་ལྟ་བར་གྱུར་པ་ཐམས་ཅད་ཡོངས་སུ་ ཆད་པའོ། །བྱང་ཆུབ་ནི་ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་བའོ། །བྱང་ཆུབ་ནི་གཡོ་བ་དང་། སེམས་པ་དང་བསྐྱོད་པ་ཐམས་ཅད་དང་བྲལ་བའོ། །བྱང་ཆུབ་ནི་སྨོན་ལམ་ཐམས་ཅད་ལ་མི་འཇུག་པའོ། ། བྱང་ཆུབ་ནི་འཛིན་པ་ཐམས་ཅད་དང་བྲལ་ཞིང་མ་ཆགས་པར་འཇུག་པའོ། །བྱང་ཆུབ་ནི་ཆོས་ཀྱི་དབྱིངས་ཀྱི་གནས་ཀྱིས་གནས་པའོ། །བྱང་ཆུབ་ནི་དེ་བཞིན་ཉིད་རྗེས་སུ་རྟོགས་པའོ། །བྱང་ཆུབ་ནི་ཡང་ དག་པ་ཉིད་ཀྱི་མཐའ་ལ་གནས་པའོ། །བྱང་ཆུབ་ནི་ཡིད་དང་ཆོས་མེད་པས་གཉིས་སུ་མེད་པའོ། །བྱང་ཆུབ་ནི་ནམ་མཁའ་དང་མཉམ་པས་མཉམ་པའོ། །བྱང་ཆུབ་ནི་སྐྱེ་བ་དང་། འཇིག་པ་དང་། གནས་པ་དང་། 55-1-205b གཞན་དུ་འགྱུར་བ་མེད་པས་འདུས་མ་བྱས་པའོ། །བྱང་ཆུབ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་དང་། བསམ་པ་ཡོངས་སུ་ཤེས་པའོ། །བྱང་ཆུབ་ནི་སྐྱེ་མཆེད་རྣམས་ཀྱི་སྒོ་མ་ཡིན་པའོ། །བྱང་ཆུབ་ ནི་བག་ཆགས་ཐམས་ཅད་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་དང་བྲལ་བས་མ་འདྲེས་པའོ། །བྱང་ཆུབ་ནི་གནས་དང་གནས་མ་ཡིན་པ་དང་བྲལ་བས་ཡུལ་ལ་མི་གནས་ཤིང་ཕྱོགས་ལ་མི་གནས་པའོ། ། བྱང་ཆུབ་ནི་ཀུན་ནས་མི་ལྡང་ཞིང་དེ་བཞིན་ཉིད་ལ་མི་གནས་པའོ། །བྱང་ཆུབ་ནི་མིང་ཙམ་སྟེ་མིང་དེ་ཡང་གཡོ་བ་མེད་དོ། །བྱང་ཆུབ་ནི་བླང་བ་དང་དོར་བ་མེད་པས་རླབས་མེད་དོ། །བྱང་ཆུབ་ནི་འཁྲུག་པ་མེད་ པ་སྟེ་རང་བཞིན་གྱིས་ཡོངས་སུ་དག་པའོ། །བྱང་ཆུབ་ནི་རབ་ཏུ་སྣང་བ་སྟེ་ངོ་བོ་ཉིད་རྣམ་པར་དག་པའོ། །བྱང་ཆུབ་ནི་འཛིན་པ་མེད་པ་སྟེ་ཤིན་དུ་དམིགས་པ་མེད་པའོ། །བྱང་ཆུབ་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ ཉིད་ཁོང་དུ་ཆུད་པས་ཐ་དད་པ་མེད་པའོ། །བྱང་ཆུབ་ནི་དཔེ་བསྟན་པ་དང་བྲལ་བས་དཔེ་མེད་པའོ། །བྱང་ཆུབ་ནི་ཤིན་དུ་ཁོང་དུ་ཆུད་པར་དཀའ་བའི་ཕྱིར་ཕྲ་བའོ། །བྱང་ཆུབ་ནི་ནམ་མཁའི། རང་བཞིན་པས་ན་ ཐམས་ཅད་དུ་སོང་བ་སྟེ། དེ་ནི་ལུས་ཀྱིས་སམ། སེམས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ནི་རྩྭ་དང་ཤིང་དང་། བརྩིག་པ་དང་། ལམ་དང་། མིག་ཡོར་ ལྟ་བུའོ། །སེམས་ནི་གཟུགས་མེད་པ། བསྟན་དུ་མེད་པ། རྟེན་མེད་པ། རྣམ་པར་རིག་པ་མེད་པའོ། །བཅོམ་ལྡན་འདས་བསྟན་པ་འདི་བཤད་པ་ན་འཁོར་དེ་ནས་ལྷའི་བུ་ཉིས་བརྒྱ་མི་སྐྱེ་བའི་ཆོས་ལ་ བཟོད་པ་ཐོབ་བོ། །བདག་ཀྱང་སྤོབས་པ་མ་མཆིས་པར་གྱུར་ཏེ། བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལིད་ཙ་བི་གཞོན་ 55-1-206a ནུ་འོད་བཀོད་པ་ལ་བཀའ་སྩལ་པ། འོད་བཀོད་པ་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །འོད་བཀོད་པས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། བདག་ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་བྱུང་བ་དང་། ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ ནང་དུ་མཆི་བ་དང་མཇལ་ཏེ། དེས་བདག་ལ་གུས་པར་སྨྲས་པ་དང་། བདག་གིས་འདི་སྐད་ཅེས་བགྱིས་སོ། །ཁྱིམ་བདག་ཁྱོད་ག་ལས་འོངས་དེས་བདག་ལ་སྨྲས་པ། བྱང་ཆུབ་ཀྱི་སྙིང་པོ་ནས་འོངས་སོ། ། བདག་གིས་དེ་ལ་སྨྲས་པ། བྱང་ཆུབ་ཀྱི་སྙིང་པོ་ཞེས་བྱ་བ་དེ་གང་གི་ཚིག་བླ་དགས། དེ་བདག་ལ་འདི་སྐད་ཅེས་མཆིའོ། །རིགས་ཀྱི་བུ་བྱང་ཆུབ་ཀྱི་སྙིང་པོ་ཞེས་བྱ་བ་དེ་ནི་བཅོས་མ་མ་ཡིན་པའི་ཕྱིར་བསམ་པའི་སྙིང་ པོའོ། །བརྩོན་པའི་ལས་སྒྲོལ་བའི་ཕྱིར་དེ་ནི་སྦྱོར་བའི་སྙིང་པོའོ། །ཁྱད་པར་དུ་ཁོང་དུ་ཆུད་པའི་ཕྱིར་དེ་ནི་ལྷག་པའི་བསམ་པའི་སྙིང་པོའོ། །ཡང་དག་པར་མི་བརྗོད་པའི་ཕྱིར་དེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྙིང་པོའོ། ། རྣམ་པར་སྨིན་པ་ལ་མི་རེ་བའི་ཕྱིར་དེ་ནི་སྦྱིན་པའི་སྙིང་པོའོ། །སྨོན་ལམ་ཡོངས་སུ་རྫོགས་པའི་ཕྱིར་དེ་ནི་ཚུལ་ཁྲིམས་ཀྱི་སྙིང་པོའོ། །སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པས་དེ་ནི་བཟོད་པའི་སྙིང་པོའོ། ། ཕྱིར་མི་ལྡོག་པའི་ཕྱིར་དེ་ནི་བརྩོན་འགྲུས་ཀྱི་སྙིང་པོའོ། །སེམས་ལས་སུ་རུང་བའི་ཕྱིར་དེ་ནི་བསམ་གཏན་གྱི་སྙིང་པོའོ། །མངོན་སུམ་དུ་མཐོང་བའི་ཕྱིར་དེ་ནི་ཤེས་རབ་ཀྱི་སྙིང་པོའོ། །སེམས་ཅན་ཐམས་ཅད་ལ་སེམས་ མཉམ་པའི་ཕྱིར་དེ་ནི་བྱམས་པའི་སྙིང་པོའོ། །གནོད་པ་ཐམས་ཅད་བཟོད་པའི་ཕྱིར་དེ་ནི་སྙིང་རྗེའི་སྙིང་པོའོ། །ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པའི་ཕྱིར་དེ་ནི་དགའ་བའི་སྙིང་པོའོ། །རྗེས་སུ་ཆགས་པ་དང་ཁོང་ཁྲོ་ 55-1-206b བར་སྤངས་པའི་ཕྱིར་དེ་ནི་བཏང་སྙོམས་ཀྱི་སྙིང་པོའོ། །དྲུག་མངོན་པར་ཤེས་པས་དེ་ནི་མངོན་པར་ཤེས་པའི་སྙིང་པོའོ། །མི་རྟོག་པའི་ཕྱིར་དེ་ནི་རྣམ་པར་ཐར་པའི་སྙིང་པོའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་ པའི་ཕྱིར་དེ་ནི་ཐབས་ཀྱི་སྙིང་པོའོ། །སེམས་ཅན་ཐམས་ཅད་སྡུད་པའི་ཕྱིར་དེ་ནི་བསྡུ་བའི་དངོས་པོའི་སྙིང་པོའོ། །ནན་ཏན་སྙིང་པོར་བྱེད་པའི་ཕྱིར་དེ་ནི་ཐོས་པའི་སྙིང་པོའོ། །ཚུལ་བཞིན་སོ་སོར་རྟོག་པའི་ཕྱིར་དེ་ནི་ངེས་པར་སེམས་ པའི་སྙིང་པོའོ། །འདུས་བྱས་དང་འདུས་མ་བྱས་སྤོང་བའི་ཕྱིར་དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་སྙིང་པོའོ། །འཇིག་རྟེན་ཐམས་ཅད་མི་སླུ་བའི་ཕྱིར་དེ་ནི་བདེན་པའི་སྙིང་པོའོ། །མ་རིག་པའི་ཟག་པ་ཟད་པ་ནས་རྒ་ཤིའི་བར་གྱི་ཟག་པ་ཟད་པའི་ ཕྱིར་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་དེ་ནི་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བའི་སྙིང་པོའོ། །སེམས་ཅན་ཐམས་ཅད་ངོ་བོ་ཉིད་མེད་པའི་ཕྱིར། དེ་ནི་ སེམས་ཅན་ཐམས་ཅད་ཀྱི་སྙིང་པོའོ། །སྟོང་པ་ཉིད་མངོན་པར་བྱང་ཆུབ་པའི་ཕྱིར་དེ་ནི་ཆོས་ཐམས་ཅད་ཀྱི་སྙིང་པོའོ། །མི་གཡོ་བའི་ཕྱིར་དེ་ནི་བདུད་ཐམས་ཅད་རབ་ཏུ་འཇོམ་པའི་སྙིང་པོའོ། །འཇུག་པ་དང་བྲལ་བའི་ཕྱིར་དེ་ནི་ཁམས་ གསུམ་པའི་སྙིང་པོའོ། །མི་འཇིགས་ཤིང་མི་དངངས་པའི་ཕྱིར་དེ་ནི་སེང་གེའི་སྒྲ་སྒྲོགས་པའི་བརྩོན་འགྲུས་ཀྱི་སྙིང་པོའོ། །ཐམས་ཅད་དུ་མ་སྨད་པའི་ཕྱིར་དེ་ནི་སྟོབས་དང་། མི་འཇིགས་པ་དང་། མ་འདྲེས་པ་དང་། སངས་ རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྙིང་པོའོ། །ཉོན་མོངས་པ་མ་ལུས་པའི་ཕྱིར་དེ་ནི་རིག་པ་གསུམ་གྱི་སྙིང་པོའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་གྲུབ་པའི་ཕྱིར་དེ་ནི་སེམས་ཀྱི་སྐད་ཅིག་གཅིག་ལ་ཆོས་ཐམས་ ཅད་མ་ལུས་པར་ཁོང་དུ་ཆུད་པའི་སྙིང་པོའོ། །རིགས་ཀྱི་བུ་དེ་ལྟར་ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་ལྡན་པ་དང་། དམ་པའི་ཆོས་ 55-1-207a ཡོངས་སུ་འཛིན་པ་དང་ལྡན་པ་དང་། དགེ་བའི་རྩ་བ་དང་ལྡན་པའི་གོམ་པ་འདོར་བ་དང་། འདེག་པ་དེ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ནས་འོངས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ལས་འོངས་ཤིང་སངས་རྒྱས་ ཀྱི་ཆོས་རྣམས་ལ་གནས་སོ། །བཅོམ་ལྡན་འདས་བསྟན་པ་འདི་བཤད་པ་ན། ལྷ་དང་མི་ལྔ་བརྒྱ་ཙམ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བདག་ཀྱང་དེ་ནས་སྤོབས་པ་མ་མཆིས་པར་གྱུར་ཏོ། །བཅོམ་ལྡན་འདས་དེའི་ སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འགྲོ་བ་འཛིན་ལ་བཀའ་སྩལ་པ། འགྲོ་བ་འཛིན་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་ འདྲིར་སོང་ཤིག །འགྲོ་བ་འཛིན་གྱིས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་ བ་དུས་གཅིག་ན་རང་གི་གནས་ན་མཆིས་པའི་ཚེ་བདུད་སྡིག་ཅན་ལྷའི་བུ་མོ་ཁྲི་ཉིས་སྟོང་གིས་ཡོངས་སུ་བསྐོར་ཏེ། བརྒྱ་བྱིན་གྱི་ཆ་བྱད་ཀྱིས་སིལ་སྙན་དང་གླུ་དབྱངས་ལེན་ཅིང་བདག་ག་ལ་བ་དེར་མཆིས་ཏེ། བདག་ གི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་དེ་འཁོར་དང་བཅས་པ་བདག་ལ་མདུན་གྱིས་བལྟས་ཏེ་ཕྱོགས་གཅིག་ཏུ་མཆིས་སོ། །བདག་ནི་དེ་ལ་བརྒྱ་བྱིན་ལྷའི་དབང་པོ་ལགས་སྙམ་བགྱིད་དེ། བདག་གིས་དེ་ལ་འདི་ སྐད་ཅེས་བགྱིས་སོ། །ཀོའུ་ཤི་ཀ་ཁྱོད་ལེགས་པར་འོངས་སོ། །འདོད་པའི་དགའ་བ་ཐམས་ཅད་ལ་བག་ཡོད་པར་གྱིས་ཤིག །ལུས་དང་། སྲོག་དང་། ལོངས་སྤྱོད་རྣམས་ལས་སྙིང་པོ་བླངས་པ་དང་། མི་ རྟག་པར་རྟོག་པ་མང་དུ་གྱིས་ཤིག །དེ་ནས་དེས་བདག་ལ་འདི་སྐད་ཅེས་མཆིའོ། །སྐྱེས་བུ་དམ་པ་ལྷའི་བུ་མོ་ཁྲི་ཉིས་སྟོང་འདི་དག་བདག་ལས་ཁྱོད་ཀྱིས་ལོང་ལ་འདི་དག་ཁྱོད་ཀྱི་གཡོག་གྱིས་ཤིག་ཅེས་མཆི་བ་དང་། དེ་ལ་ 55-1-207b བདག་གིས་འདི་སྐད་དུ་ཀོའུ་ཤི་ཀ་རུང་བ་མ་ཡིན་པའི་དངོས་པོ་དག་དགེ་སྦྱོང་ཤཱཀྱའི་སྲས་ལ་མ་འབུལ་ཅིག །འདི་དག་ནི་ངེད་ལ་རུང་བ་མ་ཡིན་ནོ་ཞེས་བགྱིས་སོ། །བཀའ་མཆིད་དེ་བགྱིས་པ་དང་། ལིད་ཙ་ བི་དྲི་མ་མེད་པར་གྲགས་པ་དེ་མཆིས་ནས་བདག་ལ་འདི་སྐད་དུ་རིགས་ཀྱི་བུ་འདི་ལ་བརྒྱ་བྱིན་ཡིན་སྙམ་དུ་འདུ་ཤེས་མ་སྐྱེད་ཅིག །འདི་ནི་བདུད་སྡིག་ཅན་ཏེ། ཁྱོད་ལ་ཅོ་དྲི་བའི་ཕྱིར་འོངས་ཀྱི་བརྒྱ་བྱིན་ནི་མ་ཡིན་ནོ་ ཞེས་མཆིའོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་བདུད་སྡིག་ཅན་དེ་ལ་འདི་སྐད་དུ་བདུད་སྡིག་ཅན་ལྷའི་བུ་མོ་འདི་རྣམས་དགེ་སྦྱོང་ཤཱཀྱའི་སྲས་ལ་ནི་རུང་བ་མ་ཡིན་གྱིས་ང་ལ་བྱིན་ཅིག་ཅེས་བགྱིས་པ་དང་། དེ་ ནས་བདུད་སྡིག་ཅན་འཇིགས་ཤིང་སྐྲག་ནས་མི་དགའ་སྟེ། ལིད་ཙ་བི་དྲི་མ་མེད་པར་གྲགས་པ་འདིས་བདག་ལ་བསླུས་སུ་འོང་ངོ་ཞེས་དེ་མི་སྣང་བར་བགྱི་བར་འཚལ་བ་མ་ནུས་ཏེ། རྫུ་འཕྲུལ་ཐམས་ཅད་བསྟན་ ཀྱང་མི་སྣང་བར་མ་ནུས་སོ། །དེ་ནས་བར་སྣང་ལས་སྒྲ་བྱུང་སྟེ། སྡིག་ཅན་ཁྱོད་ཀྱིས་ལྷའི་བུ་མོ་འདི་རྣམས་སྐྱེ་བུ་དམ་པ་འདི་ལ་ཕུལ་ཅིག་དང་། གདོད་བདག་གི་གནས་སུ་འགྲོ་ནུས་པར་འགྱུར་རོ། །དེ་ནས་ བདུད་སྡིག་ཅན་འཇིགས་ཤིང་སྐྲག་ནས་མི་འཚལ་བཞིན་དུ་ལྷའི་བུ་མོ་དེ་རྣམས་ཕུལ་ལོ། །དེ་ནས་དྲི་མ་མེད་པར་གྲགས་པས་ལྷའི་བུ་མོ་དེ་རྣམས་བླངས་ནས་ལྷའི་བུ་མོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་བདུད་ སྡིག་ཅན་གྱིས་ང་ལ་བྱིན་གྱིས་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག །དེས་དེ་དག་ལ་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་འགྱུར་བའི་རྗེས་སུ་འཐུན་པའི་གཏམ་བགྱིས་པ་དང་དེ་དག་ཀྱང་བྱང་ཆུབ་ཏུ་ སེམས་བསྐྱེད་དོ། །དེ་ནས་ཡང་དེས་ཁྱེད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ཟིན་གྱིས་ད་ཕན་ཆད་ཁྱེད་ཆོས་ཀྱི་ཀུན་དགའ་ལ། དགའ་ཞིང་མོས་པར་གྱིས་ལ་འདོད་པ་ལ་དགའ་ཞིང་མོས་པར་མ་བྱེད་ཅིག་ཅེས་བསྒོའོ། ། 55-1-208a དེ་དག་གིས་སྨྲས་པ། ཆོས་ཀྱི་ཀུན་དགའ་ལ་དགའ་བ་དེ་གང་ལགས། དེས་སྨྲས་པ། སངས་རྒྱས་ལ་མི་ཕྱེད་པར་དད་ཅིང་དགའ་བ་དང་། ཆོས་ཉན་པར་འདོད་ཅིང་དགའ་བ་དང་། དགེ་འདུན་ ལ་བསྙེན་བཀུར་བྱ་བར་དགའ་བ་དང་། ང་རྒྱལ་མེད་ཅིང་བླ་མ་དག་ལ་སྟི་སྟང་བྱེད་པར་དགའ་བ་དང་། ཁམས་ཀུན་ནས་འབྱུང་བར་དགའ་བ་དང་། ཡུལ་རྣམས་ལ་མི་གནས་པར་དགའ་བ་དང་། ཕུང་པོ་རྣམས་ལ་ གཤེད་མ་ལྟ་བུར་རྟོག་པ་ལ་དགའ་བ་དང་། ཁམས་རྣམས་ལ་སྦྲུལ་གདུག་པ་དང་མཚུངས་པར་རྟོག་པ་ལ་དགའ་བ་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པ་ལྟ་བུར་དབེན་པར་དགའ་བ་དང་། བྱང་ཆུབ་ཀྱི་སེམས་ཀུན་ ཏུ་བསྲུང་བར་དགའ་བ་དང་། སེམས་ཅན་ལ་ཕན་པར་བྱེད་པར་དགའ་བ་དང་། སྦྱིན་པ་ལ་བགོ་བཤའ་བྱེད་པར་དགའ་བ་དང་། ཚུལ་ཁྲིམས་ལ་མི་ལྷོད་པར་དགའ་བ་དང་། བཟོད་པ་ལ་བཟོད་ཅིང་དུལ་བར་ དགའ་བ་དང་། བརྩོན་འགྲུས་ལ་དགེ་བ་ཡང་དག་པར་བསྒྲུབས་པར་དགའ་བ་དང་། བསམ་གཏན་ལ་ཡོངས་སུ་སྤྱོད་པར་དགའ་བ་དང་། ཤེས་རབ་ལ་ཉོན་མོངས་པའི་སྣང་བ་མེད་པར་དགའ་བ་དང་། བྱང་ཆུབ་ ལ་རྒྱ་ཆེར་དགའ་བ་དང་། བདུད་ཚར་གཅོད་པར་དགའ་བ་དང་། ཉོན་མོངས་པ་རྣམས་ངེས་པར་གཞོམ་པར་དགའ་བ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་སྦྱོང་བར་དགའ་བ་དང་། མཚན་དང་དཔེ་བྱད་བཟང་པོ་ ཡོངས་སུ་སྒྲུབ་པའི་ཕྱིར་དགེ་བ་ཐམས་ཅད་བསགས་པ་ལ་དགའ་བ་དང་། ཆོས་ཟབ་མོ་ཐོས་པས་མི་སྐྲག་པར་དགའ་བ་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་འདྲིས་པར་བྱེད་པའི་དགའ་བ་དང་། མྱ་ངན་ལས་ འདས་པའི་དམིགས་པ་ལ་དགའ་བ་དང་། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ལ་དགའ་བ་དང་། དུས་མ་ཡིན་པར་ཐོབ་པར་མི་བྱེད་པ་ལ་དགའ་བ་དང་། སྐལ་བ་མཉམ་པའི་སྐྱེ་བོ་ལ་བསྟེན་པར་དགའ་བ་དང་། སྐལ་བ་མི་མཉམ་ 55-1-208b པ་རྣམས་ལ་ཞེ་མི་སྡང་ཞིང་ཁོང་ཁྲོ་བ་མེད་པའི་དགའ་བ་དང་། དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་པར་དགའ་བ་དང་། སྡིག་པའི་གྲོགས་པོ་དག་རྣམ་པར་སྤང་བར་དགའ་བ་དང་། ཆོས་ལ་མོས་ཤིང་དད་དེ་མཆོག་ ཏུ་དགའ་བའི་དགའ་བ་དང་། ཐབས་ལ་སྡུད་པའི་དགའ་བ་དང་། བག་ཡོད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྟེན་པ་ལ་དགའ་བ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ་ཡིན་ནོ། །དེ་ནས་ བདུད་སྡིག་ཅན་གྱིས་ལྷའི་བུ་མོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ད་བདག་ཅག་གི་གནས་སུ་འདོང་གིས་ཚུར་ཤོག །དེ་དག་གིས་སྨྲས་པ། ཁྱོད་ཀྱིས་བདག་ཅག་ཁྱིམ་བདག་འདི་ལ་ཕུལ་བས་ད་ནི་ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་ མོས་པར་བྱའོ། འདོད་པ་ལ་ནི་དགའ་ཞིང་མོས་པར་མི་བྱའོ། །དེ་ནས་བདུད་སྡིག་ཅན་གྱིས་ལིད་ཙ་བྱི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདོག་པ་ཐམས་ཅད་ཡོངས་ སུ་གཏོང་ཞིང་སེམས་འཛིན་པ་མེད་པ་ལགས་ན་ཁྱིམ་བདག་ཁྱོད་ཀྱིས་ལྷའི་བུ་མོ་འདི་རྣམས་དགྱེ་བར་གསོལ། དྲི་མ་མེད་པར་གྲགས་པས་སྨྲས་པ། འདི་རྣམས་བགྱེ་བ་ཡིན་གྱིས། སྡིག་ཅན་གཡོག་དང་བཅས་ཏེ་དེང་ ཤིག །སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག །དེ་ནས་ལྷའི་བུ་མོ་དེ་དག་གིས་དྲི་མ་མེད་པར་གྲགས་པ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཇི་ལྟར་བདག་ཅག་ བདུད་ཀྱི་གནས་ན་གནས་པར་བགྱི། སྨྲས་པ། །སྲིང་མོ་དག་མི་ཟད་པའི་སྒྲོན་མ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དེ། དེ་ལ་ནན་ཏན་གྱིས་ཤིག །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྲིང་མོ་དག་སྒྲོན་མ་གཅིག་ལས་སྒྲོན་ མ་བརྒྱ་སྟོང་འབར་བར་བྱས་ཀྱང་སྒྲོན་མ་དེ་འབྲི་བར་མི་འགྱུར་བ་དེ་བཞིན་དུ་སྲིང་མོ་དག་བྱང་ཆུབ་སེམས་དཔའ་གཅིག་གིས་སེམས་ཅན་བརྒྱ་སྟོང་མང་པོ་རྣམས་བྱང་ཆུབ་ལ་བཀོད་ཀྱང་བྱང་ཆུབ་སེམས་དཔའ་དེ་སེམས་དྲན་ 55-1-209a པ་མི་འབྲི། ཡོངས་སུ་མི་འབྲི་བའི་སྟེང་དུ་འཕེལ་ལོ། །དེ་བཞིན་དུ་དགེ་བའི་ཆོས་ཐམས་ཅད་ཀྱང་ཇི་ལྟ་ཇི་ལྟར་གཞན་དག་ལ་བསྒོ་ཞིང་བསྟན་པ་དེ་ལྟ་དེ་ལྟར་དགེ་བའི་ཆོས་ཐམས་ཅད་ཀྱིས་རྣམ་པར་འཕེལ་ ཏེ། འདི་ནི་མི་ཟད་པའི་སྒྲོན་མ་ཞེས་བྱ་བའི་ཆོས་ཀྱི་སྒོའོ། །བདུད་ཀྱི་གནས་དེ་ན་ཁྱོད་གནས་པའི་ཚེ་ལྷའི་བུ་དང་། ལྷའི་བུ་མོ་ཚད་མེད་པ་རྣམས་བྱང་ཆུབ་ཀྱི་སེམས་ལ་མོས་པར་གྱིས་ཤིག །དེ་ལྟར་ན་ཁྱེད་དེ་བཞིན་གཤེགས་ པ་ལ་བྱས་པ་གཟོ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་འཚོ་བར་ཡང་འགྱུར་རོ། །དེ་ནས་ལྷའི་བུ་མོ་དེ་དག་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་བདུད་དང་ལྷན་ཅིག་སླར་མཆིས་སོ། །བཅོམ་ལྡན་ འདས་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་རྣམ་པར་འཕྲུལ་པའི་ཁྱད་པར་དེ་བདག་གིས་མཐོང་སྟེ། བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚོང་ དཔོན་གྱི་བུ་ལེགས་པར་བྱིན་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །ལེགས་པར་བྱིན་གྱིས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ ཞིང་མཆི་བར་མི་སྤྲོའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན་བདག་ཕའི་སྡུམ་པ་ན་མཆོད་སྦྱིན་ཆེན་པོ་བགྱིད་བའི་སླད་དུ་དགེ་སྦྱོང་དང་བྲམ་ཟེ་ཐམས་ཅད་དང་། དབུལ་ པོ་དང་། སྡུག་བསྔལ་བ་དང་། བཀྲེན་པ་དང་། སྡུག་ཕོངས་པ་དང་། སློང་བ་ཐམས་ཅད་ལ་སྦྱིན་པ་སྩལ་ཏེ། གདུགས་བདུན་དུ་མཆོད་སྦྱིན་ཆེན་པོ་བགྱིད་པ་དེར་གདུགས་ཐ་མ་དེར་ལིད་ཙ་བི་དྲི་མ་མེད་པར་ གྲགས་པ་མཆོད་སྦྱིན་ཆེན་པོའི་ས་དེར་མཆིས་ནས་བདག་ལ་འདི་སྐད་ཅེས་མཆིའོ། །ཚོང་དཔོན་གྱི་བུ་ཇི་ལྟར་ཁྱོད་མཆོད་སྦྱིན་བྱེད་པ་དེ་ལྟར་མཆོད་སྦྱིན་མི་བྱའི་ཁྱོད་ཀྱིས་ཆོས་ཀྱིས་མཆོད་སྦྱིན་བྱའོ། །ཟང་ཟིང་གི་ 55-1-209b མཆོད་སྦྱིན་གྱིས་ཁྱོད་ལ་ཅི་ཞིག་བྱ། བདག་གིས་དེ་ལ་འདི་སྐད་ཅེས་བགྱིས་སོ། །ཆོས་ཀྱི་མཆོད་སྦྱིན་དེ་ཇི་ལྟར་སྦྱིན་པར་བྱ། དེས་བདག་ལ་སྨྲས་པ། ཆོས་ཀྱི་མཆོད་སྦྱིན་དེ་གང་གིས་སྔ་ཕྱི་མེད་པར་སེམས་ ཅན་ཡོངས་སུ་སྨིན་པར་འགྱུར་བ་དེ་ནི་ཆོས་ཀྱི་མཆོད་སྦྱིན་ནོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་རྣམ་པར་མངོན་པར་བསྒྲུབས་པའི་བྱམས་པ་ཆེན་པོ་དང་། དམ་པའི་ཆོས་བསྡུས་པས་མངོན་པར་བསྒྲུབས་ པའི་སྙིང་རྗེ་ཆེན་པོ་དང་། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་དགའ་བ་ལ་དམིགས་པས་མངོན་པར་བསྒྲུབས་པའི་དགའ་བ་ཆེན་པོ་དང་། ཤེས་པས་བསྡུས་པས་མངོན་པར་བསྒྲུབས་པའི་བཏང་སྙོམས་ ཆེན་པོ་དང་། ཞི་བ་དང་དུལ་བས་མངོན་པར་བསྒྲུབས་པའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། སེམས་ཅན་ཚུལ་ཁྲིམས་འཆལ་པ་རྣམས་ཡོངས་སུ་སྨིན་པར་བྱེད་པས་མངོན་པར་བསྒྲུབས་པའི་ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་དང་། བདག་མེད་པའི་ཆོས་ཀྱིས་མངོན་པར་བསྒྲུབས་པའི་བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བྱང་ཆུབ་ཏུ་རྩོམ་པས་མངོན་པར་བསྒྲུབས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ལུས་དང་སེམས་ དབེན་པས་མངོན་པར་བསྒྲུབས་པའི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མངོན་པར་བསྒྲུབས་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་ སྨིན་པར་བྱེད་པས་མངོན་པར་བསྒྲུབས་པའི་སྟོང་པ་ཉིད་ལ་སྒོམ་པ་དང་། འདུས་བྱས་ཡོངས་སུ་སྦྱོང་བས་མངོན་པར་བསྒྲུབས་པའི་མཚན་མ་མེད་པ་ལ་སྒོམ་པ་དང་། བསམས་བཞིན་དུ་སྐྱེ་བས་མངོན་པར་བསྒྲུབས་ པའི་སྨོན་པ་མེད་པ་ལ་སྒོམ་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པས་མངོན་པར་བསྒྲུབས་པའི་སྟོབས་ཀྱིས་རྟུལ་བ་དང་། བསྡུ་བའི་དངོས་པོས་མངོན་པར་བསྒྲུབས་པའི་སྲོག་གི་དབང་པོ་དང་། སེམས་ཅན་ 55-1-210a ཐམས་ཅད་ཀྱི་བྲན་དང་སློབ་མར་གྱུར་པས་མངོན་པར་བསྒྲུབས་པའི་ང་རྒྱལ་མེད་པ་དང་། སྙིང་པོ་མེད་པ་ལས་སྙིང་པོ་ལེན་པས་མངོན་པར་བསྒྲུབས་པའི་ལུས་དང་། སྲོག་དང་། ལོངས་སྤྱོད་རྙེད་ པ་དང་། རྗེས་སུ་དྲན་པ་དྲུག་གིས་མངོན་པར་བསྒྲུབས་པའི་དྲན་པ་དང་། ཡང་དག་པར་དགའ་བར་འགྱུར་བའི་ཆོས་ཀྱིས་མངོན་པར་བསྒྲུབས་པའི་བསམ་པ་དང་། ཡང་དག་པའི་ནན་ཏན་གྱིས་མངོན་པར་བསྒྲུབས་ པའི་འཚོ་བ་ཡོངས་སུ་དག་པ་དང་། དད་པ་དང་མཆོག་ཏུ་དགའ་བ་ལ་བསྟེན་པས་མངོན་པར་བསྒྲུབས་པའི་འཕགས་པ་ལ་བསྙེན་བཀུར་བྱེད་པ་དང་། འཕགས་པ་མ་ཡིན་པ་ལ་ཁོང་ཁྲོ་བ་མེད་པས་མངོན་པར་བསྒྲུབས་ པའི་སེམས་ངེས་པར་སེམས་པ་དང་། རབ་ཏུ་བྱུང་བས་མངོན་པར་བསྒྲུབས་པའི་ལྷག་པའི་བསམ་པ་དང་། ནན་ཏན་གྱིས་མངོན་པར་བསྒྲུབས་པའི་ཐོས་པ་ལ་མཁས་པ་དང་། ཉོན་མོངས་པ་མེད་པའི་ཆོས་ རྟོགས་པས་མངོན་པར་བསྒྲུབས་པའི་དགོན་པ་ལ་གནས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་འཐོབ་པར་བྱེད་པས་མངོན་པར་བསྒྲུབས་པའི་ནང་དུ་ཡང་དག་འཇོག་པ་དང་། སེམས་ཅན་ཐམས་ཅད་ཉོན་མོངས་ པ་ལས་རྣམ་པར་གྲོལ་བའི་རྣལ་འབྱོར་གྱིས་མངོན་པར་བསྒྲུབས་པའི་རྣལ་འབྱོར་སྤྱོད་པའི་ས་དང་། མཚན་དང་། དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་དང་། སེམས་ཅན་ཡོངས་སུ་སྨིན་ པར་བྱེད་པས་མངོན་པར་བསྒྲུབས་པའི་བསོད་ནམས་ཀྱི་ཚོགས་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལ་ཅི་རིགས་པར་ཆོས་སྟོན་པས་མངོན་པར་བསྒྲུབས་པའི་ཡེ་ཤེས་ཀྱི་ཚོགས་དང་། ཆོས་ ཐམས་ཅད་ལ་བླང་བ་མེད་པ་དང་། དོར་བ་མེད་པ་ཚུལ་གཅིག་པའི་ཡེ་ཤེས་ཀྱིས་མངོན་པར་བསྒྲུབས་པའི་ཤེས་རབ་ཀྱི་ཚོགས་དང་། ཉོན་མོངས་པ་ཐམས་ཅད་དང་། བསྒྲིབས་པ་ཐམས་ཅད་དང་། མི་ 55-1-210b དགེ་བའི་ཆོས་ཐམས་ཅད་སྤོང་བས་མངོན་པར་བསྒྲུབས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱི་ཚོགས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་པ་དང་། དགེ་བའི་ཆོས་ཀྱིས་མངོན་པར་བསྒྲུབས་པའི་ བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འབྱུང་བ་དེ་ནི་རིགས་ཀྱི་བུ་ཆོས་ཀྱི་མཆོད་སྦྱིན་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་མཆོད་སྦྱིན་བྱིན་པ་མཆོད་སྦྱིན་ཤིན་དུ་བྱེད་པ་ཡིན་ཏེ། ལྷ་དང་བཅས་ པ་འཇིག་རྟེན་གྱི་སྦྱིན་གནས་སུ་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟ་བུར་ཁྱིམ་བདག་དེས་བསྟན་པ་འདི་བཤད་པའི་ཚེ་བྲམ་ཟེའི་འཁོར་དེ་ནས་བྲམ་ཟེ་ཉིས་བརྒྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ སྐྱེས་སོ། །བདག་ཀྱང་དད་ཅིང་ངོ་མཚར་དུ་གྱུར་ཏེ། སྐྱེས་བུ་དམ་པ་དེའི་རྐང་པ་ལ་ཕྱག་བགྱིས་ནས་མུ་ཏིག་གི་དོ་ཤལ་བརྒྱ་སྟོང་རི་བ་བདག་གི་མགུལ་ནས་དཀྲོལ་ཏེ་སྩལ་ན། དེ་མུ་ཏིག་གི་དོ་ཤལ་དེ་ལེན་དུ་མ་བཏུབ་ནས་དེ་ ལ་བདག་གིས་འདི་སྐད་ཅེས་བགྱིས་སོ། །འདི་ལོང་ལ་གང་ལ་མོས་པ་ལ་བྱིན་ཅིག་ཅེས་བགྱིས་པ་དང་། དེར་མུ་ཏིག་གི་དོ་ཤལ་བླངས་ཏེ་དུམ་བུ་གཉིས་སུ་བགྱིས་ན། ཆ་གཅིག་ནི་མཆོད་སྦྱིན་གྱི་གནས་དེ་ན་འཇིག་རྟེན་ཐམས་ ཅད་ཀྱིས་སྨད་པ་གྲོང་ཁྱེར་གྱི་ནང་ན་དབུལ་པོ་ལ་སྩལ་ཏོ། །ཆ་གཅིག་ནི་དེ་བཞིན་གཤེགས་པ་བཟོད་པར་དཀའ་བ་ལ་ཕུལ་ཏེ། ཇི་ལྟར་འཁོར་དེ་དག་ཐམས་ཅད་ཀྱིས་སྨིག་རྒྱུའི་འཇིག་རྟེན་གྱི་ཁམས་དེ་དང་། དེ་བཞིན་ གཤེགས་པ་བཟོད་པར་དཀའ་བ་དེ་ཡང་མཐོང་ཞིང་མུ་ཏིག་གི་དོ་ཤལ་དེ་དེ་བཞིན་གཤེགས་པ་བཟོད་པར་དཀའ་བའི་སྤྱི་བོའི་སྟེང་ན་མུ་ཏིག་གི་དོ་ཤལ་གྱི་ཁང་པ་བརྩེགས་པ་བཀྲ་བ་ལྟ་ན་སྡུག་པ། གྲུ་བཞི་ལྷམ་པ། ཀ་བ་བཞི་ཟུག་པ། ངོས་མཉམ་ཞིང་རབ་ཏུ་རྣམ་པར་ཕྱེ་བ་ཕྱུང་བ་མཐོང་བ་དེས་དེ་ལྟ་བུའི་ཆོ་འཕྲུལ་བསྟན་ནས་ཚིག་འདི་སྐད་ཅེས་སྨྲས་སོ། །སྦྱིན་པ་པོ་སྦྱིན་བདག་གང་ཇི་ལྟར་དེ་བཞིན་གཤེགས་པ་ལ་སྦྱིན་གནས་སུ་འདུ་ཤེས་པ་དེ་འདྲ་བར་གྲོང་ཁྱེར་ 55-1-211a གྱི་དབུལ་པོ་དང་ཐ་དད་པ་མེད་པར་མཉམ་ཞིང་སྙིང་རྗེ་ཆེན་པོའི་སེམས་དང་། རྣམ་པར་སྨིན་པ་ལ་མི་རེ་བས་ཡོངས་སུ་གཏོང་བ་དེ་ནི་ཆོས་ཀྱི་མཆོད་སྦྱིན་ཡོངས་སུ་རྫོགས་པའོ་ཞེས་བགྱིས་པ་དང་། དེ་ནས་ གྲོང་ཁྱེར་གྱི་དབུལ་པོ་དེས་ཆོ་འཕྲུལ་དེ་མཐོང་། ཆོས་བསྟན་པ་དེ་ཡང་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་ འདྲི་ཞིང་མཆི་བར་མི་སྤྲོའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱང་གང་སྐྱེས་བུ་དེ་དང་། སྐབས་སུ་གཏམ་གང་དག་བརྗོད་པ་སོ་སོའི་བསྟན་པ་བཤད་དེ་འགྲོ་བར་མི་སྤྲོའོ། ། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་གཏང་བར་རྨས་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ ཁྱོད་ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཤིག །འཇམ་དཔལ་གྱིས་ཀྱང་གསོལ་པ། བཅོམ་ལྡན་འདས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ནི་བསྙེན་པར་དཀའ་ཞིང་ཟབ་མོའི་ཚུལ་ལ་སྤོབས་པ་རབ་ ཏུ་ཞུགས་པ། ཚིག་སྣྲེལ་ཞི་དང་རྫོགས་པའི་ཚིག་སྒྲུབ་པ་ལ་མཁས་པ། སྤོབས་པ་རྒྱུན་མི་འཆད་པ། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མ་མཆིས་པའི་བློ་དང་ལྡན་པ། བྱང་ཆུབ་སེམས་དཔའི་བགྱི་ བ་ཐམས་ཅད་ཚར་ཕྱིན་པ། བྱང་ཆུབ་སེམས་དཔའི་བགྱི་བ་ཐམས་ཅད་ཚར་ཕྱིན་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སངས་རྒྱས་ཐམས་ཅད་ཀྱི་གསང་བའི་གནས་ལ་ཤིན་དུ་ཞུགས་པ། བདུད་ ཐམས་ཅད་ཀྱི་གནས་རྣམ་པར་ཟློག་པ་ལ་མཁས་པ། མངོན་པར་ཤེས་པ་ཆེན་པོས་རྣམ་པར་རྩེན་པ། ཐབས་དང་ཤེས་རབ་ལས་ངེས་པར་འབྱུང་བ། ཆོས་ཀྱི་དབྱིངས་སུ་གཉིས་སུ་མ་མཆིས་ཤིང་དབྱེར་མ་མཆིས་ 55-1-211b པའི་སྤྱོད་ཡུལ་གྱི་དམ་པའི་མཆོག་ཐོབ་པ་ཆོས་ཀྱི་དབྱིངས་བཀོད་པ་གཅིག་པ་རྣམ་པ་མཐའ་ཡས་པའི་བཀོད་པར་ཆོས་སྟོན་པ་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་བཀོད་པ་འཐོབ་པར་བགྱིད་པ་འཚལ་ པ་ལ་མཁས་པ། ཐབས་མཁས་པ་རྟོགས་པར་ཁོང་དུ་ཆུད་པ། དྲིས་པ་གཏན་ལ་འབེབས་པ་ཐོབ་པ་སྟེ། དེ་ནི་གོ་ཆ་ཆུང་ངུས་མགུ་བར་མི་ནུས་ཀྱིས་ཀྱང་སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་དེར་མཆིས་ཏེ་ཡང་དག་པ་ ཇི་ལྟ་བ་དང་། མཐུ་ཇི་ལྟ་བ་བཞིན་དུ་བཤད་པར་འཚལ་ལོ། །དེ་ནས་འཁོར་དེ་ན་བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་དང་། ལྷའི་བུ་དེ་དག་དང་། ལྷའི་བུ་མོ་དེ་དག་འདི་སྙམ་དུ་སེམས་སོ། །འཇམ་དཔལ་གཞོན་ནུར་གྱུར་པ་དང་། སྐྱེས་བུ་དམ་པ་དེ་གཉིས་སྨྲ་བ་ལས་དེར་ནི་ཆོས་བསྒྲགས་པའི་གཏམ་ཆེན་པོ་གདོན་མི་ཟ་བར་འབྱུང་ངོ་སྙམ་སྟེ་ དེ་ནས་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་དང་། ཉན་ཐོས་ལྔ་བརྒྱ་ཙམ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཤིན་དུ་མང་བ་དང་། ལྷའི་བུ་བརྒྱ་སྟོང་ཕྲག་ཤིན་དུ་མང་པོ་རྣམས་ཆོས་ཉན་ པའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པའི་ཕྱི་བཞིན་དོང་ངོ་། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་དང་། ལྷའི་བུ་དེ་དག་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། ཡངས་པའི་གྲོང་ཁྱེར་ཆེན་པོར་ཞུགས་སོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་འདི་སྙམ་དུ་སེམས་ ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་མང་པོ་དང་འོང་གིས་བདག་གི་ཁྱིམ་འདི་སྟོང་པར་བྱིན་གྱིས་བརླབ་པོ་སྙམ་སྟེ། དེས་ཁྱིམ་དེ་སྟོང་པར་བྱིན་གྱིས་བརླབས་ནས་དེ་ན་སྒོ་བ་འང་མེད་དོ། །ཁྲི་གང་ལ་ 55-1-212a དྲི་མ་མེད་པར་གྲགས་པ་ན་བ་ཉལ་ཞིང་འདུག་པའི་ཁྲི་གཅིག་པོ་དེ་མ་གཏོགས་པར་གདན་ཁྲི་འམ་ཁྲིའུ་འམ། སྟན་གང་ཡང་མི་སྣང་ངོ་། །དེ་ནས་འཇམ་དཔལ་འཁོར་དང་བཅས་པ་དྲི་མ་མེད་པར་ གྲགས་པའི་གནས་ག་ལ་བ་དེར་དོང་སྟེ་ལྷགས་ནས་ནང་དུ་འོངས་པ་དང་ཁྱིམ་དེ་སྟོང་པར་མཐོང་སྟེ། དེ་ན་སྒོ་བ་འང་མེད། དྲི་མ་མེད་པར་གྲགས་པ་ཉལ་ཞིང་འདུག་པའི་ཁྲི་གཅིག་པུ་དེ་ལས་གཞན་ཁྲི་འམ་ ཁྲིའུ་འམ། སྟན་མ་མཐོང་ངོ་། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་འཇམ་དཔལ་གཞོན་ནུར་གྱུར་པ་མཐོང་སྟེ། མཐོང་ནས་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ལེགས་པར་འོངས་སོ། ། འཇམ་དཔལ་ཤིན་དུ་ལེགས་པར་འོངས་སོ། །སྔོན་མ་འོངས། མ་མཐོང་། མ་ཐོས་པ་མཐོང་ངོ་། །འཇམ་དཔལ་གྱིས་སྨྲས་པ་ཁྱིམ་བདག་ཇི་སྐད་ཟེར་བ་དེ་བཞིན་ཏེ། གང་འོངས་པ་དེ་ནི་ཕྱིས་མི་འོང་ངོ་། ། གང་སོང་བ་དེ་ཡང་ཕྱིར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། མ་འོངས་པ་ལ་འོང་བར་ཤེས་པ་ཡང་འདི་སོང་བ་ལ་ཡང་འགྲོ་བར་ཤེས་པ་མེད་ལ། གང་མཐོང་བ་དེ་ནི་ཕྱིར་ཡང་བལྟ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །སྐྱེས་བུ་དམ་པ་ཁྱོད་བཟོད་དམ། འཚོ་ འམ། ཁྱོད་ཀྱི་ཁམས་རྣམས་མ་འཁྲུག་གམ། ཁྱོད་ཀྱི་ནད་དེ་འབྱུང་ངམ། མི་སྐྱེ་འམ། བཅོམ་ལྡན་འདས་ཀྱང་ཁྱོད་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། ན་བ་ཉུང་ངམ། བསྐྱོད་པ་ཡང་ངམ་འཚོ་བ་ དང་། སྟོབས་དང་། བདེ་བ་དང་། ཁ་ན་མ་ཐོ་བ་དང་། བདེ་བར་རེག་པ་ལ་གནས་སམ་ཞེས་གསུང་ངོ་། །ཁྱིམ་བདག་ཁྱོད་ཀྱི་ནད་འདི་ཅི་ལས་བྱུང་། བྱུང་ནས་ཅི་སྲིད་ལོན། ཇི་ལྟར་གནས། ཅི་ཙམ་ན་ཞི་བར་ འགྱུར། དྲི་མ་མེད་པར་གྲགས་པས་སྨྲས་པ། འཇམ་དཔལ་མ་རིག་པ་དང་། སྲེད་པའི་སྲེད་པ་ཇི་སྲིད་པར་ཁོ་བོའི་ནད་འདི་འང་དེ་སྲིད་དོ། །སེམས་ཅན་ཐམས་ཅད་ཀྱི་ནད་ཇི་སྲིད་པར་ཁོ་བོའི་ནད་ཀྱང་དེ་སྲིད་དོ། །ནམ་ 55-1-212b སེམས་ཅན་ཐམས་ཅད་ནད་དང་བྲལ་བར་གྱུར་པ་དེ་ན་ཁོ་བོའི་ནད་ཀྱང་མི་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་བྱང་ཆུབ་སེམས་དཔའི་འཁོར་བའི་གནས་ནི་སེམས་ཅན་ཏེ། ནད་ནི་འཁོར་བ་ལ་གནས་སོ། །ནམ་ སེམས་ཅན་ཐམས་ཅད་ནད་དང་བྲལ་བར་གྱུར་པ་དེ་ན་བྱང་ཆུབ་སེམས་དཔའ་ཡང་ནད་མེད་པར་འགྱུར་རོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ཚོང་དཔོན་གྱི་བུ་གཅིག་པ་ན་བར་གྱུར་ན་དེ་ན་བའི་ཕྱིར་ཕ་མ་གཉིས་ཀྱང་ན་བར་འགྱུར་རོ། །ཇི་སྲིད་ ཏུ་བུ་གཅིག་པ་དེ་ནད་མེད་པར་མ་གྱུར་པ་དེ་སྲིད་དུ་ཕ་མ་གཉིས་ཀྱང་སྡུག་བསྔལ་བར་འགྱུར་ཏེ་འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་སྡུག་པ་ཡིན་ཏེ། སེམས་ཅན་ཐམས་ཅད་པས་དེ་ཡང་ ན་བར་འགྱུར། སེམས་ཅན་ལ་ནད་མེད་ན་དེ་ཡང་ན་བ་མེད་དོ། །གང་འཇམ་དཔལ་ཁྱོད་ནད་འདི་ཅི་ལས་བྱུང་ཞེས་ཟེར་བ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནད་ནི་སྙིང་རྗེ་ཆེན་པོ་ལས་འབྱུང་ངོ་། །འཇམ་དཔལ་གྱིས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱི་ཁྱིམ་འདི་སྟོང་ན་ཁྱོད་ལ་གཡོག་འགའ་ཡང་མེད་དམ། སྨྲས་པ། འཇམ་དཔལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་སྟོང་ངོ་། །སྨྲས་པ་ཅིས་སྟོང་། སྨྲས་པ། སྟོང་པ་ཉིད་ཀྱིས་སྟོང་ངོ་། ། སྨྲས་པ་སྟོང་པ་ཉིད་ལ་སྟོང་པ་ཅི་ཞིག་ཡོད། སྨྲས་པ། ཀུན་དུ་རྟོག་པ་ནི་སྟོང་པ་ཉིད་ཀྱིས་སྟོང་པའོ་སྨྲས་པ་སྟོང་པ་ཉིད་ཀུན་དུ་བརྟག་པར་ནུས་སམ། སྨྲས་པ། ཡོངས་སུ་རྟོག་པ་དེ་ཡང་སྟོང་པ་སྟེ། སྟོང་པ་ཉིད་ནི་ སྟོང་པ་ཉིད་ལ་མི་རྟོག་གོ། །སྨྲས་པ། ཁྱིམ་བདག་སྟོང་པ་ཉིད་གང་དུ་བཙལ། སྨྲས་པ། འཇམ་དཔལ་སྟོང་པ་ཉིད་ནི་ལྟ་བར་གྱུར་པ་དྲུག་བཅུ་རྩ་གཉིས་ལས་བཙལ་ལོ། །སྨྲས་པ། ལྟ་བར་གྱུར་པ་དྲུག་ བཅུ་རྩ་གཉིས་གང་ལས་བཙལ། སྨྲས་པ། དེ་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ལས་བཙལ་ལོ། །སྨྲས་པ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་འདི་གང་ལས་བཙལ་སྨྲས་པ། སེམས་ 55-1-213a ཅན་ཐམས་ཅད་ཀྱི་སེམས་དང་པོ་སྤྱོད་པ་ལས་བཙལ་ལོ། །འཇམ་དཔལ་གང་ཁྱོད་ལ་གཡོག་ཀྱང་མེད་དམ་ཞེས་ཟེར་བ་ནི་བདུད་ཐམས་ཅད་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ནི་ཁོ་བོའི་གཡོག་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། བདུད་རྣམས་ནི་འཁོར་བའི་བསྔགས་པ་སྨྲ་བ་སྟེ། འཁོར་བ་ནི་བྱང་ཆུབ་སེམས་དཔའི་གཡོག་གོ། །ཕས་ཀྱི་རྒོལ་བ་རྣམས་ནི་ལྟ་བར་གྱུར་པ་རྣམས་ཀྱི་བསྔགས་པ་སྨྲ་བ་སྟེ། བྱང་ཆུབ་སེམས་དཔའ་ནི་ལྟ་བར་གྱུར་པ་ཐམས་ཅད་ལས་མི་གཡོའོ། །དེ་བས་ན་བདུད་ཐམས་ཅད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ནི་ཁོ་བོའི་གཡོག་གོ། །འཇམ་དཔལ་གྱིས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱི་ནད་ཅི་ འདྲ། སྨྲས་པ། གཟུགས་མེད་ཅིང་བསྟན་དུ་མེད་དོ། །སྨྲས་པ། ནད་དེ་ལུས་དང་ལྡན་ནམ། འོན་ཏེ་སེམས་དང་ལྡན། སྨྲས་པ། ལུས་དབེན་པས་ན་ལུས་དང་ལྡན་པ་ཡང་མ་ཡིན། སེམས་སྒྱུ་མའི་ ཆོས་ཉིད་པས་ན་སེམས་དང་ཡང་མི་ལྡན་ནོ། །སྨྲས་པ། ཁྱིམ་བདག་འདི་ལྟ་སྟེ། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་འདི་བཞི་ལས་ཁམས་ གང་གནོད་པར་འགྱུར། སྨྲས་པ། འཇམ་དཔལ་སེམས་ཅན་ཐམས་ཅད་ཀྱི་ནད་ཁམས་དེ་ལྟ་བུ་གང་ཡིན་པ་དེས་ཁོ་བོ་ཡང་ནའོ། །འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ན་བ་ཡང་དག་པར་ དགའ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། ལུས་ཀྱི་མི་རྟག་པ་སྟེ། ཡིད་བྱུང་ཞིང་འདོད་ཆགས་དང་བྲལ་བས་ནི་མ་ཡིན་ནོ། །ལུས་སྡུག་བསྔལ་བ་སྟེ། མྱ་ངན་ལས་འདས་པ་ལ་དགའ་བས་ནི་མ་ཡིན་ནོ། །ལུས་ བདག་མེད་པ་སྟེ། འོན་ཀྱང་སེམས་ཅན་སྨིན་པར་བྱ་བས་སོ། །ལུས་ཞི་བ་ཉིད་ཀྱིས་ཏེ། ཤིན་དུ་ཞི་བས་ནི་མ་ཡིན་ནོ། །ཉེས་པར་སྤྱོད་པ་ཐམས་ཅད་བསྟན་པ་སྟེ། འཕོ་བས་ནི་མ་ཡིན་ནོ། །བདག་པས་སེམས་ཅན་ 55-1-213b གཞན་ན་བ་ལ་སྙིང་རྗེ་བ་དང་། སྔོན་གྱི་མཐའི་མུའི་སྡུག་བསྔལ་རྗེས་སུ་དྲན་པ་དང་། སེམས་ཅན་གྱི་དོན་བྱ་བ་རྗེས་སུ་དྲན་པ་དང་། དགེ་བའི་རྩ་བ་མངོན་དུ་བྱ་བ་དང་། གཟོད་མ་ནས་རྣམ་པར་དག་པ་དང་། སྲེད་ པ་མེད་པ་དང་། རྟག་ཏུ་བརྩོན་འགྲུས་བརྩོམས་པས་ནད་ཐམས་ཅད་མེད་པར་བྱེད་པའི་སྨན་པའི་རྒྱལ་པོར་འགྱུར་རོ་ཞེས་དེ་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ན་བ་ཡང་དག་པར་དགའ་བར་བྱའོ། ། འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ན་བས་ཇི་ལྟར་རང་གི་སེམས་ངེས་པར་བསམ་པར་བྱ། དྲི་མ་མེད་པར་གྲགས་པས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ན་བས་ནི་བདག་གི་ སེམས་ལ་འདི་ལྟར་ངེས་བསམ་པར་བྱའོ། །ནད་ནི་སྔོན་གྱི་མཐའ་ནས་ཡོད་པ་མ་ཡིན་པ་ཕྱིན་ཅི་ལོག་གི་ལས་ཀུན་ནས་ལྡང་བ་ལས་བྱུང་ངོ་། །ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པའི་ཉོན་མོངས་པ་ལས་བྱུང་ སྟེ། དོན་དམ་པར་ནི་འདི་ལ་གང་གི་ན་བ་ཞེས་བྱ་བའི་ཆོས་དེ་གང་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་ལུས་འདི་ཁམས་འདི་དག་ལ་བདག་པོ་གང་ཡང་མེད་དེ་བསྐྱེད་པ་ འང་མེད་དོ། །ལུས་འདི་ལ་བདག་མེད་དེ། བདག་ཏུ་མངོན་པར་ཞེན་པ་མ་གཏོགས་པར་འདི་ལ་དོན་དམ་པར་ན་གང་ནད་ཅེས་བྱ་བ་དེ་མི་དམིགས་ཏེ། དེ་བས་ན་བདག་ནི་མངོན་པར་ཞེན་པ་མེད་ཅིང་། ནད་ཀྱི་རྩ་བ་ ཀུན་ཤེས་པ་ལ་གནས་པར་བྱའོ་ཞེས་དེས་བདག་ཏུ་འདུ་ཤེས་པ་རྒྱུན་བཅད་དེ་ཆོས་ཀྱི་འདུ་ཤེས་བསྐྱེད་པར་བྱའོ། །ལུས་འདི་ནི་ཆོས་མང་པོ་འདུས་པ་སྟེ་སྐྱེ་བ་ན་ཡང་ཆོས་ཁོ་ན་སྐྱེ། འགག་པ་ན་ཡང་ཆོས་ཁོ་ན་འགག་ སྟེ། ཆོས་དེ་དག་ནི་ཕན་ཚུན་དུ་མི་ཚོར་མི་ཤེས་ཏེ། ཆོས་དེ་དག་སྐྱེ་བ་ན་ཡང་འདི་སྙམ་དུ་བདག་སྐྱེའོ་སྙམ་དུ་མི་སེམས་སོ། །འགག་པ་ན་ཡང་འདི་སྙམ་དུ་བདག་འགག་གོ་སྙམ་དུ་མི་སེམས་སོ། །དེས་ཆོས་ཀྱི་འདུ་ཤེས་ 55-1-214a ཀུན་ཤེས་པར་བྱ་བའི་ཕྱིར་སེམས་བསྐྱེད་པར་བྱ་སྟེ། གང་བདག་གིས་འདི་ལྟར་ཆོས་སུ་འདུ་ཤེས་པ་དེ་ཡང་ཕྱིན་ཅི་ལོག་སྟེ། ཕྱིན་ཅི་ལོག་ནི་ནད་ཆེན་པོའོ། །བདག་ནི་ནད་དང་བྲལ་བར་བྱ་སྟེ། ནད་རབ་ ཏུ་སྤང་བའི་ཕྱིར་བརྩོན་པར་བྱའོ། །དེ་ལ་ནད་སྤང་བ་དེ་གང་ཞེ་ན། འདི་ལྟ་སྟེ། ངར་འཛིན་པ་དང་། ང་ཡིར་འཛིན་པ་སྤང་བའོ། །ངར་འཛིན་པ་དང་། ང་ཡིར་འཛིན་པ་སྤང་བ་དེ་གང་ཞེ་ན། འདི་ལྟ་སྟེ། གཉིས་དང་བྲལ་བའོ། །དེ་ལ་གཉིས་དང་བྲལ་བ་གང་ཞེ་ན་འདི་ལྟ་སྟེ། ནང་དང་ཕྱི་རོལ་དུ་ཀུན་དུ་སྤྱོད་པ་མེད་པའོ། །དེ་ལ་ནང་དང་ཕྱི་རོལ་དུ་ཀུན་དུ་སྤྱོད་པ་དེ་གང་ཞེ་ན། འདི་ལྟ་སྟེ། མཉམ་པ་ཉིད་ལས་མི་གཡོ་ བ། རབ་ཏུ་མི་གཡོ་བ། རྣམ་པར་མི་གཡོ་བའོ། །མཉམ་པ་ཉིད་གང་ཞེ་ན། བདག་མཉམ་པ་ཉིད་ནས་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཀྱི་བར་དུའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། བདག་དང་མྱ་ངན་ལས་ འདས་པ་གཉི་གའང་སྟོང་པའི་ཕྱིར་རོ། །དེ་གཉི་ག་ཅིས་སྟོང་ཞེ་ན། མིང་དུ་བརྗོད་པ་དེ་གཉིས་སྟོང་སྟེ། དེ་དག་ཀྱང་ཡོངས་སུ་མ་གྲུབ་པའོ། །དེ་ལྟར་མཉམ་པ་ཉིད་མཐོང་བ་དེས་ནད་ཉིད་གཞན་མ་ཡིན། སྟོང་པ་ ཉིད་གཞན་དུ་མི་བྱེད་དེ། ནད་ཉིད་སྟོང་པ་ཉིད་དོ། །ཚོར་བ་དེ་ནི་ཚོར་བ་མེད་པར་རིག་པར་བྱ་སྟེ། དེས་ཚོར་བ་འགོག་པ་ཡང་མངོན་སུམ་དུ་མི་བྱའོ། །སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པ་ལ་ཚོར་བ་གཉི་ག་དོར་མོད་ཀྱི་ ངན་འགྲོར་སྐྱེས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་མི་སྐྱེད་པ་འང་མ་ཡིན་ནོ། །ཇི་ལྟར་སེམས་ཅན་འདི་དག་ལ་ཚུལ་བཞིན་ངེས་པར་སེམས་པས་ནད་སེལ་བར་འགྱུར་བ་དེ་ལྟར་བྱའོ། །འདི་དག་ལ་ཆོས་གང་ཡང་ ཉེ་བར་སྦྱར་བར་ཡང་མི་བྱ། བསལ་བར་ཡང་མི་བྱ་སྟེ། དེ་གཞི་གང་ལས་ནད་བྱུང་བ་དེ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དེ་དག་ལ་ཆོས་བཤད་པར་བྱའོ། །གཞི་དེ་གང་ཞེ་ན། འདི་ལྟ་སྟེ། ལྷག་པར་དམིགས་པ་ནི་གཞིའོ། ། 55-1-214b ལྷག་པར་དམིགས་པའི་གཞི་ལ་ཇི་ཙམ་དུ་དམིགས་པ་དེ་ཙམ་དུ་ནད་ཀྱི་གཞིའོ། །ཅི་ལ་ལྷག་པར་དམིགས་ཤེ་ན། ཁམས་གསུམ་ལ་ལྷག་པར་དམིགས་སོ། །ལྷག་པར་དམིགས་པའི་གཞི་ཡོངས་སུ་ཤེས་པ་ གང་ཞེ་ན། འདི་ལྟ་སྟེ། དམིགས་པ་མེད་ཅིང་མི་དམིགས་པའོ། །གང་མི་དམིགས་པ་དེ་ནི་ལྷག་པར་མི་དམིགས་པའོ། །ཅི་མི་དམིགས་ཤེ་ན། འདི་ལྟ་སྟེ། བདག་ཏུ་ལྟ་བ་དང་། ཕ་རོལ་དུ་ལྟ་བ་ དང་། ལྟ་བ་གཉིས་སུ་མི་དམིགས་ཏེ། དེས་ན་མི་དམིགས་པ་ཞེས་བྱའོ། །འཇམ་དཔལ་དེ་ལྟར་བྱང་ཆུབ་སེམས་དཔའ་ན་བས་རྒ་བ་དང་། ན་བ་དང་། འཆི་བ་དང་། སྐྱེ་བ་སྤང་བའི་ཕྱིར་བདག་གི་སེམས་ལ་ ངེས་པར་བསམ་པར་བྱའོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནད་ནི་དེ་ལྟ་བུ་ཡིན་ཏེ། གལ་ཏེ་དེ་ལྟ་མ་ཡིན་དུ་ཟིན་ན། འབད་པ་དོན་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་བྱ་ན་ཕྱིར་རྒོལ་བ་ བཅོམ་པས་དཔའ་བོ་ཞེས་བྱ་བ་དེ་བཞིན་དུ་རྒ་བ་དང་། ན་བ་དང་། འཆི་བའི་སྡུག་བསྔལ་ཞི་བར་བྱེད་པས་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ན་བ་དེས་འདི་སྙམ་དུ་ཇི་ལྟར་བདག་གི་ནད་ཡང་ དག་པ་མ་ཡིན་ཞིང་ཡོད་པ་མ་ཡིན་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ནད་ཀྱང་ཡང་དག་པ་མ་ཡིན་ཞིང་ཡོད་པ་མ་ཡིན་ནོ་ཞེས་བརྟག་པར་བྱ་སྟེ། དེ་དེ་ལྟར་རྟོག་པ་ན་ཕན་ཡོན་དུ་ལྟ་བར་མི་ལྟུང་ཞིང་སེམས་ཅན་རྣམས་ ལ་སྙིང་རྗེ་ཆེན་པོ་སྐྱེ་སྟེ། བློ་བུར་གྱི་ཉོན་མོངས་པ་སྤང་བའི་ཕྱིར་མངོན་པར་བརྩོན་པའི་སྙིང་རྗེ་ཆེན་པོ་སེམས་ཅན་རྣམས་ལ་སྐྱེ་བ་ནི་མ་གཏོགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཕན་ཡོན་དུ་ལྟ་བར་ལྟུང་ནས་སྙིང་རྗེ་ཆེན་ པོས་ནི་སྐྱེ་བ་རྣམས་སུ་བྱང་ཆུབ་སེམས་དཔའ་སྐྱོ་བར་འགྱུར་རོ། །ཕན་ཡོན་དུ་ལྟ་བའི་ཀུན་ནས་ལྡང་བ་དང་བྲལ་བའི་སྙིང་རྗེ་ཆེན་པོས་ནི་བྱང་ཆུབ་སེམས་དཔའ་སྐྱེ་བ་རྣམས་སུ་སྐྱོ་བར་མི་འགྱུར་རོ། །ལྟ་བ་ཀུན་ 55-1-215a ནས་ལྡང་བ་ཀུན་དུ་ལྡང་ཞིང་མི་སྐྱེ་སྟེ། དེ་སེམས་ཀུན་ནས་ལྡང་བ་མེད་པར་སྐྱེ་བས་དེ་གྲོལ་བཞིན་དུ་སྐྱེ། དེ་གྲོལ་བཞིན་དུ་འབྱུང་ངོ་། །གྲོལ་བཞིན་དུ་སྐྱེ་ཞིང་གྲོལ་བཞིན་དུ་འབྱུང་བས་སེམས་ ཅན་བཅིངས་པ་རྣམས་བཅིངས་པ་ལས་གྲོལ་བའི་ཆོས་སྟོན་པར་ནུས་ཤིང་མཐུ་ཡོད་དོ། །འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས་བདག་ཉིད་བཅིངས་པས་ཕ་རོལ་བཅིངས་པ་ལས་དགྲོལ་བ་དེ་ནི་གནས་མེད་དེ། བདག་གྲོལ་བས་ཕ་རོལ་བཅིངས་པ་ལས་གྲོལ་བ་དེ་ནི་གནས་ཡོད་དོ་ཞེས་གསུངས་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་གྲོལ་བར་བྱའི། བཅིངས་པར་ནི་མི་བྱའོ། །དེ་ལ་བཅིངས་པ་གང་། གྲོལ་བ་གང་ཞེ་ན། ཐབས་མེད་པར་སྲིད་པའི་གྲོལ་བ་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་བཅིངས་པའོ། །ཐབས་ཀྱིས་སྲིད་པའི་འགྲོ་བར་འཇུག་པ་ནི་གྲོལ་བའོ། །ཐབས་མེད་པས་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རོ་མྱང་བ་ནི་བྱང་ཆུབ་སེམས་དཔའི་བཅིངས་པའོ། །ཐབས་ཀྱིས་བསམ་གཏན་དང་། ཏིང་ངེ་འཛིན་གྱི་རོ་མྱང་བ་ནི་གྲོལ་བའོ། །ཐབས་ཀྱིས་མ་ཟིན་པའི་ཤེས་རབ་ནི་བཅིངས་པའོ། ། ཐབས་ཀྱིས་ཟིན་པའི་ཤེས་རབ་ནི་གྲོལ་བའོ། །ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ནི་བཅིངས་པའོ། །ཤེས་རབ་ཀྱིས་ཟིན་པའི་ཐབས་ནི་གྲོལ་བའོ། །དེ་ལ་ཐབས་ཀྱིས་མ་ཟིན་པའི་ཤེས་རབ་བཅིངས་ པ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་ངེས་པར་སེམས་ཤིང་། མཚན་དང་དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་དང་། སེམས་ཅན་ཡོངས་སུ་ སྨིན་པར་བྱ་བ་ལ་ངེས་པར་མི་སེམས་པ་ནི་ཐབས་ཀྱིས་མ་ཟིན་པའི་ཤེས་རབ་སྟེ་བཅིངས་པའོ། །དེ་ལ་ཐབས་ཀྱིས་ཟིན་པའི་ཤེས་རབ་གྲོལ་བ་གང་ཞེ་ན། འདི་ལྟ་སྟེ། མཚན་དང་དཔེ་བྱད་བཟང་པོ་དང་། 55-1-215b སངས་རྒྱས་ཀྱི་ཞིང་གི་རྒྱན་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སེམས་ངེས་པར་སེམས་ཤིང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་འདྲིས་པར་བྱེད་པ་འདི་ནི་ཐབས་ཀྱིས་ཟིན་པའི་ ཤེས་རབ་སྟེ་གྲོལ་བའོ། །དེ་ལ་ཤེས་རབ་ཀྱིས་མ་ཟིན་པའི་ཐབས་བཅིངས་པ་གང་ཞེ་ན་འདི་ལྟ་སྟེ། ལྟ་བ་ཐམས་ཅད་དང་། ཉོན་མོངས་པ་ཀུན་ནས་ལྡང་བ་དང་། བག་ལ་ཉལ་དང་། རྗེས་སུ་ཆགས་ པ་དང་། ཁོང་ཁྲོ་བ་ལ་གནས་པའི་དགེ་བའི་རྩ་བ་རྩོམ་པ་ཐམས་ཅད་བྱང་ཆུབ་ཏུ་མི་སྔོ་བ་ནི་ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ཏེ་བཅིངས་པའོ། །དེ་ལ་ཤེས་རབ་ཀྱིས་ཟིན་པའི་ཐབས་གྲོལ་བ་གང་ཞེ་ན། འདི་ལྟ་སྟེ། ལྟ་བ་ཐམས་ཅད་དང་། ཉོན་མོངས་པ་ཀུན་ནས་ལྡང་བ་དང་། བག་ལ་ཉལ་བ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤངས་པའི་དགེ་བའི་རྩ་བ་རྩོམ་པ་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ ལ་དེས་ཀྱང་མི་སྙེམས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱིས་ཟིན་པའི་ཐབས་ཏེ་གྲོལ་བའོ། །འཇམ་དཔལ་དེ་ལ་བྱང་ཆུབ་སེམས་དཔའ་ན་བས་དེ་ལྟར་ཆོས་དེ་དག་ལ་ངེས་པར་བསམ་པར་བྱ་སྟེ། གང་ལུས་དང་སེམས་དང་། ནད་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་རྟོག་པ་དེ་ནི་དེའི་ཤེས་རབ་བོ། །གང་ཡང་ལུས་ཀྱི་ནད་ཡོངས་སུ་སྤོང་བས་མི་སྐྱེ་སྟེ། འཁོར་ བའི་རྒྱུན་མི་གཅོད་ཅིང་སེམས་ཅན་གྱི་དོན་སྦྱོར་བ་ལ་རྗེས་སུ་སྦྱོར་བ་འདི་ནི་དེའི་ཐབས་སོ། །གཞན་ཡང་གང་ལུས་དང་། སེམས་དང་། ནད་རྣམས་ཕན་ཚུན་དུ་གཅིག་ནས་གཅིག་ཏུ་གསར་པ་ཡང་མ་ཡིན། རྙིང་པ་ཡང་མ་ཡིན་པར་རྟོག་པ་དེ་ནི་དེའི་ཤེས་རབ་བོ། །གང་ཡང་ལུས་དང་། སེམས་དང་། ནད་རྣམས་ཤིན་དུ་ཞི་བ་དང་འགོག་པ་མི་སྐྱེད་པ་དེ་ནི་དེའི་ཐབས་སོ། །འཇམ་དཔལ་དེ་ལྟར་བྱང་ཆུབ་སེམས་དཔའ་ 55-1-216a ན་བས་རང་གི་སེམས་ངེས་པར་བསམ་པར་བྱ་མོད་ཀྱི་དེས་ངེས་པར་སེམས་པ་དང་། ངེས་པར་མི་སེམས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ངེས་པར་སེམས་པ་ལ་གནས་ན་དེ་ནི་བྱིས་པའི་ཆོས་སོ། ། ཅི་སྟེ་ངེས་པར་མི་སེམས་པ་ལ་གནས་ན་དེ་ནི་ཉན་ཐོས་ཀྱི་ཆོས་སོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ངེས་པར་སེམས་པ་དང་། མི་སེམས་པ་ལ་གནས་པར་མི་བྱའོ། །གང་དེ་ལ་མི་གནས་པ་ནི་བྱང་ཆུབ་སེམས་དཔའི་ སྤྱོད་ཡུལ་ཏེ། སོ་སོའི་སྐྱེ་བོའི་སྤྱོད་ཡུལ་ཡང་མ་ཡིན། འཕགས་པའི་སྤྱོད་ཡུལ་ཡང་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་འཁོར་བ་འང་སྤྱོད་ཡུལ་ལ་ཉོན་མོངས་པ་འང་སྤྱོད་ཡུལ་མ་ ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་མྱ་ངན་ལས་འདས་པར་རྟོག་པར་ཡང་སྤྱོད་ཡུལ་ལ་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པར་ཡང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། ། གང་བདུད་བཞི་སྟོན་པ་ཡང་སྤྱོད་ཡུལ་ལ་བདུད་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་ཡང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོལ་བ་ཡང་སྤྱོད་ཡུལ་ ལ་དུས་མ་ཡིན་པར་ཡེ་ཤེས་འཐོབ་པ་ཡང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་བདེན་པ་བཞི་ཤེས་པ་ཡང་སྤྱོད་ཡུལ་ལ་དུས་མ་ཡིན་པར་བདེན་པ་རྟོགས་པར་བྱེད་པ་ཡང་སྤྱོད་ཡུལ་མ་ཡིན་པ་དེ་ ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་ནང་དུ་སོ་སོར་རྟོག་པ་ཡང་སྤྱོད་ཡུལ་ལ་བསམས་བཞིན་དུ་སྲིད་པར་སྐྱེ་བར་ཡོངས་སུ་འཛིན་པ་འང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལ་ངེས་པར་ གྱུར་པ་ལ་འཇུག་པ་འང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡང་སྤྱོད་ཡུལ་ལ་ལྟ་བ་ཐམས་ཅད་ཀྱི་ཡུལ་ཡང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ 55-1-216b སྤྱོད་ཡུལ་ལོ། །གང་སེམས་ཅན་ཐམས་ཅད་ཀྱི་འདུ་འཛི་ཡང་སྤྱོད་ཡུལ་ལ་ཉོན་མོངས་པའི་བག་ལ་ཉལ་ཡང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་དབེན་པ་ཡང་སྤྱོད་ ཡུལ་ལ་ལུས་དང་སེམས་ཟད་པའི་གནས་ཀྱང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་ཁམས་གསུམ་ཡང་སྤྱོད་ཡུལ་ལ་ཆོས་ཀྱི་དབྱིངས་དབྱེ་བར་བྱ་བ་འང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་ དཔའི་སྤྱོད་ཡུལ་ལོ། །གང་སྟོང་པ་ཉིད་ཀྱང་སྤྱོད་ཡུལ་ལ་ཡོན་ཏན་གྱི་རྣམ་པ་ཐམས་ཅད་ཚོལ་བ་ཡང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་མཚན་མ་མེད་པ་འང་སྤྱོད་ཡུལ་ལ་སེམས་ཅན་རབ་ ཏུ་གྲོལ་བར་བྱ་བ་ལ་དམིགས་ཤིང་རྟོག་པའང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་སྨོན་པ་མེད་པ་འང་སྤྱོད་ཡུལ་ལ་བསམས་བཞིན་དུ་སྲིད་པའི་འགྲོ་བར་སྟོན་པར་ཡང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་ སེམས་དཔའི་སྤྱོད་ཡུལ་ལོ། །གང་མངོན་པར་འདུ་མི་བྱེད་པ་འང་སྤྱོད་ཡུལ་ལ་དགེ་བའི་རྩ་བ་ཐམས་ཅད་མངོན་པར་འདུ་བྱེད་པ་རྒྱུན་མི་གཅོད་པ་ཡང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་ཕ་རོལ་ཏུ་ ཕྱིན་པ་དྲུག་ཀྱང་སྤྱོད་ཡུལ་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པའི་ཕ་རོལ་དུ་འགྲོ་བར་ཡང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་མངོན་པར་ཤེས་པ་དྲུག་ཀྱང་སྤྱོད་ཡུལ་ལ་ཟག་པ་ཟད་པ་ ཡང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་དམ་པའི་ཆོས་ལ་གནས་པ་ཡང་སྤྱོད་ཡུལ་ལ་ལམ་ངན་པ་ལ་མི་དམིགས་པ་འང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། ། གང་ཚད་མེད་པ་བཞི་ལའང་སྤྱོད་ཡུལ་ལ་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ལ་མི་རེག་པ་འང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་རྗེས་སུ་དྲན་པ་དྲུག་ཀྱང་སྤྱོད་ཡུལ་ལ་ཟག་པ་ཐམས་ཅད་ཀྱང་སྤྱོད་ 55-1-217a ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་འང་སྤྱོད་ཡུལ་ ལ་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་དབང་གིས་མི་སྐྱེ་བ་འང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་དྲན་པ་ཉེ་བར་བཞག་པ་འང་སྤྱོད་ཡུལ་ ལ་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་ཀྱང་ཤིན་དུ་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་ཡང་དག་པར་ སྤོང་བ་འང་སྤྱོད་ཡུལ་ལ་དགེ་བ་དང་མི་དགེ་བ་གཉིས་སུ་དམིགས་པ་འང་སྤྱོད་ཡུལ་མ་ཡིན་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་རྫུ་ འཕྲུལ་གྱི་རྐང་པ་སྒྲུབ་པ་འང་སྤྱོད་ཡུལ་ལ་ལྷུན་གྱིས་གྲུབ་པའི་རྫུ་འཕྲུལ་གྱི་རྐང་པ་ལ་དབང་སྒྱུར་བ་འང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ ལོ། །གང་དབང་པོ་ལྔའི་ཡང་སྤྱོད་ཡུལ་ལ་སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་འང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་ དཔའི་སྤྱོད་ཡུལ་ལོ། །གང་སྟོབས་ལྔ་ལ་གནས་པ་འང་སྤྱོད་ཡུལ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མངོན་པར་དགའ་བ་ཡང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ ཡུལ་ལོ། །གང་བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་གྲུབ་པ་འང་སྤྱོད་ཡུལ་ལ་བློ་རབ་ཏུ་དབྱེ་བ་ཤེས་པ་ལ་མཁས་པ་འང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་ལམ་ལ་གནས་པ་འང་སྤྱོད་ཡུལ་ 55-1-217b ཡུལ་ལ་ལམ་ངན་པ་ལ་མི་དམིགས་པ་འང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་ཞི་གནས་དང་། ལྷག་མཐོང་གི་ཚོགས་ཚོལ་བ་ཡང་སྤྱོད་ཡུལ་ལ་ཤིན་དུ་ཞི་བར་མི་ལྟུང་བ་ཡང་སྤྱོད་ཡུལ་བ་ དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་ཆོས་ཐམས་ཅད་སྐྱེད་པ་མེད་པའི་མཚན་ཉིད་དུ་རྟོག་པ་ཡང་སྤྱོད་ཡུལ་ལ་མཚན་དང་དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་སྐུ་དང་རྒྱན་ཡོངས་སུ་ སྒྲུབ་པ་འང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཚུལ་སྟོན་པ་ཡང་སྤྱོད་ཡུལ་ལ་སངས་རྒྱས་ཀྱི་ཆོས་ལས་མི་ཉམས་པ་ཡང་སྤྱོད་ཡུལ་བ་ དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་རང་བཞིན་རབ་ཏུ་རྣམ་པར་དག་པར་གྱུར་པའི་ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་འང་སྤྱོད་ཡུལ་ལ་སེམས་ཅན་ཐམས་ཅད་ཇི་ལྟར་མོས་པ་བཞིན་དུ་སྤྱོད་ ལམ་སྟོན་པ་ཡང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ཤིན་དུ་འཇིག་པ་དང་། འཆགས་པ་མེད་པ་ ནམ་མཁའི། རང་བཞིན་དུ་རྟོག་པ་ཡང་སྤྱོད་ཡུལ་ལ་སྣ་ཚོགས་སུ་བཀོད་པ་དང་། དུ་མར་བཀོད་པ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ སྟོན་པ་འང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ ཆེན་པོ་སྟོན་པ་ཡང་སྤྱོད་ཡུལ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་མ་གཏོང་བ་ཡང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །བསྟན་པ་འདི་བཤད་པ་ 55-1-218a ན་འཇམ་དཔལ་གཞོན་ནུར་གྱུར་པ་དང་ལྷན་ཅིག་ཏུ་ལྷགས་པའི་ལྷའི་བུ་དེ་དག་ལས་ལྷའི་བུ་བརྒྱད་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །ནད་པ་ཡང་དག་པར་དགའ་བར་བྱ་བའི་ ལེའུ་སྟེ། བཞི་པའོ།། །། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་ཏེ། ཁྱིམ་འདི་ན་སྟན་དག་ཀྱང་མེད་ན་བྱང་ཆུབ་སེམས་དཔའ་འདི་དག་དང་། ཉན་ཐོས་ཆེན་པོ་འདི་དག་ཅི་ལ་འཁོད་སྙམ་མོ། །དེ་ནས་ལིད་ ཙ་བི་དྲི་མ་མེད་པར་གྲགས་པས་ཚེ་དང་ལྡན་པ་ཤཱ་རིའི་བུའི་སེམས་ཀྱི་རྟོག་པ་ཤེས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་ཅི་ཆོས་འདོད་དེ་འོངས་སམ། འོན་ཏེ་སྟན་འདོད། སྨྲས་པ། ཁོ་བོ་ནི་ཆོས་འདོད་དེ་འོངས་ཀྱི། སྟན་འདོད་པ་ནི་མ་ཡིན་ནོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བས་ན་གང་ཆོས་འདོད་པ་དེ་ནི་བདག་གི་ལུས་ཀྱང་འདོད་པ་མ་ཡིན་ན། སྟན་འདོད་པར་ལྟ་ག་ལ་འགྱུར། བཙུན་པ་ ཤཱ་རིའི་བུ་གང་ཆོས་འདོད་པ་དེ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་འདོད་པ་མ་ཡིན་ནོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་འདོད་པ་མ་ཡིན་ནོ། །གང་ཆོས་འདོད་པ་དེ་ ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་འདོད་པ་མ་ཡིན་ནོ། །གང་ཆོས་འདོད་པ་དེ་ནི་སངས་རྒྱས་ལ་མངོན་པར་ཞེན་པ་འདོད་པ་མ་ཡིན། ཆོས་དང་། དགེ་འདུན་ལ་མངོན་པར་ ཞེན་པ་འདོད་པ་མ་ཡིན་ནོ། །བཙུན་པ་ཤཱ་རིའི་བུ་གཞན་ཡང་གང་ཆོས་འདོད་པ་དེ་ནི་སྡུག་བསྔལ་ཡོངས་སུ་ཤེས་པར་འདོད་པ་མ་ཡིན། ཀུན་འབྱུང་བ་སྤང་བར་འདོད་པ་མ་ཡིན། འགོག་པ་མངོན་དུ་བྱ་བར་འདོད་པ་མ་ཡིན། ལམ་བསྒོམ་པར་འདོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ནི་སྤྲོས་པ་མེད་པ། ཡི་གེ་མེད་པ་སྟེ། དེ་ལ་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་བ་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་ 55-1-218b བྱའོ་ཞེས་གང་འཕྲོས་པར་བྱེད་པ་དེ་ནི་ཆོས་འདོད་པ་མ་ཡིན་ཏེ། དེ་ནི་སྤྲོས་པ་འདོད་པ་པའོ། །བཙུན་པ་ཤཱ་རིའི་བུ་ཆོས་ནི་ཉེ་བར་ཞི་ཞིང་རབ་ཏུ་ཞི་བ་སྟེ། དེ་ལ་གང་དག་སྐྱེ་བ་དང་འཇིག་པ་ལ་སྤྱོད་པ་དེ་དག་ནི་ཆོས་ འདོད་པ་མ་ཡིན། དབེན་པ་འདོད་པ་མ་ཡིན་ཏེ། དེ་ནི་སྐྱེ་བ་དང་འཇིག་པ་འདོད་པའོ། །བཙུན་པ་ཤཱ་རིའི་བུ་གཞན་ཡང་ཆོས་ནི་རྡུལ་མེད་ཅིང་རྡུལ་དང་བྲལ་བ་སྟེ། དེ་ལ་གང་དག་ཆོས་གང་ལ་ཆགས་ནི་ཐ་ན་མྱ་ ངན་ལས་འདས་པ་ལ་ཡང་རུང་སྟེ། དེ་དག་ནི་ཆོས་འདོད་པ་མ་ཡིན་གྱི། དེ་དག་ནི་འདོད་ཆགས་ཀྱི་རྡུལ་འདོད་པའོ། །ཆོས་ནི་ཡུལ་མ་ཡིན་ཏེ། གང་དག་ཡུལ་འགྲང་བ་དེ་དག་ཡུལ་འགྲང་བ་དེ་དག་ནི་ ཆོས་འདོད་པ་མ་ཡིན་གྱི། དེ་དག་ནི་ཡུལ་འདོད་པའོ། །ཆོས་ནི་བླང་བ་མེད་པ། དོར་བ་མེད་པ་སྟེ། གང་དག་ཆོས་གང་ལ་འཛིན་པ་དང་གཏོང་བ་དེ་དག་ནི་ཆོས་འདོད་པ་མ་ཡིན་ཏེ། དེ་དག་ནི་འཛིན་ པ་དང་གཏོང་བ་འདོད་པའོ། །ཆོས་ནི་ཀུན་གཞི་མེད་པ་སྟེ། གང་ཀུན་གཞི་ལ་དགའ་བ་དེ་དག་ནི་ཆོས་འདོད་པ་མ་ཡིན་གྱི། དེ་དག་ནི་ཀུན་གཞི་འདོད་པའོ། །ཆོས་ནི་མཚན་མ་མེད་པ་སྟོང་པ་སྟེ་གང་ དག་གི་རྣམ་པར་ཤེས་པ་མཚན་མའི་རྗེས་སུ་འཇུག་པ་དེ་དག་ནི་ཆོས་འདོད་པ་མ་ཡིན་ཏེ། དེ་དག་ནི་མཚན་མ་འདོད་པའོ། །ཆོས་ནི་ལྷན་ཅིག་གནས་པ་མ་ཡིན་ཏེ། གང་སུ་དག་ཆོས་དང་ལྷན་ཅིག་གནས་ པ་དེ་དག་ནི་ཆོས་འདོད་པ་མ་ཡིན་གྱི། དེ་དག་ནི་གནས་པ་འདོད་པའོ། །ཆོས་ནི་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་རིག་པ་མ་ཡིན་ཏེ། གང་དག་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་རིག་པ་ལ་སྤྱོད་པ་དེ་དག་ནི་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། 55-1-219a རྣམ་པར་རིག་པ་འདོད་པ་ཡིན་གྱི་དེ་དག་ནི་ཆོས་འདོད་པ་མ་ཡིན་ནོ། །བཙུན་པ་ཤཱ་རིའི་བུ་ཆོས་ནི་འདུས་བྱས་དང་འདུས་མ་བྱས་མེད་པ་སྟེ། གང་དག་འདུས་བྱས་སྤྱོད་ཡུལ་བ་དེ་དག་ནི་ཆོས་འདོད་པ་མ་ ཡིན་གྱི་དེ་དག་ནི་འདུས་བྱས་སུ་འཛིན་པ་འདོད་པའོ། །བཙུན་པ་ཤཱ་རིའི་བུ་དེ་ལྟ་བས་ན་ཁྱོད་ཆོས་འདོད་པར་བྱ་ན་ཁྱོད་ཀྱིས་ཆོས་ཐམས་ཅད་མི་འདོད་པར་བྱའོ། །ཆོས་བསྟན་པ་འདི་བཤད་པ་ན་ལྷའི་བུ་ལྔ་བརྒྱ་ཆོས་ རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་གོ། །དེ་ནས་ལི་ཙ་བི་དྲི་མ་མེད་པར་གྲགས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་གྲངས་མེད་ པ་དག་ཏུ་སངས་རྒྱས་ཀྱི་ཞིང་རྒྱུ་ཞིང་འགྲོ་བ་ན་སངས་རྒྱས་ཀྱི་ཞིང་གང་ན་སེང་གེའི་ཁྲི་ཐམས་ཅད་ཀྱི་མཆོག་ཡོན་ཏན་ཐམས་ཅད་དང་ལྡན་པ་དག་མཐོང་། དེ་སྐད་ཅེས་སྨྲས་པ་དང་འཇམ་དཔལ་གཞོན་ནུར་གྱུར་པས་ལི་ཙ་བི་ དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་སུམ་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ལྷུན་པོའི་རྒྱལ་མཚན་ ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ལྷུན་པོའི་སྒྲོན་མའི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་གཞེས་སོ། །དེ་བཞིན་གཤེགས་པ་དེའི་སྐུ་ནི་དཔག་ཚད་འབུམ་ཕྲག་བརྒྱད་ཅུ་རྩ་བཞིའོ། །བཅོམ་ ལྡན་འདས་དེའི་སེང་གེའི་ཁྲིའི་ཚད་ནི་དཔག་ཚད་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་དོ། །བྱང་ཆུབ་སེམས་དཔའ་དེ་དག་གི་ལུས་ཀྱང་དཔག་ཚད་འབུམ་ཕྲག་བཞི་བཅུ་རྩ་གཉིས་སོ། །བྱང་ཆུབ་སེམས་དཔའ་དེ་དག་གི་ སེང་གེའི་ཁྲི་ཡང་དཔག་ཚད་འབུམ་ཕྲག་སུམ་ཅུ་རྩ་བཞི་ཡོད་དེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལྷུན་པོའི་སྒྲོན་མའི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ལྷུན་པོའི་རྒྱལ་མཚན་དེ་ན་སེང་གེའི་ 55-1-219b ཁྲི་ཐམས་ཅད་ཀྱི་མཆོག་ཡོན་ཏན་ཐམས་ཅད་དང་ལྡན་པ་དག་ཡོད་དོ། །དེ་ནས་ལི་ཙ་བི་དྲི་མ་མེད་པར་གྲགས་པས་དེའི་ཚེ་དེ་ལྟ་བུའི་བསམ་པ་ཀུན་བསམས་ཤིང་། འདི་ལྟ་བུའི་རྫུ་འཕྲུལ་འདི་མངོན་པར་འདུ་བྱེད་ པ་མངོན་པར་བྱས་ཏེ། གང་འཇིག་རྟེན་གྱི་ཁམས་ལྷུན་པོའི་རྒྱལ་མཚན་དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷུན་པོའི་སྒྲོན་མའི་རྒྱལ་པོ་དེས་སེང་གེའི་ཁྲི་སུམ་ཁྲི་ཉིས་སྟོང་བསྐུར་ཏེ། དེ་ཙམ་དུ་ འཕང་མཐོ་བ། དེ་ཙམ་དུ་ཡངས་པ། དེ་ཙམ་དུ་བལྟ་ན་སྡུག་པ། གང་བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷའི་བུ་དེ་དག་གིས་སྔོན་མ་མཐོང་བ་དེ་དག་སྟེང་གི་ནམ་མཁའ་ལས་འོངས་ཏེ། ལི་ཙ་བི་དྲི་མ་མེད་པར་གྲགས་པའི་ཁྱིམ་དུ་སོ་སོར་གནས་སོ། །སེང་གེའི་ཁྲི་སྣ་ཚོགས་སུམ་ཁྲི་ཉིས་སྟོང་མ་འདོས་པར་ཤོང་སྟེ། ཁྱིམ་དེ་ཡང་དེ་ཙམ་དུ་ཡངས་པར་སྣང་ངོ་། །ཡངས་པའི་གྲོང་ཁྱེར་ཆེན་པོ་ཡང་བསྒྲིབས་པར་གྱུར་པ་མེད། འཛམ་བུའི་གླིང་དང་གླིང་བཞི་པ་ཡང་བསྒྲིབས་པ་མེད་དེ། དེ་དག་ཐམས་ཅད་ཀྱང་སྔོན་ཇི་ལྟ་བ་ བཞིན་དུ་སྣང་ངོ་། །དེ་ནས་ལི་ཙ་བི་དྲི་མ་མེད་པར་གྲགས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་སེང་གེའི་ཁྲི་དང་འཚམ་པའི་ལུས་སུ་བྱིན་གྱིས་བརླབས་ནས་བྱང་ཆུབ་ སེམས་དཔའ་འདི་དག་དང་སེང་གེའི་ཁྲི་ལ་འདུག་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་གང་མངོན་པར་ཤེས་པ་ཐོབ་པ་དེ་དག་ནི་བདག་གི་ལུས་དཔག་ཚད་འབུམ་ཕྲག་བཞི་བཅུ་རྩ་གཉིས་པར་བྱིན་གྱིས་བརླབས་ཏེ་སེང་གེའི་ ཁྲི་ལ་འཁོད་དོ། །བྱང་ཆུབ་སེམས་དཔའ་གང་དག་ལས་དང་པོ་པ་དེ་དག་ནི་སེང་གེའི་ཁྲི་དེ་དག་ལ་འདུག་མ་ནུས་སོ། །དེ་ནས་ལི་ཙ་བི་དྲི་མ་མེད་པར་གྲགས་པས་ཇི་ལྟར་བྱང་ཆུབ་སེམས་དཔའ་དེ་དག་མངོན་པར་ཤེས་ 55-1-220a པ་ལྔ་འགྲུབ་པར་འགྱུར་བ་དེ་ལྟ་དེ་ལྟ་བུར་བྱང་ཆུབ་སེམས་དཔའ་དེ་དག་ལ་ཆོས་བསྟན་ཏེ། དེ་དག་གིས་མངོན་པར་ཤེས་པ་ཐོབ་ནས་ལུས་དཔག་ཚད་འབུམ་ཕྲག་བཞི་བཅུ་རྩ་གཉིས་པར་མངོན་པར་ སྤྲུལ་ཏེ་སེང་གེའི་ཁྲི་དེ་དག་ལ་འཁོད་དོ། །ཉན་ཐོས་ཆེན་པོ་དེ་དག་ཀྱང་སེང་གེའི་ཁྲི་དེ་དག་ལ་འཁོད་མ་ནུས་ཏེ། དེ་ནས་ལི་ཙ་བི་དྲི་མ་མེད་པར་གྲགས་པས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སྨྲས་པ། བཙུན་པ་ཤཱ་རིའི་ བུ་སེང་གེའི་ཁྲི་ལ་འདུག་ཤིག །སྨྲས་པ། སྐྱེས་བུ་དམ་པ་སེང་གེའི་ཁྲི་འདི་དག་མཐོ་ཞིང་ཆེ་བས་འདུག་མི་ནུས་སོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷུན་པོའི་སྒྲོན་ མའི་རྒྱལ་པོ་དེ་ལ་ཕྱག་གྱིས་ཤིག་དང་། འདུག་ནུས་པར་འགྱུར་རོ། །དེ་ནས་ཉན་ཐོས་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷུན་པོའི་སྒྲོན་མའི་རྒྱལ་པོ་དེ་ལ་ཕྱག་འཚལ་ནས་གདོད་དེ་དག་སེང་ གེའི་ཁྲི་ལ་འཁོད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ལི་ཙ་བི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱིམ་ཆུང་ངུའི་ནང་དུ་སེང་གེའི་ཁྲི་འདི་ལྟ་བུར་མཐོ་ཞིང་ཆེ་བ་སྣ་ཚོགས་འདི་ལྟ་བུ་སྟོང་ཕྲག་ འདི་སྙེད་ཆུད་པ་དང་། འདི་དག་གིས་ཡངས་པའི་གྲོང་ཁྱེར་ཆེན་པོ་ཡང་བསྒྲིབས་པར་མ་གྱུར། འཛམ་བུའི་གླིང་གི་གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་འཁོར་དང་། གླིང་ཆེན་པོ་བཞི་ལ་འང་ ཅུང་ཟད་ཀྱང་མ་བསྒྲིབས། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་གནས་རྣམས་ཀྱང་བསྒྲིབས་པར་མ་གྱུར་ཏེ། སྔོན་ཅི་ འདྲ་བ་ཕྱིས་ཀྱང་དེ་བཞིན་དུ་སྣང་བ་ནི་ངོ་མཚར་ཏོ། །ལི་ཙ་བི་དྲི་མ་མེད་པར་གྲགས་པས་སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ནི་རྣམ་པར་ཐར་པ་བསམ་ 55-1-220b གྱིས་མི་ཁྱབ་པ་ཞེས་བྱ་བ་ཡོད་དེ། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རིའི་རྒྱལ་པོ་རི་རབ་དེ་ཙམ་དུ་མཐོ་བ། དེ་ཙམ་དུ་ཆེ་བ། དེ་ཙམ་དུ་འཕགས་པ། དེ་ ཙམ་དུ་ཡངས་པ་ཡང་ཡུངས་འབྲུའི་ནང་དུ་འཇུག་སྟེ། ཡུངས་འབྲུ་དེ་ཡང་སྐྱེས་པ་ཡང་མེད། རི་རབ་ཀྱང་གང་བའང་མེད་ལ་བྱ་བ་དེ་ཡང་སྟོན་ཏོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་ གསུམ་པའི་ལྷ་རྣམས་ཀྱང་བདག་ཅག་གང་དུ་བཅུག་མི་ཤེས་སོ། །རྫུ་འཕྲུལ་གྱིས་འདུལ་བའི་སེམས་ཅན་གཞན་དག་གིས་ནི་རིའི་རྒྱལ་པོ་རི་རབ་དེ་ཡུངས་འབྲུའི་ནང་དུ་བཅུག་པར་ཤེས་ཤིང་མཐོང་ངོ་། ། དེ་ནི་བཙུན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པའོ། །བཙུན་པ་ཤཱ་རིའི་བུ་གཞན་ཡང་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་ བྱང་ཆུབ་སེམས་དཔའ་ནི་རྒྱ་མཚོ་ཆེན་པོ་བཞིའི་ཆུའི་ཕུང་པོ་རྣམས་སྤུའི་ཁུང་བུ་གཅིག་ཏུ་བླུགས་ཏེ། ཉ་དང་། རུས་སྦལ་དང་། ཆུ་སྲིན་བྱིས་པ་གསོད་དང་། སྦལ་པ་དང་། ཆུ་ལས་སྐྱེས་པའི་སྲོག་ཆགས་གཞན་དག་ ལ་ཡང་གནོད་པར་གྱུར་པ་མེད། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་རྣམས་ཀྱང་འདི་སྙམ་དུ་བདག་ཅག་གར་བཙུད་སྙམ་ཡང་མི་སེམས་ལ། བྱ་བ་དེ་ཡང་སྣང་ཞིང་སེམས་ཅན་དེ་དག་ལ་ གནོད་ཅིང་འཁྲུག་པ་ཡང་མེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྫ་མཁན་གྱི་འཁོར་ལོ་བཞིན་ལག་པ་གཡས་པས་བླངས་ཏེ་བསྐོར་ནས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་ བྱེ་མ་སྙེད་དུ་འཕངས་ཀྱང་སེམས་ཅན་རྣམས་བདག་ཅག་གང་དུ་ཕྱུང་གང་ནས་འོངས་མི་ཤེས་སོ། །སླར་ཡང་བླངས་ནས་གནས་བཞིན་དུ་བཞག་ཀྱང་འོང་བ་དང་འགྲོ་བར་མི་ཤེས་མོད་ཀྱི་བྱ་བ་དེ་ཡང་ཀུན་ཏུ་སྣང་ངོ་། ། 55-1-221a བཙུན་པ་ཤཱ་རིའི་བུ་གཞན་ཡང་འཁོར་བ་ཚད་མེད་པས་འདུལ་བའི་སེམས་ཅན་དག་ཀྱང་ཡོད། འཁོར་བ་བསྟུང་བས་འདུལ་བ་དག་ཀྱང་ཡོད་དོ། དེ་ལ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་ གནས་པའི་བྱང་ཆུབ་སེམས་དཔའ་ནི་འཁོར་བ་ཚད་མེད་པས་འདུལ་བའི་སེམས་ཅན་རྣམས་འདུལ་བའི་དབང་གི་ཕྱིར་ཞག་བདུན་ཡང་བསྐལ་པ་འདས་པར་སྟོན་ཏེ། འཁོར་བ་བསྟུང་བས་འདུལ་བའི་སེམས་ཅན་ རྣམས་ལ་ནི་བསྐལ་པ་ཡང་ཞག་བདུན་གྱིས་འདས་པར་སྟོན་ཏོ། །དེ་ལ་འཁོར་བ་ཚད་མེད་པས་འདུལ་བའི་སེམས་ཅན་རྣམས་ནི་ཞག་བདུན་ལ་ཡང་བསྐལ་པ་འདས་པ་སྙམ་དུ་ཤེས་སོ། །གང་འཁོར་བ་བསྟུང་བས་ འདུལ་བའི་སེམས་ཅན་དེ་དག་ནི་བསྐལ་པ་ཡང་ཞག་བདུན་གྱིས་འདས་པར་ཤེས་སོ། །དེ་ལྟར་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཡོན་ ཏན་བཀོད་པ་རྣམས་སངས་རྒྱས་ཀྱི་ཞིང་གཅིག་ཏུ་སྟོན་ཏོ། །སེམས་ཅན་ཐམས་ཅད་ཀྱང་ལག་པ་གཡས་པའི་མཐིལ་དུ་བཞག་སྟེ། སེམས་ཀྱི་མགྱོགས་པའི་རྫུ་འཕྲུལ་གྱིས་འགྲོ་ཞིང་སངས་རྒྱས་ཀྱི་ཞིང་གཅིག་ ནས་ཀྱང་མ་གཡོས་སོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་ཇི་སྙེད་ཡོད་པ་དེ་ཐམས་ཅད་སྤུའི་ཁུང་བུ་གཅིག་ཏུ་སྟོན་ཏོ། །ཕྱོགས་བཅུ་ན་ཟླ་བ་དང་། ཉི་མ་དང་། སྐར་མའི་གཟུགས་ཇི་སྙེད་ཡོད་པ་དེ་ ཐམས་ཅད་ཀྱང་སྤུའི་ཁུང་བུ་གཅིག་ཏུ་སྟོན་ཏོ། །ཕྱོགས་བཅུ་ན་རླུང་གི་དཀྱིལ་འཁོར་ལྡང་བ་ཇི་སྙེད་པ་དེ་དག་ཐམས་ཅད་ཁའི་ནང་དུ་བརྔུབས་ཀྱང་དེའི་ལུས་ཞིག་པ་འང་མེད་ཅིང་སངས་རྒྱས་ཀྱི་ཞིང་དེ་དག་གི་རྩྭ་དང་ནགས་ཚལ་རྣམས་ཉལ་བ་ འང་མེད་དོ། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་སྲེག་པའི་བསྐལ་པས་ཚིག་པའི་མེའི་ཕུང་པོ་དེ་ཀུན་རང་གི་ལྟོར་བཅུག་ཀྱང་གང་དེས་ལས་བྱ་བ་དེ་བྱེད་དོ། །འོག་ཏུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ནས་ 55-1-221b སངས་རྒྱས་ཀྱི་ཞིང་དེ་སྟེང་དུ་བྱུང་སྟེ་གཤེགས་ནས། གྱེན་དུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པར་སྟེང་དུ་འཇོག་སྟེ། འདི་ལྟ་སྟེ། དཔེར་ན་སྐྱེས་བུ་མཐུ་ཆེན་པོ་ཞིག་གིས་ཁབ་ཀྱི་རྩེ་མོས་རྒྱ་ཤུག་གི་ལོ་མ་ལ་གཙུགས་ ཏེ་བཏེག་པ་བཞིན་ནོ། །དེ་ལྟར་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་འཁོར་ལོས་སྒྱུར་བའི་གཟུགས་སུ་བྱིན་གྱིས་རློབ་བོ། །དེ་བཞིན་དུ་འཇིག་རྟེན་སྐྱོང་བའི་གཟུགས་སུ་བྱིན་ གྱིས་རློབ་བོ། །བརྒྱ་བྱིན་གྱི་གཟུགས་སུ་བྱིན་གྱིས་རློབ་བོ། །ཚངས་པའི་གཟུགས་སུ་བྱིན་གྱིས་རློབ་བོ། །ཉན་ཐོས་ཀྱི་གཟུགས་སུ་བྱིན་གྱིས་རློབ་བོ། །རང་སངས་རྒྱས་ཀྱི་གཟུགས་སུ་བྱིན་གྱིས་རློབ་བོ། །བྱང་ཆུབ་སེམས་དཔའི་ གཟུགས་སུ་བྱིན་གྱིས་རློབ་བོ། །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གཟུགས་སུ་བྱིན་གྱིས་རློབ་བོ། །ཕྱོགས་བཅུ་ན་སེམས་ཅན་རབ་འབྲིང་ཐ་མ་ཐམས་ཅད་ཀྱི་སྒྲར་གྲགས་པ་དང་། སྒྲར་བཏགས་པ་གང་ཇི་སྙེད་པ་དེ་དག་ ཐམས་ཅད་སངས་རྒྱས་ཀྱི་གསུང་དབྱངས་དང་། སངས་རྒྱས་ཀྱི་སྒྲ་དང་ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲར་བྱིན་གྱིས་རློབ་སྟེ། སྒྲ་དབྱངས་དེ་ལས་ཀྱང་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་ མེད་པའི་སྒྲ་དབྱངས་འབྱུང་བར་བྱེད་དེ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམ་པ་ཇི་སྙེད་དུ་བསྟན་པས་ཆོས་སྟོན་པ་དེ་དག་ཐམས་ཅད་སྒྲ་དང་དབྱངས་དེ་དག་ལས་འབྱུང་བར་བྱེད་དོ། །བཙུན་པ་ཤཱ་རིའི་བུ་འདི་ནི་ རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་ལ་འཇུག་པ་ཅུང་ཟད་ཙམ་ཞིག་བསྟན་པར་ཟད་དེ། བཙུན་པ་ཤཱ་རིའི་བུ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ཡུལ་ལ་འཇུག་པ་བསྟན་པ་ནི་བསྐལ་པ་ལས་ལྷག་པ་འམ། དེ་ལས་འདས་པ་ཡང་ཁོ་བོས་བཤད་དོ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ 55-1-222a ཁྱབ་པ་བསྟན་པ་འདི་ཐོས་ནས་ངོ་མཚར་དུ་གྱུར་ཏེ། གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་མི་དམུས་ལོང་གི་མདུན་དུ་ལ་ལས་གཟུགས་སུ་གྱུར་པ་ཐམས་ ཅད་བསྟན་ཀྱང་དམུས་ལོང་དེས་གཟུགས་གཅིག་ཀྱང་མི་མཐོང་བ་དེ་བཞིན་དུ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་སྒོ་འདི་བསྟན་པའི་ཚེ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དམུས་ལོང་དང་འདྲ་ བར་མིག་མེད་དེ། བསམ་གྱིས་མི་ཁྱབ་པའི་རྒྱུ་གཅིག་ཙམ་ཡང་མངོན་སུམ་དུ་མ་གྱུར་ན། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་འདི་ཐོས་ནས་མཁས་པ་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་ སྐྱེད། དབང་པོ་ཤིན་དུ་ཉམས་པ་ས་བོན་ཚིག་པ་དང་རུལ་བ་ལྟར་ཐེག་པ་ཆེན་པོ་འདི་ལ་སྣོད་དུ་མ་གྱུར་ན་ད་ཇི་ལྟར་བྱ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཆོས་བསྟན་པ་འདི་ཐོས་ནས་ཆོ་ངེས་བཏབ་སྟེ། སྟོང་གསུམ་ གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གོ་བར་བྱས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ནི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་འདི་ཐོས་ན་རྒྱལ་བུ་གཞོན་ནུས་ཅོད་པན་བླང་བ་བཞིན་དུ་རབ་ཏུ་དགའ་ བས་སྤྱི་བོར་བླང་ཞིང་འདི་ལ་མོས་པའི་སྟོབས་ཤིན་དུ་བསྐྱེད་པར་བྱའོ། །གང་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་འདི་ལ་མོས་པ་དེ་ལ་བདུད་ཐམས་ཅད་ཀྱང་ཅི་ཞིག་བྱེད་པར་འགྱུར། གནས་བརྟན་འོད་སྲུང་ཆེན་པོས་ བསྟན་པ་འདི་བཤད་པ་ན་ལྷའི་བུ་སུམ་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་གནས་བརྟན་འོད་སྲུང་ཆན་པོ་ལ་འདི་སྐད་ཅེ་སྨྲས་སོ། ། བཙུན་པ་འོད་སྲུང་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ན་བདུད་ཇི་སྙེད་བདུད་བྱེད་པ་དེ་དག་ཐམས་ཅད་ཀྱང་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཐབས་ལ་ 55-1-222b མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བདུད་བྱེད་དོ། །བཙུན་པ་འོད་སྲུང་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ན་བྱང་ཆུབ་སེམས་དཔའ་ལ་སློང་བ་གང་དག་གིས་ལག་པ་འམ། རྐང་པ་འམ། རྣ་བ་འམ། སྣ་འམ། ཁྲག་གམ། རྒྱུས་པ་འམ། རུས་པ་འམ། རྐང་པ་འམ། མིག་གམ། རོ་སྟོད་དམ། མགོ་འམ། ཡན་ལག་དང་། ཉིང་ལག་གམ། རྒྱལ་པོའི་སྲིད་དམ། ཡུལ་འཁོར་རམ། ལྗོངས་སམ། ཆུང་མ་དང་བུ་ཕོ་དང་། བུ་མོ་དང་། བྲན་ཕོ་དང་། བྲན་མོ་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། བཞོན་པ་དང་། གསེར་དང་། དངུལ་དང་། ནོར་བུ་དང་། མུ་ཏིག་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། བཻ་དཱུ་ ཪྱ་དང་། ནོར་བུ་རིན་པོ་ཆེ་རྣམས་ཀྱང་རུང་། བཟའ་བ་དང་། བཏུང་བ་དང་། བྲོ་བ་རྣམས་སམ། གོས་རྣམས་ཀྱང་རུང་། ཉམ་ང་བར་བྱས་ཏེ་སློང་བ་དེ་དག་ཐམས་ཅད་ཀྱང་ཕལ་ཆེར་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་ པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། ཐབས་ལ་མཁས་པས་ལྷག་པའི་བསམ་པ་བརྟན་པ་འདི་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་འོད་སྲུང་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་དཀའ་ ཐུབ་དྲག་པས་ན་དེ་ལྟ་བུར་སྟོན་ཏོ། གོ་སྐབས་མ་ཕྱེ་བར་བྱང་ཆུབ་སེམས་དཔའ་ལ་ཉམ་ང་བར་བྱེད་པའི་མཐུ་སྐྱེ་བོ་ཕལ་ལ་མེད་དོ། །གོ་སྐབས་མ་ཕྱེ་བར་གསད་པ་འམ་བསླང་བར་ཡང་མི་ནུས་སོ། །བཙུན་པ་འོད་ སྲུང་འདི་ལྟ་སྟེ། དཔེར་ན་སྲིན་བུ་མེ་ཁྱེར་གྱིས་ཉི་མའི་དཀྱིལ་འཁོར་གྱི་འོད་ཟིལ་གྱིས་མནན་པར་མི་ནུས་པ་དེ་བཞིན་དུ་བཙུན་པ་འོད་སྲུང་གོ་སྐབས་མ་ཕྱེ་བར་བྱང་ཆུབ་སེམས་དཔའི་ཐད་དུ་འགྲོ་བ་འམ་བསླང་བར་མི་ནུས་སོ། ། བཙུན་པ་འོད་སྲུང་ཆེན་པོ་འདི་ལྟ་སྟེ། དཔེར་ན་བལ་གླང་གླང་པོ་ཆེ་ལ་བརྡེག་པ་ནི་བོང་བུས་བཟོད་པར་མི་ནུས་ཏེ། དེ་བཞིན་དུ་བཙུན་པ་འོད་སྲུང་ཆེན་པོ་བྱང་ཆུབ་སེམས་དཔའ་མ་ཡིན་པས་བྱང་ཆུབ་སེམས་དཔའ་ 55-1-223a ཉམ་ང་བར་བྱེད་མི་ནུས་ཀྱི་བྱང་ཆུབ་སེམས་དཔའ་ཉིད་ལ་ཉམ་ང་བར་བྱེད་དེ། བྱང་ཆུབ་སེམས་དཔས་ཉམ་ང་བར་བྱས་པ་བྱང་ཆུབ་སེམས་དཔས་བཟོད་དོ། །བཙུན་པ་འོད་སྲུང་ཆེན་པོ་དེ་ནི་རྣམ་པར་ ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ཤེས་པའི་སྟོབས་ལ་འཇུག་པའོ། །རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་འཇམ་དཔལ་ གཞོན་ནུར་གྱུར་པས་ལི་ཙྪ་བཱི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་ཇི་ལྟར་བལྟ་བར་བྱ། སྨྲས་པ། འཇམ་དཔལ་འདི་ལྟ་སྟེ། དཔེར་ ན་སྐྱེས་བུ་མཁས་པ་ཆུ་ཟླ་ལ་ལྟ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བལྟ་བར་བྱའོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་སྒྱུ་མ་མཁན་དག་སྒྱུ་མ་མཁན་གྱིས་སྤྲུལ་པའི་མི་ལ་ལྟ་བ་དེ་བཞིན་དུ་ བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བལྟ་བར་བྱའོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་མེ་ལོང་གི་དཀྱིལ་འཁོར་ལ་བཞིན་ལྟ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བལྟ་བར་བྱའོ། ། འཇམ་དཔལ་འདི་ལྟ་སྟེ་དཔེར་ན་སྨིག་རྒྱུའི་ཆུ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བལྟ་བར་བྱའོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་བྲག་ཆའི་སྒྲ་སྐད་ལྟ་བུར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ ལ་བལྟ་བར་བྱའོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་སྤྲིན་གྱི་ཕུང་པོ་ལྟ་བུར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བལྟ་བར་བྱའོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་དབུ་བ་རྡོས་པའི་སྔོན་གྱི་མཐའ་ ལྟ་བུར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བལྟ་བར་བྱའོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ཆུའི་ཆུ་བུར་འབྱུང་བ་དང་འཇིག་པ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། །འཇམ་ 55-1-223b དཔལ་འདི་ལྟ་སྟེ་དཔེར་ན་ཆུ་ཤིང་ལ་སྙིང་པོ་ལྟ་བ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་གློག་གི་འཕོ་བ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ ཅད་ལ་སོ་སོར་བརྟག་གོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ཁམས་ལྔ་པ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་སྐྱེ་མཆེད་བདུན་པོ་ལྟར་བྱང་ཆུབ་སེམས་དཔས་ སེམས་ཅན་ཐམས་ཅད་ལ་སོ་སོར་བརྟགསོ་གོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་གཟུགས་མེད་པ་དག་ལ་གཟུགས་མེད་པ་སྣང་བ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། །འཇམ་དཔལ་འདི་ལྟ་སྟེ་ དཔེར་ན་ས་བོན་བརྔོས་པ་ལས་མྱུ་གུ་འགྲུབ་པ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་སྦལ་པའི་སྤུའི་གོས་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་ བརྟག་གོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ཤི་བ་འདོད་པའི་རྩེད་མོ་ལ་དགའ་བ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་རྒྱུན་དུ་ཞུགས་པའི་འཇིག་ཚོགས་ལ་ལྟ་བ་ལྟར་ བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ལན་ཅིག་ཕྱིར་འོང་བ་ལ་སྲིད་པ་གསུམ་པོ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། །འཇམ་དཔལ་ འདི་ལྟ་སྟེ། དཔེར་ན་ཕྱིར་མི་འོང་བ་ལ་མངལ་དུ་འཇུག་པ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་དགྲ་བཅོམ་པ་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་སེར་སྣ་དང་། འཆལ་པའི་ཚུལ་ཁྲིམས་དང་། གནོད་སེམས་དང་། རྣམ་པར་ 55-1-224a འཚེ་བའི་སེམས་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་ལ་བག་ཆགས་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ ཅད་ལ་སོ་སོར་བརྟག་གོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་མི་དམུས་ལོང་གིས་གཟུགས་མཐོང་བ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་འགོག་པ་ལ་ སྙོམས་པར་ཞུགས་པའི་དབུགས་འབྱུང་བ་དང་རྔུབ་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་ནི་བྱའི་རྗེས་བཞིན་དུ་བྱང་ཆུབ་སེམས་ དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་མ་ནིང་ལ་ཕོ་མཚན་སྐྱེ་བ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་མོ་ཤམ་ གྱི་བུ་རྙེད་པ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པས་སྤྲུལ་པའི་ཉོན་མོངས་པ་མ་སྐྱེས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ ལ་སོ་སོར་བརྟག་གོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་རྨི་ལམ་ན་སྣང་བ་སད་ན་མཐོང་བ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ཀུན་དུ་མི་རྟོག་པ་ལ་ ཉོན་མོངས་པ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། རྒྱུ་མེད་པ་ལས་མེ་འབྱུང་བ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་ གོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ཡོངས་སུ་མྱ་ངན་ལས་འདས་པའི་ཉིང་མཚམས་སྦྱོར་བ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། །འཇམ་དཔལ་དེ་ལྟ་བུར་ཡང་དག་པ་ཉིད་བདག་ 55-1-224b མེད་པར་རབ་ཏུ་རྟོགས་པས་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། །སྨྲས་པ། རིགས་ཀྱི་བུ་གལ་ཏེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་དེ་ལྟ་བུར་སོ་སོར་བརྟག་ན་ཇི་ལྟར་ ན་སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་སྐྱེ་བར་འགྱུར། སྨྲས་པ། འཇམ་དཔལ་ནམ་བྱང་ཆུབ་སེམས་དཔའ་དེ་ལྟར་སོ་སོར་རྟོག་པ་ན་དེ་ལྟར་ཆོས་ཡོངས་སུ་ཤེས་ནས་སེམས་ཅན་འདི་དག་ལའང་བདག་གིས་ཆོས་ བསྟན་ཏོ་སྙམ་སྟེ། དེ་བས་ན་དེ་སེམས་ཅན་ཐམས་ཅད་ལ་ཡང་དག་པའི་སྐྱབས་ཀྱི་བྱམས་པ་སྐྱེ་སྟེ། ལེན་པ་མེད་པའི་ཕྱིར་ཉེ་བར་ཞི་བའི་བྱམས་པའོ། །ཉོན་མོངས་པ་མེད་པས་གདུང་བ་མེད་པའི་བྱམས་པའོ། ། དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་ཅི་བཞིན་པ་ཉིད་ཀྱི་བྱམས་པའོ། །ཀུན་ནས་ལྡང་བ་མེད་པའི་ཕྱིར་འགལ་བ་མེད་པའི་བྱམས་པའོ། །ཕྱི་ནང་མ་འདྲེས་པའི་ཕྱིར་གཉིས་སུ་མེད་པའི་བྱམས་པའོ། །ཤིན་དུ་མཐར་ཐུག་པའི་ཕྱིར་མི་འཁྲུགས་ པའི་བྱམས་པའོ། །བསམ་པ་རྡོ་རྗེ་ལྟ་བུར་མི་ཕྱེད་པའི་ཕྱིར་བརྟན་པའི་བྱམས་པའོ། །རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ཡོངས་སུ་དག་པའི་བྱམས་པའོ། །བསམ་པ་མཉམ་པའི་ཕྱིར་མཉམ་པའི་བྱམས་པའོ། ། དགྲ་བཅོམ་པའི་ཕྱིར་དགྲ་བཅོམ་པའི་བྱམས་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་རྒྱུན་མི་འཆད་པའི་ཕྱིར་བྱང་ཆུབ་སེམས་དཔའི་བྱམས་པའོ། །ཡང་དེ་བཞིན་ཉིད་ཁོང་དུ་ཆུད་པའི་ཕྱིར་དེ་བཞིན་གཤེགས་པའི་བྱམས་པའོ། ། སེམས་ཅན་གཉིད་ཀྱིས་ལོག་པ་རབ་ཏུ་སད་པར་བྱེད་པའི་ཕྱིར་སངས་རྒྱས་ཀྱི་བྱམས་པའོ། །རང་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རང་བྱུང་གི་བྱམས་པའོ། །རོ་མཚུངས་པའི་ཕྱིར་བྱང་ཆུབ་ཀྱི་བྱམས་པའོ། །རྗེས་སུ་ ཆགས་པ་དང་། ཁོང་ཁྲོ་བ་སྤངས་པའི་ཕྱིར་སྒྲོ་བཏགས་པ་མེད་པའི་བྱམས་པའོ། །ཐེག་པ་ཆེན་པོ་ཡོངས་སུ་སྣང་བར་བྱེད་པའི་ཕྱིར་སྙིང་རྗེ་ཆེན་པོའི་བྱམས་པའོ། །སྟོང་པ་དང་བདག་མེད་པར་སོ་སོར་རྟོག་པའི་ཕྱིར་ཡོངས་ 55-1-225a སུ་མི་སྐྱོ་བའི་བྱམས་པའོ། །སློབ་དཔོན་དཔེ་མཁྱུད་མེད་པའི་ཕྱིར་ཆོས་ཀྱི་སྦྱིན་པའི་བྱམས་པའོ། །ཚུལ་ཁྲིམས་འཆལ་པའི་སེམས་ཅན་ལ་ལྟ་བའི་ཕྱིར་ཚུལ་ཁྲིམས་ཀྱི་བྱམས་པའོ། །བདག་དང་ ཕ་རོལ་སྲུང་བའི་ཕྱིར་བཟོད་པའི་བྱམས་པའོ། །སེམས་ཅན་ཐམས་ཅད་ཀྱི་ཁུར་ཁྱེར་བའི་ཕྱིར་བརྩོན་འགྲུས་ཀྱི་བྱམས་པའོ། །རོ་མྱང་བ་མེད་པའི་ཕྱིར་བསམ་གཏན་གྱི་བྱམས་པའོ། །དུས་སུ་ཐོབ་པར་བྱེད་པའི་ཕྱིར་ ཤེས་རབ་ཀྱི་བྱམས་པའོ། །ཐམས་ཅད་དུ་སྒོ་སྟོན་པའི་ཕྱིར་ཐབས་ཀྱི་བྱམས་པའོ། །བསམ་པ་རྣམ་པར་དག་པའི་ཕྱིར་ཚུལ་འཆོས་པ་མེད་པའི་བྱམས་པའོ། །བསམ་པ་ཐག་པ་ནས་བྱེད་པའི་ཕྱིར་གཡོ་མེད་པའི་ བྱམས་པའོ། །ཉོན་མོངས་པ་མེད་པའི་ཕྱིར་ལྷག་པའི་བསམ་པའི་བྱམས་པའོ། །བཅོས་པ་མ་ཡིན་པའི་ཕྱིར་སྒྱུ་མེད་པའི་བྱམས་པའོ། །སངས་རྒྱས་ཀྱི་བདེ་བ་ལ་འགོད་པའི་ཕྱིར་བདེ་བའི་བྱམས་པ་སྟེ། འཇམ་དཔལ་ དེ་ནི་བྱང་ཆུབ་སེམས་དཔའི་བྱམས་པ་ཆེན་པོའོ། །སྨྲས་པ། དེའི་སྙིང་རྗེ་ཆེན་པོ་གང་ཡིན། སྨྲས་པ། དགེ་བའི་རྩ་བའི་བྱས་པ་སེམས་ཅན་ཐམས་ཅད་ལ་གཏོང་བའོ། །སྨྲས་པ། དེའི་དགའ་བ་ཆེན་པོ་གང་ ཡིན། སྨྲས་པ། གང་བྱིན་ནས་ཡིད་དགའ་བར་གྱུར་ཏེ་མི་འགྱོད་པའོ། །སྨྲས་པ། དེའི་བཏང་སྙོམས་གང་ཡིན། སྨྲས་པ། གང་གཉི་གའི་དོན་དུ་འགྱུར་བའོ། །སྨྲས་པ། འཁོར་བའི་འཇིགས་པས་སྐྲག་ པ་གང་ལ་བརྟན་པར་བྱ། སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་འཁོར་བའི་འཇིགས་པས་སྐྲག་པ་ནི་སངས་རྒྱས་ཀྱི་ཆེ་བ་ཉིད་ལ་བརྟན་པར་བྱའོ། །སྨྲས་པ། སངས་རྒྱས་ཀྱི་ཆེ་བ་ཉིད་ལ་གནས་པར་འདོད་ པས་གང་ལ་གནས་པར་བྱ། སྨྲས་པ། སངས་རྒྱས་ཀྱི་ཆེ་བ་ཉིད་ལ་གནས་པར་འདོད་པས་སེམས་ཅན་ཐམས་ཅད་ལ་སྙོམས་པར་གནས་པར་བྱའོ། །སྨྲས་པ། སེམས་ཅན་ཐམས་ཅད་ལ་སྙོམས་པར་ 55-1-225b གནས་པར་འདོད་པས་གང་ལ་གནས་པར་བྱ། སྨྲས་པ། སེམས་ཅན་ཐམས་ཅད་ལ་སྙོམས་པར་གནས་པར་འདོད་པས་སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་ཕྱིར་གནས་པར་བྱའོ། །སྨྲས་པ། སེམས་ཅན་ ཐམས་ཅད་རབ་ཏུ་ཐར་བར་བྱ་བར་འདོད་པས་ཇི་ལྟ་བུར་བྱ། སྨྲས་པ། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བར་འདོད་པས་ཉོན་མོངས་པ་ལས་རབ་ཏུ་ཐར་བར་བྱའོ། །སྨྲས་པ། ཉོན་མོངས་པ་སྤང་བར་ འདོད་པས། ཇི་ལྟར་རབ་ཏུ་སྦྱར་བར་བྱ། སྨྲས་པ། ཉོན་མོངས་པ་སྤང་བར་འདོད་པས་ཚུལ་བཞིན་རབ་ཏུ་སྦྱར་བར་བྱའོ། །སྨྲས་པ། ཇི་ལྟ་བུར་རབ་ཏུ་སྦྱར་ན། ཚུལ་བཞིན་དུ་རབ་ཏུ་སྦྱོར་བ་ཡིན། སྨྲས་པ། སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་རབ་ཏུ་སྦྱོར་བ་ནི་ཚུལ། བཞིན་དུ། རབ་ཏུ་སྦྱོར་བ་ཡིན་ནོ། །སྨྲས་པ། ཅི་མི་སྐྱེད། ཅི་མི་འགོག །སྨྲས་པ། མི་དགེ་བ་རྣམས་མི་སྐྱེད་ཅིང་། དགེ་བ་རྣམས་ཀྱིས་མི་ འགོག་གོ། །སྨྲས་པ། དགེ་བ་དང་མི་དགེ་བའི་རྩ་བ་གང་སྨྲས་པ། འཇིག་ཚོགས་ནི་རྩ་བའོ། །སྨྲས་པ། འཇིག་ཚོགས་ཀྱི་རྩ་བ་གང་། སྨྲས་པ། འཇིག་ཚོགས་ཀྱི་རྩ་བ་ནི་འདོད་པ་དང་ཆགས་པའོ། ། སྨྲས་པ། འདོད་པ་དང་ཆགས་པའི་རྩ་བ་གང་། སྨྲས་པ། འདོད་པ་དང་ཆགས་པའི་རྩ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའོ། །སྨྲས་པ། ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པའི་རྩ་བ་གང་། སྨྲས་པ། ཡང་ དག་པ་མ་ཡིན་པ་ཀུན་རྟོག་པའི་རྩ་བ་ནི་ཕྱིན་ཅི་ལོག་གི་འདུ་ཤེས་སོ། །སྨྲས་པ། ཕྱིན་ཅི་ལོག་གི་འདུ་ཤེས་ཀྱི་རྩ་བ་གང་། སྨྲས་པ། ཕྱིན་ཅི་ལོག་གི་འདུ་ཤེས་ཀྱི་རྩ་བ་ནི་རྟེན་མེད་པའོ། །སྨྲས་པ། རྟེན་མེད་པའི་རྩ་ བ་གང་། སྨྲས་པ། འཇམ་དཔལ་གང་རྟེན་མེད་པ་དེའི་རྩ་བར་འགྱུར་བ་ཅི་ཞིག་ཡོད་དེ། དེ་ལྟར་ཆོས་ཐམས་ཅད་ནི་རྟེན་མེད་པའི་རྩ་བ་ལ་གནས་པའོ། །དེ་ནས་ཁྱིམ་དེ་ན་གང་གནས་པའི་ལྷ་མོ་དེས་བྱང་ཆུབ་སེམས་དཔའ་ 55-1-226a སེམས་དཔའ་ཆེན་པོ་དེ་དག་གི་ཆོས་བསྟན་པ་འདི་ཐོས་ནས་དགའ་ཞིང་མགུ་ལ་ཡིད་རངས་ཏེ། བདག་གི་ལུས་རགས་པ་བསྟན་ནས་ལྷའི་མེ་ཏོག་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་ལ་མངོན་པར་གཏོར་ཏེ། གཏོར་བ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ལ་མེ་ཏོག་གང་དག་བབ་པ་དེ་དག་ནི་ས་ལ་ལྷུང་ངོ་། །ཉན་ཐོས་ཆེན་པོ་རྣམས་ཀྱི་ལུས་ལ་མེ་ཏོག་གང་དག་བབ་པ་དེ་དག་ནི་དེ་ཉིད་དུ་ཆགས་ ནས་ས་ལ་མ་ལྷུང་ངོ་། །དེ་ནས་ཉན་ཐོས་ཆེན་པོ་དེ་དག་རྫུ་འཕྲུལ་གྱིས་མེ་ཏོག་དེ་དག་སྤྲུགས་ཀྱང་མ་ལྷུང་ངོ་། །དེ་ནས་ལྷ་མོ་དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་མེ་ཏོག་འདི་དག་སྤྲུགས་ཏེ་ ཅི་བྱ། སྨྲས་པ་ལྷ་མོ་མེ་ཏོག་འདི་དག་ནི་རུང་བ་མ་ཡིན་པས་ན་བདག་མེ་ཏོག་འདི་དག་འདོར་རོ། །ལྷ་མོས་སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་སྐད་མ་སྨྲ་ཞིག །དེ་ཅིའི་ཕྱིར་ཞེ་ན། མེ་ཏོག་འདི་དག་ནི་རུང་བ་ཡིན་ནོ། །དེ་ཅིའི་ཕྱིར་ ཞེ་ན། འདི་ལྟར་མེ་ཏོག་དེ་དག་ནི་མི་རྟོག །རྣམ་པར་མི་རྟོག་པ་སྟེ། གནས་བརྟན་ཤཱ་རིའི་བུ་ཉིད་རྟོག་ཅིང་རྣམ་པར་རྟོག་གོ། །བཙུན་པ་ཤཱ་རིའི་བུ་གང་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་རྟོག་པ་དང་ རྣམ་པར་རྟོག་པ་དེ་དག་ནི་རུང་བ་མ་ཡིན་པའོ། །གནས་བརྟན་ནི་རྟོག་ཅིང་རྣམ་པར་རྟོག་སྟེ། གང་དག་མི་རྟོག་པ་དེ་དག་ནི་རུང་བའོ། །བཙུན་པ་ཤཱ་རིའི་བུ་འདི་ལྟར་རྟོག་པ་དང་རྣམ་པ་སྤངས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་འདི་དག་གི་ལུས་ལ་མེ་ཏོག་མི་ཆགས་པ་ལ་ལྟོས། འདི་ལྟ་སྟེ། དཔེར་ན་འཇིགས་པའི་རང་བཞིན་ཅན་གྱི་མི་ལ་ནི་མི་མ་ཡིན་པ་རྣམས་ཀྱིས་གླགས་རྙེད་དོ། །དེ་བཞིན་དུ་འཁོར་བའི་འཇིགས་པས་སྐྲག་པ་རྣམས་ ལ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱས་གླགས་རྙེད་པར་འགྱུར་རོ། །གང་དག་འདུ་བྱེད་ཐམས་ཅད་ཀྱི་ཉོན་མོངས་པའི་འཇིགས་པ་དང་བྲལ་བ་དེ་དག་ལ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་ 55-1-226b བྱས་ཅི་ཞིག་བྱར་ཡོད། གང་དག་བག་ཆགས་མ་སྤངས་པ་དེ་དག་ལ་ནི་མེ་ཏོག་ཀྱང་འཆགས་ཀྱི། གང་དག་བག་ཆགས་སྤངས་པ་དེ་དག་གི་ལུས་ལ་མེ་ཏོག་མི་ཆགས་ཏེ། དེ་བས་ན་བག་ཆགས་ཐམས་ཅད་སྤངས་ པ་རྣམས་ཀྱི་ལུས་ལ་མེ་ཏོག་མི་ཆགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ལྷ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མོ་ཁྱོད་ཁྱིམ་འདིའི་ནང་དུ་ཞུགས་ནས་ཡུན་ཇི་སྲིད་ཅིག་ལོན། ལྷ་མོས་སྨྲས་པ། གནས་ བརྟན་གྱིས་རྣམ་པར་གྲོལ་བ་ལ་ཞུགས་ནས་ཡུན་ཇི་སྲིད་པའོ། །སྨྲས་པ། ལྷ་མོ་ཁྱོད་ཁྱིམ་འདིར་གནས་ནས་རིང་པོ་མ་ལོན་པ་ལྟ་ཞིག །སྨྲས་པ། གནས་བརྟན་གྱིས་རྣམ་པར་གྲོལ་བ་ལ་ཞུགས་ནས་ཇི་སྲིད་ ལོན། དེ་ནས་གནས་བརྟན་ཅང་མི་ཟེར་བར་གྱུར་ཏོ། །སྨྲས་པ། གནས་བརྟན་ཤེས་རབ་ཆེན་པོ་དང་ལྡན་པའི་མཆོག་ནི་ཅིའི་ཕྱིར་མི་སྨྲ་ཞིང་ད་དུས་ལ་བབ་ན་དྲིས་པའི་ལན་མི་བླན། སྨྲས་པ། ལྷ་མོ་རྣམ་ པར་གྲོལ་བ་ནི་བརྗོད་དུ་མེད་ན་དེ་ཇི་སྐད་དུ་བརྗོད་མི་ཤེས་སོ། །སྨྲས་པ། གནས་བརྟན་གྱིས་གང་ཡི་གེར་བརྗོད་པ་དེ་ཐམས་ཅད་ཀྱང་རྣམ་པར་གྲོལ་བའི་མཚན་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་གྲོལ་བ་གང་ ཡིན་པ་དེ་ནི་ནང་ན་འང་མེད། ཕྱི་རོལ་ན་འང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །དེ་བཞིན་དུ་ཡི་གེ་དེ་ནང་ན་འང་མེད། ཕྱི་རོལ་ན་འང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །དེ་ལྟ་བས་ན་བཙུན་ པ་ཤཱ་རིའི་བུ་ཡི་གེ་བསལ་བས་རྣམ་པར་གྲོལ་བ་མ་སྟོན་ཅིག །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མཉམ་པ་ནི་འཕགས་པའི་རྣམ་པར་གྲོལ་བ་ཡིན་པའི་ཕྱིར་རོ། །སྨྲས་པ། ལྷ་མོ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་བྲལ་བའི་ཕྱིར་རྣམ་པར་གྲོལ་བ་མ་ཡིན་ནམ། ལྷ་མོས་སྨྲས་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་བྲལ་བས་རྣམ་པར་གྲོལ་བའོ་ཞེས་བྱ་བ་འདི་ནི་མངོན་པའི་ང་རྒྱལ་ཅན་རྣམས་ 55-1-227a ལ་བསྟན་པ་སྟེ། གང་དག་མངོན་པའི་ང་རྒྱལ་མེད་པ་དེ་དག་ལ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རང་བཞིན་ཉིད་རྣམ་པར་གྲོལ་བའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ལྷ་མོ་དེ་ལ་འདི་སྐད་ ཅེས་སྨྲས་སོ། །ལེགས་སོ་ལེགས་སོ། །ལྷ་མོ་ཁྱོད་ཀྱིས་ཅི་ཐོབ་ཅིང་ཅི་མངོན་དུ་བྱས་ན་ཁྱོད་དེ་ལྟ་བུའི་སྤོབས་པ་དང་ལྡན། སྨྲས་པ། བཙུན་པ་ཤཱ་རིའི་བུ་བདག་གིས་ནི་ཅི་འང་ཐོབ་པ་འང་མེད། མངོན་སུམ་དུ་ བྱས་པ་འང་མེད་དེ། དེས་ན་བདག་གི་སྤོབས་པ་འདི་འདྲའོ། །གང་དག་འདི་སྙམ་དུ་བདག་གིས་ཐོབ་ཅིང་མངོན་སུམ་དུ་བྱས་སོ་སྙམ་པ་དེ་དག་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ང་རྒྱལ་ཅན་ཞེས་ བྱའོ། །སྨྲས་པ། ལྷ་མོ་ཁྱོད་ཉན་ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པ་འམ། ཐེག་པ་ཆེན་པོ་པ་འམ། སྨྲས་པ། བདག་ནི་ཉན་ཐོས་ཀྱི་ཐེག་པ་སྟོན་པས་ན་ཉན་ཐོས་ཀྱི་ཐེག་པ་ཅན་ནོ། ། བདག་ནི་རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་འཇུག་པས་ན་རང་སངས་རྒྱས་ཀྱི་ཐེག་པ་ཅན་ནོ། །བདག་ནི་སྙིང་རྗེ་ཆེན་པོ་མི་གཏོང་བས་ན་ཐེག་པ་ཆེན་པོ་པ་ཡིན་མོད་ཀྱི་འོན་ཀྱང་བཙུན་པ་ཤཱ་རིའི་བུ་དཔེར་ན་ཙམ་པ་ཀའི་ཚལ་ དུ་ཞུགས་ན་ཨེ་རན་ཏའི་དྲི་ལ་མི་སྣོམ་གྱི། ཙམ་པ་ཀའི་ཚལ་དུ་ཞུགས་ན་ཙམ་པ་ཀ་ཉིད་ཀྱི་དྲི་ལ་བསྣོམ་པ་དེ་བཞིན་དུ་བཙུན་པ་ཤཱ་རིའི་བུ་ཁྱིམ་འདི་ན་སངས་རྒྱས་ཀྱི་ཆོས་ཀྱི་ཡོན་ཏན་དྲི་དང་ལྡན་པ་གནས་པས་ཉན་ཐོས་ དང་རང་སངས་རྒྱས་ཀྱི་དྲི་ལ་མི་བསྣོམ་མོ། །བཙུན་པ་ཤཱ་རིའི་བུ་ཁྱིམ་འདིར་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་ དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་དག་ཁྱིམ་འདིར་གནས་པ་དེ་དག་ཀྱང་སྐྱེས་བུ་དམ་པ་འདིའི་ཆོས་ཐོས་པས་སངས་རྒྱས་ཀྱི་ཆོས་ཀྱི་ཡོན་ཏན་གྱི་དྲིས་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་དོང་ངོ་། །བཙུན་པ་ཤཱ་རིའི་བུ་ 55-1-227b བདག་ཁྱིམ་འདི་ན་ལོ་བཅུ་གཉིས་ལོན་ཡང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོར་ལྡན་པ་དང་། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་དང་ལྡན་པ་མ་གཏོགས་པར་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་གཏམ་ སྔོན་མ་ཐོས་སོ། །བཙུན་པ་ཤཱ་རིའི་བུ་ཁྱིམ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམ་པ་བརྒྱད་རྟག་ཏུ་རྒྱུན་མི་འཆད་པར་སྣང་ངོ་། །བརྒྱད་པོ་གང་ཞེ་ན། ཁྱིམ་འདི་ན་གསེར་གྱི་ཁ་དོག་གི་འོད་རྟག་ཏུ་རྒྱུན་མི་འཆད་པས་ན་ མཚན་མོ་འམ། ཉིན་བར་དུ་ཡང་མི་མངོན། ཁྱིམ་འདིར་ཟླ་བ་དང་ཉི་མ་འང་མི་མངོན་མི་སྣང་སྟེ། དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་ལྡན་པའོ། །བཙུན་པ་ཤཱ་རིའི་བུ་གཞན་ཡང་གང་དག་ཁྱིམ་འདིར་ཞུགས་པ་ དེ་དག་ཞུགས་མ་ཐག་ཏུ་ཉོན་མོངས་པས་གཙེ་བ་མེད་དེ་དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་གཉིས་པའོ། །བཙུན་པ་ཤཱ་རིའི་བུ་གཞན་ཡང་ཁྱིམ་འདི་ན་རྟག་ཏུ་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། སངས་ རྒྱས་ཀྱི་ཞིང་ཐམས་ཅད་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་མི་འབྲལ་ཏེ། དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་གསུམ་པའོ། །གཞན་ཡང་བཙུན་པ་ཤཱ་རིའི་བུ་ཁྱིམ་འདི་ན་རྟག་ཏུ་རྒྱུན་མི་འཆད་པར་ཆོས་ བསྒྲགས་པ་དང་། ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་པའི་གཏམ་དང་། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་དང་མི་འབྲལ་ཏེ། དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཞི་པའོ། །གཞན་ཡང་བཙུན་པ་ཤཱ་རིའི་ བུ་ཁྱིམ་འདི་ན་རྟག་ཏུ་ལྷ་དང་། མིའི་རྔ་དང་། གླུའི་དབྱངས་དང་། རོལ་མོ་བྱེད་དེ། རྔ་དེ་དག་ལས་སངས་རྒྱས་ཀྱི་ཆོས་ཚད་མེད་པ་བསྒྲུབ་པའི་སྒྲ་དུས་ཐམས་ཅད་དུ་འབྱུང་སྟེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ལྔ་ པའོ། །བཙུན་པ་ཤཱ་རིའི་བུ་གཞན་ཡང་ཁྱིམ་འདི་ན་རིན་པོ་ཆེ་ཐམས་ཅད་ཀྱིས་གང་བ་ཟད་མི་ཤེས་པའི་གཏེར་ཆེན་པོ་བཞི་ཡོད་དེ། དེའི་མཐུས་སེམས་ཅན་དབུལ་ཞིང་ཕོངས་པ་ཐམས་ཅད་ཀྱིས་ཁྱེར་ཏེ། དོང་ཡང་ 55-1-228a ཟད་མི་ཤེས་ཏེ། དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དྲུག་པའོ། །བཙུན་པ་ཤཱ་རིའི་བུ་གཞན་ཡང་ཁྱིམ་འདི་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་། སྣང་བ་མཐའ་ཡས་དང་། མི་འཁྲུགས་པ་ དང་། དཀོན་མཆོག་དཔལ་དང་། དཀོན་མཆོག་འོད་འཕྲོ་དང་། དཀོན་མཆོག་ཟླ་བ་དང་། དཀོན་མཆོག་བཀོད་པ་དང་། བཟོད་དཀའ་དང་། དོན་ཐམས་ཅད་གྲུབ་པ་དང་། རིན་ཆེན་མང་དང་། སེང་གེ་བསྒྲགས་པ་ དང་། སེང་གེའི་སྒྲ་དེ་བཞིན་གཤེགས་པ་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཚད་མེད་པ་རྣམས་སྐྱེས་བུ་དམ་པ་འདིས་བསམས་མ་ཐག་ཏུ་ཀུན་གཤེགས་ཏེ། གཤེགས་ནས་ཀྱང་དེ་བཞིན་གཤེགས་ པའི་གསང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་ལ་འཇུག་པ་བསྟན་ནས་སླར་གཤེགས་ཏེ། དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བདུན་པའོ། །བཙུན་པ་ཤཱ་རིའི་བུ་གཞན་ཡང་ཁྱིམ་འདི་ན་ལྷ་ཐམས་ཅད་ཀྱི་གནས་ཀྱི་བཀོད་པ་དང་། སངས་ རྒྱས་ཀྱི་ཞིང་གི་བཀོད་པ་ཐམས་ཅད་སྣང་སྟེ། དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བརྒྱད་པའོ། ། བཙུན་པ་ཤཱ་རིའི་བུ་ཁྱིམ་འདི་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་བརྒྱད་པོ་དེ་དག་སྣང་སྟེ། འདི་ལྟ་བུ་བསམ་གྱིས་མི་ཁྱབ་པའི་ཆོས་མཐོང་ན་ཉན་ཐོས་ཀྱི་ཆོས་ལ་སུ་ཞིག་འདོད་པར་འགྱུར། སྨྲས་པ། ལྷ་མོ་ཁྱོད་བུད་མེད་ཀྱི་དངོས་པོ་ལས་བསྒྱུར་ན་ཅི་ཉེས། སྨྲས་པ། བདག་གི་ལོ་བཅུ་གཉིས་ཀྱི་བར་དུ་བུད་མེད་ཀྱི་དངོས་པོ་བཙལ་ན་འང་ད་དུང་མ་རྙེད་དོ། །བཙུན་པ་ཤ་རིའི་བུ་སྒྱུ་མ་མཁན་གྱིས་བུད་མེད་སྤྲུལ་པ་དེ་ལ་ འདི་ལྟར་ཁྱོད་བུད་མེད་ཀྱི་དངོས་པོ་ལས་བསྒྱུར་ན་ཅི་ཉེས་བྱས་ན་དེ་ཇི་སྐད་ཟེར་བར་འགྱུར། སྨྲས་པ། དེ་ལ་ཡང་དག་པ་ཡོངས་སུ་གྲུབ་པ་གང་ཡང་མེད་དོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་དུ་ཆོས་ཐམས་ཅད་ཡོངས་སུ་མ་ 55-1-228b གྲུབ་པ་སྟེ། སྒྱུ་མས་སྤྲུལ་པའི་ངོ་བོ་ཉིད་ལ་བུད་མེད་ཀྱི་དངོས་པོ་ལས་བསྒྱུར་ན་ཅི་ཉེས་ཤེས་ཁྱོད་དེ་སྙམ་དུ་སེམས། དེ་ནས་ལྷ་མོ་དེས་འདི་ལྟ་བུར་བྱིན་གྱིས་བརླབ་པ་བྱིན་གྱིས་བརླབས་ནས་ཇི་ལྟ་བུར་གནས་བརྟན་ཤཱ་རིའི་བུ་ལྷ་མོ་ དེ་ཅི་འདྲ་བ་དེ་འདྲ་བར་སྣང་སྟེ། ལྷ་མོ་དེ་ཡང་གནས་བརྟན་ཤཱ་རིའི་བུ་ཅི་འདྲ་བར་དེ་འདྲ་བར་སྣང་ངོ་། །དེ་ནས་ལྷ་མོ་ཤཱ་རིའི་བུའི་གཟུགས་སུ་གྱུར་པ་དེས་ཤཱ་རིའི་བུ་ལྷ་མོའི་གཟུགས་སུ་གྱུར་པ་དེ་ལ་འདི་ལྟར་བཙུན་པ་ཤཱ་རིའི་བུ་བུད་ མེད་ཀྱི་དངོས་པོ་ལས་བསྒྱུར་ན་ཅི་ཉེས་ཤེས་དྲིས་སོ། །ཤཱ་རིའི་བུ་ལྷ་མོའི་གཟུགས་སུ་གྱུར་པས་འདི་སྐད་ཅེས་སྨྲས་སོ། །ཁོ་བོ་སྐྱེས་པའི་གཟུགས་ནི་མི་སྣང་བར་གྱུར་ཏེ། ཁོ་བོ་བུད་མེད་ཀྱི་ལུས་སུ་གྱུར་ནས་ གང་བསྒྱུར་མི་ཤེས་སོ། །སྨྲས་པ། གལ་ཏེ་གནས་བརྟན་གྱིས་བུད་མེད་ཀྱི་གཟུགས་ལས་སླར་བསྒྱུར་ནུས་ན་ནི་བུད་མེད་ཐམས་ཅད་ཀྱིས་བུད་མེད་ཀྱི་དངོས་པོ་ལས་འགྱུར་རོ། །ཇི་ལྟར་གནས་བརྟན་བུད་མེད་དུ་སྣང་བ་དེ་ བཞིན་དུ་བུད་མེད་ཐམས་ཅད་ཀྱང་བུད་མེད་ཀྱི་གཟུགས་སུ་སྣང་སྟེ། བུད་མེད་མ་ཡིན་པ་ལས་བུད་མེད་ཀྱི་གཟུགས་སུ་སྣང་ངོ་། །དེ་ལ་དགོངས་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བུད་མེད་ཀྱང་མ་ཡིན། སྐྱེས་པ་འང་ མ་ཡིན་ཞེས་གསུངས་སོ། །དེ་ནས་ལྷ་མོ་དེས་བྱིན་གྱིས་བརླབས་དེ་བཏང་བ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་སླར་ཡང་བདག་གི་གཟུགས་དང་ལྡན་པར་གྱུར་ཏོ། །དེ་ནས་ལྷ་མོ་དེས་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། ། བཙུན་པ་ཤཱ་རིའི་བུ་ཁྱོད་ཀྱིས་བུད་མེད་ཀྱི་གཟུགས་སུ་བྱས་པ་དེ་ག་རེ། སྨྲས་པ། བདག་གིས་བྱས་པ་འང་མེད་བསྒྱུར་བ་འང་མེད་དོ། །སྨྲས་པ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་བྱས་པ་འང་མེད། གང་མ་བྱས་ཤིང་བསྒྱུར་བ་མེད་པ་དེ་ནི་སངས་རྒྱས་ཀྱི་བཀའོ། །སྨྲས་པ། ལྷ་མོ་ཁྱོད་འདི་ནས་ཤི་འཕོས་ན་ 55-1-229a གང་དུ་སྐྱེ་སྨྲས་པ། དེ་བཞིན་གཤེགས་པས་སྤྲུལ་པ་དེ་གར་སྐྱེ་བར་བདག་ཀྱང་དེར་སྐྱེའོ། །སྨྲས་པ། དེ་བཞིན་གཤེགས་པས་སྤྲུལ་པ་ལ་ནི་འཆི་འཕོས་ཡང་མེད། སྐྱེ་བ་ཡང་མེད་དོ། སྨྲས་པ། ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ། འཆི་འཕོ་མེད་ཅིང་སྐྱེ་བ་མེད་དོ། །སྨྲས་པ། ལྷ་མོ་ཁྱོད་ཅི་སྲིད་ན་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། སྨྲས་པ། གང་གི་ཚེ་གནས་བརྟན་ཁྱོད་སོ་སོའི་སྐྱེ་བོའི་ ཆོས་དང་ལྡན་པར་འགྱུར་བ་དེའི་ཚེ་བདག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །སྨྲས་པ། ལྷ་མོ་ཁོ་བོ་སོ་སོའི་སྐྱེ་བོའི་ཆོས་དང་ལྡན་པར་འགྱུར་བ་དེ་ནི་གནས་མ་ཡིན་ནོ། །སྨྲས་པ། བཙུན་པ་ཤཱ་རིའི་ བུ་དེ་བཞིན་དུ་བདག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ནི་གནས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་གནས་མ་ཡིན་པ་ལ་གནས་པའི་ཕྱིར་ཏེ། དེ་ལྟ་བས་ན་གནས་མ་ཡིན་པ་ལ་ནི་སུ་ཡང་ མངོན་པར་རྫོགས་པར་འཚང་རྒྱ་བ་མེད་དོ། །གནས་བརྟན་ཤཱ་རིའི་བུས་སྨྲས་པ། དེ་བཞིན་གཤེགས་པས་གསུངས་པ་ནི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་མངོན་པར་རྫོགས་པར་སངས་རྒྱས་ སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་གསུངས་སོ། །ལྷ་མོས་སྨྲས་པ། བཙུན་པ་ཤཱ་རིའི་བུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ སངས་རྒྱས་རྣམས་ཤེས་བྱ་བ་དེ་ནི་ཡི་གེ་བགྲང་བའི་བརྡའི་ཚིག་བླ་དགས་སོ། སངས་རྒྱས་རྣམས་ནི་འདས་པ་འམ་མ་འོངས་པ་འམ། ད་ལྟར་བྱུང་བ་མ་ཡིན་ཏེ། བྱང་ཆུབ་ནི་དུས་གསུམ་ལས་ཡང་དག་པར་ འདས་པའོ། །གནས་བརྟན་གྱིས་དགྲ་བཅོམ་པ་ཐོབ་བམ། སྨྲས་པ། ཐོབ་པ་མེད་པའི་རྒྱུས་ཐོབ་བོ། །སྨྲས་པ། དེ་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་མེད་པའི་རྒྱུས་མངོན་པར་རྫོགས་པར་བྱང་ཆུབ་ 55-1-229b བོ་དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་ཚེ་དང་ལྡན་པ་གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་ལྷ་མོ་འདི་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་གཉིས་ལ་བསྙེན་བཀུར་ བྱས་ཏེ། མངོན་པར་ཤེས་པའི་ཡེ་ཤེས་ལ་རྣམ་པར་རྩེ་བ། སྨོན་ལམ་ལས་ཡང་དག་པར་བྱུང་བ། བཟོད་པ་ཐོབ་པ། ཕྱིར་མི་ལྡོག་པ་ལ་ཡང་དག་པར་ཞུགས་པ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ ཕྱིར་སྨོན་ལམ་གྱི་དབང་གིས་ཇི་ལྟར་འདོད་པ་དེ་བཞིན་དུ་གནས་སོ། །ལྷ་མོའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་རྣམས་ལ་འགྲོ་བར་སོང་བ་ཡིན། སྨྲས་པ། འཇམ་དཔལ་གང་གི་ཚེ་བྱང་ཆུབ་སེམས་དཔའ་འགྲོ་བ་མ་ཡིན་པར་འགྲོ་བ་དེའི་ཚེ་བྱང་ཆུབ་ སེམས་དཔའ་སངས་རྒྱས་ཀྱི་ཆོས་རྣམས་ལ་འགྲོ་བར་སོང་བ་ཡིན་ནོ། །སྨྲས་པ། བྱང་ཆུབ་སེམས་དཔའི་འགྲོ་བ་མ་ཡིན་པར་འགྲོ་བ་གང་། སྨྲས་པ། གང་གི་ཚེ་མཚམས་མེད་པ་ལྔའི་འགྲོ་བར་འགྲོ་ཡང་གནོད་ སེམས་དང་། རྣམ་པར་འཚེ་བ་དང་། རབ་ཏུ་སྡང་བར་མི་འགྱུར་རོ། །སེམས་ཅན་དམྱལ་བའི་འགྲོ་བར་འགྲོ་ཡང་ཉོན་མོངས་པའི་རྡུལ་ཐམས་ཅད་དང་བྲལ་བ་ཡིན། དུད་འགྲོའི་འགྲོ་བར་འགྲོ་ཡང་གླེན་པའི་ མུན་པ་མུན་གནག་དང་བྲལ་བ་ཡིན། ལྷ་མ་ཡིན་དུ་འགྲོ་བར་འགྲོ་ཡང་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་མེད་པ་ཡིན། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྲོ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ ཚོགས་ཐམས་ཅད་བླངས་པ་ཡིན། མི་གཡོ་བ་དང་གཟུགས་མེད་པའི་འགྲོ་བར་འགྲོ་ཡང་དེའི་འགྲོ་བ་ལ་ཡང་དག་པར་འཇུག་པ་མ་ཡིན། འདོད་ཆགས་ཀྱི་འགྲོ་བར་འགྲོ་ཡང་འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་ 55-1-230a འདོད་ཆགས་དང་བྲལ་བ་ཡིན། ཞེ་སྡང་གི་འགྲོ་བར་འགྲོ་ཡང་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པ་ཡིན། གཏི་མུག་གི་འགྲོ་བར་འགྲོ་ཡང་ཆོས་ཐམས་ཅད་ལ་ཤེས་རབ་ཀྱིས་ངེས་པར་ པ་དང་ལྡན་པ་ཡིན། སེར་སྣའི་འགྲོ་བར་འགྲོ་ཡང་ལུས་དང་སྲོག་ལ་མི་ལྟ་བས་ཕྱི་ནང་གི་དངོས་པོ་ཡོངས་སུ་གཏོང་བ་ཡིན། ཚུལ་ཁྲིམས་འཆལ་པའི་འགྲོ་བར་འགྲོ་ཡང་ཁ་ན་མ་ཐོ་བ་ཅུང་ཟད་ལ་འང་འཇིགས་པར་ལྟ་ ཞིང་སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་ཐམས་ཅད་ལ་གནས་པ་ཡིན། གནོད་སེམས་ཀྱི་ཐ་བ་དང་ཁོང་ཁྲོ་བའི་འགྲོ་བར་འགྲོ་ཡང་ཤིན་དུ་གནོད་སེམས་མེད་ཅིང་བྱམས་པ་ལ་གནས་པ་ཡིན། ལེ་ལོའི་འགྲོ་ བར་འགྲོ་ཡང་བརྩོན་འགྲུས་རྩོམ་པ་རྒྱུན་མི་འཆད་ཅིང་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་ཚོལ་བ་ལ་བརྩོན་པ་ཡིན། དབང་པོ་འཁྲུལ་པའི་འགྲོ་བར་འགྲོ་ཡང་རང་བཞིན་གྱིས་སྙོམས་པར་ཞུགས་ཤིང་བསམ་གཏན་དོན་ ཡོད་པ་ཡིན། འཆལ་པའི་ཤེས་རབ་ཀྱི་འགྲོ་བར་འགྲོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲོ་བར་སོང་ཞིང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་ཐམས་ཅད་ལ་མཁས་པ་ཡིན། ཚུལ་འཆོས་ པ་དང་ཁ་གསག་བྱེད་པའི་འགྲོ་བར་འགྲོ་ཡང་ལྡེམ་པོ་ངག་ལ་མཁས་ཤིང་ཐབས་མཁས་པའི་སྤྱོད་པ་ཚར་ཕྱིན་པ་ཡང་ཡིན། ང་རྒྱལ་གྱི་འགྲོ་བ་འང་སྟོན་ལ་འཇིག་རྟེན་ཐམས་ཅད་ཀྱི་ཟམ་པ་དང་སྟེགས་བུར་འགྱུར་བ་ཡང་ ཡིན། ཉོན་མོངས་པའི་འགྲོ་བར་འགྲོ་ཡང་ཤིན་དུ་ཀུན་ནས་ཉོན་མོངས་པ་མེད་ཅིང་རང་བཞིན་གྱིས་ཡོངས་སུ་དག་པ་ཡང་ཡིན། བདུད་ཀྱི་འགྲོ་བར་འགྲོ་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་ལ་མི་འཇོག་ པ་ཡང་ཡིན། ཉན་ཐོས་ཀྱི་འགྲོ་བར་འགྲོ་ཡང་སེམས་ཅན་རྣམས་ལ་མ་ཐོས་པའི་ཆོས་ཐོས་པར་བྱེད་པ་ཡང་ཡིན། རང་སངས་རྒྱས་ཀྱི་འགྲོ་བར་འགྲོ་ཡང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྙིང་རྗེ་ 55-1-230b ཆེན་པོ་ལས་བྱུང་བ་ཡང་ཡིན། དབུལ་པོའི་འགྲོ་བར་འགྲོ་ཡང་ལོངས་སྤྱོད་ཟད་མི་ཤེས་པའི་རིན་པོ་ཆེ་ལག་ན་ཐོགས་པ་ཡང་ཡིན། དབང་པོ་ཉམས་པའི་འགྲོ་བར་འགྲོ་ཡང་། གཟུགས་བཟང་ཞིང་མཚན་གྱིས་ལེགས་ པར་བརྒྱན་པ་འདི་ཡིན། རིགས་ངན་པར་སྐྱེ་བའི་འགྲོ་བར་འགྲོ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པས་དེ་བཞིན་གཤེགས་པའི་གདུང་རབ་ཏུ་སྐྱེ་བར་འགྱུར་བ་ཡང་ཡིན། ཉམ་ཆུང་ཞིང་མདོག་ངན་ གཞན་པའི་འགྲོ་བར་འགྲོ་ཡང་བལྟ་ན་སྡུག་པ་དང་། སྲེད་མེད་ཀྱི་བུའི་ལུས་ལྟ་བུ་ཐོབ་པ་ཡིན། སེམས་ཅན་ཐམས་ཅད་ལ་ན་བ་དང་མི་བདེ་བའི་སྤྱོད་པ་འང་སྟོན་ལ་འཆི་བའི་འཇིགས་པ་ལས་ཤིན་དུ་འདས་ཤིང་ རབ་ཏུ་ཆོམས་པ་ཡང་ཡིན། ལོངས་སྤྱོད་ཀྱི་འགྲོ་བར་འགྲོ་ཡང་བཙལ་བ་ཐམས་ཅད་མེད་ཅིང་མི་རྟག་པའི་འདུ་ཤེས་ལ་སོ་སོར་རྟོག་པ་མང་བ་ཡང་ཡིན། བྱང་ཆུབ་སེམས་དཔས་སླས་དང་གར་ཐབས་མང་པོ་ སྟོན་ཀྱང་དབེན་པར་སྤྱོད་ཅིང་འདོད་པའི་འདམ་ལས་རྒལ་བ་ཡང་ཡིན། ཁམས་དང་སྐྱེ་མཆེད་ཀྱི་འགྲོ་བར་འགྲོ་ཡང་གཟུངས་ཐོབ་ཅིང་སྤོབས་པ་སྣ་ཚོགས་ཀྱིས་བརྒྱན་པ་ཡང་ཡིན་མུ་སྟེགས་ཅན་གྱི་འགྲོ་བར་འགྲོ་ ཡང་མུ་སྟེགས་སུ་གྱུར་པ་ཡང་མ་ཡིན། འཇིག་རྟེན་ཐམས་ཅད་ཀྱི་འགྲོ་བར་འགྲོ་ཡང་འགྲོ་བ་ཐམས་ཅད་ལས་ཕྱིར་ལྡོག་པ་ཡང་ཡིན། མྱ་ངན་ལས་འདས་པའི་འགྲོ་བར་འགྲོ་ཡང་འཁོར་བའི་རྒྱུན་ཀྱང་མི་གཏོང་ བ་ཡིན་ཏེ། འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་འགྲོ་བ་མ་ཡིན་པར་འགྲོ་བ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལ་འགྲོ་བར་སོང་བ་ཡིན་ནོ། །དེ་ནས་ལིད་ཙ་དྲི་མ་མེད་པར་གྲགས་པས་འཇམ་དཔལ་གཞོན་ནུར་ གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་གང་ཡིན། སྨྲས་པ། རིགས་ཀྱི་བུ་འཇིག་ཚོགས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སོ། །མ་རིག་པ་དང་། སྲིད་ 55-1-231a པའི་སྲེད་པ་ནི་རིགས་སོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ནི་རིགས་སོ། །ཕྱིན་ཅི་ལོག་བཞི་ནི་རིགས་སོ། །སྒྲིབ་པ་ལྔ་ནི་རིགས་སོ། །སྐྱེ་མཆེད་དྲུག་ནི་རིགས་སོ། །རྣམ་པར་ཤེས་པ་ལ་གནས་ པ་བདུན་ནི་རིགས་སོ། །ལོག་པ་བརྒྱད་ནི་རིགས་སོ། །ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ནི་རིགས་སོ། །མི་དགེ་བའི་ལས་ཀྱི་ལམ་བཅུ་ནི་རིགས་སོ། །རིགས་ཀྱི་བུ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ཏེ་རིགས་ ཀྱི་བུ་མདོར་ན་ལྟ་བར་གྱུར་པ་དྲུག་བཅུ་རྩ་གཉིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སོ། །སྨྲས་པ། འཇམ་དཔལ་ཅི་ལས་བསམས་ཏེ་དེ་སྐད་སྨྲ། སྨྲས་པ། རིགས་ཀྱི་བུ་འདུས་མ་བྱས་མཐོང་བ་ངེས་པར་འཇུག་པ་ལ་ གནས་པས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་མི་ནུས་སོ། །ཉོན་མོངས་པའི་འབྱུང་གནས་འདུས་བྱས་ལ་གནས་པ་བདེན་པ་མ་མཐོང་བས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ བསྐྱེད་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་དགོན་དུང་གིས་ཕྱོགས་སུ་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། དྲི་མཆོག་རྣམས་མི་སྐྱེ་སྟེ། འདམ་དང་ཆུ་གླིང་དུ་བསྐྱེད་ན་མེ་ཏོག་ ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། དྲི་མཆོག་རྣམས་སྐྱེའོ། །རིགས་ཀྱི་བུ་དེ་བཞིན་དུ་འདུས་མ་བྱས་ངེས་པ་ཐོབ་པའི་སེམས་ཅན་རྣམས་ལ་ནི་སངས་རྒྱས་ཀྱི་ཆོས་རྣམས་མི་སྐྱེའོ། །ཉོན་ མོངས་པའི་འདམ་དང་། ཆུ་གླེང་དུ་གྱུར་པའི་སེམས་ཅན་རྣམས་ལ་ནི་སངས་རྒྱས་ཀྱི་ཆོས་རྣམས་སྐྱེའོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ས་བོན་མི་སྐྱེའི། ས་ལ་གནས་ཤིང་སྐྱེ་བ་དེ་བཞིན་དུ་འདུས་མ་བྱས་ངེས་པ་ཐོབ་ པའི་སེམས་ཅན་ལ་སངས་རྒྱས་ཀྱི་ཆོས་མི་སྐྱེའི། འཇིག་ཚོགས་ལ་ལྟ་བར་རི་རབ་དང་མཉམ་པ་བསྐྱེད་ནས་བྱང་ཆུབ་ཀྱི་སེམས་སྐྱེ་སྟེ། དེ་ནས་སངས་རྒྱས་ཀྱི་ཆོས་རྣམས་སྐྱེའོ། །རིགས་ཀྱི་བུ་རྣམས་གྲངས་ 55-1-231b འདིས་ཉོན་མོངས་པ་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུ་རིག་པར་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོར་མ་ཞུགས་པར་རིན་ཐང་མེད་པའི་རིན་པོ་ཆེར་ཕྱིན་པར་མི་ནུས་སོ། །དེ་བཞིན་ དུ་ཉོན་མོངས་པའི་རྒྱ་མཚོར་མ་ཞུགས་པར་ནི་ཐམས་ཅད་མཁྱེན་པ་ཉིད་དེ་ལས་སྐྱེད་པར་མི་ནུས་སོ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །འཇམ་དཔལ་ཚིག་འདི་ནི་ལེགས་པར་སྨྲས་པ་འདི་ནི་ཡང་དག་གོ། །ཉོན་མོངས་པ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། བདག་ཅག་ལྟ་བུས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འམ། སངས་རྒྱས་ཀྱི་ཆོས་ལ་མངོན་པར་རྫོགས་པར་འཚང་རྒྱ་བར་ག་ལ་ནུས། མཚམས་མེད་པ་ལྔ་དང་ལྡན་པས་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་ཡང་ནུས། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མངོན་པར་རྫོགས་ པར་འཚང་རྒྱ་བར་ནུས་སོ། །འདི་ལྟ་སྟེ་དཔེར་ན་སྐྱེས་བུ་དབང་པོ་མ་ཚང་བ་ལ་འདོད་པའི་ཡོན་ཏན་ལྔ་ནི་ཡོན་ཏན་མེད་ཅིང་ནུས་པ་མེད་པ་སྟེ། དེ་བཞིན་དུ་ཀུན་དུ་སྦྱོར་བ་ཐམས་ཅད་སྤངས་པའི་ཉོན་མཐོས་ལ་ནི་ སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོན་ཏན་མེད་ཅིང་ནུས་པ་མེད་དེ། དེ་ལ་ཕྱིར་དམིགས་པར་མི་ནུས་སོ། །འཇམ་དཔལ་དེ་ལྟ་བས་ན་སོ་སོའི་སྐྱེ་བོ་རྣམས་ནི་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་བའོ། །ཉན་ ཐོས་རྣམས་ནི་བྱས་པ་གཟོ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོས་ནི་སངས་རྒྱས་ཀྱི་ཡོན་ཏན་ཐོས་པས་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་ལ་ཉན་ཐོས་ཀྱིས་ནི་ཇི་སྲིད་འཚོའི་བར་དུ་སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་རྣམས་ཐོས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མི་ནུས་པའི་ 55-1-232a ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་གཟུགས་ཐམས་ཅད་སྟོན་པ་ཞེས་བྱ་བ་འཁོར་དེར་འདུས་པ་དེས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁྱོད་ཀྱི་ཕ་མ་དང་། བུ་དང་། ཆུང་མ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་རྣམས་ག་རེ། འཛའ་བཤེས་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་རྣམས་ག་རེ། གཡོག་དང་། རྟ་དང་། གླང་པོ་ཆེ་དང་ ཤིང་རྟ་དང་། དཔུང་བུ་ཆུང་དང་། བཞོན་པ་རྣམས་ག་རེ། དེ་སྐད་ཅེས་སྨྲས་པ་དང་། ལིད་ཙ་བི་དྲི་མ་མེད་པར་གྲགས་པས་བྱང་ཆུབ་སེམས་དཔའ་གཟུགས་ཐམས་ཅད་སྟོན་པ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་ སོ། །བྱང་ཆུབ་སེམས་དཔའ་རྣམ་དག་གི། མ་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་ནི་ཐབས་ལ་མཁས་པ་སྟེ། །འདྲེན་པ་རྣམས་ནི་དེ་ལས་སྐྱེས། །ཆོས་ལ་དགའ་བ་ཆུང་མ་སྟེ། །བྱམས་དང་སྙིང་རྗེ་བུ་མོ་ཡིན། ། ཆོས་དང་བདེན་གཉིས་བུ་ཕོ་ཡིན། །སྟོང་པའི་དོན་སེམས་ཁྱིམ་ཡིན་ནོ། །དེ་བཞིན་ཉོན་མོངས་ཐམས་ཅད་ནི། །ཅི་དགར་དབང་བྱེད་སློབ་མའོ། །མཛའ་བཤེས་བྱང་ཆུབ་ཡན་ལག་སྟེ། །དེས་ནི་བྱང་ཆུབ་མཆོག་ རག་འགྱུར། །དེ་གྲོགས་རྟག་ཏུ་འགྲོགས་པ་ནི། །ཕ་རོལ་ཕྱིན་པ་དྲུག་རྣམས་སོ། །བསྡུ་བ་དེ་ཡི་བུད་མེད་ཁྱིམ། །གླུ་དབྱངས་ཆོས་རྣམས་སྟོན་པའོ། །གཟུགས་རྣམས་དེ་ཡི་བསྐྱེད་མོས་ཚལ། །བྱང་ཆུབ་ཡན་ ལག་མེ་ཏོག་རྒྱས། །འབྲས་བུ་རྣམ་གྲོལ་ཡེ་ཤེས་ཏེ། །ཆོས་ཀྱི་ནོར་ཆེན་སྟོང་པའོ། །རྣམ་པར་ཐར་པ་རྫིང་ཡིན་ཏེ། །ཏིང་ངེ་འཛིན་གྱི་ཆུ་ཡིས་བཀང་། །རྣམ་དག་པད་མས་ཀུན་ཁེབས་པ། །དེ་ལ་འཁྲུ་བ་དྲི་ མ་མེད། །མངོན་ཤེས་དེ་ཡི་གཞོན་པ་སྟེ། །ཐེག་པ་ཆེན་པོ་བླ་ན་མེད། །ཁ་ལོ་སྒྱུར་བ་བྱང་ཆུབ་སེམས། །ལམ་ནི་ཞི་བ་ཡན་ལག་བརྒྱད། །དེ་ཡི་རྒྱན་ནི་མཚན་རྣམས་དང་། །དཔེ་བྱད་བཟང་པོ་བརྒྱད་བཅུའོ། ། 55-1-232b བསམ་པ་དགེ་བ་དེ་དག་གི། །གོས་ནི་ཁྲེལ་ཡོད་ངོ་མཚར་ཤེས། །དེ་དག་དམ་ཆོས་ནོར་དང་ལྡན། །རབ་ཏུ་སྦྱོར་བ་ཆོས་སྟོན་པ། །ནན་ཏན་དག་ནི་རྙེད་ཆེན་ཏེ། །ཡོངས་སུ་སྔོ་བ་བྱང་ཆུབ་ཕྱིར། །མལ་ནི་བསམ་ གཏན་བཞི་རྣམས་ཏེ། །འཚོ་བ་དག་པས་ཀུན་དུ་བཏིང་། །དེ་དག་སད་པ་ཡེ་ཤེས་ཏེ། །རྟག་ཏུ་ཐོས་པ་མཉམ་པར་བཞག །དེ་དག་ཟས་ནི་བདུད་རྩི་སྟེ། །རྣམ་གྲོལ་ཁུ་བ་བཏུང་བ་ཡིན། །བསམ་པ་རྣམ་དག་ ཁྲུས་ཡིན་ཏེ། །སྤོས་ཀྱིས་བསྐུ་བ་ཚུལ་ཁྲིམས་སོ། །ཉོན་མོངས་དགྲ་རྣམས་བཅོམ་པས་ན། །དེ་དག་དཔའ་བོ་མི་ཕམ་པ། །བདུད་བཞི་དག་ཀྱང་རབ་ཏུ་བཏུལ། །བྱང་ཆུབ་དཀྱིལ་འཁོར་རྒྱལ་མཚན་ བསྒྲེང་། །བསམས་བཞིན་སྐྱེ་བ་སྟོན་མོད་ཀྱི། །སྐྱེ་བ་མེད་ཅིང་འབྱུང་བ་མེད། །ཞིང་ཀུན་དུ་ཡང་སྣང་བ་ནི། །ཉི་མ་ཤར་བ་བཞིན་དུའོ། །འདྲེན་ལ་མཆོད་པ་ཐམས་ཅད་ཀྱིས། །སངས་རྒྱས་བྱེ་བ་ མཆོད་ནས་ཀྱང་། །བདག་དང་སངས་རྒྱས་རྣམས་ལ་ནི། །ནམས་ཀྱང་གནས་པར་ཡོང་མི་བྱེད། །ཇི་ལྟར་སེམས་ཅན་ཕན་པར་ཡང་། །སངས་རྒྱས་ཞིང་རྣམས་སྤྱོད་མོད་ཀྱི། །ནམ་མཁའ་ལྟ་བུར་ཞིང་ རྣམས་གྱུར། །སེམས་ཅན་སེམས་ཅན་འདུ་ཤེས་མེད། །སེམས་ཅན་ཀུན་གྱི་གཟུགས་རྣམས་དང་། །སྒྲ་སྐད་གང་རྣམས་འབྱིན་པ་དང་། །འཇིགས་མེད་བྱང་ཆུབ་སེམས་དཔའ་རྣམས། །སྐད་ཅིག་ གཅིག་གིས་སྟོན་པར་བྱེད། །བདུད་ཀྱི་ལས་རྣམས་ཤེས་མོད་ཀྱི། །བདུད་རྣམས་ཀྱི་ཡང་རྗེས་སུ་འཇུག །ཐབས་ཀྱི་ཕ་རོལ་ཕྱིན་པ་དག །དེ་ཡི་བྱ་བ་ཀུན་ཀྱང་སྟོན། །སྒྱུ་མའི་ཆོས་ཀྱིས་རྣམ་རྩེན་པས། སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར། །རྒ་བ་དང་ནི་ན་བར་གྱུར། །བདག་ཉིད་ཤི་བར་རབ་ཏུ་སྟོན། །ས་རྣམས་རབ་ཏུ་ཚིག་པ་ནི། །བསྐལ་པས་སྲེག་པར་ཀུན་སྟོན་ཏེ། །སེམས་ཅན་རྟག་པར་འདུ་ཤེས་པ། ། 55-1-233a མི་རྟག་པར་ནི་རབ་བསྟན་ཏོ། །སེམས་ཅན་བྱེ་བ་སྟོང་རྣམས་ཀྱང་། །ཡུལ་གཅིག་ཏུ་ནི་འགྲོན་དུ་གཉེར། །ཐམས་ཅད་ཁྱིམ་དུ་ཟན་བྱིན་ཏེ། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །སྔགས་དང་ རིག་པ་ཅི་ཡོད་དང་། །བཟོ་གནས་རྣམ་པ་མང་པོ་དག །ཐམས་ཅད་ཀྱི་ཡང་ཕ་རོལ་ཕྱིན། །སེམས་ཅན་ཐམས་ཅད་བདེ་ཐོབ་བྱེད། །འཇིག་རྟེན་ཡ་མཚན་ཇི་སྙེད་པ། །དེ་དག་ཀུན་དུ་རབ་བྱུང་ནས། །ལྟ་བ་ཐ་དད་ གྱུར་པ་ཡི། །སེམས་ཅན་རྣམས་ནི་ཡོངས་སུ་འགྲེལ། །ཟླ་བ་འམ་ཉི་མར་དེ་གྱུར་ཏེ། །བརྒྱ་བྱིན་ཚངས་པ་སྐྱེ་དགུ་དབང་། །ཆུ་དང་མེར་ཀྱང་རབ་གྱུར་ཏེ། །ས་དང་རླུང་དུ་འང་དེ་བཞིན་ནོ། །ནད་ཀྱི་བསྐལ་པ་བར་མ་ ལ། །དེ་ནི་རྩི་མཆོག་དམ་པར་གྱུར། །དེས་ནི་སེམས་ཅན་རྣམ་གྲོལ་ཞིང་། །ནད་རྣམས་མེད་ཅིང་བདེ་བར་འགྱུར། །མུ་གེའི་བསྐལ་པ་བར་མ་ལ། །ཟས་དང་སྐོམ་དུ་བསྒྱུར་ནས་སུ། །བཀྲེས་ཤིང་སྐོམ་པ་མེད་ བྱས་ཏེ། །སྲོག་ཆགས་རྣམས་ལ་ཆོས་སྟོན་ཏེ། །མཚོན་གྱི་བསྐལ་པ་བར་མ་ལ། །དེ་དག་བྱམས་པ་སྒོམ་གྱུར་ཏེ། །སེམས་ཅན་བྱེ་བ་བརྒྱ་མང་པོ། །གནོད་སེམས་མེད་ལ་འཛུད་པར་བྱེད། ། གཡུལ་ཆེན་འདྲེན་པའི་ནང་དུ་ནི། །དེ་དག་ཕྱོགས་ལ་མཉམ་པར་འགྱུར། །བྱང་ཆུབ་སེམས་དཔའ་སྟོབས་ཆེན་རྣམས། །འདུམ་ཞིང་འདུ་བར་དགའ་བར་བྱེད། །སངས་རྒྱས་ཞིང་ནི་ཇི་སྙེད་པ། །བསམ་ གྱིས་མི་ཁྱབ་དམྱལ་བར་ཡང་། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བསམས་བཞིན་དུ་ནི་དེར་འགྲོའོ། །ཇི་སྙེད་དུད་འགྲོའི་སྐྱེ་གནས་ཀྱི། །འགྲོ་བར་རབ་ཏུ་བསྟན་པ་ནི། །ཐམས་ཅད་དུ་ཡང་ཆོས་སྟོན་ ཏོ། །དེ་ཕྱིར་རྣམ་པར་འདྲེན་ཅེས་བྱ། །འདོད་པའི་ལོངས་སྤྱོད་རྣམས་ཀྱང་སྟོན། །བསམ་གཏན་པ་ལ་བསམ་གཏན་སྟོན། །བདུད་རྣམས་རབ་ཏུ་འཇོམས་བྱེད་ཅིང་། །དེ་དག་ཀླགས་རྙེད་འགྱུར་མི་བྱེད། ། 55-1-233b མེ་དབུས་ནས་ནི་པད་མ་ལྟར། །ཡང་དག་མ་ཡིན་དེ་སྟོན་ཏེ། །དེ་བཞིན་འདོད་དང་བསམ་གཏན་ཡང་། །ཡང་དག་མ་ཡིན་དེ་སྟོན་ཏོ། །བསམས་བཞིན་སྨད་འཚོང་རྣམས་སུ་སྒྱུར། །སྐྱེས་པ་རྣམས་ནི་བསྡུ་ བའི་ཕྱིར། །འདོད་ཆགས་ལྕགས་ཀྱུས་བརྗོད་ནས་སུ། །དེ་དག་སངས་རྒྱས་ཡེ་ཤེས་འགོད། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །གྲོང་མི་དང་ནི་དེད་དཔོན་དང་། །མདུན་ན་འདོན་དང་བློན་པོ་དང་། བློན་པོ་ཆེན་པོར་རྟག་ཏུ་གྱུར། །སེམས་ཅན་དབུལ་པོ་རྣམས་ལ་ནི། །ཟད་མི་ཤེས་པའི་གཏེར་དུ་གྱུར། །གང་ལ་སྦྱིན་པ་བྱིན་པ་ཡང་། །དེ་དག་བྱང་ཆུབ་སེམས་བསྐྱེད་བཙུད། །ང་རྒྱལ་ཁེངས་པའི་སེམས་ཅན་ ལ། །དེ་དག་ཚན་ཆེན་མཆོག་གྱུར་ཏེ། །ང་རྒྱལ་ཀུན་ཀྱང་བཅོམ་ནས་སུ། །བླ་མེད་བྱང་ཆུབ་ཚོལ་དུ་བཙུད། །འཇིགས་སྐྲག་སེམས་ཅན་རྣམས་ལ་ནི། །རྟག་ཏུ་དེ་ཡི་མདུན་ན་འདུག །དེ་དག་མི་འཇིགས་བྱིན་ནས་ཀྱང་། བྱང་ཆུབ་ཏུ་ནི་སྨིན་པར་བྱེད། །དེ་དག་ལྔ་མངོན་ཤེས་པ་ཡི། །དྲང་སྲོང་ཚངས་པར་སྤྱོད་གྱུར་ཏེ། །བཟོད་དང་དེས་པ་ཚུལ་ཁྲིམས་དང་། །སྡོམ་པ་ལ་ནི་སེམས་ཅན་འགོད། །རིམ་གྲོ་ལྷུར་བྱེད་སེམས་ཅན་རྣམས། །འཇིགས་ པ་མེད་པས་འདིར་མཐོང་ན། །བྲན་དང་གཡོག་ཏུ་ཤིན་དུ་གྱུར། །སློབ་མར་ཡང་ནི་ཉེ་བར་འགྲོ། །ཡན་ལག་གང་དང་གང་རྣམས་ཀྱིས། །སེམས་ཅན་ཆོས་ལ་དགར་གྱུར་པ། །ཐབས་ཆེན་ཤིན་དུ་བསླབས་པ་དང་། །བྱ་བ་དག་ ནི་ཐམས་ཅད་སྟོན། །དེ་དག་སློབ་པ་མཐའ་ཡས་ཤིང་། །སྤྱོད་ཡུལ་རྣམས་ཀྱང་མཐའ་ཡས་ཏེ། །ཡེ་ཤེས་མཐའ་ཡས་རྫོགས་པས་ན། །སྲོག་ཆགས་མཐའ་ཡས་གྲོལ་བར་བྱེད། །བསྐལ་པ་དག་ནི་བྱེ་བ་དང་། །བསྐལ་ པ་བྱེ་བ་ཕྲག་བརྒྱར་ནི། །བཅོམ་ལྡན་སངས་རྒྱས་རྣམས་ཀྱིས་ཀྱང་། །དེ་ཡི་ཡོན་ཏན་མཐའ་བརྗོད་དཀའ། །གང་རྣམས་ཤེས་རབ་མེད་པ་ཡི། །སེམས་ཅན་དམན་པ་མ་གཏོགས་པར། །མཁས་པས་ཆོས་འདི་ཐོས་གྱུར་ནས། ། 55-1-234a བྱང་ཆུབ་མཆོག་ལ་སུ་མི་སྨོན། །དེ་བཞིན་གཤེགས་པའི་རིགས་ཀྱི་ལེའུ་སྟེ་བདུན་པའོ།། །། དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་ པ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཉིས་སུ་མེད་པའི་ཆོས་ཀྱི་སྒོར་འཇུག་པ་གང་ཡིན། སྤོབས་པར་གྱིས་ཤིག །བྱང་ཆུབ་སེམས་དཔའ་ཆོས་རྣམ་པར་འཕྲུལ་པ་ཞེས་བྱ་བ་དེར་འདུས་པ་དེས་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་སྐྱེ་བ་དང་འཇིག་པ་ནི་གཉིས་ཏེ། གང་མ་སྐྱེས་མ་བྱུང་བ་དེ་ལ་འཇིག་པ་གང་ཡང་མེད་དེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ནི་གཉིས་སུ་མེད་པ་ལ་འཇུག་པའོ། །བྱང་ཆུབ་སེམས་དཔའ་དཔལ་སྦས་ཀྱིས་སྨྲས་ པ། ང་དང་ང་འོ་ཞེས་བྱ་བ་དེ་ནི་གཉིས་ཏེ། བདག་ཏུ་སྒྲོ་བཏགས་པ་མེད་ན་ངའི་བར་མི་འགྱུར་ཏེ། གང་སྒྲོ་བཏགས་པ་མེད་པ་དེ་ནི་གཉིས་སུ་མེད་པ་ལ་འཇུག་པའོ། །བྱང་ཆུབ་སེམས་དཔའ་དཔལ་བརྩེགས་ཀྱིས་སྨྲས་པ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཞེས་བྱ་བ་དེ་ནི་གཉིས་ཏེ། ཀུན་ནས་ཉོན་མོངས་པ་ཡོངས་སུ་ཤེས་ན་རྣམ་པར་བྱང་བ་ལ་རློམ་སེམས་སུ་མི་འགྱུར་ཞིང་རློམ་སེམས་ཐམས་ཅད་ལེགས་པར་འཇོམས་པ་དང་། འཐུན་པར་ འགྲོ་བའི་ལམ་དེ་ནི་གཉིས་སུ་མེད་པ་ལ་འཇུག་པའོ། །བྱང་ཆུབ་སེམས་དཔའ་སྐར་བཟངས་ཀྱིས་སྨྲས་པ། གཡོ་བ་དང་རློམ་སེམས་དེ་ནི་གཉིས་ཏེ། གང་གཡོ་བ་མེད་ཅིང་རློམ་སེམས་སུ་མི་བྱེད། ཡིད་ལ་མི་བྱེད། ལྷག་ པར་བྱ་བ་མེད་པ། ལྷག་པར་བྱ་བ་དང་བྲལ་བ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་ལག་བཟངས་ཀྱིས་སྨྲས་པ། བྱང་ཆུབ་ཀྱི་སེམས་དང་། ཉན་ཐོས་ཀྱི་སེམས་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་ སྒྱུ་མའི་སེམས་དང་མཚུངས་པར་མཐོང་བ་དེ་བྱང་ཆུབ་ཀྱི་སེམས་ཀྱང་མེད། ཉན་ཐོས་ཀྱི་སེམས་ཀྱང་མེད་དེ། གང་སེམས་ཀྱི་མཚན་ཉིད་མཚུངས་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་ 55-1-234b མིག་མི་འཛུམས་ཀྱིས་སྨྲས་པ། ལེན་པ་དང་མི་ལེན་པ་དེ་ནི་གཉིས་ཏེ། གང་མི་ལེན་པ་དེ་མི་དམིགས་པ་ཏེ་གང་མི་དམིགས་པ་དེ་ལ་རྟོག་པ་དང་བསལ་བར་མི་བྱེད། ཆོས་ཐམས་ཅད་མི་བྱེད་མི་ སྤྱོད་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་མིག་བཟངས་ཀྱིས་སྨྲས་པ། མཚན་ཉིད་གཅིག་པ་དང་མཚན་ཉིད་མེད་པ་ཞེས་བྱ་བ་དེ་ནི་གཉིས་སོ། །གང་རྟོག་པར་མི་བྱེད། ཀུན་དུ་ རྟོག་པར་མི་བྱེད། མཚན་ཉིད་གཅིག་པར་མི་བྱེད། མཚན་ཉིད་མེད་པར་མི་བྱེད་དོ། །གང་མཚན་ཉིད་དང་མཚན་ཉིད་མི་འདྲ་བ་ལ་མཚན་ཉིད་མཚུངས་པར་འཇུག་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་ སེམས་དཔའ་སྐར་རྒྱལ་གྱིས་སྨྲས་པ། དགེ་བ་དང་མི་དགེ་བ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་དགེ་བ་དང་མི་དགེ་བ་མི་སློང་ཞིང་མཚན་མ་དང་མཚན་མ་མེད་པ་ལ་གཉིས་སུ་མེད་པར་རྟོག་པ་ནི་གཉིས་སུ་མེད་པར་འཇུག་ པའོ། །བྱང་ཆུབ་སེམས་དཔའ་སེང་གེས་སྨྲས་པ། ཁ་ན་མ་ཐོ་བ་དང་བཅས་པ་དང་ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་གིས་རྡོ་རྗེ་ལྟེར་རབ་ཏུ་འབིགས་པའི་ཡེ་ཤེས་ཀྱིས་མི་འཆིང་མི་གྲོལ་བ་དེ་ནི་ གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་སེང་གེ་བློ་གྲོས་ཀྱིས་སྨྲས་པ། འདི་ནི་ཟག་པ་དང་བཅས་པ། འདི་ནི་ཟག་པ་མེད་པའོ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་མཉམ་པ་ཉིད་གྱིས་ཆོས་ཐོབ་ པས་ཟག་པ་དང་ཟག་པ་མེད་པའི་འདུ་ཤེས་སུ་མི་བྱེད། འདུ་ཤེས་མེད་པར་གྱུར་པ་འང་མ་ཡིན། མཉམ་པ་ཉིད་ལ་མཉམ་པ་ཉིད་ཐོབ་པ་འང་མེད་ཅིང་འདུ་ཤེས་ཀྱི་མདུད་པ་མེད་པ་དེ་ལྟར་གང་འཇུག་པ་དེ་ནི་གཉིས་སུ་མེད་པར་ འཇུག་པའོ། །བྱང་ཆུབ་སེམས་དཔའ་བདེ་མོས་ཀྱིས་སྨྲས་པ། འདི་ནི་བདེ་བ། འདི་ནི་མི་བདེ་བའོ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་གྲངས་ཐམས་ཅད་དང་བྲལ་ཞིང་བློ་ནམ་མཁའ་དང་ 55-1-235a མཚུངས་པར་མི་ཆགས་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱིས་སྨྲས་པ། འདི་ནི་འཇིག་རྟེན་པའོ། །འདི་ནི་འཇིག་རྟེན་ལས་འདས་པའོ་ཞེས་བྱ་བ་དེ་ནི་གཉིས་ ཏེ། གང་འཇིག་རྟེན་གྱི་རང་བཞིན་སྟོང་པ་དེ་ལ་ཅུང་ཟད་ཀྱང་རྒལ་བ་ཡང་མེད། འཇུག་པ་ཡང་མེད། འགྲོ་བ་འང་མེད། མི་འགྲོ་བ་འང་མེད་དེ། གང་ལ་མི་རྒལ། མི་འཇུག །འགྲོ་བ་འང་མེད། མི་འགྲོ་བ་འང་ མེད་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་དུལ་བའི་བློ་གྲོས་ཀྱིས་སྨྲས་པ། འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་ནི་གཉིས་ཏེ། འཁོར་བའི་ངོ་བོ་ཉིད་མཐོང་བས་མི་འཁོར་ཞིང་ ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། གང་དེ་ལྟར་རྟོགས་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་མངོན་སུམ་མཐོང་གིས་སྨྲས་པ། ཟད་པ་དང་མི་ཟད་པ་ཞེས་བྱ་བ་དེ་ནི་གཉིས་སོ། ། ཟད་པ་ནི་ཤིན་དུ་ཟད་པ་སྟེ། གང་ཤིན་དུ་ཟད་པ་དེ་ལ་ཟད་པར་བྱ་བ་མ་ཡིན་པས་ན་དེའི་ཕྱིར་མི་ཟད་པ་ཞེས་བྱའོ། །གང་མི་ཟད་པ་དེ་ནི་སྐད་ཅིག་པ་སྟེ། སྐད་ཅིག་པ་ལ་ཟད་པ་མེད་དོ། །དེ་ལྟ་བུར་རབ་ཏུ་ཞུགས་པ་དེ་ ནི་གཉིས་སུ་མེད་པའི་ཆོས་ཀྱི་སྒོར་ཞུགས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཀུན་ནས་སྦས་ཀྱིས་སྨྲས་པ། བདག་དང་བདག་མེད་དོ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་བདག་གི་དངོས་པོ་མི་དམིགས་པ་དེ་ཅི་ཞིག་ བདག་མེད་པར་བྱེད་པར་འགྱུར་བ་དེ་དག་གི་ངོ་བོ་ཉིད་མཐོང་བས་གཉིས་སུ་མེད་པ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་གློག་གི་ལྷས་སྨྲས་པ། རིགས་པ་དང་མ་རིག་པ་ཞེས་བྱ་བ་དེ་ནི་གཉིས་ཏེ་ མ་རིག་པའི་རང་བཞིན་ལྟར་རིག་པ་འང་དེ་བཞིན་ཏེ། མ་རིག་པ་གང་ཡིན་པ་དེ་ནི་ལུང་དུ་མ་བསྟན་པ། བགྲང་དུ་མེད་པ་བགྲང་བའི་ལམ་ལས་འདས་པའོ། །གང་འདི་ལ་མངོན་པར་རྟོགས་པ་དེ་ནི་གཉིས་སུ་ 55-1-235b མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་མཐོང་དགས་སྨྲས་པ། གཟུགས་ཉིད་སྟོང་པ་སྟེ། གཟུགས་བཤིག་པས་སྟོང་པ་མ་ཡིན་གྱི། གཟུགས་ཀྱི་རང་བཞིན་ནི་སྟོང་པ་སྟེ། དེ་བཞིན་དུ་ཚོར་བ་ དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་ཅེས་བྱ་བ་དེ་ནི་གཉིས་སོ། །རྣམ་པར་ཤེས་པ་ཉིད་ནི་སྟོང་པ་ཉིད་དེ། རྣམ་པར་ཤེས་པ་བཤིག་པས་སྟོང་པ་མ་ཡིན་གྱི། རྣམ་པར་ཤེས་པའི་རང་བཞིན་ ནི་སྟོང་པ་ཉིད་དོ། །འདི་ལ་གང་གིས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དེ་བཞིན་དུ་ཤེས་ཤིང་དེ་ལྟ་བུར་ཡེ་ཤེས་ཀྱིས་རིག་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་འོད་ཀྱི་ཏོག་གིས་སྨྲས་པ། ཁམས་ བཞི་པོ་ཡང་གཞན་ལ་ནམ་མཁའི་ཁམས་ཀྱང་གཞན་ནོ་ཞེས་བྱ་བ་དེ་ནི་གཉིས་ཏེ། ཁམས་བཞི་པོ་ནི་ནམ་མཁའི་རང་བཞིན་ནོ། །སྔོན་གྱི་མཐའ་ཡང་ནམ་མཁའི་རང་བཞིན་ནོ། །ཕྱི་མའི་མཐའ་ཡང་ནམ་མཁའི་ རང་བཞིན་ནོ། །དེ་བཞིན་དུ་ད་ལྟར་ཡང་ནམ་མཁའི་རང་བཞིན་ཏེ། གང་དེ་ལྟར་ཁམས་ལ་འཇུག་པའི་ཡེ་ཤེས་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་རབ་ཀྱི་བློ་གྲོས་ཀྱིས་སྨྲས་པ། མིག་ དང་གཟུགས་སོ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་མིག་ཡོངས་སུ་ཤེས་པས་གཟུགས་མ་ལ་མི་ཆགས། མི་སྡང་མི་རྨོངས་པ་དེ་ནི་ཞི་བ་ཞེས་བྱའོ། །དེ་བཞིན་དུ་རྣ་བ་དང་སྒྲ། སྣ་དང་དྲི། ལྕེ་དང་རོ། ལུས་དང་རེག་ ཡིད་དང་ཆོས་དེ་དག་ནི་གཉིས་སོ། །གང་ཡང་ཡིད་ཡོངས་སུ་ཤེས་ནས་ཆོས་ལ་མི་ཆགས། མི་སྡང་། མི་རྨོངས་པ་དེ་ནི་ཞི་བ་ཞེས་བྱའོ། །དེ་ལྟར་ཞི་བ་ལ་གནས་པ་ནི་གཉིས་སུ་མེད་པར་འཇུག་པའོ། ། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་སྨྲས་པ། སྦྱིན་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་དེ་ནི་གཉིས་ཏེ། སྦྱིན་པའི་ངོ་བོ་ཉིད་ནི་ཐམས་ཅད་མཁྱེན་པའོ། །ཐམས་ཅད་མཁྱེན་པའི་ངོ་བོ་ཉིད་ནི་ 55-1-236a ཡོངས་སུ་བསྔོ་བའོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་དེ་ནི་གཉིས་སོ། །ཐམས་ཅད་ མཁྱེན་པ་ནི་ཤེས་རབ་ཀྱི་རང་བཞིན་ནོ། །ཡོངས་སུ་བསྔོ་བ་ཡང་ཐམས་ཅད་མཁྱེན་པའི་རང་བཞིན་ཏེ། གང་ཚུལ་གཅིག་པ་འདི་ལ་འཇུག་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་བློ་ཟབ་ཀྱིས་སྨྲས་པ། སྟོང་པ་ ཉིད་ཀྱང་གཞན་ལ་མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡང་གཞན་ནོ་ཞེས་བྱ་བ་དེ་ནི་གཉིས་ཏེ། སྟོང་པ་གང་ཡིན་པ་དེ་ལ་མཚན་མ་གང་ཡང་མེད་དོ། །མཚན་མ་མེད་པ་ལ་སྨོན་པ་མེད། སྨོན་པ་མེད་པ་ལ་སེམས་དང་། ཡིད་དང་། རྣམ་ པར་ཤེས་པ་རྒྱུ་བ་མེད་དེ། གང་རྣམ་པར་ཐར་པ་གཅིག་གི་སྒོ་དེ་ལ་རྣམ་པར་ཐར་པ་ཐམས་ཅད་ཀྱི་སྒོ་རྣམས་སུ་བལྟ་བར་བྱ་བ་དེ་ནི་གཉིས་སུ་མེད་པའི་སྒོར་འཇུག་པའོ། །བྱང་ཆུབ་སེམས་དཔའ་དབང་པོ་ཞི་བས་སྨྲས་པ། སངས་རྒྱས་དང་། ཆོས་ དང་། དགེ་འདུན་ཞེས་བྱ་བ་དེ་ནི་གཉིས་ཏེ། སངས་རྒྱས་ཀྱི་རང་བཞིན་ནི་ཆོས་སོ། །ཆོས་ཀྱི་རང་བཞིན་ནི་དགེ་འདུན་ཏེ། དེ་དག་ཐམས་ཅད་ཀྱང་འདུས་མ་བྱས་པའོ། །འདུས་མ་བྱས་ནི་ནམ་མཁའོ། །ཆོས་ཐམས་ཅད་ཀྱི་ཚུལ་ནི་ནམ་ མཁའ་དང་མཚུངས་ཏེ། གང་དེ་ལྟར་རྗེས་སུ་འགྲོ་བ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་ཐོགས་པ་མེད་པའི་མིག་གིས་སྨྲས་པ། འཇིག་ཚོགས་དང་འཇིག་ཚོགས་འགོག་པ་ཞེས་བྱ་བ་དེ་ནི་གཉིས་ཏེ། འཇིག་ཚོགས་ཉིད་ནི་འགོག་པའོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་ཚོགས་སུ་ལྟ་བ་མི་སྐྱེ་བ་མེད་ཅིང་གང་ལྟ་བ་དེས་འཇིག་ཚོགས་སོ་ཞེ་འམ། འཇིག་ཚོགས་འགོག་ཅེས་མི་རྟོག་སྟེ། དེ་མི་རྟོག །རྣམ་པར་མི་རྟོག །ཤིན་དུ་མི་རྟོགས་ པས་འགོག་པའི་རང་བཞིན་དུ་གྱུར་ཏེ། མི་འབྱུང་མི་འཇིག་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་ཤིན་དུ་དུལ་བས་སྨྲས་པ། ལུས་དང་། ངག་དང་། ཡིད་ཀྱི་སྡོམ་པ་ཞེས་བྱ་བ་དེ་ནི་གཉིས་སུ་མེད་དེ། 55-1-236b དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་དག་ནི་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་དེ། ལུས་ཀྱི་མངོན་པར་འདུ་མི་བྱེད་པ་གང་ཡིན་པ་ངག་གི་མངོན་པར་འདུ་མི་བྱེད་པ་འང་དེའི་མཚན་ཉིད་དོ། །ཡིད་ཀྱི་མངོན་པར་འདུ་མི་བྱེད་པ་འང་དེའི་ མཚན་ཉིད་དེ། གང་ཆོས་ཐམས་ཅད་ཀྱི་མངོན་པར་འདུ་མི་བྱེད་པ་དེ་ཡིན་པར་ཤེས་པར་བྱ། རྗེས་སུ་རིག་པར་བྱ་སྟེ། གང་འདི་ལ་མངོན་པར་འདུ་མི་བྱེད་པར་ཤེས་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་ བསོད་ནམས་ཞིང་གིས་སྨྲས་པ། བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་དོ་ཞེས་བྱ་བ་དེ་ནི་གཉིས་ཏེ་གང་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བ་མངོན་པར་འདུ་མི་བྱེད་པ་དེ་ནི་གཉིས་སུ་མེད་པའོ། །བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱེད་རྣམས་ཀྱི་རང་གི་མཚན་ཉིད་སྟོང་པ་སྟེ། དེ་ལ་བསོད་ནམས་ཀྱང་མེད། བསོད་ ནམས་མ་ཡིན་པ་ཡང་མེད། མི་གཡོ་བ་ཡང་མེད། མངོན་པར་འདུ་བྱེད་པ་མེད་དེ། གང་དེ་ལྟར་མི་སྒྲུབ་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་པད་མ་བཀོད་པས་སྨྲས་པ། བདག་ཀུན་ ནས་ལྡང་བ་ལས་སྐྱེས་པ་དེ་ནི་གཉིས་ཏེ། བདག་ཡོངས་སུ་ཤེས་པ་དེ་ནི་གཉིས་མི་སློང་ངོ་། །དེ་ལྟར་གཉིས་སུ་མེད་པར་གནས་པ་ལ་རྣམ་པར་རིག་པ་མེད་པས་རྣམ་པར་རིག་པ་མེད་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། ། བྱང་ཆུབ་སེམས་དཔའ་དཔལ་གྱི་སྙིང་པོས་སྨྲས་པ། དམིགས་པས་རབ་ཏུ་ཕྱེ་བ་དེ་ནི་གཉིས་སོ། །གང་མི་དམིགས་པ་དེ་ནི་གཉིས་སུ་མེད་པ་སྟེ། དེའི་ཕྱིར་གང་ལེན་པ་མེད་ཅིང་འདོར་བ་མེད་པ་དེ་ནི་གཉིས་སུ་མེད་པར་ འཇུག་པའོ། །བྱང་ཆུབ་སེམས་དཔའ་ཟླ་བའི་བླ་མས་སྨྲས་པ། མུན་པ་དང་སྣང་བ་ཞེས་བྱ་བ་དེ་ནི་གཉིས་ཏེ། མུན་པ་འང་མེད། སྣང་བ་འང་མེད་པ་དེ་ནི་གཉིས་སུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འགོག་ 55-1-237a པར་སྙོམས་པར་ཞུགས་པ་ལ་མུན་པ་ཡང་མེད། སྣང་བ་ཡང་མེད་དེ། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱང་དེ་བཞིན་ཏེ། གང་མཉམ་པ་ཉིད་འདི་ལ་འཇུག་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། ། བྱང་ཆུབ་སེམས་དཔའ་ལག་ན་ཕྱག་རྒྱ་རིན་པོ་ཆེས་སྨྲས་པ་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་ཞིང་འཁོར་བ་ལ་མི་དགའ་བ་དེ་ནི་གཉིས་ཏེ། གང་མྱ་ངན་ལས་འདས་པ་ལ་ཡང་མངོན་པར་དགའ་བ་མེད་པ། འཁོར་བ་ལ་ཡང་མི་དགའ་བ་མེད་པ་དེ་ནི་གཉིས་སུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་བཅིངས་པ་ལས་ནི་གྲོལ་བར་བསྟན་གྱི། གང་ཤིན་དུ་མ་བཅིངས་པ་དེ་ཐར་པ་ག་ལ་ཚོལ། མ་བཅིངས་མ་གྲོལ་བའི་དགེ་སློང་ གིས་ནི་དགའ་བ་དང་མི་དགའ་བ་ཡང་མི་རྙེད་དེ། དེ་ནི་གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་ནོར་བུ་བརྩེགས་པའི་རྒྱལ་པོས་སྨྲས་པ། ལམ་དང་ལམ་ངན་པའོ་ཞེས་བྱ་བ་དེ་ནི་གཉིས་ཏེ། ལམ་ དུ་ཞུགས་པ་ལ་ནི་ལམ་ངན་པ་མི་སྤྱོད་དོ། །མི་སྤྱོད་པ་ལ་གནས་པ་ནི་ལམ་གྱི་འདུ་ཤེས་སམ། ལམ་མ་ཡིན་པའི་འདུ་ཤེས་སུ་མི་འགྱུར་རོ། །འདུ་ཤེས་ཡོངས་སུ་རིག་པ་ནི་བློ་གཉིས་སུ་མི་འཇུག་སྟེ། དེ་ནི་ གཉིས་སུ་མེད་པར་འཇུག་པའོ། །བྱང་ཆུབ་སེམས་དཔའ་བདེན་དགས་སྨྲས་པ། བདེན་པ་དང་བརྫུན་པ་ཞེས་བྱ་བ་དེ་ནི་གཉིས་ཏེ། བདེན་པ་མཐོང་བས་ཀྱང་བདེན་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ན་ བརྫུན་པ་ལྟ་ག་ལ་མཐོང་། དེ་ཅིའི་ཕྱིར་ཞེ་ན། ཤའི་མིག་གིས་མི་མཐོང་གི་ཤེས་རབ་ཀྱི་མིག་གིས་མཐོང་སྟེ། ཇི་ལྟར་མི་མཐོང་ན་རྣམ་པར་མི་མཐོང་བ་དེ་ལྟར་མཐོང་ངོ་། །གང་ལ་མཐོང་བ་ཡང་མེད། རྣམ་ པར་མཐོང་བ་ཡང་མེད་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་གིས་རང་རང་གི་བསྟན་པ་བཤད་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ 55-1-237b བྱང་ཆུབ་སེམས་དཔའི་གཉིས་སུ་མེད་པར་འཇུག་པ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། སྐྱེས་བུ་དམ་པ་ཁྱེད་ཀུན་གྱིས་ཀྱང་ལེགས་པར་སྨྲས་མོད་ཀྱི་ཁྱེད་ཀྱིས་བཤད་པ་དེ་ཐམས་ཅད་ ནི་གཉིས་སོ། །བསྟན་པ་གཅིག་ནི་མ་གཏོགས་ཏེ་བརྗོད་དུ་མེད་པ། སྨྲར་མེད་པ། བཤད་དུ་མེད་པ། བསྒྲག་ཏུ་མེད་པ། བསྟན་དུ་མེད་པར་གདགས་སུ་མེད་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །དེ་ནས་ འཇམ་དཔལ་གཞོན་ནུར་གྱུར་པས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཁོ་བོ་ཅག་གིས་ནི་རང་རང་གི་བསྟན་པ་བཤད་ཟིན་ན་རིགས་ཀྱི་བུ་ཁྱོད་ཀྱང་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་བསྟན་པ་ལ་སྤོབས་ པར་གྱིས་ཤིག །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་ སོ། །རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཉིས་སུ་མེད་པར་འཇུག་པ་ཡིན་ཏེ། དེ་ལ་ཡི་གེ་དང་སྒྲ་དང་། རྣམ་པར་རིག་པའི་རྒྱུ་བ་མེད་དོ། །བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་ལྔ་ སྟོང་གཉིས་སུ་མེད་པའི་ཆོས་ཀྱི་སྒོར་ཞུགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །གཉིས་སུ་མེད་པའི་ཆོས་ཀྱི་སྒོར་འཇུག་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་ སྙམ་དུ་བསམས་ཏེ། གདུགས་ཚོད་ལ་འང་བབ་ན་བྱང་ཆུབ་སེམས་དཔའ་ཆེན་པོ་འདི་དག་ནི་མི་ལྡང་ན་འདི་དག་ཟན་གར་ཟ་སྙམ་མོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་ཚེ་དང་ལྡན་པ་ཤཱ་རིའི་བུའི་སེམས་ ཀྱི་རྟོག་པ་སེམས་ཀྱིས་ཤེས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་དེ་བཞིན་གཤེགས་པས་རྣམ་པར་ཐར་པ་བརྒྱད་པོ་གང་དག་གསུངས་པའི་རྣམ་པར་ཐར་པ་དེ་དག་ལ་གནས་པར་ 55-1-238a གྱིས་ལ་ཟང་ཟིང་དང་འདྲེས་པའི་རྒྱུད་ཀྱིས་ཆོས་མ་ཉན་ཅིག །བཙུན་པ་ཤཱ་རིའི་བུ་ཡུད་ཙམ་ཞིག་སྡོད་ཅིག་དང་། སྔོན་མ་མྱོང་བའི་ཁ་ཟས་ཟ་བར་འགྱུར་རོ། །དེ་ནས་དེའི་ཚེ་ལིད་ཙ་བི་དྲི་མ་མེད་ པར་གྲགས་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་འདྲ་བའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་སོ། །གང་སྟེང་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་ གཱའི་ཀླུང་བཞི་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་ཅེས་བྱ་བ་ཡོད་དེ། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་ལ་བསྟན་ཏོ། །དེ་ ན་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །འཇིག་རྟེན་གྱི་ཁམས་དེར་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་མི་དང་ལྷའི་དྲིའི་བྱུང་བ་དེ་ བས་འཇིག་རྟེན་གྱི་ཁམས་དེའི་ཤིང་ལས་ཆེས་ཁྱད་དུ་འཕགས་པ་འབྱུང་ངོ་། །འཇིག་རྟེན་གྱི་ཁམས་དེ་ན་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མིང་ཡང་མེད་དེ། བྱང་ཆུབ་སེམས་དཔའ་འབའ་ཞིག་ གི་ཚོགས་འདུས་པ་དེ་དག་ལ་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པ་དེ་ཆོས་སྟོན་ཏོ། །འཇིག་རྟེན་གྱི་ཁམས་དེ་ན་ཁང་པ་བརྩེགས་པ་ཐམས་ཅད་ཀྱང་སྤོས་ལས་བྱས། འཆག་ས་དང་། བསྐྱེད་ མོས་ཚལ་དང་། གཞལ་མེད་ཁང་ཐམས་ཅད་ཀྱང་སྤོས་ལས་བྱས་སོ། །གང་བྱང་ཆུབ་སེམས་དཔའ་དེ་དག་ཟས་ཟ་བའི་ཟས་དེའི་དྲིས་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཁྱབ་བོ། །དེའི་ཚེ་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་སྤོས་མཆོག་བརྩེགས་པ་བྱང་ཆུབ་སེམས་དཔའ་དེ་དག་དང་ཐབས་གཅིག་ཏུ་བཤོས་གསོལ་བའི་ཕྱིར་ཞུགས་ཏེ། དེ་ན་ལྷའི་བུ་སྤོས་བཀོད་པའི་ཟས་ཤེས་བྱ་བ་ཐེག་པ་ཆེན་པོ་ལ་ཡང་དག་ 55-1-238b པར་ཞུགས་པ་དེ་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གི་རིམ་གྲོ་དང་བསྙེན་བཀུར་བྱེད་པར་བརྩོན་ནོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་འཇིག་རྟེན་གྱི་ཁམས་དེ་ན་བཅོམ་ལྡན་ འདས་དེ་ནང་བྱང་ཆུབ་སེམས་དཔའ་དེ་དག་བཤོས་ལ་བཀོད་དེ་བཞུགས་པ་མཐོང་ངོ་། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་ པ་ཁྱེད་ཀྱི་ནང་ན་སངས་རྒྱས་ཀྱི་ཞིང་དེ་ནས་ཟས་ལེན་པར་སུ་སྤྲོ། དེ་ན་འཇམ་དཔལ་གྱི་བྱིན་གྱི་བརླབས་ཀྱིས་སུ་ཡང་སྤྲོ་བ་མེད་དོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་ སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱི་འཁོར་འདི་འདྲ་ལ་ངོ་མི་ཚ་འམ། སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་མ་བསླབས་པ་ལ་བརྙས་པར་མི་བྱའོ་ཞེས་མ་གསུངས་སམ། དེ་ནས་ལིད་ཙ་བི་དྲི་མ་མེད་ པར་གྲགས་པ་མལ་དེ་ནས་མ་ལངས་པར་བྱང་ཆུབ་སེམས་དཔའ་དེ་དག་གི་མདུན་དུ་སྤྲུལ་པའི་བྱང་ཆུབ་སེམས་དཔའི་ལུས་གསེར་གྱི་ཁ་དོག་ལྟ་བུ་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ་ཞིག་སྤྲུལ་ཏེ། གང་གིས་ འཁོར་དེ་དག་ཐམས་ཅད་མོག་མོག་པོར་བྱས་པར་འགྱུར་བ་དེ་ལྟ་བུའི་གཟུགས་སུ་སྣང་བར་གྱུར་ཏོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ ཀྱི་བུ་ཁྱོད་སྟེང་གི་ཕྱོགས་སུ་སོང་ལ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཞི་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་སྤོས་ མཆོག་བརྩེགས་པ་ཞེས་བྱ་བ་ད་ལྟར་བཤོས་གསོལ་བའི་ཕྱིར་བཞུགས་པ་དེར་སོང་ལ་དེ་བཞིན་གཤེགས་པ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཅིག ། ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ 55-1-239a བཅོམ་ལྡན་འདས་ཀྱི་ཞབས་ལ་ལན་བརྒྱ་སྟོང་དུ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོ་འམ། སྟོབས་དང་། བདེ་བ་དང་། ཁ་ན་མ་ཐོ་བ་ མི་མངའ་ཞིང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ཞིང་འདི་སྐད་ཅེས་ཀྱང་མཆིའོ། །བཅོམ་ལྡན་འདས་ཀྱིས་གསོལ་བའི་ཕམ་ཕབས་བདག་ལ་སྩལ་བར་གསོལ། དེས་འཇིག་རྟེན་གྱི་ཁམས་མི་མཇེད་དུ་སངས་རྒྱས་ ཀྱི་མཛད་པ་བགྱིད་པར་འགྱུར་རོ། །དམན་པ་ལ་མོས་པའི་སེམས་ཅན་འདི་དག་ཀྱང་རྒྱ་ཆེན་པོ་ལ་དད་པར་བགྱིད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་མཚན་ཀྱང་རྒྱས་པར་བགྱིད་པར་འགྱུར་རོ་ཞེས་གསོལ་ཅིག །དེ་ ནས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་ལེགས་སོ་ཞེས་བྱས་ནས་དེ་མཉན་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གི་མདུན་ནས་བཞིན་གྱེན་དུ་བལྟས་ཏེ་སོང་ན། བྱང་ཆུབ་སེམས་དཔའ་ དེ་དག་གིས་དེ་འགྲོ་བར་མ་མཐོང་ངོ་། །དེ་ནས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེས་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་ཅེས་བྱ་བ་དེར་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་ པ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དྲི་མ་མེད་པར་གྲགས་པ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོ་འམ། སྟོབས་དང་། བདེ་བ་དང་། ཁ་ན་མ་ཐོ་བ་མི་མངའ་ཞིང་བདེ་བ་རག་པ་ལ་གནས་སམ་ཞེས་སྙུན་གསོལ་ལོ། །དེས་བཅོམ་ལྡན་འདས་ཀྱི་ཞབས་ ལ་ལན་བརྒྱ་སྟོང་དུ་མགོ་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསོལ་བའི་ཞལ་ཟས་ཀྱི་ཕམ་ཕབས་བདག་ལ་སྩལ་བར་གསོལ། དེས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་སངས་རྒྱས་ 55-1-239b ཀྱི་མཛད་པ་བགྱིད་པར་འགྱུར་རོ། །དམན་པ་ལ་མོས་པའི་སེམས་ཅན་འདི་དག་ཀྱང་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་བློ་གྲོས་མོས་པར་བགྱིད་ཅིང་སངས་རྒྱས་ཀྱི་མཚན་ཀྱང་རྒྱས་པར་བགྱིད་པར་འགྱུར་རོ་ཞེས་མཆིའོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པའི་སངས་རྒྱས་ཀྱི་ཞིང་གི་བྱང་ཆུབ་སེམས་དཔའ་དེ་དག་ངོ་མཚར་དུ་གྱུར་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པ་ དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་ཆེན་པོ་འདི་ལྟ་བུ་ག་ལ་མཆིས། འཇིག་རྟེན་གྱི་ཁམས་མི་མཇེད་དེ་གང་ན་མཆིས། དམན་པ་ལ་མོས་པ་ཞེས་བགྱི་བ་དེ་ཅི་ལགས་ཤེས་བཅོམ་ལྡན་འདས་ དེ་ལ་བྱང་ཆུབ་སེམས་དཔའ་དེ་དག་གིས་དེ་སྐད་ཅེས་ཞུས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འོག་གི་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཞི་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་སྙིགས་མ་ལྔའི་སངས་རྒྱས་ཀྱི་ཞིང་ ན་དམན་པ་ལ་མོས་པའི་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དྲི་མ་མེད་པར་གྲགས་པ་ཞེས་བྱ་བ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པ་དེ་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་ ཏེ། དེས་ངའི་མིང་ཡོངས་སུ་བསྒྲགས་པ་དང་འཇིག་རྟེན་གྱི་ཁམས་འདིའི་བསྔགས་པ་རབ་ཏུ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་གི་དགེ་བའི་རྩ་བ་ཤིན་ཏུ་འབར་བར་བྱ་བའི་ཕྱིར་སྤྲུལ་པའི་བྱང་ཆུབ་སེམས་ དཔའ་བཏང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེའི་ཚེ་བ་ཇི་ཙམ་ན་དེའི་སྤྲུལ་པ་འདི་ཡང་རྫུ་འཕྲུལ་དང་། སྟོབས་དང་། མི་འཇིགས་པ་ 55-1-240a འདི་ལྟ་བུར་གྱུར། བཅོམ་ལྡན་འདས་དེས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་དེའི་ཆེ་བ་ནི་འདི་འདྲ་སྟེ། དེས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྤྲུལ་པ་འགྱེད་དེ། སྤྲུལ་པ་ དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་གི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་བྱ་བས་ཉེ་བར་གནས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པས་དྲི་ཐམས་ ཅད་དང་ལྡན་པའི་སྣོད་དུ་དྲི་ཐམས་ཅད་བསྒོས་པའི་ཟས་བླུགས་ཏེ། དེ་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་ལ་བྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་དགུ་བཅུ་ཡང་དེར་འགྲོ་བར་ཆས་ཏེ། བཅོམ་ ལྡན་འདས་བདག་ཅག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བགྱི་བ་དང་། དྲི་མ་མེད་པར་གྲགས་པ་དེ་དང་། བྱང་ཆུབ་སེམས་ དཔའ་དེ་དག་ཀྱང་བལྟ་བའི་སླད་དུ་མཆིའོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དག་ད་དེའི་དུས་ལ་བབ་པར་ཤེས་ན་དེང་ཤིག །རིགས་ཀྱི་བུ་དག་སེམས་ཅན་དེ་དག་མྱོས་ཤིང་བག་མེད་པར་ གྱུར་ཏ་རེ། དྲི་རྣམས་མེད་པར་གྱིས་ལ་དེང་ཤིག །འཇིག་རྟེན་གྱི་ཁམས་མི་མཇེད་དེའི་སེམས་ཅན་དེ་དག་སྤ་གོང་བར་འགྱུར་དུ་འོང་གིས་རང་གི་གཟུགས་ཀྱང་སྒྱུར་ཅིག །འཇིག་རྟེན་གྱི་ཁམས་དེ་ལ་འང་ངན་པར་ འདུ་ཤེས་བསྐྱེད་ནས་ཁོང་ཁྲོ་བའི་འདུ་ཤེས་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་ནི་ནམ་མཁའི་ཞིང་སྟེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ རྣམས་ནི་སངས་རྒྱས་གྱི་ཡུལ་ཐམས་ཅད་མི་སྟོན་ཏོ། །དེ་ནས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེས་ཞལ་ཟས་དེ་ཐོགས་ནས་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་དགུ་བཅུ་དང་ལྷན་ཅིག་ཏུ་སངས་རྒྱས་ཀྱི་མཐུ་དང་ 55-1-240b དྲི་མ་མེད་པར་གྲགས་པའི་བྱིན་གྱི་བརླབས་ཀྱིས་སྐད་ཅིག་ཡུད་ཙམ་ཐང་ཅིག་དེ་ཉིད་ལ་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་དེ་ནས་མི་སྣང་བར་གྱུར་ཏེ། ལིད་ཙ་བི་དྲི་མ་མེད་པར་གྲགས་པའི་ཁྱིམ་ ན་འདུག་གོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་སེང་གེའི་ཁྲི་སྔ་མ་ཅི་འདྲ་བ་དེ་ལྟ་བུའི་སེང་གེའི་ཁྲི་བརྒྱ་སྟོང་ཕྲག་དགུ་བཅུ་བྱིན་གྱིས་བརླབས་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་དེ་དག་འཁོད་དོ། །དེ་ནས་ སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེས་ཞལ་ཟས་ཀྱིས་བཀང་བའི་སྣོད་དེ་དྲི་མ་མེད་པར་གྲགས་པ་ལ་བྱིན་ནོ། །དེ་ནས་ཞལ་ཟས་དེའི་དྲིས་ཡངས་པའི་གྲོང་ཁྱེར་ཆེན་པོར་འདུག་པར་གྱུར་ཏེ། འཇིག་རྟེན་གྱི་ཁམས་སྟོང་གི་ བར་དུ་དྲི་ཞིམ་པོ་མནམ་པར་གྱུར་ཏོ། །གང་ཡངས་པའི་གྲོང་ཁྱེར་གྱི་བྲམ་ཟེ་དང་། ཁྱིམ་བདག་རྣམས་དང་། ལིད་ཙ་བི་རྣམས་ཀྱི་དབང་པོ་ལིད་ཙ་བི་ཟླ་གདུགས་ཀྱིས་དྲི་དེ་མནམས་ནས་ངོ་མཚར་དུ་གྱུར་རྨད་དུ་གྱུར་ཏེ། ལུས་དང་སེམས་དང་བར་གྱུར་ནས་ལིད་ཙ་བི་བརྒྱད་ཁྲི་བཞི་སྟོང་ཚང་བ་དང་ལྷན་ཅིག་ཏུ་དྲི་མ་མེད་པར་གྲགས་པའི་ཁྱིམ་དུ་ཞུགས་སོ། །དེ་དག་གི་ཁྱིམ་དེ་ན་བྱང་ཆུབ་སེམས་དཔས་གང་བའི་སེང་གེའི་ཁྲི་དེ་ཙམ་དུ་མཐོ་བ་ དེ་ཙམ་དུ་ཆེ་ཞིང་ཡངས་པ་ལ་འཁོད་པ་མཐོང་སྟེ། མཐོང་ནས་དེ་དག་ཤིན་དུ་མོས་ཤིང་རབ་ཏུ་དགའ་བ་ཆེན་པོ་སྐྱེས་ཏེ། དེ་དག་ཐམས་ཅད་ཀྱིས་ཉན་ཐོས་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ལ་ ཕྱག་འཚལ་ནས་ཕྱོགས་གཅིག་དུ་འཁོད་དོ། །ས་ལ་སྤྱོད་པའི་ལྷའི་བུ་རྣམས་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱང་དྲི་དེས་བསྐུལ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་ པའི་ཁྱིམ་དུ་ལྷགས་སོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་གནས་བརྟན་ཤཱ་རིའི་བུ་དང་། ཉན་ཐོས་ཆེན་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རྣམས་དེ་བཞིན་གཤེགས་པའི་ཞལ་ཟས་བདུད་རྩི་ 55-1-241a ཐུགས་རྗེ་ཆེན་པོས་ཡོངས་སུ་བསྒོས་པ་ཟོ་ལ་ཉི་ཚེ་བའི་སྤྱོད་པ་ལ་སེམས་ཉེ་བར་མ་འདོགས་ཤིག །སྦྱིན་པ་སྤྱོད་མ་ནུས་པ་རེ། དེ་ན་ཉན་ཐོས་ཁ་ཅིག་འདི་སྙམ་དུ་སེམས་སོ། །ཞལ་ཟས་ཉུང་ངུ་ འདི་ལ་འདི་ལྟ་བུའི་འཁོར་འདིས་ཇི་ལྟར་བཟའོ་སྙམ་མོ། །དེ་ནས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེས་ཉན་ཐོས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་ཁྱེད་རང་གི་ཤེས་རབ་དང་བསོད་ནམས་དང་། དེ་བཞིན་གཤེགས་པའི་ཤེས་རབ་དང་བསོད་ནམས་སུ་མ་སྙོམ་ཤིག །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོ་བཞི་ནི་ཟད་ཀྱང་སྲིད་ཀྱི་ཞལ་ཟས་འདི་ལ་ཟད་པ་ཅུང་ཟད་ཀྱང་མེད་དོ། །སེམས་ཅན་ ཐམས་ཅད་ཀྱིས་ཞལ་ཟས་འདི་ཁམ་རི་རབ་ཙམ་དུ་བསྐལ་པར་ཟོས་ཀྱང་འདི་ཟད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་དང་། ཤེས་རབ་དང་། ཏིང་ངེ་འཛིན་མི་ཟད་པ་ལས་བྱུང་བ་དེ་བཞིན་གཤེགས་པའི་ ཞལ་ཟས་སྣོད་དུ་ལུས་པ་འདི་ཟད་པར་མི་ནུས་སོ། །དེ་ནས་ཞལ་ཟས་དེས་འཁོར་ཐམས་ཅད་ལ་ཚིམ་པར་བྱས་ཀྱང་ཞལ་ཟས་དེ་ཟད་པར་མ་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། བརྒྱ་བྱིན་དང་། ཚངས་ པ་དང་། འཇིག་རྟེན་སྐྱོང་བ་རྣམས་དང་། སེམས་ཅན་གཞན་དག་གིས་ཞལ་ཟས་ཟོས་པ་པ་དེ་དག་ཀྱང་ཇི་ལྟར་འཇིག་རྟེན་གྱི་ཁམས་བདེ་བ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེ་བ་ཅི་ འདྲ་བ་དེ་ལྟ་བུའི་བདེ་བ་ལུས་ལས་སྐྱེས་སོ། །དེ་དག་གི་སྤུའི་ཁུང་བུ་ནས་ཀྱང་འདི་ལྟ་བུའི་དྲི་འབྱུང་བཞིན་འདི་ལྟ་སྟེ་དཔེར་ན་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་དེ་ན་ཤིང་རྣམས་ལས་དྲི་འབྱུང་བ་བཞིན་ནོ། ། དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ཤེས་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པའི་སངས་རྒྱས་ཀྱི་ཞིང་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། ། 55-1-241b རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པ་དེའི་ཆོས་སྟོན་པ་ཅི་འདྲ། དེ་དག་གིས་སྨྲས་པ། དེ་བཞིན་གཤེགས་པ་དེ་ནི་ཡི་གེ་དང་ངེས་པའི་ཚིག་གིས་ཆོས་མི་སྟོན་ཏེ། དྲི་དེ་ཉིད་ཀྱིས་བྱང་ཆུབ་སེམས་ དཔའ་འདུལ་བར་གྱུར་ཏེ། སྤོས་ཀྱི་ཤིང་གང་དང་གང་གི་དྲུང་དུ་བྱང་ཆུབ་སེམས་དཔའ་དེ་དག་འདུག་པ་དེ་དང་དེ་དག་ལས་འདི་འདྲ་བའི་དྲི་བྱུང་སྟེ། གང་དྲི་དེ་མནམས་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ ཀྱི་འབྱུང་གནས་ཤེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་དེ་དག་ཐམས་ཅད་ལ་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་སྐྱེའོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་ལིད་ཙ་ བི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །འདི་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཆོས་བསྟན་པ་ཇི་ལྟ་བུ་རབ་ཏུ་སྟོན་པར་མཛད། སྨྲས་པ། སྐྱེས་བུ་དམ་པ་རྣམས་སེམས་ཅན་འདི་དག་ནི་གདུལ་དཀའ་སྟེ། སེམས་ཅན་དམུ་རྒོད་གདུལ་དཀའ་བ་འདི་རྣམས་ལ་དམུ་རྒོད་དང་གདུལ་དཀའ་བ་གདུལ་བའི་གཏམ་རྣམས་རབ་ཏུ་སྟོན་ཏོ། །དམུ་རྒོད་གདུལ་དཀའ་བ་རྣམས་གདུལ་བ་གང་། དམུ་རྒོད་གདུལ་དཀའ་བ་གདུལ་བའི་གཏམ་དེ་གང་ཞེ་ན། འདི་ལྟ་སྟེ། འདི་ནི་སེམས་ཅན་དམྱལ་བའོ། །འདི་ནི་དུད་འགྲོའི་སྐྱེ་གནས་སོ། །འདི་ནི་གཤིན་རྗེའི་འཇིག་རྟེན་ནོ། །འདི་ནི་མི་ཁོམ་པའོ། །འདི་ནི་དབང་པོ་ཉམས་པར་སྐྱེ་བའོ། །འདི་ནི་ལུས་ཀྱི་ཉེས་པར་སྤྱོད་པའོ། །འདི་ནི་ལུས་ཀྱིས་ ཉེས་པར་སྤྱད་པའི་རྣམ་པར་སྨིན་པའོ། །འདི་ནི་ངག་གི་ཉེས་པར་སྤྱོད་པའོ། །འདི་ནི་ངག་གིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པའོ། །འདི་ནི་ཡིད་ཀྱི་ཉེས་པར་སྤྱོད་པའོ། །འདི་ནི་ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་ སྨིན་པའོ། །འདི་ནི་སྲོག་གཅོད་པའོ། །འདི་ནི་མ་བྱིན་པར་ལེན་པའོ། །འདི་ནི་འདོད་པས་ལོག་པར་གཡེམ་པའོ། །འདི་ནི་བརྫུན་དུ་སྨྲ་བའོ། །འདི་ནི་ཕྲ་མའོ། །འདི་ནི་ངག་རྩུབ་པོའོ། །འདི་ནི་ཚིག་ཀྱལ་པའོ། ། 55-1-242a འདི་ནི་བརྣབ་སེམས་སོ། །འདི་ནི་གནོད་སེམས་སོ། །འདི་ནི་ལོག་པར་ལྟ་བའོ། །འདི་ནི་དེ་དག་གི་རྣམ་པར་སྨིན་པའོ། །འདི་ནི་སེར་སྣའོ། །འདི་ནི་སེར་སྣའི་འབྲས་བུའོ། །འདི་ནི་འཆལ་པའི་ཚུལ་ ཁྲིམས་སོ། །འདི་ནི་ཁྲོ་བའོ། །འདི་ནི་ལེ་ལོའོ། །འདི་ནི་ལེ་ལོའི་འབྲས་བུའོ། །འདི་ནི་འཆལ་པའི་ཤེས་རབ་བོ། །འདི་ནི་འཆལ་པའི་ཤེས་རབ་ཀྱི་འབྲས་བུའོ། །འདི་ནི་བསླབ་པའི་གཞི་ལས་འདས་པའོ། །འདི་ནི་ སོ་སོར་ཐར་པའོ། །འདི་ནི་བྱ་བའོ། །འདི་ནི་མི་བྱ་བའོ། །འདི་ནི་རྣལ་འབྱོར་པའོ། །འདི་ནི་སྒྲིབ་པའོ། །འདི་ནི་སྒྲིབ་པ་མེད་པའོ། །འདི་ནི་ལྟུང་བའོ། །འདི་ནི་ལྟུང་བ་ལས་བྱུང་བའོ། །འདི་ནི་ལམ་མོ། །འདི་ནི་ལམ་ ངན་པའོ། །འདི་ནི་དགེ་བའོ། །འདི་ནི་མི་དགེ་བའོ། །འདི་ནི་ཁ་ན་མ་ཐོ་བ་དང་བཅས་པའོ། །འདི་ནི་ཁ་ན་མ་ཐོ་བ་མེད་པའོ། །འདི་ནི་ཟག་པ་དང་བཅས་པའོ། །འདི་ནི་ཟག་པ་མེད་པའོ། །འདི་ནི་འཇིག་རྟེན་པའོ། །འདི་ནི་ འཇིག་རྟེན་ལས་འདས་པའོ། །འདི་ནི་འདུས་བྱས་སོ། །འདི་ནི་འདུས་མ་བྱས་སོ། །འདི་ནི་ཀུན་ནས་ཉོན་མོངས་པའོ། །འདི་ནི་རྣམ་པར་བྱང་བའོ། །འདི་ནི་འཁོར་བའོ། །འདི་ནི་མྱ་ངན་ལས་འདས་པའོ་ཞེས་དེ་ལྟ་བུར་ཆོས་རྣམ་ པ་དུ་མར་བཤད་པས་རྟ་དམུ་རྒོད་ལྟ་བུའི་སེམས་རབ་ཏུ་གནས་པར་བྱེད་དོ། །འདི་ལྟ་སྟེ་དཔེར་ན་རྟ་འམ་བལ་གླང་དམུ་རྒོད་གནད་དུ་བརྡབ་པ་ཚུན་ཆད་ཀྱིས་དུལ་བར་འགྱུར་རོ། །དེ་བཞིན་དུ་སེམས་ཅན་དམུ་རྒོད་གདུལ་དཀའ་བ་ རྣམས་ཀྱང་སྡུག་བསྔལ་ཐམས་ཅད་སྨོས་པའི་གཏམ་གྱིས་དུལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་དག་གིས་སྨྲས་པ། འདི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སངས་རྒྱས་ཀྱི་ཆེ་བ་བཞག་སྟེ། ངན་ཅིང་དབུལ་བ་ སེམས་ཅན་དམུ་རྒོད་རྣམས་འདུལ་བ་ནི་ངོ་མཚར་ཏོ། །བྱང་ཆུབ་སེམས་དཔའ་གང་འདི་ལྟ་བུར་སངས་རྒྱས་ཀྱི་ཞིང་ཡང་བ་ན་འཁོད་པ་དེ་དག་གི་སྙིང་རྗེ་ཆེན་པོ་འང་བསམ་གྱིས་མི་ཁྱབ་བོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་ 55-1-242b སྨྲས་པ། སྐྱེས་བུ་དམ་པ་དག་དེ་དེ་བཞིན་ཏེ་ཇི་སྐད་སྨྲས་པ་དེ་བཞིན་ནོ། །གང་འདིར་སྐྱེས་པའི་བྱང་ཆུབ་སེམས་དཔའ་འདི་དག་གིས་སྙིང་རྗེ་ཆེན་པོ་ཤིན་དུ་བརྟན་ནོ། །དེ་དག་འཇིག་རྟེན་གྱི་ཁམས་འདིར་ཚེ་གཅིག་ལ་ སེམས་ཅན་གྱི་དོན་ཤིན་དུ་མང་དུ་བྱེད་དེ། འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་དེར་བསྐལ་པ་བརྒྱ་སྟོང་གིས་ཀྱང་སེམས་ཅན་གྱི་དོན་དེ་ལྟར་བྱེད་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་དག་འཇིག་ རྟེན་གྱི་ཁམས་མི་མཇེད་འདིར་གང་དེ་དག་ཡོངས་སུ་འཛིན་པར་འགྱུར་བའི་དགེ་བ་བསགས་པ་ཆོས་བཅུ་ཡོད་དེ། དེ་དག་ནི་སངས་རྒྱས་ཀྱི་ཞིང་གཞན་ན་མེད་དོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དབུལ་པོ་རྣམས་ལ་ནི་ སྦྱིན་པས་སྡུད་དོ། །ཚུལ་ཁྲིམས་འཆལ་པ་རྣམས་ལ་ནི་ཚུལ་ཁྲིམས་ཀྱིས་སྡུད་དོ། །ཁོང་ཁྲོ་བ་རྣམས་ལ་ནི་བཟོད་པས་སྡུད་དོ། །ལེ་ལོ་ཅན་རྣམས་ལ་ནི་བརྩོན་འགྲུས་ཀྱིས་སྡུད་དོ། །སེམས་གཡེང་བ་རྣམས་ལ་ནི་ བསམ་གཏན་གྱིས་སྡུད་དོ། །ཤེས་རབ་འཆལ་པ་རྣམས་ལ་ནི་ཤེས་རབ་ཀྱིས་སྡུད་དོ། །མི་ཁོམ་པར་གྱུར་པ་རྣམས་ལ་ནི་མི་ཁོམ་པ་བརྒྱད་ལས་འདའ་བ་སྟོན་ཏོ། ། ཉི་ཚེ་བར་སྤྱོད་པ་རྣམས་ལ་ནི་ཐེག་པ་ཆེན་པོ་སྟོན་ཏོ། །དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ལ་ནི་དགེ་བའི་རྩ་བས་སྡུད་དོ། །བསྡུ་བའི་དངོས་པོ་བཞིས་རྟག་ཏུ་རྒྱུན་མི་ཆད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། དགེ་བ་བསགས་པའི་ཆོས་བཅུ་པོ་འདི་དག་རབ་ཏུ་འཛིན་པར་འགྱུར་བ་དེ་དག་ནི་སངས་རྒྱས་ཀྱི་ཞིང་གཞན་ན་མེད་དོ། །བྱང་ཆུབ་སེམས་དཔའ་དེ་དག་གིས་སྨྲས་པ། ཆོས་དུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་འཇིག་རྟེན་ གྱི་ཁམས་མི་མཇེད་འདི་ནས་ཤི་འཕོས་ནས་མ་རྨས་མ་སྣད་པར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྲོ་བར་འགྱུར། སྨྲས་པ། ཆོས་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་མི་མཇེད་ 55-1-243a འདི་ནས་ཤི་འཕོས་ནས་མ་རྨས་མ་སྣད་པར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྲོ་བར་འགྱུར་རོ། །བརྒྱད་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་བདག་གིས་ཕན་པར་བྱ་སྟེ། འདི་དག་ལས་ ནི་ཕན་པ་ཆུང་ཟད་ཀྱང་མི་འཚལ་ལ། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་བཟོད་པར་བྱ་སྟེ། དེས་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་གཏང་བར་བྱའོ་སྙམ་པ་དང་། སེམས་ཅན་ཐམས་ཅད་ ལ་ཁོང་ཁྲོ་བ་མེད་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པ་ལྟ་བུར་དགའ་བ་དང་། ཐོས་པ་དང་མ་ཐོས་པའི་ཆོས་རྣམས་ཐོས་ན་མི་སྤོང་བ་དང་། གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་ཅིང་བདག་གི་རྙེད་པས་ མི་སྙེམས་ཤིང་སེམས་ངེས་པར་སེམས་པ་དང་། བདག་གི་འཁྲུལ་པ་ལ་སོ་སོར་རྟོག་ཅིང་གཞན་གྱི་ཉེས་པ་མི་གླེང་བ་དང་། བག་ཡོད་པ་ལ་དགའ་ཞིང་ཡོན་ཏན་ཐམས་ཅད་ཡང་དག་པར་ལེན་པ་སྟེ། ཆོས་བརྒྱད་པོ་དེ་དག་དང་ལྡན་ན་ བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་མི་མཇེད་ནས་ཤི་འཕོས་ནས་མ་རྨས་མ་སྣད་པར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྲོ་བར་འགྱུར་རོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་དང་། འཇམ་ དཔལ་གཞོན་ནུར་གྱུར་པས་དེ་ལྟར་འཁོར་དེར་འདུས་པ་ལ་དེ་ལྟར་ཆོས་བསྟན་པས་འདི་ལྟར་སྲོག་ཆགས་འབུམ་ཚང་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ཁྲི་ནི་ མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སྤྲུལ་པས་ཞལ་ཟས་བླངས་པའི་ལེའུ་སྟེ་དགུ་པའོ།། །། ཡང་དེའི་ཚེ་བཅོམ་ལྡན་འདས་ཨ་མྲ་སྲུང་བའི་ཚལ་ན་ཆོས་སྟོན་པའི་འཁོར་གྱི་ཁྱམས་དེ་ཡང་རྒྱ་ ཆེ་ཞིང་ཡངས་པར་གྱུར་ཏོ། །འཁོར་དེ་ཡང་གསེར་གྱི་ཁ་དོག་ལྟ་བུར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་ཨ་མྲ་སྲུང་ 55-1-243b བའི་ཚལ་འདི་རྒྱ་ཆེ་ཞིང་ཡངས་པར་གྱུར་པ་དང་། འཁོར་ཐམས་ཅད་ཀྱང་གསེར་གྱི་ཁ་དོག་ཏུ་གདའ་བ་འདི་སུའི་སྔ་ལྟས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ནི་ལིད་ཙ་བི་དྲི་ མ་མེད་པར་གྲགས་པ་དང་འཇམ་དཔལ་གཞོན་ནུར་གྱུར་པ་གཉིས་འཁོར་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། དེ་བཞིན་གཤེགས་པའི་དྲུང་དུ་འོང་བའི་སྔ་ལྟས་སོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་ གྲགས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་སེམས་ཅན་ཆེན་པོ་འདི་དག་ཀྱང་དེ་བཞིན་གཤེགས་པ་མཐོང་ཞིང་ཕྱག་འཚལ་བར་འགྱུར་གྱིས་ཡུ་བུ་ཅག་བཅོམ་ལྡན་འདས་ཀྱི་དྲུང་དུ་ འདོང་ངོ་། །འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་དག་དེའི་དུས་ལ་བབ་པར་ཤེས་ན་འདོང་ངོ་། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱས་པས་ཇི་ལྟར་ འཁོར་ཐམས་ཅད་སེང་གེའི་ཁྲི་དེ་དག་དང་བཅས་ཏེ་ལག་པ་གཡས་པའི་སྟེང་དུ་བཞག་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་དེར་ཕྱིན་པ་དང་། དེ་དག་ས་ལ་བཞག་སྟེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་ འཚལ་ནས། བཅོམ་ལྡན་འདས་ལ་ལན་བདུན་དུ་བསྐོར་ཏེ་ཕྱོགས་གཅིག་དུ་འདུག་གོ། །དེ་ནས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པའི་སངས་རྒྱས་ཀྱི་ཞིང་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ ཀྱང་སེང་གེའི་ཁྲི་ལས་བབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་དོ། །བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་ཀྱང་སེང་གེའི་ཁྲི་ལས་བབས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་བཞིན་དུ་བརྒྱ་ 55-1-244a བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷའི་བུ་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་དགའ་བར་བྱས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་རང་རང་གི་སེང་གེའི་ཁྲི་ལ་འཁོད་ཅིག །བཅོམ་ལྡན་འདས་ ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དེ་དག་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཤཱ་རའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་ཁྱོད་ཀྱིས་སེམས་ཅན་གྱི་མ་ཚོགས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ འཕྲུལ་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཁྱོད་ཀྱི་འདུ་ཤེས་ཇི་ལྟ་བུར་སྐྱེས། གསོལ་པ། བཅོམ་ལྡན་འདས་བདག་དེ་ལ་བསམ་ གྱིས་མི་ཁྱབ་པའི་འདུ་ཤེས་སྐྱེས་ལགས་སོ། །ཇི་ལྟར་བསམ་པ་དང་། གཞལ་བ་དང་། བགྲང་བར་མི་ནུས་པ་དེ་ལྟ་བུར་དེ་དག་གི་བགྱིད་པ་བསམ་གྱིས་མི་ཁྱབ་པ་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་ དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྔོན་མ་མནམས་པའི་དྲི་ཞིག་གདའ་ན་འདི་ལྟ་བུ་སུའི་དྲི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་འདི་དག་གིས་ལུས་ ཀྱི་སྤུའི་ཁུང་བུ་ཐམས་ཅད་ནས་དྲི་བྱུང་བ་ཡིན་ནོ། །ཤཱ་རིའི་བུས་ཀྱང་སྨྲས་པ། ཚེ་དང་ལྡན་པ་ཀུན་དགའ་བོ་ཁོ་བོ་ཅག་གི་ལུས་ཀྱི་སྤུའི་ཁུང་བུ་ཐམས་ཅད་ནས་ཀྱང་འདི་ལྟ་བུའི་དྲི་འབྱུང་ངོ་། །སྨྲས་པ། དྲི་ཅི་ལས་ བྱུང་སྨྲས་པ། ལིད་ཙ་བི་དྲི་མ་མེད་པར་གྲགས་པ་འདིས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་ནས་ཞལ་ཟས་བླངས་ཏེ། ཟོས་སོ་ཅོག་ཐམས་ 55-1-244b ཅད་ཀྱི་ལུས་ལས་འདི་ལྟ་བུའི་དྲི་འབྱུང་ངོ་། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ལིད་ཙ་བི་དྲི་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །དྲི་འདི་ཇི་སྲིད་ཀྱི་བར་དུ་འཆགས་པར་འགྱུར། སྨྲས་པ། ཇི་སྲིད་ཟས་མ་ཞུ་བའི་བར་དུའོ། ། ཀུན་དགའ་བོས་སྨྲས་པ། ཟས་དེ་ཡུན་ཇི་སྲིད་ན་ཞུ་བར་གྱུར། སྨྲས་པ། ཞག་བདུན་ཕྲག་བདུན་གྱིས་ཞུ་བར་འགྱུར་ཏེ། དེ་ནས་ཡང་ཞག་བདུན་གྱི་བར་དུ་དེས་མདངས་རྒྱས་པར་འགྱུར་རོ། །མ་ཞུ་བའི་གནོད་པར་ཡང་མི་འགྱུར་རོ། །བཙུན་ པ་ཀུན་དགའ་བོ་དགེ་སློང་གང་ངེས་པ་ལ་མ་ཞུགས་པས་ཟས་འདི་ཟོས་ན་དེ་དག་ངེས་པ་ལ་ཞུགས་ན་དེ་འཇུ་བར་འགྱུར་རོ། །ངེས་པ་ལ་ཞུགས་པ་གང་གིས་ཞལ་ཟས་འདི་ཟོས་པ་དེ་དག་སེམས་ཡོངས་སུ་མ་གྲོལ་གྱི་བར་དུ་མི་འཇུའོ། ། སེམས་ཅན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་གང་དག་གིས་དེ་ཟོས་པ་དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་ན་དེ་འཇུ་བར་འགྱུར་རོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་དག་གིས་ཟོས་པ་དེ་དག་བཟོད་པ་མ་ཐོབ་ཀྱི་བར་དུ་མི་འཇུའོ། །བཟོད་པ་ ཐོབ་པ་གང་དག་གིས་ཟོས་པ་དེ་དག་སྐྱེ་བ་གཅིག་གིས་ཐོགས་ན་འཇུ་བར་འགྱུར་རོ། །བཙུན་པ་ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་སྨན་བྲོ་ལྡན་ཞེས་བྱ་བ་ལྟོར་སོང་ན་དུག་ཐམས་ཅད་མེད་པར་མ་གྱུར་གྱི་བར་དུ་མི་འཇུ་སྟེ་སྨན་དེ་ཕྱིས་འཇུ་ བར་འགྱུར་རོ། །དེ་བཞིན་དུ་བཙུན་པ་ཀུན་དགའ་བོ་ཉོན་མོངས་པ་ཐམས་ཅད་ཀྱི་དུག་མེད་པར་མ་གྱུར་གྱི་བར་ཏུ་ཟས་དེ་འཇུ་བར་མི་འགྱུར་ཏེ། ཟས་དེ་ཕྱིས་གདོད་འཇུ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞལ་ཟས་འདི་ནི་སངས་རྒྱས་ཀྱི་མཛད་པ་བགྱིད་དོ། །བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་དེ་བཞིན་ནོ། །ཀུན་དགའ་བོ་གང་དག་ན་ བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོད་དོ། །གང་དག་ན་འོད་ཀྱིས་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོད་དོ། །གང་དག་ན་བྱང་ཆུབ་ཀྱི་ཤིང་ 55-1-245a གིས་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོད་དོ། །གང་དག་ན་དེ་བཞིན་གཤེགས་པའི་མཚན་དང་གཟུགས་མཐོང་བས་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་ རྣམས་ཀྱང་ཡོད་དོ། །གང་དག་ན་ཆོས་གོས་ཀྱིས་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོད་དོ། །དེ་བཞིན་དུ་ཞལ་ཟས་ཀྱིས་མཛད་པ་དང་། དེ་བཞིན་དུ་ཆུ་དང་། བསྐྱེད་མོས་ཚལ་དང་། གཞལ་མེད་ཁང་དང་། གང་པ་བརྩེགས་པས་སངས་རྒྱས་ཀྱི་མཛད་པ་བྱེད་པ་དག་ཀྱང་ཡོད་དོ། །ཀུན་དགའ་བོ་གང་དག་ན་སྤྲུལ་པས་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོད་དོ། །ཀུན་དགའ་བོ་ ནམ་མཁས་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་དག་ཀྱང་ཡོད་དོ། །དེ་བཞིན་དུ་ནམ་མཁའ་དང་བར་སྣང་དག་སངས་རྒྱས་ཀྱི་མཛད་པ་བྱེད་དེ། དེ་ལྟ་བུས་སེམས་ཅན་དེ་དག་འདུལ་བར་འགྱུར་རོ། །ཀུན་ དགའ་བོ་དེ་བཞིན་དུ་རྨི་ལམ་དང་། གཟུགས་བརྙན་དང་། ཆུ་ཟླ་དང་། བྲག་ཅ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། དཔེར་བསྟན་པ་དང་། ཡི་གེ་དང་། ངེས་པའི་ཚིག་སྟོན་པ་སེམས་ཅན་དེ་དག་ལ་སངས་རྒྱས་ཀྱི་མཛད་པ་བྱེད་ པ་དག་ཀྱང་ཡོད་དོ། །གང་དག་ན་ཡི་གེ་རྣམ་པར་རིག་པར་བྱེད་པས་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་དག་ཀྱང་ཡོད་དོ། །ཀུན་དགའ་བོ་གང་ན་སྨྲ་བ་མེད་པ་དང་། བརྗོད་པ་མེད་པ་དང་། མི་བསྟན་པ་དང་། མི་བརྗོད་པས་སེམས་ཅན་དེ་དག་ལ་སངས་རྒྱས་ཀྱི་མཛད་པ་བྱེད་དེ། དེ་ལྟ་བུར་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོད་དོ། །ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ལམ་དང་། ལོངས་ སྤྱོད་དང་། ཡོངསུ་སྤྱོད་པས་སེམས་ཅན་རྣམས་འདུལ་བའི་ཕྱིར་སངས་རྒྱས་ཀྱི་མཛད་པ་མི་བྱེད་པ་ནི་གང་ཡང་མེད་དོ། །ཀུན་དགའ་བོ་བདུད་བཞི་པོ་དེ་དག་དང་། ཉོན་མོངས་པའི་སྒོ་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་ 55-1-245b བཞིས་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པ་དེ་ཐམས་ཅད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་ཀྱི་མཛད་པ་བྱེད་དོ། །ཀུན་དགའ་བོ་འདི་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྒོར་འཇུག་པ་ཞེས་བྱ་ བའི་ཆོས་ཀྱི་སྒོ་སྟེ། ཆོས་ཀྱི་སྒོ་འདིར་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཡོན་ན་རྒྱ་ཆེན་པོ་བཀོད་པ་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་རྣམས་ལ་ཞུམ་པ་འང་མེད། གོང་བ་འམ་མེད། ཡོན་ཏན་རྒྱ་ཆེན་པོ་བཀོད་པ་ ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་རྣམས་ལ་དགའ་བ་ཡང་མེད། སྙེམས་པ་ཡང་མེད་དེ། དེ་བཞིན་གཤེགས་པ་རྣམས་ལ་ཡང་རབ་ཏུ་རི་མོར་སྐྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་ཆོས་ ཐམས་ཅད་མཉམ་པ་ཉིད་ཐུགས་སུ་ཆུད་པ་རྣམས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྟོན་པ་དེ་ནི་ངོ་མཚར་ཏོ། །ཀུན་དགའ་བོ་འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་རྣམས་ ཀྱི་ཡོན་ཏན་གཞན་དང་གཞན་སྣ་ཚོགས་སུ་འགྱུར་ཡང་བྱ་ལམ་གྱིས་ཁེབས་པའི་སངས་རྒྱས་ཀྱི་ཞིང་དང་ནམ་མཁའ་ལ་ཐ་དད་པ་མེད་པ་དེ་བཞིན་དུ་ཀུན་དགའ་བོ་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་ཐ་དད་དུ་ གྱུར་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ཆགས་པ་མེད་པའི་ཡེ་ཤེས་ནི་ཐ་དད་པ་མ་ཡིན་ནོ། །ཀུན་དགའ་བོ་སངས་རྒྱས་ཐམས་ཅད་ཀྱི་གཟུགས་དང་། ཁ་དོག་དང་། གཟི་བརྗིད་དང་། སྐུ་དང་། མཚན་དང་། རིགས་བཙུན་པ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སངས་རྒྱས་ ཀྱི་ཆོས་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། ཕན་པར་དགོངས་པ་དང་། སྤྱོད་ལམ་དང་། སྤྱོད་པ་དང་། ལམ་དང་། ཚེའི་ཚད་དང་། ཆོས་སྟོན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་ 55-1-246a བྱེད་པ་དང་། སེམས་ཅན་རྣམ་པར་གྲོལ་བ་དང་། ཞིང་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་མཚུངས་ཏེ། དེ་བས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱའོ། ། དེ་བཞིན་གཤེགས་པ་ཞེས་བྱའོ། །སངས་རྒྱས་ཤེས་བྱའོ། །ཀུན་དགའ་བོ་ཚིག་དེ་གསུམ་གྱི་དོན་རྒྱས་པ་དང་། ཚིག་རྣམ་པར་དབྱེ་བ་གང་ཡིན་པ་དེ་ནི་ཁྱོད་ཚེའི་ཚད་བསྐལ་པར་འདུག་ཀྱང་བདེ་བར་ཀུན་ཆུབ་པར་ སླ་བ་མ་ཡིན་ནོ། །སྟོང་གསུམ་དུ་གཏོགས་པའི་སེམས་ཅན་རྣམས་ཀུན་དགའ་བོ་ཁྱོད་འདྲ་བར་མང་དུ་ཐོས་པ་དང་། དྲན་པ་དང་། གཟུངས་ཐོབ་པ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་ལ། ཀུན་དགའ་བོ་དང་འདྲ་བའི་ སེམས་ཅན་དེ་དག་ཐམས་ཅད་ཀྱིས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱ་བ་དང་། དེ་བཞིན་གཤེགས་པ་ཞེས་བྱ་བ་དང་། སངས་རྒྱས་ཤེས་བྱ་བའི་ཚིག་དེ་གསུམ་གྱི་དོན་གདོན་མི་ཟ་བར་བསྟན་པ་ནི་ བསྐལ་པར་ཡང་ཀུན་ཆུབ་པར་མི་ནུས་སོ། །ཀུན་དགའ་བོ་དེ་ལྟར་སངས་རྒྱས་ཀྱི་བྱང་ཆུབ་ནི་ཚད་མེད་དེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཤེས་རབ་དང་སྤོབས་པ་བསམ་གྱིས་མི་ཁྱབ་པོ། །དེ་ནས་བཅོམ་ལྡན་འདས་ ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེང་སླན་ཆད་བདག་མང་དུ་ཐོས་པའི་མཆོག་གོ་ཞེས་དམ་མི་འཆའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཞུམ་ པའི་སེམས་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཁྱོད་ཉན་ཐོས་རྣམས་ལ་དགོངས་ཏེ་མང་དུ་ཐོས་པའི་མཆོག་གོ་ཞེས་ངས་བསྟན་གྱི་བྱང་ཆུབ་སེམས་དཔའི་ནང་ན་མ་ཡིན་ནོ། །ཀུན་དགའ་བོ་བྱང་ཆུབ་སེམས་ དཔའ་ལྟ་ཞོག་གི། དེ་དག་ནི་མཁས་པ་དག་གིས་ཚོད་གཟུང་བར་བྱ་བ་མ་ཡིན་ཏེ། ཀུན་དགའ་བོ་རྒྱ་མཚོ་ཐམས་ཅད་ཀྱི་གཏིང་ནི་ཚད་གཟུང་བར་ནུས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་དང་། ཡེ་ཤེས་ 55-1-246b དང་། དྲན་པ་དང་། གཟུངས་དང་། སྤོབས་པའི་གཏིང་ནི་ཚོད་གཟུང་མི་ནུས་སོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ལ་ཁྱོད་བཏང་སྙོམས་སུ་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ ལིད་ཙ་བི་དྲི་མ་མེད་པར་གྲགས་པ་འདིས་སྔ་དྲོ་གཅིག་ལ་བཀོད་པ་བསྟན་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྫུ་འཕྲུལ་ཐོབ་པ་ཐམས་ཅད་ཀྱིས་བསྐལ་པ་བྱེ་བ་བརྒྱ་སྟོང་དུ་འང་རྫུ་འཕྲུལ་དང་རྣམ་པར་སྤྲུལ་པའི་ཆོ་ འཕྲུལ་ཐམས་ཅད་ཀྱིས་སྟོན་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པའི་སངས་རྒྱས་ཀྱི་ཞིང་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་ཚིག་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་འདི་ལྟར་སངས་རྒྱས་ཀྱི་ཞིང་འདི་ལ་ངན་པར་འདུ་ཤེས་བསྐྱེད་པ་ཡིད་ལ་བགྱིས་པ་རྣམས་སྤང་བར་འཚལ་ལོ། །དེ་ ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་དང་། ཐབས་མཁས་པ་ནི་བསམ་གྱིས་མི་ཁྱབ་སྟེ། དེ་དག་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་ཇི་ལྟ་ཇི་ལྟ་ བུར་བཞེད་པ་དེ་ལྟར་དེ་ལྟ་བུར་ཞིང་བཀོད་པ་སྟོན་ཏོ། །བཅོམ་ལྡན་འདས་བདག་ཅག་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་དེར་མཆིས་ཀྱང་བཅོམ་ལྡན་འདས་རྗེས་སུ་དྲན་པར་འགྱུར་བའི་ཆོས་ཀྱི་རྫོངས་ཤིག་བདག་ ཅག་ལ་སྩལ་བར་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཟད་པ་དང་། མི་ཟད་པ་ཞེས་བྱ་བ་ཡོད་དོ། །དེ་ལ་ཁྱེད་ཀྱིས་བསླབ་པར་ བྱ་སྟེ། དེ་ཡང་གང་ཞེ་ན། ཟད་པ་ཞེས་བྱ་བ་ནི་འདུས་བྱས་སོ། །མི་ཟད་པ་ནི་འདུས་མ་བྱས་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་འདུས་བྱས་ཟད་པར་མི་བྱ། འདུས་མ་བྱས་ལ་འང་གནས་པར་མི་བྱའོ། །དེ་ལ་འདུས་བྱས་མི་ཟད་པ་ 55-1-247a ནི་འདི་ལྟ་སྟེ། བྱམས་པ་ཆེན་པོ་ལས་མ་ཉམས་པའོ། །སྙིང་རྗེ་ཆེན་པོ་མ་བཏང་བའོ། །ལྷག་པའི་བསམ་པས་ཡང་དག་པར་བཙུད་པའི་ཐམས་ཅད་མཁྱེན་པའི་སེམས་མི་བརྗེད་པའོ། །སེམས་ཅན་ ཡོངས་སུ་སྨིན་པར་བྱེད་པ་ལ་མི་སྐྱོ་བའོ། །བསྡུ་བའི་དངོས་པོ་མི་གཏོང་བའོ། །དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ལུས་དང་སྲོག་འདོར་བའོ། །དགེ་བའི་རྩ་བ་དག་ལ་ཆོག་མི་ཤེས་པའོ། །ཡོངས་སུ་བསྔོ་བར་མཁས་ པ་ལ་འགོད་པའོ། །ཆོས་ཚོལ་བ་ལ་ལེ་ལོ་མེད་པའོ། །ཆོས་བསྟན་པ་ལ་སློབ་དཔོན་དཔེ་མཁྱུད་མི་བྱེད་པའོ། །དེ་བཞིན་གཤེགས་པ་ལ་བལྟ་བ་དང་། མཆོད་པའི་དངོས་པོ་ལ་བརྩོན་པའོ། །བསམས་བཞིན་དུ་སྐྱེ་བས་མི་སྐྲག་པའོ། ། ཕུན་སུམ་ཚོགས་པ་དང་རྒུད་པ་དག་ལ་མ་ཁེངས་མི་འདུད་པའོ། །མ་བསླབས་པ་རྣམས་ལ་མི་བརྙས་ཤིང་ལོབས་པ་རྣམས་ལ་སྟོན་པ་ལྟར་ཕངས་པར་སེམས་པའོ། །ཉོན་མོངས་པ་རྒྱས་པ་རྣམས་ལ་ཚུལ་བཞིན་ཉེ་བར་སྦྱོར་བའོ། ། དབེན་པ་ལ་དགའ་ཞིང་དེ་ལ་མ་ཆགས་པའོ། །བདག་གི་བདེ་བ་ལ་མ་ཞེན་ཅིང་ཕ་རོལ་བདེ་བ་ལ་ཞེན་པའོ། །བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་མནར་མེད་པ་ལྟར་འདུ་ཤེས་པའོ། །འཁོར་བ་ལ་བསྐྱེད་མོས་ ཚལ་དང་མྱ་ངན་ལས་འདས་པ་ལྟ་བུར་འདུ་ཤེས་པའོ། །སློང་བ་རྣམས་ལ་དག་པའི་བཤེས་གཉེན་དུ་འདུ་ཤས་པའོ། །བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་ཐམས་ཅད་མཁྱེན་པ་ཉིད་རྫོགས་པར་བྱེད་པར་འདུ་ཤེས་པའོ། ། ཚུལ་ཁྲིམས་འཆལ་པ་རྣམས་ལ་བསྐྱབ་པར་འདུ་ཤེས་པའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཕ་མར་འདུ་ཤེས་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་བདག་པོ་གཡོག་ཏུ་འདུ་ཤེས་པའོ། །དགེ་བའི་རྩ་བའི་ཚོགས་ ཐམས་ཅད་ཀྱིས་ཆོག་མི་ཤེས་ཤིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཡོན་ཏན་བདག་གི་ཞིང་དུ་སྒྲུབ་པའོ། །མཚན་དང་དཔེ་བྱེད་བཟང་པོ་ཡོངས་སུ་བཀང་བའི་ཕྱིར་གཏན་པ་མེད་པའི་མཆོད་སྦྱིན་ཡངས་སུ་གཏོང་བའོ། །སྡིག་ 55-1-247b པ་ཐམས་ཅད་མི་བྱེད་པས་ལུས་དང་། ངག་དང་། སེམས་བརྒྱན་པའོ། །ལུས་དང་ངག་ཡོངས་སུ་དག་ཅིང་སེམས་ཡོངས་སུ་དག་པས་བསྐལ་པ་གྲངས་མེད་པར་འཁོར་བའོ། །སེམས་དཔའ་བས་སངས་རྒྱས་ཀྱི་ཡོན་ཏན་ ཚད་མེད་པ་ཐོས་ཀྱང་ཞུམ་པར་མི་འགྱུར་བའོ། །ཉོན་མོངས་པའི་དགྲ་ཚར་གཅད་པར་བྱ་བའི་ཕྱིར་ཤེས་རབ་ཀྱི་མཚོན་ཐོགས་པའོ། །སེམས་ཅན་ཐམས་ཅད་ཀྱི་ཁུར་བཀུར་བའི་ཕྱིར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀུན་ ཤེས་པའོ། །བདུད་ཀྱི་སྡེ་གཞོམ་པའི་ཕྱིར་བརྩོན་འགྲུས་འབར་བའོ། །ང་རྒྱལ་མེད་པའི་ཕྱིར་ཡེ་ཤེས་ཚོལ་བའོ། །ཆོས་གསུང་བའི་ཕྱིར་འདོད་པ་ཉུང་ཞིང་ཆོག་ཤེས་པའོ། །འཇིག་རྟེན་ཐམས་ཅད་དགའ་བར་བྱ་བའི་ ཕྱིར་འཇིག་རྟེན་གྱི་ཆོས་ཐམས་ཅད་དང་མ་འདྲེས་པའོ། །འཇིག་རྟེན་དང་འཐུན་པར་བྱ་བའི་ཕྱིར་སྤྱོད་ལམ་ཐམས་ཅད་ལས་མ་ཉམས་པའོ། །བྱ་བ་ཐམས་ཅད་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་མངོན་པར་ཤེས་པ་བསྐྱེད་ པའོ། །ཐོས་པ་ཐམས་ཅད་གཟུང་བའི་ཕྱིར་གཟུངས་དང་། དྲན་པ་དང་། ཡེ་ཤེས་སོ། །སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅད་པའི་ཕྱིར་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པའོ། །ཆོས་བསྟན་པའི་ཕྱིར་བྱིན་གྱི་ བརླབས་ཐོགས་པ་མེད་པའོ། །སྤོབས་པ་ཐོབ་པ་རབ་ཏུ་རྙེད་པས་སྤོབས་པ་ཐོགས་པ་མེད་པའོ། །དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་དག་པས་ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་བའོ། །ཚད་མེད་པ་བཞི་རབ་ཏུ་བསྐྱེད་པས་ ཚངས་པའི་ལམ་དུ་འགོད་པའོ། །ཆོས་བསྟན་པར་གསོལ་བ་དང་རྗེས་སུ་ཡི་རང་ཞིང་ལེགས་སོ་ཞེས་བྱ་བ་བྱིན་པས་སངས་རྒྱས་ཀྱི་དབྱངས་རབ་ཏུ་ཐོབ་པའོ། །ལུས་དང་། ངག་དང་། ཡིད་སྡོམ་པས་ཁྱད་པར་དུ་འགྲོ་བ་དང་། ཆོས་ཐམས་ཅད་ལ་མ་ཆགས་པས་སངས་རྒྱས་ཀྱི་སྤྱོད་ལམ་རབ་ཏུ་ཐོབ་པའོ། །བྱང་ཆུབ་སེམས་དཔའི་དགེ་འདུན་སྡུད་པས་ཐེག་པ་ཆེན་པོ་ལ་ཡང་དག་པར་འཛུད་པའོ། །ཡོན་ཏན་ཐམས་ཅད་ཆུད་མི་ཟ་བས་བག་ཡོད་ 55-1-248a པ་ཡིན་ཏེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ལ་བརྩོན་ཞིང་བྱང་ཆུབ་སེམས་དཔའ་འདུས་བྱས་ཟད་པར་མི་བྱེད་དོ། །ཇི་ལྟར་ན་འདུས་མ་བྱས་ལ་མི་གནས་ཞེ་ན། གང་གི་ཚེ་སྟོང་པ་ཉིད་ལ་བྱང་ བར་བྱེད་ཅིང་སྟོང་པ་ཉིད་མངོན་སུམ་དུ་ཡང་མི་བྱེད། མཚན་མ་མེད་པ་ལ་ཡོངས་སུ་བྱང་བར་བྱེད་ཀྱང་མཚན་མ་མེད་པ་མངོན་སུམ་དུ་ཡང་མི་བྱེད། སྨོན་པ་མེད་པ་ལ་ཡོངས་སུ་བྱང་བར་བྱེད་ཀྱང་སྨོན་པ་མེད་པ་མངོན་སུམ་དུ་ཡང་ མི་བྱེད། མངོན་པར་འདུ་མི་བྱེད་པ་ལ་ཡོངས་སུ་བྱང་བར་བྱེད་ཀྱང་མངོན་པར་འདུ་མི་བྱེད་པ་མངོན་སུམ་དུ་ཡང་མི་བྱེད། མི་རྟག་པར་སོ་སོར་རྟོག་ཀྱང་དགེ་བའི་རྩ་བས་ཆོག་མི་ཤེས། སྡུག་བསྔལ་བར་སོ་སོར་རྟོག་ ཀྱང་བསམས་བཞིན་དུ་སྐྱེ། བདག་མེད་པར་སོ་སོར་རྟོག་ཀྱང་བདག་ཡོངས་སུ་འདོར་བ་འང་མ་ཡིན། ཞི་བར་སོ་སོར་རྟོག་ཀྱང་ཤིན་དུ་ཞི་བ་འང་མི་སྐྱེད། དབེན་པར་སོ་སོར་རྟོག་ཀྱང་ལུས་དང་སེམས་ཀྱིས་ཀྱང་འབད། གནས་མེད་པར་སོ་སོར་རྟོག་ཀྱང་དཀར་པོའི་ཆོས་ཀྱི་གནས་སྤོང་བ་འང་མ་ཡིན། འབྱུང་བ་མེད་པར་སོ་སོར་རྟོག་ཀྱང་སེམས་ཅན་རྣམས་ཀྱི་ཁུར་བླངས་པ་ཡང་ཐོགས། ཟག་པ་མེད་པར་སོ་སོར་རྟོག་ཀྱང་འཁོར་བའི་རྒྱུན་ལ་ སློང་བར་ཡང་བྱེད། རྒྱུ་བ་མེད་པར་སོ་སོར་རྟོག་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རྒྱུ་བར་ཡང་འགྱུར། བདག་མེད་པར་སོ་སོར་རྟོག་ཀྱང་སེམས་ཅན་ལ་སྙིང་རྗེ་ཆེན་པོ་མི་འདོར། མི་སྐྱེ་བར་སོ་སོར་རྟོག་ཀྱང་ ཉན་ཐོས་ཀྱི་ངེས་པར་ཡང་མི་ལྟུང་། གསོག་དང་། གསོབ་དང་། སྙིང་པོ་མེད་པ་དང་། བདག་པོ་མེད་པ་དང་། གནས་མེད་པར་སོ་སོར་རྟོག་ཀྱང་བསོད་ནམས་གསོག་མ་ཡིན་པ་དང་། ཡེ་ཤེས་གསོབ་མ་ཡིན་པ་དང་། བརྣག་པ་ཡོངས་སུ་རྫོགས་ཤིང་རང་བྱུང་བའི་ཡེ་ཤེས་སུ་དབང་བསྐུར་བ་དང་། རང་བྱུང་གི་ཡེ་ཤེས་ལ་བརྩོན་པ་དང་། ངེས་པའི་དོན་སངས་རྒྱས་ཀྱི་རིགས་ལ་རབ་ཏུ་གནས་པ་ཡིན་ཏེ། རིགས་ཀྱི་བུ་དེ་ལྟར་ན་དེ་ལྟ་བུའི་ 55-1-248b ཆོས་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི་འདུས་མ་བྱས་ལ་མི་གནས་ཤིང་འདུས་བྱས་ཀྱང་ཟད་པར་མི་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་བསོད་ནམས་ཀྱི་ཚོགས་ཡང་དག་པར་སྒྲུབ་པའི་ཕྱིར་ འདུས་མ་བྱས་ལ་མི་གནས་སོ། །ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསྒྲུབ་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །བྱམས་པ་ཆེན་པོ་དང་ལྡན་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །སྙིང་རྗེ་ཆེན་པོ་དང་ལྡན་པའི་ ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །སངས་རྒྱས་ཀྱི་མཚན་ ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །ཐབས་ལ་མཁས་པའི་ཕྱིར་འདུས་མ་བྱས་ལ་མི་ གནས་སོ། །ཤེས་རབ་ཀྱིས་ཤིན་དུ་བརྟགས་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱི་ཕྱིར་ འདུས་བྱས་ཟད་པར་མི་བྱེད་དོ། །སེམས་ཅན་གྱི་དོན་མྱོང་བའི་ཕྱིར་འདུས་བྱས་ལ་མི་གནས་སོ། །ཆོས་ཀྱི་དོན་ཡང་དག་པར་བསྟན་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །དགེ་བའི་རྩ་བའི་ཚོགས་ཀྱི་ཕྱིར་འདུས་མ་བྱས་ ལ་མི་གནས་སོ། །དགེ་བའི་རྩ་བའི་བག་ཆགས་ཀྱི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །སྨོན་པ་མེད་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། ། བསམ་པ་ཡོངས་སུ་དག་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །ལྷག་པའི་བསམ་པ་ཡོངས་སུ་དག་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །མངོན་པར་ཤེས་པ་ལྔས་རྣམ་པར་རྩེན་པའི་ཕྱིར་འདུས་མ་བྱས་ལ་མི་ 55-1-249a གནས་སོ། །སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མངོན་པར་ཤེས་པ་དྲུག་གི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །ཕ་རོལ་དུ་ཕྱིན་པའི་ཚོགས་ཡོངས་སུ་བཀང་བའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། ། དུས་ཡོངས་སུ་རྫོགས་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །ཆོས་ཀྱི་ནོར་ཀུན་བསྡུ་བའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །ཉི་ཚེ་བའི་ཆོས་མི་འདོད་པས་འདུས་བྱས་ཟད་པར་མི་བྱེད་དོ། །ཆོས་ཀྱི་སྨན་ ཀུན་སྡུད་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །ཅི་རིགས་པར་ཆོས་ཀྱི་སྨན་སྦྱོར་བའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །དམ་བཅས་པ་ལ་བརྟན་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །དམ་བཅས་པ་ ཉམས་འོག་ཏུ་ཆུད་པར་བྱ་བའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། །ཆོས་ཀྱི་རྩ་བ་ཐམས་ཅད་སྒྲུབ་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །འདི་ལྟར་ཆོས་ཆུང་ངུའི་སྨན་སྦྱོར་བའི་ཕྱིར་འདུས་བྱས་ཟད་པར་མི་ བྱེད་དོ། །དེ་ཉོན་མོངས་པའི་ནད་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། །ནད་ཐམས་ཅད་ཞི་བའི་ཕྱིར་འདུས་བྱས་ཟད་པར་མི་འདོད་དོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་ དཔའ་འདུས་བྱས་ཟད་པར་མི་བྱེད་ཅིང་འདུས་མ་བྱས་ལ་མི་གནས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཐར་པའི་ཟད་པ་དང་མི་ཟད་པ་ཞེས་བྱ་བ་ཡིན་ནོ། །སྐྱེས་བུ་དམ་པ་དག་ཁྱེད་ཀྱིས་ཀྱང་ དེ་ལ་བརྩོན་པར་གྱིས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་བསྟན་པ་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ལ་མཆོད་པ་ བྱ་བ་དང་བྱང་ཆུབ་སེམས་དཔའ་དེ་དག་དང་། ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པར་བྱ་བའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཕྱེ་མ་དང་སྤོས་དང་། བདུག་པ་མང་པོ་ཐམས་ཅད་དང་ 55-1-249b མེ་ཏོག་གིས་པུས་མོ་ནུབ་ཙམ་དུ་ཁེབས་པར་བྱས་ཏེ། བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་དུའང་མངོན་པར་བཀྲམ་པ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ ལ་ལན་གསུམ་བསྐོར་ནས་ཆེད་དུ་བརྗོད་པ་རྗོད་ཅིང་། དེ་ནས་སངས་རྒྱས་ཀྱི་ཞིང་འདི་ནས་མི་སྣང་བར་གྱུར་ཏེ། སྐད་ཅིག་ཡུད་ཙམ་ཐང་ཅིག་གིས་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་མཆོག་དེར་འཁོད་དོ། ། ཟད་པ་དང་མི་ཟད་པ་ཞེས་བྱ་བའི་ཆོས་ཀྱི་རྫོངས་ཀྱི་ལེའུ་སྟེ་བཅུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་གང་གི་ཚེ་དེ་བཞིན་ གཤེགས་པ་ལ་ལྟ་འདོད་པར་གྱུར་པ་དེའི་ཚེ་ཁྱོད་དེ་བཞིན་གཤེགས་པ་ལ་ཇི་ལྟར་ལྟ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ གང་གི་ཚེ་བདག་དེ་བཞིན་གཤེགས་པ་ལ་ལྟ་འཚལ་བ་དེའི་ཚེ་དེ་བཞིན་གཤེགས་པ་མི་མཐོང་བས་ལྟ་བ་ལགས་སོ། །སྔོན་གྱི་མཐའ་ནས་མ་སྐྱེས་པ་དང་། ཕྱི་མའི་མཐར་མི་འགྲོ་བ་དང་། ད་ལྟར་གྱི་དུས་ལ་འང་མི་གནས་པར་ལྟ་ ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གཟུགས་ཀྱི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། གཟུགས་མ་མཆིས་པའོ། །ཚོར་བའི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། ཚོར་བ་མ་མཆིས་པའོ། །འདུ་ཤེས་ཀྱི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། འདུ་ ཤེས་མ་མཆིས་པའོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། འདུ་བྱེད་མ་མཆིས་པའོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། རྣམ་པར་ཤེས་པ་མ་མཆིས་པའོ། །ཁམས་བཞི་ནི་མི་གནས་པ་སྟེ། ནམ་མཁའི་ཁམས་དང་མཚུངས་པའོ། །སྐྱེ་མཆེད་དྲུག་ནི་མ་སྐྱེས་པ་སྟེ། མིག་གི་ལམ་ལས་ཤིན་དུ་འདས་པ། རྣ་བའི་ལམ་ལས་ཤིན་དུ་འདས་པ། སྣའི་ལམ་ལས་ཤིན་དུ་འདས་པ། ལྕེའི་ལམ་ལས་ཤིན་དུ་འདས་པ། 55-1-250a ལུས་ཀྱི་ལམ་ལས་ཤིན་དུ་འདས་པ། ཡིད་ཀྱི་ལམ་ལས་ཤིན་དུ་འདས་པ། ཁམས་གསུམ་པ་དང་མ་འདྲེས་པ། དྲི་མ་གསུམ་དང་བྲལ་བ། རྣམ་པར་ཐར་པ་གསུམ་གྱི་རྗེས་སུ་མཆིས་པ། རིག་པ་གསུམ་ཐོབ་པ། མ་ཐོབ་པ་ཡང་དག་པར་ཐོབ་པ། ཆོས་ཐམས་ཅད་ལ་མ་ཆགས་པའི་མཐར་ཕྱིན་པ། ཡང་དག་པ་ཉིད་ཀྱི་མཐའ་མ་མཆིས་པ། དེ་བཞིན་ཉིད་ལ་རབ་ཏུ་གནས་པ་དེ་ཕན་ཚུན་དུ་བྲལ་བ། རྒྱུས་མ་བསྐྱེད་པ། རྐྱེན་ལ་རག་ མ་ལས་པ། མཚན་ཉིད་མ་མཆིས་པ། མཚན་ཉིད་དང་བཅས་པ་མ་ལགས་པ། མཚན་ཉིད་གཅིག་པ་འང་མ་ལགས་པ། མཚན་ཉིད་ཐ་དད་པ་འང་མ་ལགས་པ། རྟོགས་པར་གྱུར་བ་འང་མ་ལགས་པ། ཀུན་དུ་རྟོགས་པར་ གྱུར་བའང་མ་ལགས་པ། མི་རྟོགས་པར་གྱུར་པའང་མ་ལགས་ཕ་རོལ་ནའང་མ་ལགས་པ། ཚུ་རོལ་དུའང་མ་ལགས་པ། དབུས་ན་ཡང་མ་ལགས་པ། འདི་ན་ཡང་མ་ལགས་པ། ཕ་བི་ན་ཡང་མ་ལགས་པ། དེ་ན་ཡང་མ་ལགས་པ། གཞན་ན་ཡང་ མ་ལགས་པ། རྣམ་པར་ཤེས་པས་འཚལ་བར་བགྱི་བ་འང་མ་ལགས་པ། རྣམ་པར་ཤེས་པ་ལ་གནས་པ་འང་མ་ལགས་པ། མུན་པ་ཡང་མ་ལགས་པ། སྣང་བ་ཡང་མ་ལགས་པ། མིང་མ་མཆིས་པ། མཚན་ མ་མཆིས་པ། ཉམ་ཆུང་བ་ཡང་མ་ལགས་པ། སྟོབས་དང་ལྡན་པ་ཡང་མ་ལགས་པ། ཡུལ་ལ་མི་གནས་ཤིང་ཕྱོགས་ལ་མི་གནས་པ་དགེ་བ་འང་མ་ལགས་པ། མི་དགེ་བའང་མ་ལགས་པ། འདུས་བྱས་ ཀྱང་མ་ལགས་པ། འདུས་མ་བྱས་ཀྱང་མ་ལགས་པ། གང་གི་དོན་དུ་བརྗོད་པའང་མ་ལགས་ཏེ། སྦྱིན་པར་ཡང་མ་ལགས་པ། སེར་སྣར་ཡང་མ་ལགས་པ། ཚུལ་ཁྲིམས་སུ་ཡང་མ་ལགས་པ། འཆལ་བའི་ ཚུལ་ཁྲིམས་སུ་ཡང་མ་ལགས་པ། བཟོད་པར་ཡང་མ་ལགས་པ། གནོད་སེམས་སུ་ཡང་མ་ལགས་པ། བརྩོན་འགྲུས་སུ་ཡང་མ་ལགས་པ། ལེ་ལོར་ཡང་མ་ལགས་པ། བསམ་གཏན་དུ་ཡང་མ་ལགས་ 55-1-250b པ། གཡེང་བར་ཡང་མ་ལགས་པ། ཤེས་རབ་དུ་ཡང་མ་ལགས་པ། འཆལ་པའི་ཤེས་རབ་ཏུ་འང་བརྗོད་པ་འང་མ་ལགས་པ། བདེན་པར་ཡང་མ་ལགས་པ། བརྫུན་པར་ཡང་མ་ལགས་པ། ངེས་པར་འབྱིན་ པ་ཡང་མ་ལགས་པ། ངེས་པར་མི་འབྱིན་པ་ཡང་མ་ལགས་པ། འགྲོ་བར་བགྱི་བ་ཡང་མ་ལགས་པ། འགྲོ་བར་མི་བགྱི་བ་ཡང་མ་ལགས་པ། སྨྲ་བ་དང་སྤྱོད་པ་ཐམས་ཅད་ཤིན་དུ་ཆད་པ་སྟེ། ཞིང་དུ་གྱུར་པ་འང་མ་ ལགས་པ། ཞིང་དུ་མ་གྱུར་པ་ཡང་མ་ལགས་པ། སྦྱིན་པར་འོས་པ་ཡང་མ་ལགས་པ། སྦྱིན་པ་མི་སྦྱོང་བའང་མ་ལགས་པ། གཟུང་བར་བགྱི་བ་འང་མ་ལགས་པ། རེག་པར་བགྱི་བའང་མ་ལགས་པ། མཚན་མ་ མ་མཆིས་པ། འདུས་མ་བགྱིས་པ། གྲངས་དང་བྲལ་བ། མཉམ་པ་ཉིད་ཀྱིས་མཉམ་པ། ཆོས་ཉིད་ཀྱིས་མཚུངས་པ། མཚུངས་པ་མ་མཆིས་པ། བརྩོན་འགྲུས་མཚུངས་པ་མ་མཆིས་པ། གཞལ་བ་ལས་ཤིན་དུ་ འདས་པ། སོང་བའང་མ་ལགས་པ། ཞུགས་པའང་མ་ལགས་པ། ཤིན་དུ་འདས་པའང་མ་ལགས་པ། མཐོང་བ་དང་ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་རག་པ་འང་མ་ལགས་པ། མདུད་པ་ཐམས་ཅད་ མ་མཆིས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་མཚུངས་པ་ཐོབ་པ། ཆོས་ཐམས་ཅད་ལ་སྙོམས་ཤིང་ཆོས་ཐམས་ཅད་ལ་བྱེ་བྲག་མ་མཆིས་པ་ཐོབ་པ། ཐམས་ཅད་ཏུ་ཁ་ན་མ་ཐོ་བ་མ་མཆིས་པ། ཅི་ཡང་མ་ མཆིས་པ། སྙིགས་མ་མ་མཆིས་པ། མི་རྟོག་པ། རྣམ་པར་མི་རྟོག་པ། མ་བགྱིས་པ། མ་སྐྱེས་པ། མ་འཐོན་པ། མ་བྱུང་བ། ཀུན་ནས་མ་བྱུང་བ། འབྱུང་བར་འགྱུར་བ་ཡང་མ་ལགས་པ། འབྱུང་ བར་མི་འགྱུར་བའང་མ་ལགས་པ། འཇིག་པ་མ་མཆིས་པ། ཀུན་གཞི་མ་མཆིས་པ། མྱ་ངན་མ་མཆིས་པ། དགའ་བ་མ་མཆིས་པ། རླབས་མ་མཆིས་པ། ཐ་སྙད་དུ་བསྟན་པ་ཐམས་ཅད་ཀྱིས་བརྗོད་པར་ 55-1-251a བགྱི་བ་མ་ལགས་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་ནི་འདི་འདྲ་སྟེ། དེ་ལ་དེ་ལྟར་ལྟ་ལགས་སོ། །གང་གིས་དེ་ལྟར་མཐོང་བ་དེ་ཡང་དག་པར་མཐོང་བ་ལགས་སོ། །གང་གིས་རྣམ་ པ་གཞན་དུ་མཐོང་བ་དེ་ནི་ལོག་པར་མཐོང་བ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་དྲི་མ་མེད་པར་གྲགས་པ་དེ་སངས་རྒྱས་ཀྱི་ཞིང་གང་ ནས་ཤི་འཕོས་ཏེ་སངས་རྒྱས་ཀྱི་ཞིང་འདིར་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་སྐྱེས་བུ་དམ་པ་འདི་ལ་ཁྱོད་གང་ནས་ཤི་འཕོས་ཏེ། འདིར་སྐྱེས་ཤེས་དྲིས་ཤིག །དེ་ནས་ཚེ་དང་ལྡན་པ་ཤཱ་ རིའི་བུས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་གང་ནས་ཤི་འཕོས་ཏེ་འདིར་སྐྱེས། དྲི་མ་མེད་པར་གྲགས་པས་སྨྲས་པ། གནས་བརྟན་གྱིས་ཆོས་གང་མངོན་དུ་བྱས་པའི་ཆོས་ དེ་ལ་འཆི་འཕོ་དང་སྐྱེ་བ་གང་ཡང་ཡོད་དམ། སྨྲས་པ། ཆོས་དེ་ལ་འཆི་འཕོ་འམ་སྐྱེ་བ་གང་ཡང་མེད་དོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་དུ་ཆོས་ཐམས་ཅད་འཆི་འཕོ་མེད་ཅིང་སྐྱེ་བ་མེད་ན་ཅིའི་ཕྱིར་ན་དེ་ལྟ་བུར་ ཁྱོད་གང་ནས་ཤི་འཕོས་ཤིང་འདིར་སྐྱེས་སྙམ་དུ་སེམས། བཙུན་པ་ཤཱ་རིའི་བུ་གང་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་དམ་སྐྱེས་པ་ལ་ཁྱོད་གང་ནས་ཤི་འཕོས་ཏེ་འདིར་སྐྱེས་ཤེས་དྲིས་ན་དེའི་ལན་ཅི་སྐད་ཅེས་འདེབས། སྨྲས་པ། རིགས་ཀྱི་བུ་སྤྲུལ་པ་ལ་འཆི་འཕོ་ཡང་མེད། སྐྱེ་བ་འང་མེད་ན་དེ་ཅི་ཞིག་ལན་ལྡོན། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཆོས་ཐམས་ཅད་ནི་སྤྲུལ་པའི་རང་བཞིན་ནོ་ཞེས་དེ་བཞིན་གཤེགས་པས་མ་གསུངས་སམ། སྨྲས་པ། རིགས་ཀྱི་བུ་དེ་ དེ་བཞིན་ནོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་ཆོས་ཐམས་ཅད་སྤྲུལ་པའི་རང་བཞིན་ལྟ་བུ་ལ་ཅིའི་ཕྱིར་ཁྱོད་འདི་སྙམ་དུ་ཁྱོད་ག་ལས་ཤི་འཕོས་ཏེ་འདིར་སྐྱེས་སྙམ་དུ་སེམས། བཙུན་པ་ཤཱ་རིའི་བུ་འཆི་འཕོ་ཞེས་བྱ་བ་ནི་མངོན་པར་ 55-1-251b འདུ་བྱེད་པའི་མཚན་ཉིད་དོ། །སྐྱེ་བ་ཞེས་བྱ་བ་དེ་ཡང་མངོན་པར་འདུ་བྱེད་པའི་རྒྱུན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་འཆི་འཕོ་ཡང་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་ཟད་པར་མི་བྱེད་དོ། །དེ་སྐྱེ་ཡང་མི་དགེ་བའི་ རྒྱུན་འབྲེལ་བར་མི་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་རིགས་ཀྱི་བུ་འདི་ནི་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ནས་དེ་བཞིན་གཤེགས་པ་ མི་འཁྲུགས་པའི་དྲུང་ནས་འདིར་འོངས་སོ། །གསོལ་པ། བཅོམ་ལྡན་འདས་སྐྱེས་བུ་དམ་པ་འདི་སངས་རྒྱས་ཀྱི་ཞིང་དེ་ཙམ་དུ་རྣམ་པར་དག་པ་ནས་མཆིས་ཏེ། སངས་རྒྱས་ཀྱི་ཞིང་ནོངས་པ་མང་པོའི་སྐྱོན་ཆགས་ པ་ལ་མངོན་པར་དགའ་བ་ནི་ངོ་མཚར་ཏོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་སྨྲས་པ། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཉི་མའི་འོད་རྣམས་མུན་པ་དང་ལྷན་ཅིག་འགྲོགས་སམ། སྨྲས་པ། དེ་ནི་ མ་ཡིན་ནོ། །རིགས་ཀྱི་བུ་དེ་གཉིས་མི་འགྲོགས་སམ། སྨྲས་པ། རིགས་ཀྱི་བུ་དེ་གཉིས་མི་འགྲོགས་ཏེ། ཉི་མའི་དཀྱིལ་འཁོར་ཤར་མ་ཐག་ཏུ་མུན་པ་ཐམས་ཅད་མེད་པར་འགྱུར་རོ། །སྨྲས་པ། ཅིའི་ཕྱིར་ ན་འཛམ་བུའི་གླིང་དུ་ཉི་མ་འཆར། སྨྲས་པ། དེ་ནི་སྣང་བར་བྱ་བ་དང་མུན་པ་བསལ་བའི་ཕྱིར་རོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཡོངས་སུ་སྦྱང་བ་དང་། ཡེ་ཤེས་ཀྱི་སྣང་བར་བྱ་བ་དང་། མུན་པ་ཆེན་པོ་བསལ་བའི་ཕྱིར་བསམས་བཞིན་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་དག་པ་རྣམས་སུ་སྐྱེ་སྟེ། ཉོན་མོངས་པ་རྣམས་དང་ལྷན་ཅིག་མི་གནས་ཤིང་སེམས་ཅན་ཐམས་ཅད་ཀྱི་ཉོན་ མོངས་པའི་མུན་པ་ཡང་རྣམ་པར་སེལ་ཏོ། །དེ་ནས་འཁོར་དེ་དག་ཐམས་ཅད་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་ 55-1-252a པོ་དེ་དག་བདག་ཅག་གིས་བལྟའོ་སྙམ་དུ་སྐོམ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་ཐམས་ཅད་ཀྱི་སེམས་ཀྱི་རྟོག་པ་ཐུགས་ཀྱིས་མཁྱེན་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འཁོར་འདི་ནི་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་མཐོང་བར་འདོད་ཀྱི་འཁོར་འདི་ལ་ཁྱོད་ཀྱིས་སྟོན་ཅིག །དེ་ནས་ལིད་ཙ་བི་དྲི་མ་ མེད་པར་གྲགས་པས་འདི་སྙམ་དུ་བསམས་ཏེ། བདག་སེང་གེའི་ཁྲི་འདི་ལས་མ་ལངས་པར་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་དང་། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་དུ་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་གནས་པ་ཁོ་ར་ཁོར་ཡུག་གི་རིས་བསྐོར་བ་དང་བཅས་པ་དང་། འབབ་ཆུ་དང་། མཚེའུ་དང་། ཆུ་མིག་དང་། མཚོ་དང་། རྒྱ་མཚོའི་འོབས་དང་བཅས་པ་དང་། རི་རབ་དང་། རི་བོ་དང་། དེའུ་དང་། བོག་རིར་ བཅས་པ་དང་། ཟླ་བ་དང་། ཉི་མ་དང་། སྐར་མར་བཅས་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟའི་གནས་སུ་བཅས་པ་དང་། ཚངས་པའི་གནས་དང་འཁོར་དུ་བཅས་པ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་ རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། མིར་བཅས་པ་དང་། བུད་མེད་དང་། ཁྱིམ་དུ་བཅས་པ་དང་། བྱང་ཆུབ་སེམས་དཔར་བཅས་པ་དང་། ཉན་ཐོས་ཀྱི་འཁོར་དང་བཅས་པ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པའི་བྱང་ཆུབ་ ཀྱི་ཤིང་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་ཡང་འཁོར་རྒྱ་མཚོ་སྙེད་ཀྱི་ནང་ན་བཞུགས་ཤིང་ཆོས་འཆད་པ་དང་། གང་པད་མ་གང་དག་ཕྱོགས་བཅུ་ན་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པ་དེ་དག་དང་། རིན་ པོ་ཆེའི་སྐས་གསུམ་འཛམ་བུའི་གླིང་ནས་སུམ་ཅུ་རྩ་གསུམ་པའི་གནས་ཀྱི་བར་དུ་མངོན་པར་འཕགས་པའི་སྐས་དེ་ལ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ནི་དེ་བཞིན་གཤེགས་པ་མི་འཁྲུགས་པ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། 55-1-252b བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འཛམ་བུའི་གླིང་དུ་འབབ། འཛམ་བུའི་གླིང་གི་མི་རྣམས་ནི་སུམ་ཅུ་གསུམ་རྩ་གསུམ་པའི་ལྷ་རྣམས་བལྟ་བའི་ཕྱིར་སུམ་ཅུ་རྩ་གསུམ་པའི་གནས་སུ་འཛེག་པ་དེ་ལྟ་བུའི་ཡོན་ཏན་ ཚད་མེད་པ་ཚོགས་པ་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་ཆུའི་ཕུང་པོ་ནས་བཟུང་སྟེ། འོག་མིན་གྱི་གནས་ཀྱི་བར་དུ་རྫ་མཁན་གྱི་འཁོར་ལོ་བཞིན་དུ་ཉི་ཚེ་བར་བཅད་དེ། ལག་པ་གཡས་པས་བླངས་ནས་མེ་ཏོག་གི་ཕྲེང་ བ་བཞིན་དུ་ཐོགས་ཏེ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བཅུག་གོ། །བཅུག་ནས་ཀྱང་འཁོར་འདི་ཐམས་ཅད་ལ་བསྟན་པར་བྱའོ། །དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་དེ་འདི་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ ནས་འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་བྱས་ཏེ། འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་ཉི་ཚེ་བར་བཅད་ནས་ལག་པ་གཡས་པས་བླངས་ཏེ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བཅུག་གོ། །དེར་ཉན་ཐོས་ དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་། མི་གང་དག་ལྷའི་མིག་མངོན་པར་ཤེས་པ་དྲུག་ཐོབ་པ་དེ་དག་གིས་སྐད་ཆེར་བོས་པ། བཅོམ་ལྡན་འདས་བདག་ཅག་འཚལ་ཏོ། །བདེ་བར་གཤེགས་པ་བདག་ཅག་འཚལ་ཏོ། །དེ་ བཞིན་གཤེགས་པ་བདག་ཅག་གི་སྐྱབས་མཛོད་ཅིག་ཅེས་གསོལ་པ་དང་། འདུལ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་དྲི་མ་མེད་པར་གྲགས་པས་ཁྱེར་བ་དེ་ནི་ ངའི་ཡུལ་མ་ཡིན་ནོ། །དེ་ན་ལྷ་དང་མི་ལ་སོགས་པ་གཞན་དག་གིས་ནི་བདག་ཅག་གར་ཁྱེར་མི་ཤེས་མི་མཐོང་ངོ་། །འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བཅུག་ཀྱང་འཇིག་ རྟེན་གྱི་ཁམས་འདི་གང་བ་འམ། བྲི་བར་ཡང་མི་མངོན་ཏེ། དོག་ཅིང་བཙིར་བ་འང་མེད་དོ། །འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་ཡང་བྲི་བ་མེད་དེ་སྔོན་ཇི་ལྟ་བ་བཞིན་དུ་ཕྱིས་ཀྱང་དེ་བཞིན་དུ་སྣང་ངོ་། །དེ་ནས་ 55-1-253a བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འཁོར་དེ་དག་ཐམས་ཅད་ལ་བཀའ་སྩལ་པ། ཀྱེ་གྲོགས་པོ་དག་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་དང་། སངས་རྒྱས་ ཀྱི་ཞིང་བཀོད་པ་དང་། ཉན་ཐོས་བཀོད་པ་དང་། བྱང་ཆུབ་སེམས་དཔའ་བཀོད་པ་འདི་དག་ལ་ལྟོས་ཤིག །དེ་དག་གིས་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཀའ་སྩལ་པ། སངས་རྒྱས་ཀྱི་ཞིང་འདི་འདྲ་བ་ཡོངས་སུ་གཟུང་ བར་འདོད་པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་བྱང་ཆུབ་སེམས་དཔའི་སྤྱད་པ་ཐམས་ཅད་ཀྱི་རྗེས་སུ་བསླབ་པར་བྱའོ། །དེ་ལྟར་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་བསྟན་པའི་རྫུ་འཕྲུལ་ གྱི་ཆོ་འཕྲུལ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་བསྟན་པས་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ལྷ་དང་མིའི་སྐྱེ་དགུ་ལས་ཁྲི་ཕྲག་བཅུ་བཞི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་ སོ། །ཀུན་གྱིས་ཀྱང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེར་སྐྱེ་བར་སྨོན་ལམ་བཏབ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ཐམས་ཅད་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བར་སྐྱེ་བར་ལུང་བསྟན་ཏོ། ། དེ་ལྟར་ལིད་ཙ་བི་དྲི་མ་མེད་པར་གྲགས་པས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་སྨིན་པར་བྱས་ནས་འཇིག་རྟེན་གྱི་ཁམས་མངོན་པར་དགའ་ བ་དེ་སླར་གནས་ཇི་ལྟ་བ་བཞིན་དུ་བཞག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་ཁྱོད་ཀྱིས་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་དང་། དེ་བཞིན་ གཤེགས་པ་མི་འཁྲུགས་པ་དེ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་བདག་གིས་མཐོང་ལགས་སོ། །སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་འདྲ་བར་གྱུར་ཅིག །སེམས་ 55-1-253b ཅན་ཐམས་ཅད་ཀྱང་རིགས་ཀྱི་བུ་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ཇི་ལྟ་བུ་དེ་འདྲ་བའི་རྫུ་འཕྲུལ་དང་ལྡན་པར་གྱུར་ཅིག །བདག་ཅག་ཀྱང་སྐྱེས་བུ་དམ་པ་འདི་ལྟ་བུ་མཐོང་བ་ཐོབ་པ་ན་རྙེད་པ་ལེགས་པར་ལགས་ཏེ། གང་དག་ཐ་ན་ད་ལྟར་གྱི་དེ་བཞིན་གཤེགས་པའམ། ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པའི་སེམས་ཅན་དེ་དག་ཀྱང་རྙེད་པ་རབ་དུ་རྙེད་པར་འགྱུར་ན། གང་དག་ཐོས་ནས་མོས་པ་དང་། ཡིད་ཆེས་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། མོས་ནས་སྟོན་པ་དང་། རབ་ཏུ་འདོན་པ་དང་། གཞན་དག་ལ་འང་འཆད་པ་དང་། སྒོམ་པའི་རྣལ་འབྱོར་ལ་རྗེས་སུ་སྦྱོར་བ་ རྣམས་ལ་ལྟ་སྨོས་ཀྱང་ཅི་འཚལ། ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་སུག་པར་ཐོབ་པར་གྱུར་པ་དེ་དག་ཀྱང་ཆོས་རིན་པོ་ཆེའི་གཏེར་རྙེད་པར་འགྱུར་རོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ཁ་ཏོན་དུ་བགྱིད་པ་ དེ་དག་ཀྱང་དེ་བཞིན་གཤེགས་པའི་གྲོགས་སུ་གྱུར་པ་ལགས་སོ། །གང་དག་ཆོས་འདི་ལ་མོས་པ་རྣམས་ལ་རིམ་གྲོ་དང་བསྙེན་བཀུར་བགྱིད་པ་དེ་དག་ནི་ཆོས་ཡང་དག་པར་སྲུང་བ་ལགས་སོ། །གང་དག་ཆོས་ཀྱི་ རྣམ་གྲངས་འདི་ལེགས་པར་བྲིས་ཏེ་འཆང་བ་དང་རི་མོར་བགྱིད་པ་དེ་དག་གི་ཁྱིམ་ན་དེ་བཞིན་གཤེགས་པ་བཞུགས་པར་འགྱུར་རོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ལས་རྗེས་སུ་ཡི་རང་བ་དེ་དག་ནི་བསོད་ནམས་ཐམས་ཅད་ཡོངས་ སུ་བསྲུང་བ་ལགས་སོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་དང་། སྡོམ་པའི་ཚིག་ཙམ་ཡང་གཞན་དག་ལ་སྟོན་པ་དེ་དག་ནི་ཆོས་ཀྱི་མཆོད་སྦྱིན་ཆེན་པོ་བགྱིད་པ་ལགས་ སོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་བཟོད་པ་དང་། འདུན་པ་དང་། བློ་གྲོས་དང་། རྟོགས་པ་དང་། ལྟ་བ་དང་། མོས་པ་དག་ནི་དེ་ཉིད་དེ་དག་ལ་ལུང་བསྟན་པ་ལགས་སོ། །འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་བླངས་པ་ 55-1-254a དང་། དེ་བཞིན་གཤེགས་པ་མྱི་འཁྲུགས་པ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་སྔོན་དེ་བཞིན་ གཤེགས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལས་ཆོས་ཀྱི་རྣམ་གྲངས་བརྒྱ་སྟོང་མང་པོ་ཐོས་ཀྱང་ཇི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ལས་རྣམ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་འཇུག་པ་རབ་ཏུ་བསྟན་པ་འདི་ ལྟ་བུ་ནི་སྔོན་ནམ་ཡང་མ་ཐོས་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དེ་དག་ཀྱང་ཐེ་ཙོམ་མ་མཆིས་པར་འདི་ ལྟ་བུའི་ཆོས་ཀྱི་སྣོད་ཏུ་འགྱུར་ན། གང་དག་བསྒོམ་པའི་རྣལ་འབྱོར་ལ་རྗེས་སུ་སྦྱོར་བ་རྣམས་ལ་སྨོས་ཀྱང་ཅི་འཚལ་ཏེ། དེ་དག་གིས་ངན་སོང་ཐམས་ཅད་ནི་བཅད། དེ་དག་གིས་བདེ་འགྲོའི་ལམ་ཐམས་ཅད་ནི་ ཕྱེ། དེ་དག་སངས་རྒྱས་ཐམས་ཅད་ཀྱིས་ནི་གཟིགས། དེ་དག་གིས་ཕས་ཀྱི་རྒོལ་བ་ཐམས་ཅད་ནི་བཅོམ། དེ་དག་གིས་བདུད་ཐམས་ཅད་ནི་ཤིན་དུ་ཕམ་པར་བགྱིས། དེ་དག་གིས་བྱང་ཆུབ་སེམས་དཔའི་ལམ་ ནི་རྣམ་པར་སྦྱངས། དེ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་ནི་གནས། དེ་དག་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་ནི་ཡང་དག་པར་འཇུག་པར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ གང་དག་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དེ་དག་ལ་བདག་འཁོར་ཐམས་ཅད་དང་བཅས་པས་རིམ་གྲོ་དང་གཡོག་བགྱིའོ། །གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་ འཁོར་གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པ་དང་། འཆང་བ་དང་། རབ་ཏུ་སྟོན་པ་དེར་ཆོས་ཉན་པའི་སླད་དུ་བདག་གཡོག་དང་བཅས་ཏེ་མཆིའོ། །རིགས་ཀྱི་བུ་མ་དད་པ་རྣམས་དད་པ་བསྐྱེད་པར་བགྱི། དད་པ་རྣམས་ 55-1-254b ནི་ཆོས་དང་ལྡན་པས་བསྲུང་ཞིང་བསྐྱབ་པར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ་ལེགས་སོ། །ལྷའི་དབང་པོ་ ཁྱོད་ཀྱིས་ལེགས་པར་སྨྲས་པ་དེ་ལ་དེ་བཞིན་གཤེགས་པ་ཡང་རྗེས་སུ་ཡིད་རང་ངོ་། །ལྷའི་དབང་པོ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་དེ་ནི་ཆོས་ཀྱི་རྣམ་ གྲངས་འདི་ལས་བསྟན་ཏོ། །ལྷའི་དབང་པོ་དེ་བས་ན་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། ཐ་ན་གླེགས་བམ་ལ་འདྲི་བ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པའི་རིགས་ཀྱི་བུའམ། རིགས་ ཀྱི་བུ་མོ་དེ་དག་གིས་ནི་འདས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཆོད་པར་འགྱུར་རོ། །ལྷའི་དབང་པོ་རིགས་ཀྱི་བུ་ཕོ་འམ་རིགས་ཀྱ་བུ་མོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ གྱི་ཁམས་འདི་དེ་བཞིན་གཤེགས་པས་ཡོངས་སུ་གང་བ་འདི་ལྟ་སྟེ་དཔེར་ན་བུ་རམ་ཤིང་གི་ཚལ་ལམ། འདམ་བུའི་ཚལ་ལམ། སྨྱིག་མའི་ཚལ་ལམ། ཏིལ་གྱི་ཞིང་ངམ། སེང་ལྡེང་གི་ཚལ་བཞིན་དུ་རབ་ཏུ་གང་བ་རྣམས་ ལ་བསྐལ་པའམ། བསྐལ་པ་ལས་ལྷག་པར་རིམ་གྲོར་བྱས། བླ་མར་བྱས། སྟི་སྟང་དུ་བྱས་ཏེ། དེ་བཞིན་གཤེགས་པ་དེ་དག་ལ་མཆོད་པ་ཐམས་ཅད་དང་བདེ་བའི་ཡོ་བྱད་ཀྱི་མཆོད་པ་དང་། དེ་བཞིན་གཤེགས་པ་དེ་དག་ ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དེ་བཞིན་གཤེགས་པ་རེ་རེ་ལ་ཡང་མཆོད་པའི་ཕྱིར་གཅིག་ཏུ་མཁྲེགས་པ་མ་ཞིག་པའི་སྐུ་གདུང་གི་མཆོད་རྟེན་རིན་པོ་ཆེ་ཐམས་ཅད་ལས་བྱས་པ་རྒྱར་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ ཚད་ཙམ། འཕང་དུ་ནི་ཚངས་པའི་འཇིག་རྟེན་དུ་ཕྱིན་པ། གདུགས་དང་། བ་དན་དང་། སྲོག་ཤིང་སྒྲེང་བས་མཛེས་པར་རབ་ཏུ་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་རྟེན་སོ་སོར་བྱས་ནས་དེས་དེ་ལ་བསྐལ་ 55-1-255a པ་འམ། བསྐལ་པ་ལས་ལྷག་པར་མེ་ཏོག་ཐམས་ཅད་དང་། སྤོས་ཐམས་ཅད་དང་། རྒྱལ་མཚན་ཐམས་ཅད་དང་། བ་དན་ཐམས་ཅད་ཀྱིས་མཆོད་པ་བྱས་ཤིང་རྔ་དང་སིལ་སྙན་རྣམས་བརྡུངས་ཏེ་མཆོད་ན་ལྷའི་ དབང་པོ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་དེའི་གཞི་ལས་བསོད་ནམས་མང་དུ་བསྐྱེད་དམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་ཏེ། བསྐལ་པ་བྱེ་བ་བརྒྱ་སྟོང་གིས་ཀྱང་བསོད་ནམས་ཀྱི་ཕུང་པོ་དེའི་མཐར་ཕྱིན་པར་མི་ནུས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་ཁྱོད་མོས་པར་བྱའོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་ བྱའོ། །གང་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་པའི་རིགས་ཀྱི་བུ་ཕོ་འམ། རིགས་ཀྱི་བུ་མོ་བསོད་ནམས་ཤིན་དུ་མང་དུ་བསྐྱེད་ དོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་ཆོས་ལས་བྱུང་སྟེ། དེ་ཆོས་ཀྱི་མཆོད་པར་ནུས་ཀྱི་ཟང་ཟིང་གིས་ནི་མ་ཡིན་པའི་ཕྱིར་རོ། །ལྷའི་དབང་པོ་ཁྱོད་ཀྱིས་རྣམ་གྲངས་ འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། ལྷའི་དབང་པོ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ། རྒྱ་ཆེ་བ། ཚད་མེད་པ། བསམ་གྱིས་མི་ཁྱབ་པར་གྱུར་པ་དེའི་དུས་དེའི་ཚེ་ན་ བསྐལ་པ་རྣམ་པར་སྦྱོང་བ་ལ་འཇིག་རྟེན་གྱི་ཁམས་ཆེར་བཀོད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབསུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྨན་གྱི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ 55-1-255b སངས་རྒྱས་སྨན་གྱི་རྒྱལ་པོ་དེའི་ཚེའི་ཚད་ནི་བར་གྱི་བསྐལ་པ་ཉི་ཤུར་གྱུར་ཏོ། །དེའི་ཉན་ཐོས་ཀྱི་དགེ་འདུན་ནི་བྱེ་བ་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་ཡོད་དོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ནི་བྱེ་བ་ཁྲག་ཁྲིག་ ཕྲག་བཅུ་གཉིས་ཡོད་དོ། །ལྷའི་དབང་པོ་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་ཆེན་གདུགས་ཤེས་བྱ་བ་གླིང་བཞི་ལ་དབང་བ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞིག་བྱུང་སྟེ། དེ་ལ་བུ་དཔའ་བ། རྟུལ་ཕོད་ པ། ཡན་ལག་མཆོག་གིས་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་དུ་ཚང་བ་ཡོད་དོ། །རྒྱལ་པོ་རིན་ཆེན་གདུགས་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་འཁོར་དང་བཅས་པ་ལ་ བར་གྱི་བསྐལ་པ་ལྔའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རི་མོར་བྱས་སོ། །ལྷའི་དབང་པོ་བར་གྱི་བསྐལ་པ་ལྔ་པོ་དེ་དག་འདས་ནས་རྒྱལ་པོ་རིན་ཆེན་གདུགས་ཀྱིས་བུ་སྟོང་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཁྱེད་ཤེས་ པར་གྱིས་ཤིག །ངས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ཀྱིས་ད་ཁྱེད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ལ་མཆོད་པར་གྱིས་ཤིག །དེ་ནས་རྒྱལ་བུ་གཞོན་ནུ་དེ་དག་ཕ་རྒྱལ་པོ་རིན་ཆེན་གདུགས་ལ་ལེགས་སོ་ཞེས་སྨྲས་ནས་དེ་མཉན་ཏེ། དེ་དང་ལྷན་ཅིག་ཚོགས་ནས་དེ་བཞིན་ གཤེགས་པ་སྨན་གྱི་རྒྱལ་པོ་ལ་བསྐལ་པ་བར་མ་ལྔའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་སོ། །དེའི་ནང་ནས་རྒྱལ་བུ་ཟླ་གདུགས་ཤེས་བྱ་བ་དེ་གཅིག་པུ་དབེན་པར་སོང་ནས་འདི་སྙམ་དུ་སེམས་ཏེ། མཆོད་པ་དེ་བས་མཆོད་པ་གཞན་ཆེས་ཁྱད་པར་དུ་འཕགས་ཤིང་རྒྱ་ ཆེ་བ་ཡོད་དམ་སྙམ་པ་དང་། སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་བར་སྣང་དེ་ལས་ལྷ་དག་འདི་སྐད་ཅེས་ཟེར་རོ། །སྐྱེས་བུ་དམ་པ་ཆོས་ཀྱི་མཆོད་པ་ནི་མཆོད་པ་ཐམས་ཅད་ཀྱི་ནང་ན་མཆོག་གོ། །དེས་སྨྲས་པ། ཆོས་ཀྱི་མཆོད་པ་དེ་གང་ཡིན། ལྷས་སྨྲས་པ། སྐྱེས་བུ་དམ་པ་ཁྱོད་དེ་ བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེའི་དྲུང་དུ་སོང་ལ་ཆོས་ཀྱི་མཆོད་པ་དེ་གང་ལགས་ཤེས་ཞུས་ཤིག་དང་། བཅོམ་ལྡན་འདས་དེ་ཁྱོད་ལ་ལུང་སྟོན་ཏོ། །དེ་ནས་ལྷའི་དབང་པོ་རྒྱལ་བུ་ཟླ་གདུགས་གཞོན་ནུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ 55-1-256a ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་རྒྱལ་པོ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་བུ་ཟླ་ གདུགས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེ་ལ་འདི་སྐད་ཅས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་མཆོད་པ་ཞེས་བགྱི་བའི་ཆོས་ཀྱི་མཆོད་པ་དེ་གང་ལགས། བཅོམ་ལྡན་འདས་དེས་བཀའ་སྩལ་ པ་རིགས་ཀྱི་བུ་ཆོས་ཀྱི་མཆོད་པ་ནི་གང་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཟབ་མོ་ཟབ་མོར་སྣང་བ། འཇིག་རྟེན་ཐམས་ཅད་དང་མི་མཐུན་པ། རྟོགས་པར་དཀའ་བ། མངོན་པར་དཀའ་བ། ཁོང་དུ་ཆུད་པར་དཀའ་བ། ཕྲ་བ་ ཞིབ་པ། མ་དམིགས་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ནང་དུ་གཏོགས་པ། གཟུངས་དང་མདོ་སྡེའི་རྒྱལ་པོའི་ཕྱག་རྒྱས་བཏབ་པ། ཕྱིར་མི་ལྡོག་པའི་འཁོར་ལོ་སྟོན་པ། ཕ་རོལ་དུ་ཕྱིན་པ་དྲུག་ལས་བྱུང་བ། འཛིན་པ་རྣམས་ཡོངས་སུ་བཟུང་བ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་ལྡན་པ། བྱང་ཆུབ་ཀྱི་ཡན་ལག་སྒྲུབ་པར་གཏོགས་པ། སེམས་ཅན་ལ་སྙིང་རྗེ་ཆེན་པོ་འཇུག་པ། བྱམས་པ་ཆེན་པོ་སྟོན་པ། བདུད་ཀྱི་ལྟ་བར་ གྱུར་པ་ཐམས་ཅད་མེད་པ། རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ། བདག་མེད་པ་སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་དང་། མ་ སྐྱེས་པ་དང་། མ་བྱུང་བ་དང་ལྡན་པ། བྱང་ཆུབ་ཀྱི་སྙིང་པོ་སྒྲུབ་པ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ ཆེན་པོའི་དབང་པོ་རྣམས་ཀྱིས་རབ་ཏུ་བསྟོད་ཅིང་བསྔགས་པ། དམ་པའི་ཆོས་ཀྱི་རིགས་རྒྱུན་མི་གཅོད་པ། ཆོས་ཀྱི་མཛོད་འཛིན་པ། ཆོས་ཀྱི་མཆོད་པའི་མཆོག་ལ་ཞུགས་པ། འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་ཡོངས་སུ་ 55-1-256b བཟུང་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡང་དག་པར་སྟོན་པ། ཡང་དག་པའི་དོན་གྱི་ཆོས་སོ་སོར་ཡང་དག་པར་རིག་པ་ལ་འཇུག་པ། ཆོས་ཀྱི་མདོ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་ མེད་པ་དང་། ཞི་བ་ལས་ངེས་པར་བྱུང་བ། སེར་སྣ་ཅན་དང་། ཚུལ་ཁྲིམས་འཆལ་པ་དང་། གནོད་སེམས་ཅན་དང་། ལེ་ལོ་ཅན་དང་། བརྗེད་ངས་པ་དང་། ཤེས་རབ་འཆལ་པ་སྤ་འགོང་བ། ཕས་ཀྱི་རྒོལ་བ་ དང་། ལྟ་བ་ངན་པ་དང་། དམིགས་པ་ལ་མངོན་པར་ཞེན་པ་ཐམས་ཅད་སྡོང་པར་བྱེད་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ། འཁོར་བའི་ཕྱོགས་ཀྱི་གཉེན་པོ། མྱ་ངན་ལས་འདས་པའི་བདེ་བ་ཡང་དག་ པར་སྟོན་པ་དེ་ལྟ་བུའི་མདོ་སྡེ་རྣམས་གང་ཡང་དག་པར་སྟོན་པ་དང་། འཆང་བ་དང་། སོ་སོར་རྟོག་པ་དང་། དམ་པའི་ཆོས་ཀུན་སྡུད་པ་དེ་ནི་ཆོས་ཀྱི་མཆོད་པ་ཞེས་བྱའོ། །རིགས་ཀྱི་བུ་གཞན་ཡང་ཆོས་ཀྱི་མཆོད་པ་ ནི་གང་ཆོས་ལ་ཆོས་སུ་ངེས་པར་སེམས་པ། ཆོས་ལ་ཆོས་བཞིན་ནན་ཏན་བྱེད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བར་འཐུན་པ། མཐར་ལྟ་བ་ཐམས་ཅད་དང་བྲལ་བ། སྐྱེ་བ་མེད་པ། འབྱུང་བ་མེད་པ་ལ་བཟོད་པ་བདག་མེད་ པ་སེམས་ཅན་མེད་པར་འཇུག་པ། རྒྱུ་དང་རྐྱེན་དང་མི་འགལ་བ་དང་། འཐབ་པ་མེད་པ། རྩོད་པ་མེད་པ། ང་ཡི་བ་མེད་པ། ངར་འཛིན་པ་དང་བྲལ་བ། དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་པ། ཡེ་ཤེས་ལ་རྟོན་གྱི་རྣམ་པར་ ཤེས་པ་ལ་མི་རྟོན་པ། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི་དྲང་བའི་དོན་གྱི་ཐར་ཀུན་རྫོབ་ལ་མངོན་པར་མ་ཞེན་པ། ཆོས་ཉིད་ལ་རྟོན་གྱི་གང་ཟག་ཏུ་ལྟ་བ་དམིགས་པར་འཛིན་པ་ལ་མངོན་པར་མ་ཞེན་པ། སངས་རྒྱས་ཀྱི་ཆོས་ ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ། ཀུན་གཞི་མེད་པར་འཇུག་པ། ཀུན་གཞི་ཡང་དག་པར་འཇོམས་པ། མ་རིག་པ་རྣམ་པར་ཞི་བ་ནས། རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་ 55-1-257a མི་བདེ་བ་དང་། འཁྲུག་པའི་བར་དུ་རྣམ་པར་ཞི་ཞིང་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལ་འདི་ལྟ་སྟེ། སེམས་ཅན་ལ་ལྟ་བ་ཟད་མི་ཤེས་པར་མངོན་པར་སྒྲུབ་པས་མངོན་པར་སྒྲུབ་ཅིང་ ལྟ་བ་རྣམས་ལ་མི་ལྟ་བ་འདི་ནི་རིགས་ཀྱི་བུ་བླ་ན་མེད་པའི་ཆོས་ཀྱི་མཆོད་པ་ཞེས་བྱའོ། །ལྷའི་དབང་པོ་དེ་ལྟར་རྒྱལ་བུ་ཟླ་གདུགས་དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེ་ལས་ཆོས་ཀྱི་མཆོད་པ་དེ་ལྟ་བུ་ཐོས་ པ་དང་རྗེས་སུ་འཐུན་པའི་ཆོས་ཀྱི་བཟོད་པ་ཐོབ་བོ། །གོས་དང་རྒྱན་ཅི་ཐོགས་པ་རྣམས་བཅོམ་ལྡན་འདས་དེ་ལ་ཕུལ་ནས་ཚིག་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་ འདས་ཀྱང་དམ་པའི་ཆོས་ཡོངས་སུ་གཟུང་བ་དང་། དམ་པའི་ཆོས་ལ་མཆོད་པ་བགྱི་བའི་སླད་ཏུ་བདག་དམ་པའི་ཆོས་ཡོངས་སུ་གཟུང་བར་སྤྲོའོ། །བཅོམ་ལྡན་འདས་ཇི་ལྟར་བདག་གིས་བདུད་དང་ཕྱིར་རྒོལ་བ་རྣམས་ བཅོམ་ནས་བཅོམ་ལྡན་འདས་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བ་དེ་ལྟར་དེ་བཞིན་གཤེགས་པས་བྱིན་གྱི་བརླབ་པར་གསོལ། དེ་བཞིན་གཤེགས་པས་དེའི་བསམ་པ་མཁྱེན་ནས་ཕྱི་མའི་དུས་ཕྱི་མའི་ཚེ་ན་ དམ་པའི་ཆོས་ཀྱི་གྲོང་ཁྱེར་སྐྱོང་ཞིང་སྲུང་བ་དང་། ཡོངས་སུ་འཛིན་པར་འགྱུར་བར་ལུང་བསྟན་ཏོ། །ལྷའི་དབང་པོ་དེ་ནས་རྒྱལ་བུ་ཟླ་གདུགས་དེ་དེ་བཞིན་གཤེགས་པ་དེ་བཞུགས་བཞིན་དུ་དད་པས་ཁྱིམ་ནས་ཁྱིམ་ མེད་པར་རབ་ཏུ་བྱུང་སྟེ། དགེ་བའི་ཆོས་ལ་བརྩོན་འགྲུས་བརྩམས་ནས་གནས་སོ། །དེ་བརྩོན་འགྲུས་བརྩམས་ཤིང་དགེ་བའི་ཆོས་ལ་རབ་ཏུ་གནས་ནས་རིང་པོ་མ་ལོན་པར་མངོན་པར་ཤེས་པ་ལྔ་བསྐྱེད་དེ། གཟུངས་ རྣམས་རྟོགས་ཁོང་དུ་ཆུད་པར་གྱུར་ཏོ། །དེ་སྤོབས་པ་རྒྱུན་མི་ཆད་པ་ཐོབ་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེ་ཡོངས་སུ་མྱ་ངན་ལས་འདས་ལས་ཀྱང་མངོན་པར་ཤེས་པ་དང་། གཟུངས་ཀྱི་ 55-1-257b སྟོབས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་བཞིན་དུ་བར་གྱི་བསྐལ་པ་བཅུའི་བར་དུ་རྗེས་སུ་བསྐོར་ཏོ། །ལྷའི་དབང་པོ་དེ་ལྟར་དགེ་སློང་ཟླ་ གདུགས་དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་མངོན་པར་བརྩོན་པས་སེམས་ཅན་བྱེ་བ་བརྒྱ་ཕྲག་བཅུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱིང་ཆུབ་ལས་ཕྱིར་མི་ལྡོག་པར་བྱས་པར་གྱུར་ཏོ། །སྲོག་ཆགས་ ཁྲག་ཁྲིག་བཞི་བཅུ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་བཏུལ་ལོ། །སེམས་ཅན་ཚད་མེད་པ་རྣམས་ནི་མཐོ་རིས་སུ་སྐྱེ་བར་བྱས་སོ། །ལྷའི་དབང་པོ་དེའི་ཚེ་དེའི་དུས་ན་རིན་ཆེན་གདུགས་ཤེས་བྱ་བའི་ འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་དེ་གཞན་ཡིན་པ་སྙམ་དུ་འཛིན་ན་ལྷའི་དབང་པོ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རིན་ཆེན་འོད་འཕྲོ་དེ་བཞིན་གཤེགས་པ་དེ་དེའི་ཚེ་དེའི་དུས་ན་རིན་ཆེན་གདུགས་ ཤེས་བྱ་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ། །རྒྱལ་པོ་རིན་ཆེན་གདུགས་དེའི་བུ་སྟོང་ཡོད་པ་དེ་དག་ནི་ད་ལྟར་གྱི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་འདི་དག་ཡིན་ཏེ། གང་བསྐལ་པ་བཟང་པོ་འདི་ ལ་སངས་རྒྱས་སྟོང་ཚང་བར་འབྱུང་བའོ། །དེ་ལས་བཞི་ནི་སངས་རྒྱས་ལོག་པར་དད་སེལ་ལ་སོགས་པ་སྔོན་དུ་བྱུང་སྟེ། ལྷག་མ་རྣམས་ཀྱང་འབྱུང་བར་འགྱུར་རོ། །འཁོར་བ་འཇིག་ལ་སོགས་པ་སྣང་མཛད་ ལ་ཐུག་པའི་བར་དུ་སྟེ། ཐ་མར་དེ་བཞིན་གཤེགས་པ་སྣང་མཛད་ཅེས་བྱ་བ་འབྱུང་ངོ་། །ལྷའི་དབང་པོ་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེའི་དམ་པའི་ཆོས་ ཡོངས་སུ་བཟུང་བ་རྒྱལ་བུ་ཟླ་གདུགས་ཤེས་བྱ་བ་དེ་གཞན་ཡིན་པ་སྙམ་དུ་འཛིན་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་དབང་པོ་ང་དེའི་ཚེ་དེའི་དུས་ན་རྒྱལ་བུ་ཟླ་གདུགས་ཤེས་བྱ་བར་གྱུར་ཏོ། །ལྷའི་ 55-1-258a དབང་པོ་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། ལྷའི་དབང་པོ་ཇི་ཙམ་ན་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པའི་ནང་ན་ཆོས་ཀྱི་མཆོད་པ་ནི་མཆོག་ཅེས་བྱའོ། །མཆོག་དང་། དམ་པ་དང་། མཆོག་རབ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མེད་པ་ཞེས་བྱའོ། །ལྷའི་དབང་པོ་དེ་ལྟ་བས་ན་ང་ལ་ཟང་ཟིང་གིས་མ་མཆོད་པར་ཆོས་ཀྱི་མཆོད་པས་མཆོད་ཅིག །ང་ལ་ཟང་ཟིང་གིས་སྟི་སྟང་མ་བྱེད་ ཆོས་ཀྱི་སྟི་སྟང་གྱིས་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྐལ་པ་བྱེ་ བ་གྲངས་མེད་པར་ཡང་དག་པར་སྒྲུབས་པ་འདི་ཁྱོད་ལ་གཏད་དོ། །ཅི་ནས་ཕྱི་མའི་དུས་ཕྱི་མའི་ཚེ་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་ཁྱོད་ཀྱི་བྱིན་གྱི་བརླབས་ཀྱིས་ཡོངས་སུ་བཟུང་བས་འཛམ་བུའི་གླིང་དུ་རྒྱས་པར་འགྱུར་ཞིང་། མ་ནུབ་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་མ་འོངས་པའི་དུས་ན་རིགས་ཀྱི་བུ་ཕོ་འམ། རིགས་ཀྱི་བུ་མོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དགེ་བའི་རྩ་བ་ བསྐྱེད་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་དེ་དག་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས་པས་ཉམས་པར་གྱུར་ཏ་རེ། འདི་ལྟ་བུའི་མདོ་སྡེ་ཐོས་ནས་ཤིན་དུ་དགའ་ཞིང་དད་པ་རྙེད་པར་འགྱུར་ བ་དང་། སྤྱི་བོས་ལེན་པར་འགྱུར་བའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་བསྲུང་བའི་ཕྱིར། བྱམས་པ་ཁྱོད་ཀྱིས་དེའི་དུས་ན་མདོ་སྡེ་འདི་ལྟ་བུ་འདི་རྒྱས་པར་གྱིས་ཤིག །བྱམས་པ་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་ནི་འདི་གཉིས་ཏེ། གཉིས་གང་ཞེ་ན། ཚིག་དང་ཚིག་འབྲུ་སྣ་ཚོགས་ལ་དད་པའི་ཕྱག་རྒྱ་དང་། ཆོས་ཀྱི་ཚུལ་ཟབ་མོས་མི་སྐྲག་ཅིང་། ཡང་དག་པ་ཉིད་ཇི་ལྟ་ 55-1-258b བ་བཞིན་དུ་འཇུག་པའི་ཕྱག་རྒྱ་དང་། བྱམས་པ་དེ་གཉིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་རྒྱའོ། །བྱམས་པ་དེ་ལ་བྱང་ཆུབ་སེམས་དཔའ་གང་དག་ཚིག་དང་ཚིག་འབྲུ་སྣ་ཚོགས་ལ་དད་ཅིང་ལྷུར་ལེན་པ་ དེ་དག་ནི་ལས་དང་པོ་པ་ཡིན་ཏེ། ཚངས་པར་སྤྱད་ནས་རིང་པོ་མ་ལོན་པར་རིག་པར་བྱའོ། །བྱམས་པ་གང་དག་མདོ་སྡེ་ཟབ་མོ་མ་གོས་པ་འཕྲུགས་པ་དང་། སྣྲེལ་ཞིའི་རྒྱུད་ཀྱི་ཚིག་དང་། རིམ་པ་རབ་ཏུ་དབྱེ་བ་འདི་འདོན་ པ་དང་། ཉན་པ་དང་། མོས་པ་དང་། སྟོན་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་དག་ནི་རིང་དུ་ཚངས་པར་སྤྱོད་པར་རིག་པར་བྱའོ། །བྱམས་པ་དེ་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ནི་རྒྱུ་གཉིས་ཀྱིས་བདག་ ལ་རྨ་འབྱིན་ཏེ། ཆོས་ཟབ་མོ་ལ་ངེས་པར་སེམས་པར་མི་འགྱུར་རོ། །གཉིས་གང་ཞེ་ན། སྔོན་མ་ཐོས་པའི་མདོ་སྡེ་ཟབ་མོ་ཐོས་ན་སྐྲག་ཅིང་ཐེ་ཙོམ་དུ་གྱུར་ནས་རྗེས་སུ་ཡི་རངས་བར་མི་བྱེད་ཅིང་། འདི་ལྟ་བུར་ བདག་ཅག་གིས་སྔོན་མ་ཐོས་ན་དེ་གང་ནས་འོངས་ཤེས་སྤོང་བར་བྱེད་དོ། །རིགས་ཀྱི་བུ་གང་དག་མདོ་སྡེ་ཟབ་མོ་འཛིན་པ་དང་། ཆོས་ཟབ་མོའི་སྣོད་དུ་གྱུར་པ་དང་། ཆོས་ཟབ་མོ་སྟོན་པ་དེ་དག་ལ་མི་སྟེན། མི་འགྲོགས། བསྙེན་བཀུར་མི་བྱེད་ཅིང་། དེ་དག་ལ་སྟིང་སྟང་མི་བྱེད་པར་གྱུར་ཏེ་བར་བར་དུ་དེ་དག་ལ་མི་སྟེན་པར་ཡང་བརྗོད་དོ། །རྒྱུ་དེ་གཉིས་ཀྱིས་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་བདག་ཉིད་ལ་རྨ་འབྱིན་ཏེ་ཆོས་ཟབ་མོ་ལ་ངེས་པར་མི་ རྟོག་པའོ། །རྒྱུ་གཉིས་ཀྱིས་ཟབ་མོ་ལ་མི་མོས་པའི་བྱང་ཆུབ་སེམས་དཔའ་བདག་ཉིད་ལ་རྨ་འབྱིན་ཏེ། མ་སྐྱེས་པའི་ཆོས་ལ་ཡང་བཟོད་པ་ཐོབ་པར་མི་འགྱུར་རོ། །གཉིས་གང་ཞེ་ན། ལས་དང་པོ་པ་སྤྱད་ནས་རིང་པོ་མ་ལོན་པའི་བྱང་ཆུབ་སེམས་ དཔའ་རྣམས་ལ་བརྙས་ཤིང་ཁྱད་དུ་གསོད་པ་དེ་འཛིན་དུ་མི་འཇུག་གམ། མི་འབྱེད། མི་སྟོན་པ་དང་། གང་ཟབ་མོ་ལ་ཤིན་དུ་མ་དད་པས་བསླབ་པ་ལ་རི་མོ་མི་བྱེད་ཅིང་འཇིག་རྟེན་གྱི་ཟང་ཟིང་སྦྱིན་པས་ནི་སེམས་ཅན་ལ་ཕན་འདོགས་ 55-1-259a ཤིང་ཆོས་ཀྱི་སྦྱིན་པས་མ་ཡིན་ཏེ། བྱམས་པ་ཟབ་མོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་རྒྱུ་འདི་གཉིས་ཀྱིས་བདག་ཉིད་ལ་རྨ་འབྱིན་ཏེ། མི་སྐྱེ་བའི་ཆོས་ལ་བཟོད་པ་འང་མྱུར་དུ་ཐོབ་པར་མི་འགྱུར་རོ། །དེ་སྐད་ ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་ཏུ་ལེགས་པར་གསུངས་པ་ནི་བཅོམ་ལྡན་འདས་ངོ་མཚར་ཏོ། །བཅོམ་ལྡན་ འདས་ལེགས་སོ། །བཅོམ་ལྡན་འདས་བདག་གིས་ད་སླན་ཆད་ནོངས་པ་འདི་དག་སྤང་བར་བགྱིའོ། །དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མ་མཆིས་ པ་ནས་ཡང་དག་པར་བསྒྲུབས་པ་འདི་བསྲུང་བར་བགྱིའོ། །གཟུང་བར་བགྱིའོ། །མ་འོངས་པའི་རིགས་ཀྱི་བུ་ཕོ་དང་། རིགས་ཀྱི་བུ་མོ་སྣོད་ཏུ་གྱུར་པ་དེ་དག་ལ་མདོ་སྡེ་འདི་ལྟ་བུ་ལག་ཏུ་སོན་པར་བགྱིའོ། །དྲན་པ་གང་གིས་འདི་ འདྲ་བའི་མདོ་སྡེ་འདི་ལྟ་བུ་ལ་མོས་པ་དང་། འཛིན་པ་དང་། འཆང་བ་དང་། ཀུན་ཆུབ་པར་བགྱིད་པ་དང་། འཛུད་པ་དང་། ཡི་གེར་འདྲི་བ་དང་། གཞན་དག་ལའང་རྒྱ་ཆེར་འཆད་པར་འགྱུར་བའི་དྲན་པ་ཉེ་བར་བསྒྲུབ་པར་བགྱིའོ། ། བཅོམ་ལྡན་འདས་བདག་གིས་དེ་དག་བརྟན་པར་བགྱིའོ། །བཅོམ་ལྡན་འདས་དེའི་དུས་ན་འདི་ལྟ་བུའི་མདོ་སྡེ་འདི་ལ་མོས་པ་དང་། རབ་ཏུ་འཇུག་པར་འགྱུར་བ་དེ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱམས་པའི་བྱིན་གྱི་བརླབས་ ལགས་པར་རིག་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་ལེགས་སོ་ལེགས་སོ། །ཁྱོད་ཀྱི་ཚིག་དེ་ནི་ལེགས་པར་སྨྲས་ཏེ། དེ་བཞིན་གཤེགས་པ་འང་ ཁྱོད་ཀྱིས་ལེགས་པར་སྨྲས་པ་དེ་ལ་རྗེས་སུ་ཡིད་རང་བ་གནང་བར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་དབྱངས་གཅིག་ཏུ་ཚིག་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་བདག་ཅག་ཀྱང་དེ་བཞིན་གཤེགས་པ་ 55-1-259b ཡོངས་སུ་མྱ་ངན་ལས་འདས་ནས་སངས་རྒྱས་ཀྱི་ཞིང་སོ་སོ་ནས་མཆིས་ཏེ། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་བྱང་ཆུབ་འདི་རྒྱས་པར་བགྱིའོ། །རིགས་ཀྱི་བུ་དེ་དག་ཀྱང་མོས་པར་བགྱིའོ། །དེ་ནས་བཅོམ་ལྡན་ འདས་ལ་རྒྱལ་པོ་ཆེན་པོ་བཞིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་གང་དང་གང་ན་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་ སྤྱོད་པ་དང་། འཆད་པ་དང་། ཡང་དག་པར་སྟོན་པ་དེ་དང་དེ་དག་ཏུ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་བཞི་ཡང་དཔུང་དང་བཅས་པ་དང་། བཞོན་པ་དང་བཅས་པ་འཁོར་དང་བཅས་ཏེ། དེར་ཆོས་ཉན་པའི་སླད་ཏུ་མཆིའོ། །ཆོས་སྨྲ་བ་དེའི་དཔག་ཚད་ཁོར་ཡུག་ཏུ་ཅི་ནས་ཀྱང་ཆོས་སྨྲ་བ་དེ་ལ་ཀླགས་ལྟ་བ་དང་ཀླན་ཀ་ཚོལ་བ་གང་གིས་ཀྱང་ཀླགས་མི་རྙེད་པར་བསྲུང་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །ཆོངས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ཅིག །གསོལ་པ། བདག་ གིས་ཆོས་ཀྱི་རྣམ་གྲངས་འདི་བཟུང་བ་ལགས་ན་བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་ རྣམ་གྲངས་འདི་དྲི་མ་མེད་པར་གྲགས་པས་བསྟན་པ་དང་། ཕྲུགས་སུ་སྦྱར་བ་སྣྲེལ་ཞིར་མངོན་པར་བསྒྲུབ་པ་དང་། བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་ལེའུ་ཞེས་ཀྱང་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཀུན་དགའ་བོ་ཁྱོད་ཀྱིས་ ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལིད་ཙ་བི་དྲི་མ་མེད་པར་གྲགས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། 55-1-260a ཉན་ཐོས་ཆེན་པོ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ མངོན་པར་བསྟོད་དོ། །སྔོན་གྱི་སྦྱོར་བ་དང་། དམ་པའི་ཆོས་གཏད་པའི་ལེའུ་ཞེས་བྱ་སྟེ་བཅུ་གཉིས་པའོ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ རྫོགས་སྷོ།། །།ཤུ་ལོ་ག་སྟོང་བརྒྱད་བརྒྱ་སྟེ་བམ་པོ་དྲུག་གོ། ། ལོ་ཙྪ་བ་བན་དེ་ཆོས་ཉིད་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། ༄༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ཡེ་ ནིར་ད་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱིས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་ སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ལྔ་སྟོང་ཐམ་པ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་། མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །དེ་ནས་འཇམ་དཔལ་ གཞོན་ནུར་གྱུར་པ་རིན་པོ་ཆེའི་གདུགས་དཔག་ཚད་བཅུས་འཁོར་བ་ཙམ་ཐོགས་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་སྟེང་གི་དྲང་ཐད་ན་འཛིན་ཅིང་འདུག་གོ། །དེ་ནས་ཡོངས་སུ་དགའ་ལྡན་རིས་ཀྱི་ལྷའི་བུ་མཚམས་ བཟངས་ཤེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་འཁོར་དང་བཅས་ཏེ། འཁོར་དེ་ཉིད་དུ་འདུས་པར་གྱུར་ནས་འདུག་པ་སྟན་ལས་ལངས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ག་ལ་ 55-1-260b བ་དེར་སོང་ནས་ཕྱིན་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་བཅོམ་ལྡན་འདས་ལ་མཆོད་པ་མཛད་པས་ད་དུང་ཐུགས་མ་ཚིམ་ལགས་སམ། འཇམ་དཔལ་ གྱིས་སྨྲས་པ། ལྷའི་བུ་འདི་ཇི་སྙམ་དུ་སེམས། རྒྱ་མཚོ་ཆེན་པོ་ཆུ་ཟེད་པས་ཆོག་པ་འཛིན་པར་འགྱུར་སྙམ་འམ། ལྷའི་བུས་སྨྲས་པ། འཇམ་དཔལ་དེ་ནི་མ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱ་མཚོ་ཆེན་པོ་ལྟ་བུ་ཟབ་ཅིང་གཏིང་དཔག་དཀའ་ལ། དཔག་ཏུ་མེད་པ་ཡོངས་སུ་ཚོལ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་ལ་མཆོད་ པ་བྱ་བར་འདོད་པས་གཞར་ཡང་ཆོག་པར་འཛིན་པར་མི་བྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཅི་ལ་དམིགས་ནས། དེ་བཞིན་གཤེགས་པ་ལ་མཆོད་པར་བགྱི། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དམིག་ པ་བཞིས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་ལ་དམིགས་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བ་ལ་དམིགས་པ་དང་། དཀོན་མཆོག་གསུམ་ གྱི་གདུང་རྒྱུན་མི་འཆད་པར་བྱ་བ་ལ་དམིགས་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བ་ལ་དམིགས་པ་སྟེ། ལྷའི་བུ་དམིགས་པ་བཞི་པོ་དེ་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། ། འཇམ་དཔལ་གྱིས་དེ་སྐད་ཅེས་སྨྲས་ནས། ལྷའི་བུ་མཚམས་བཟངས་དང་། དགེ་སློང་དེ་དག་དང་། དགེ་སློང་མ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་འཇམ་དཔལ་གྱིས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །། 55-1-261a ༄༅། །རྒྱ་གར་སྐད་དུ། ཨཱརྱ་བོ་དྷི་པ་ཀཱ་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བྱང་ཆུབ་ཀྱི་ཕྱོགས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱམས་ པ་དང་། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་ སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཕྱིན་ཅི་ལོག་བཞི་པོ་དག་གིས་སེམས་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་རྣམས་འཕགས་པའི་བདེན་པ་བཞི་པོ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་མཐོང་བའི་ཕྱིར་འདི་ ལྟར་ཡང་དག་པ་མ་ཡིན་པའི་འཁོར་བ་འདི་ལས་མི་འདའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་དམིགས་ ན་སེམས་ཅན་རྣམས་འཁོར་བ་ལས་མི་འདའ་བ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སེམས་ཅན་རྣམས་བདག་དང་། བདག་གིར་ཁས་ལེན་པའི་ཕྱིར་འཁོར་བ་ལས་མི་འདའོ། ། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་སུ་བདག་དང་གཞན་དུ་ཡང་དག་པར་རྗེས་སུ་མཐོང་བ་དེ་ལས་མངོན་པར་འདུ་བྱེད་པར་འགྱུར་བའི་ཕྱིར་རོ། །འཇམ་དཔལ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ནི་ཆོས་ཐམས་ཅད་ ཤིན་དུ་ཡོངས་སུ་མྱ་ངན་ལས་འདས་པར་རབ་ཏུ་དམིགས་ཏེ། བདག་དང་གཞན་དུ་དམིགས་སོ། །དམིགས་ནས་ལུས་དང་། ངག་དང་། ཡིད་ཀྱི་ལས་རྣམ་པ་གསུམ་མངོན་པར་འདུ་བྱེད་དོ། །དེ་མེད་པ་ལ་སྒྲོ་བཏགས་ནས་ 55-1-261b བདག་འདོད་ཆགས་སོ། །བདག་ཞེ་སྡང་ངོ་། །བདག་གཏི་མུག་གོ་ཞེས་རྣམ་པར་རྟོག་གོ། །གལ་ཏེ་དེ་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་ན་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་ཚུལ་ཁྲིམས་དང་ལྡན་པ། བདག་ནི་ཚངས་པར་སྤྱོད་པ་སྟེ། བདག་འཁོར་བ་ལས་འདའ་བར་བྱའོ། །བདག་ཡོངས་སུ་མྱ་ངན་ལས་འདས་པ་རྗེས་སུ་ཐོབ་པར་བྱའོ། །བདག་སྡུག་བསྔལ་རྣམས་ལས་ཐར་བར་བྱའོ་སྙམ་མོ། །དེ་ཆོས་འདི་དག་ནི་དགེ་བ་ དག་གོ། །ཆོས་འདི་དག་ནི་མི་དགེ་བ་དག་གོ་སྙམ་དུ་རྟོག་གོ། །དེ་ཆོས་འདི་དག་ནི་སྤང་བར་བྱ་བ་དག་གོ། །ཆོས་འདི་དག་ནི་མངོན་དུ་བྱ་བ་དག་གོ། །སྡུག་བསྔལ་ནི་ཡོངས་སུ་ཤེས་པར་བྱ་བའོ། །ཀུན་འབྱུང་བ་ནི་སྤང་བར་བྱ་ བའོ། །འགོག་པ་ནི་མངོན་སུམ་དུ་བྱ་བའོ། །ལམ་ནི་བསྒོམ་པར་བྱ་བའོ་སྙམ་དུ་རྟོག་གོ། །དེ་འདུ་བྱེད་རྣམས་ནི་མི་རྟག་པ། འདུ་བྱེད་རྣམས་ནི་སྡུག་བསྔལ་བ། འདུ་བྱེད་རྣམས་ནི་ཀུན་དུ་འབར་བ་སྟེ། འདུ་བྱེད་རྣམས་ལས་བདག་ འབྲོས་པར་བྱའོ་སྙམ་དུ་རྟོག་གོ། །དེས་དེ་ལྟར་བརྟགས་པས་མཚན་མ་སྔོན་དུ་འགྲོ་བའི་ཡིད་འབྱུང་བ་དང་ལྡན་པ། མཚན་མ་སྔོན་དུ་འགྲོ་བའི་འདུ་ཤེས་ཡིད་ལ་བྱེད་པ་དག་སྐྱེའོ། །དེ་འདི་སྙམ་དུ་སེམས་ཏེ། གང་ཆོས་འདི་དག་ ཡོངས་སུ་ཤེས་པ་དེ་ནི་སྡུག་བསྔལ་ཡོངས་སུ་ཤེས་པའོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ཀུན་འབྱུང་བ་སྤང་བར་བྱའོ་སྙམ་ནས་དེ་ཆོས་ཐམས་ཅད་ཀྱིས་ཉེན་ཏེ་མི་རྟོགས་སོ། །སྐྲག་གོ། །དངང་ངོ་། །དངང་བར་ འགྱུར་རོ། །དེ་འདི་སྙམ་དུ་སེམས་ཏེ། ཆོས་དེ་དག་མངོན་དུ་བྱེད་པ་གང་ཡིན་པ་དང་། ཆོས་དེ་དག་གིས་ཉེན་པ་གང་ཡིན་པ་དེ་ནི། ཀུན་འབྱུང་བ་སྤོང་བའོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གིས་འགོག་པ་མངོན་སུམ་དུ་བྱའོ་ སྙམ་ནས་དེས་ཆོས་དེ་དག་བརྟགས་ཏེ་འགོག་པ་ཡིན་པ་སྙམ་དུ་ཤེས་སོ། །དེ་འདི་སྙམ་དུ་སེམས་ཏེ། འདི་དག་ནི་འགོག་པ་མངོན་སུམ་དུ་བྱེད་པའོ་སྙམ་མོ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ལམ་བསྒོམ་པར་བྱའོ་སྙམ་ནས་དེ་ 55-1-262a གཅིག་པུ་དབེན་པར་སོང་སྟེ་ཆོས་དེ་དག་ཡིད་ལ་བྱེད་པས་ཞི་གནས་འཐོབ་བོ། །དེ་ཡིད་འབྱུང་བ་ཡིད་ལ་བྱེད་པ་དེ་དང་ཞི་གནས་འཐོབ་པ་དེས་ཆོས་ཐམས་ཅད་དང་སེམས་འགྲས་སོ། །འབྲལ་ལོ། །ལྡོག་གོ། ལོག་ ནས་མངོན་པར་མི་དགའ་བའི་སེམས་བསྐྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། བདག་ནི་སྡུག་བསྔལ་ཐམས་ཅད་ལས་ཐར་ཏེ། བདག་གིས་ཡང་གོང་དུ་བྱ་བ་ཅི་ཞིག་ཡོད་ཀྱིས་བདག་ནི་དགྲ་བཅོམ་པའོ་སྙམ་དུ་བདག་ཉིད་ཀྱིས་ ཤེས་པ་ལས་དེ་འཆི་བའི་དུས་ཀྱི་ཚེ་སྐྱེ་བ་ཡང་དག་པར་རྗེས་སུ་མཐོང་ནས་དེ་སངས་རྒྱས་ཀྱི་བྱང་ཆུབ་ལ་དོགས་པ་དང་། ཡིད་གཉིས་དང་། ཐེ་ཙོམ་ཟའོ། །དེ་ཐེ་ཙོམ་དུ་ལྟུང་བའི་སེམས་ཀྱིས་འཆི་བའི་དུས་བྱས་ནས་སེམས་ ཅན་དམྱལ་བ་ཆེན་པོ་རྣམས་སུ་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཆོས་ཐམས་ཅད་མ་སྐྱེས་པ་ལ་རྣམ་པར་བརྟགས་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་འཕགས་པའི་བདེན་པ་བཞི་པོ་དག་ཇི་ལྟར་བལྟ་བར་བགྱི། བཀའ་སྩལ་པ། འཇམ་དཔལ་སུས་འདུ་བྱེད་ཐམས་ཅད་སྐྱེ་བ་མེད་པར་མཐོང་བ་དེས་སྡུག་བསྔལ་ཡོངས་སུ་ཤེས་སོ། །སུས་ཆོས་ཐམས་ཅད་འབྱུང་ བ་མེད་པར་མཐོང་བ་དེས་ཀུན་འབྱུང་བ་སྤངས་སོ། །སུས་ཆོས་ཐམས་ཅད་ཤིན་དུ་ཡོངས་སུ་མྱ་ངན་ལས་འདས་པར་མཐོང་བ་དེས་འགོག་པ་མངོན་སུམ་དུ་བྱས་སོ། །སུས་ཆོས་ཐམས་ཅད་དངོས་པོ་མེད་པར་མཐོང་བ་དེས་ ལམ་བསྒོམས་སོ། །འཇམ་དཔལ་སུས་འཕགས་པའི་བདེན་པ་བཞི་པོ་དག་འདི་ལྟ་བུར་མཐོང་བ་དེ་ཆོས་འདི་དག་ནི་དགེ་བ་དག་གོ། །ཆོས་འདི་དག་ནི་མི་དགེ་བ་དག་གོ། །ཆོས་འདི་དག་ནི་སྤང་བར་བྱ་བ་དག་གོ། །ཆོས་འདི་ དག་ནི་མངོན་སུམ་དུ་བྱ་བ་དག་གོ། །སྡུག་བསྔལ་ནི་ཡོངས་སུ་ཤེས་པར་བྱ་བའོ། །ཀུན་འབྱུང་བ་ནི་སྤང་བར་བྱ་བའོ། །འགོག་པ་ནི་མངོན་སུམ་དུ་བྱ་བའོ། །ལམ་ནི་བསྒོམ་པར་བྱ་བའོ་སྙམ་དུ་མི་རྟོག་རྣམ་པར་མི་རྟོག་ 55-1-262b གོ། །དེ་ཅིའི་ཕྱིར་ཞེ་ན། གང་ལ་བྱིས་པ་སོ་སོའི་སྐྱེ་བོ་དག་ཆགས་པ་དང་། ཞེ་སྡང་བ་དང་། གཏི་མུག་པའི་ཆོས་དེ་མ་སྐྱེས་པར་དེས་མཐོང་ཞིང་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་དང་། རྣམ་པར་བསྒྲུབས་ པར་མཐོང་བའི་ཕྱིར་ཏེ། ཆོས་དེ་གང་ཡང་མི་ལེན་ཏོ། །མི་འདོར་རོ། །དེ་ཁམས་གསུམ་པ་ལ་སེམས་མི་ཆགས་ཏེ། ཁམས་གསུམ་པ་ཐམས་ཅད་མ་སྐྱེས་པ་དང་། སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། བྲག་ཆ་ལྟ་བུ་དང་། མིག་ཡོར་ལྟ་བུར་མཐོང་ངོ་། །དེས་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལྟར་མཐོང་བས་སེམས་ཅན་ཐམས་ཅད་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེས་ཆོས་གང་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བར་འགྱུར་བའི་ཆོས་དེ་མི་དམིགས་ཏེ། དེས་ནམ་མཁའ་དང་མཚུངས་པའི་སེམས་ཀྱིས་སངས་རྒྱས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་དང་། དགེ་འདུན་ཡང་ ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེས་ཆོས་ཐམས་ཅད་སྟོང་པར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་དག་ལའང་ཐེ་ཚོམ་མི་ཟའོ། །ཐེ་ཚོམ་མི་ཟ་བས་ཉེ་བར་ལེན་པར་མི་འགྱུར་རོ། །ཉེ་བར་མི་ལེན་པས་ ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའོ། །འཇམ་དཔལ་དགེ་སློང་རབ་འབྱོར་གྱིས་ཆོས་ཐམས་ཅད་རྣམ་པ་དེ་ལྟ་བུར་ཤེས་པས་དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་དུ་མི་འོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བདག་ཉིད་ཀྱང་མི་དམིགས་ན་དེ་བཞིན་གཤེགས་པ་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མ་ཡིན་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་མ་འོངས་པའི་དུས་ན་དགེ་སློང་དག་མི་སྡུག་པའི་རྣམ་པར་ལུས་ལ་ལུས་ཀྱི་ 55-1-263a རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྟོན་པར་འགྱུར། སྐྱེ་བ་དང་། འགོག་པར་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྟོན་པར་འགྱུར། སེམས་ལ་སྐྱེ་བའི་ཆོས་དང་། འགག་པའི་ཆོས་སུ་ལྟའོ་སྙམ་དུ་དེ་ལྟར་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྟན་པར་འགྱུར། གང་རིལ་པོར་འདུ་ཤེས་པར་མི་འགྱུར་བ་དེ་ལྟར་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ བའི་དྲན་པ་ཉེ་བར་གཞག་པ་སྟོན་པར་འགྱུར་བ་དེ་དག་འབྱུང་ངོ་། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་གཤེགས་པའི་ལྡེམ་པོ་ངག་ཤེས་པར་དཀའ་ཡིས་ཐོང་ཤིག །འཇམ་ དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་སྒོམ་པ་བཤད་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ལུས་ནམ་མཁའ་དང་འདྲ་བར་མཐོང་བ་འདི་ནི་ ལུས་ལ་ལུས་ཀྱི་རྗེས་སུ་བལྟ་བའི་དྲན་པ་ཉེ་བར་བཞག་པའོ། །འཇམ་དཔལ་སུས་ཚོར་བ་ནང་ན་ཡང་མ་ཡིན། ཕྱི་རོལ་ན་ཡང་མ་ཡིན་ཞིང་གཉི་ག་མེད་པ་ལ་ཡང་མི་དམིགས་པ་འདི་ནི་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ ལྟ་བའི་དྲན་པ་ཉེ་བར་གཞག་པའོ། །འཇམ་དཔལ་སུས་སེམས་ལ་མིང་ཙམ་དུ་ཟད་པར་ཤེས་པ་འདི་ནི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའོ། །འཇམ་དཔལ་སུས་དགེ་བ་དང་། མི་དགེ་ བ་དང་ལུང་དུ་མ་བསྟན་པའི་ཆོས་མི་དམིགས་པ་འདི་ནི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྟེ། འཇམ་དཔལ་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ནི་དེ་ལྟར་བལྟ་བར་བྱའོ། །འཇམ་དཔལ་ 55-1-263b གྱིས་གསོལ་པ། བཅོམ་ལྡན་འདས་འཕགས་པ་ལམ་ཡན་ལག་བརྒྱད་པ་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སུས་ཆོས་ཐམས་ཅད་མི་མཉམ་པ་མེད་ལ་གཉིས་སུ་མེད་ཅིང་། གཉིས་སུ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལྟ་བའོ། །འཇམ་དཔལ་སུས་མི་མཐོང་བའི་ཚུལ་གྱིས་ཆོས་ཐམས་ཅད་མི་རྟོག་རྣམ་པར་མི་རྟོག །ཀུན་ཏུ་མི་རྟོག་པར་མཐོང་བ་འདི་ནི་ཡང་དག་པའི་རྟོག་པའོ། །འཇམ་ དཔལ་བརྗོད་པ་མཉམ་པ་ཉིད་ཤིན་དུ་བསྒོམས་པའི་ཕྱིར་ཆོས་ཐམས་ཅད་བརྗོད་དུ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ངག་གོ། །འཇམ་དཔལ་སུས་བྱེད་པ་པོ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་བྱ་བ་མེད་པ་དང་ བྱེད་པ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལས་ཀྱི་མཐའོ། །འཇམ་དཔལ་སུས་འཚོ་བ་མཉམ་པ་ཉིད་དུ་གནས་པའི་ཕྱིར། ཆོས་ཐམས་ཅད་འཕེལ་བར་ཡང་མི་བྱེད། འགྲིབ་པར་ཡང་མི་བྱེད་པ་འདི་ནི་ཡང་དག་པའི་ འཚོ་བའོ། །འཇམ་དཔལ་སུས་རྩོམ་པ་མེད་པར་བརྟུལ་བའི་ཚུལ་གྱིས་ཆོས་ཐམས་ཅད་ཀུན་ནས་མ་སློང་བ་འདི་ནི་ཡང་དག་པའི་རྩོལ་བའོ། །འཇམ་དཔལ་དྲན་པའི་ལས་དབེན་པའི་ཕྱིར་སུས་ཆོས་ཐམས་ཅད་དྲན་པར་མི་ བྱེད་པ་འདི་ནི་ཡང་དག་པའི་དྲན་པའོ། །འཇམ་དཔལ་སུས་དམིགས་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པར་བཞག་ཅིང་མ་འཁྲུགས་པར་མཐོང་བ་འདི་ནི་ཡང་དག་པའི་ཏིང་ངེ་འཛིན་ཏེ། འཇམ་དཔལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་དེ་ལྟར་བལྟ་བར་བྱའོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དབང་པོ་དག་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སུས་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་མ་སྐྱེས་པར་མཐོང་བར་ཡིད་ཆེས་པ་འདི་ནི་དད་པའི་དབང་པོའོ། །འཇམ་དཔལ་སུས་ཉེ་བའི་འདུ་ཤེས་དང་རིང་བའི་འདུ་ཤེས་དང་བྲལ་བའི་ཕྱིར་ 55-1-264a ཆོས་ཐམས་ཅད་ལ་སེམས་མི་གཏོང་བ་འདི་ནི་བརྩོན་འགྲུས་ཀྱི་དབང་པོའོ། །འཇམ་དཔལ་སུས་དམིགས་པ་དབེན་པའི་ཕྱིར་ཆོས་ཐམས་ཅད་ཡིད་ལ་མི་བྱེད་ཅིང་དྲན་པ་མི་འདོགས་པ་འདི་ནི་དྲན་པའི་དབང་ པོའོ། །འཇམ་དཔལ་སུས་གཉིས་སུ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་གཉིས་སུ་མེད་པར་མཐོང་བ་འདི་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །འཇམ་དཔལ་སུས་སྐྱེ་བ་དང་བྲལ་བ་དང་། མི་ཤེས་པ་དང་བྲལ་བའི་ ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་མཐོང་བ་འདི་ནི་ཤེས་རབ་ཀྱི་དབང་པོ་སྟེ་འཇམ་དཔལ་དབང་པོ་ལྔ་པོ་དག་ནི་དེ་ལྟར་བལྟ་བར་བྱའོ། །འཇམ་དཔལ་གྱིས་གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དག་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སུས་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པའི་ཕྱིར་ཆོས་ཐམས་ཅད་དངོས་པོ་མེད་པར་མཐོང་བ་འདི་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་དཔལ་སུས་ དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ཡོངས་སུ་མི་འགྲུབ་པའི་ཕྱིར་ཆོས་ཐམས་ཅད་དབེན་ཞིང་མི་དམིགས་པ་འདི་ནི་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་དཔལ་སུས་ཁམས་ ཀྱི་འདུ་ཤེས་ཤིན་དུ་བཤིག་པའི་ཕྱིར་ཁམས་གསུམ་པ་མི་ལེན་མི་འདོར་བ་འདི་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་དཔལ་སུས་དགའ་བ་དང་། མི་དགའ་བ་རྣམ་པར་བཤིག་པའི་ཕྱིར་འདུ་བྱེད་ ཐམས་ཅད་ལ་དགའ་བ་མི་སྐྱེད་པ་འདི་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་དཔལ་སུས་དམིགས་པའི་དངོས་པོ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ལ་སེམས་ཤིན་དུ་སྦྱངས་པར་གྱུར་པ་འདི་ནི་ ཤིན་དུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་དཔལ་སུས་ཆོས་ཐམས་ཅད་རྣམ་པར་གཞིག་པ་རྗེས་སུ་རྟོགས་པའི་ཕྱིར་སེམས་མི་དམིགས་པ་འདི་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། ། 55-1-264b འཇམ་དཔལ་སུས་ཆོས་ཐམས་ཅད་ལ་གནས་པར་མི་བྱེད། རྟེན་པར་མི་བྱེད། ཆགས་པར་མི་བྱེད། འཆིང་བར་མི་བྱེད་ཅིང་དེ་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་བའི་བཏང་སྙོམས་ཅན་དུ་གྱུར་ཏེ། དགའ་བ་ཐོབ་པ་འདི་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། འཇམ་དཔལ་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དག་ནི་དེ་ལྟར་བལྟ་བར་བྱའོ། །འཇམ་དཔལ་གང་ལ་ལས་འཕགས་པའི་བདེན་པ་བཞི་ པོ་དག་དང་། དྲན་པ་ཉེ་བར་གཞག་པ་བཞི་པོ་དག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དག་དང་། དབང་པོ་ལྔ་པོ་དག་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དག་དེ་ལྟ་བུར་མཐོང་བ་འདི་ནི་རྒལ་བའོ་ཞེས་ང་སྨྲ་ སྟེ། ཕ་རོལ་དུ་སོན་པའོ། །ཐང་ལ་གནས་པའོ། །བདེ་བ་ཐོབ་པའོ། །མི་འཇིགས་པ་ཐོབ་པའོ། །ཁུར་བོར་བའོ། །རྡུལ་དང་བྲལ་བའོ། །ཅི་ཡང་མེད་པའོ། །ཉོན་མོངས་པ་མེད་པའོ། །ལེན་པ་མེད་པའོ། ། དགྲ་བཅོམ་པའོ། །དགེ་སྦྱོང་ངོ་། །བྲམ་ཟེའོ། །བཀྲུས་པའོ་རིག་པའོ། །རིང་དུ་སོང་བའོ། །གཙང་མའོ། །སངས་རྒྱས་ཀྱི་སྲས་སོ། །ཤཱཀྱའི་སྲས་སོ། །ཚེར་མ་དཀྲུགས་པའོ། །འོབས་ལས་རྒལ་བའོ། །ཤིན་དུ་ བརྟན་པའོ། །རིམས་ནད་མེད་པའོ། །དགེ་སློང་ངོ་། །འཕགས་པའོ། །རྒྱལ་མཚན་རྫོགས་པའོ་ཞེས་སྨྲའོ། །འཇམ་དཔལ་བཟོད་པ་དེ་ལྟ་བུ་དང་ལྡན་པ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྦྱིན་གནས་ཡིན་ཏེ་ རྙེད་པ་དང་། བཀུར་སྟིའི་འོས་ཀྱང་ཡིན་ནོ། །འཇམ་དཔལ་དེ་ལྟ་བས་ན། དགེ་སློང་ཡུལ་འཁོར་གྱི་བསོད་སྙོམས་དོན་ཡོད་པར་ཡོངས་སུ་བཟའ་བར་འདོད་པ་དང་། བདུད་འདུལ་བར་འདོད་པ་དང་། འཁོར་ བ་ལས་ཡང་དག་པར་འདའ་བར་འདོད་པ་དང་། མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་དང་། སྡུག་བསྔལ་རྣམས་ལས་གྲོལ་བར་འདོད་པས་ཆོས་འདི་དག་ལ་བརྩོན་པར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་ 55-1-265a བསྟན་པ་ན་ལྷའི་བུ་སུམ་ཁྲི་ཉིས་སྟོང་གིས་ཆོས་མངོན་པར་རྟོགས་པར་གྱུར་ནས་དེ་དག་གིས་བཅོམ་ལྡན་འདས་ལ་མན་ད་ར་བའི་མེ་ཏོག་གིས་གཏོར་ཏེ་ཚིག་འདི་སྐད་ཅེས་སྨྲས་སོ། །བཅོས་ལྡན་འདས་ཆོས་བསྟན་ པ་འདི་སུ་དག་གི་རྣ་ལམ་དུ་གྲགས་པར་འགྱུར་པ་དེ་དག་ནི། དེ་བཞིན་གཤེགས་པའི་བསྟན་པ་ལ་ལེགས་པར་རབ་ཏུ་བྱུང་བ་ལེགས་པར་འགྱུར་ན། གང་དག་ཐོས་ནས་མོས་པ་དང་། དད་པ་དང་། དེ་བཞིན་ ཉིད་དུ་འཛིན་པར་འགྱུར་བ་དག་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཆོས་བསྟན་པ་འདི་སུ་དག་གི་རྣ་ལམ་དུ་གྲགས་པར་འགྱུར་པ་དེ་དག་ནི། མངོན་པའི་ང་རྒྱལ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་ འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བྱང་ཆུབ་ཀྱི་ཕྱོགས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགསྷོ།། །། རྒྱ་གར་གྱི་མཁན་པོ་འཛི་ན་མི་ཏྲ་དང་། ཛྙཱ་ན་སིདྡྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ། །ཤུ་ལོ་ག་དགུ་བཅུ་རྩ་གཉིས། ། ༄༅། །རྒྱ་གར་སྐད་དུ། ཨཱརྱ་སཾ་པྲ་ཏེ་པ་ར་མཱ་རཱ་ས་ཏྱེན་ ནིར་དེ་ཤ་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་ 55-1-265b སེམས་དཔའ་བདུན་ཁྲི་ཉིས་སྟོང་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ ནས་ཆོས་སྟོན་ཏོ། །དེ་ནས་ལྷའི་བུ་རབ་ཏུ་ཞི་བ་རྣམ་པར་དུལ་བའི་དབང་ཕྱུག་ཅེས་བྱ་བ་འཁོར་དེར་འདུས་པར་གྱུར་ཏེ་འདུག་པ་དེས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ག་ལ་བ་ དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་དེ་ལྟར་གང་ན་མཆིས་བཅོམ་ལྡན་འདས་བདག་དང་འཁོར་མང་པོ་ འདི་རྣམས་ཀྱང་སྐྱེས་བུ་དམ་པ་དེས་ཆོས་བསྟན་པར་རབ་ཏུ་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅྭོ་བརྒྱད་འདས་ པ་ན། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་ཏོག་ཅེས་བྱ་བ་ད་ལྟར་བཞུགས་པ་འཚོ་ཞིང་གཞེས་ ལ་ཆོས་ཀྱང་སྟོན་ཏེ། །འཇམ་དཔལ་གཞོན་ནུར་གྱུར་པའང་ད་ལྟར་དེ་ན་འདུག་གོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷའི་བུ་རབ་ཏུ་ཞི་བ་རྣམ་པར་དུལ་བའི་དབང་ཕྱུག་གིས་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཅི་ནས་དེ་མཚན་མ་རིག་པས་འདིར་མཆི་བར་སེམས་པ་དེ་ལྟ་བུའི་མཚན་མ་ཞིག་མཛད་ན་ལེགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ ལྡན་འདས་ཇི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པ་ལས་ཐོས་པ་ལྟ་བུར་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དམིགས་པ་ཅན་རྣམས་ལས། དེ་ལྟ་བུའི་ཆོས་བསྟན་པ་མི་ 55-1-266a ཐོས་ཏེ། དེ་བཞིན་གཤེགས་པ་མ་གཏོགས་པར་གཞན་སུ་ཡང་དེ་ལྟ་བུར་ཆོས་སྟོན་མི་ནུས་སོ། །བཅོམ་ལྡན་འདས་ནམ་འཇམ་དཔལ་ཆོས་སྟོན་པ་དེ་ན་བདུད་ཀྱི་ཁང་པ་ཐམས་ཅད་མོག་མོག་པོར་འགྱུར་རོ། །བདུད་ ཐམས་ཅད་ཀྱིས་ཀྱང་ཀླགས་མི་རྙེད་དོ། །ཕ་རོལ་རྒོལ་བ་ཐམས་ཅད་ཀྱང་ཤིན་དུ་ཚར་ཆོད་པར་འགྱུར་རོ། །དམིགས་པ་ཅན་རྣམས་ཀྱང་དམིགས་པ་མ་མཆིས་པར་འགྱུར་རོ། །དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར་འགྱུར་རོ། ། དེ་བཞིན་གཤེགས་པ་ཡང་དེ་ལ་རྗེས་སུ་ཡི་རང་ཞིང་རབ་ཏུ་གཟུང་བ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་རབ་ཏུ་ཞི་བ་རྣམ་པར་དུལ་བའི་དབང་ཕྱུག་གསོལ་བ་འདེབས་པར་མཁྱེན་ནས། ཞལ་གྱི་མཛོད་སྤུ་ནས་འོད་ཟེར་ གཅིག་བཏང་སྟེ། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་སྣང་བར་བྱས་ནས། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅྭ་བརྒྱད་པོ་དེ་དག་ལས་ཐལ་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིན་པོ་ཆེའི་ཏོག་དེའི་སངས་རྒྱས་ཀྱི་ཞིང་། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བ། དེ་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་ཏོག་བཞུགས་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁ་ཅིག་གིས་གསོལ་པ། བཅོམ་ལྡན་འདས་འདི་ལྟར་འོད་ཆེན་པོ་རབ་ཏུ་དགའ་བ་འདི་སུའི་ལྟས་སྔོན་དུ་བྱུང་བ་ལགས། བཅོམ་ལྡན་འདས་རིན་པོ་ཆེའི་ཏོག་གིས་བཀའ་སྩལ་པ། རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་ འདི་ནས་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅྭ་བརྒྱད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ 55-1-266b ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ད་ལྟ་ན་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ ཐུབ་པ་དེས་ཞལ་ཀྱི་མཛོད་སྤུ་ནས་འོད་ཟེར་གཅིག་བཏང་བས། འོད་ཟེར་གྱི་སྣང་བ་དེས་སངས་རྒྱས་ཀྱི་ཞིང་། སྟོང་ཕྲག་བཅྭ་བརྒྱད་ལས་ཐལ་ནས་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་སྣང་བར་བྱས་སོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་འོད་ཟེར་འདི་བཏང་། བཅོམ་ལྡན་འདས་ རིན་པོ་ཆེའི་ཏོག་གིས་བཀའ་སྩལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་སྦྲན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པ་དེར་འོང་བར་བྱ་བའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་ འདས་པ་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་མང་པོ་ལ་སོགས་པ་འཁོར་དང་ཚོགས་པ་དེ་དག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བལྟ་བ་དང་། ཆོས་ཉེན་པར་འདོད་དོ། །དེ་བཞིན་གཤེགས་པ་ རིན་པོ་ཆེའི་ཏོག་གིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཀྱ་ཐུབ་པ་དང་། འཁོར་དེ་དག་ཐམས་ཅད་ཁྱོད་ལ་ལྟ་འདོད་ཀྱིས། འཇིག་ རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་དེར་སོང་ཤིག །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཀྱང་ལྟས་སྔོན་དུ་བྱུང་བ་འདི་འཚལ་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་བྱང་ཆུབ་སེམས་དཔའ་ སྟོང་ཕྲག་བཅུ་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་རིན་པོ་ཆེའི་ཏོག་གི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ 55-1-267a རྫོགས་པའི་སངས་རྒྱས་རིན་པོ་ཆེའི་ཏོག་ལ་ལན་གསུམ་དུ་བསྐོར་བ་བྱས་ནས་འདི་ལྟ་སྟེ། སྐྱེས་བུ་སྟོབས་པོ་ཆེ་ལག་པ་བསྐུམ་པ་ལས་བརྐྱང་བ་འམ། ལག་པ་བརྐྱང་བ་ལས་བསྐུམ་པ་བཞིན་དུ་སྐད་ཅིག་ཡུད་ཙམ་ ཐང་ཅིག་དེ་ཉིད་ཀྱིས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་ཏེ། དེ་བར་སྣང་ལ་ལུས་མི་སྣང་བར་འདུག་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ མཆོད་པ་བྱ་བའི་ཕྱིར། མེ་ཏོག་སྔོན་མ་མཐོང་མ་ཐོས་པ། དྲི་ཞིམ་པ་ཁ་དོག་དང་ལྡན་པ་ཡིད་དུ་འོང་བའི་ཆར་ཆེན་པོ་མངོན་པར་ཕབ་སྟེ། མེ་ཏོག་གི་ཆར་ཆེན་པོ་ཕབ་པ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ འདི་པུས་མོ་ནུབ་ཙམ་དུ་གང་བར་གྱུར་ཏོ། །དེ་ནས་འཁོར་དེ་ཐམས་ཅད་མེ་ཏོག་གི་ཆར་ཆེན་པོ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་སུའི་མཐུས་འདི་ལྟ་བུར་བལྟ་ན་སྡུག་ པའི་མེ་ཏོག་གི་ཆར་ཆེན་པོ་མངོན་པར་ཕབ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་འཇམ་དཔལ་གཞོན་ནུར་པ། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ནས་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་དང་ འགྲོགས་ཏེ། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་ནས་དེ་དག་གི་ལུས་མི་སྣང་བར་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་འདི་ལྟ་བུའི་མེ་ཏོག་གི་ཆར་ཆེན་པོ་མངོན་པར་ཕབ་པོ། །འཁོར་དེ་དག་གིས་གསོལ་པ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་དེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བདག་ཅག་གིས་བལྟའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་ དང་ལྷན་ཅིག་ཏུ་བར་སྣང་ལས་བབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བྱང་ཆུབ་སམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། འཇམ་དཔལ་གཞོན་ནུར་གྱུར་པ་རང་རང་གི་རྫུ་འཕྲུལ་ 55-1-267b གྱིས་སྤྲུལ་པའི་སྟན་ལ་འཁོད་དོ། །དེ་ནས་ལྷའི་བུ་རབ་ཏུ་ཞི་བ་རྣམ་པར་དུལ་བའི་དབང་ཕྱུག་གིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་འཁོར་འདི་དག་ཉན་འཚལ་ན། བཅོམ་ལྡན་འདས་ཀྱིས་བཀའ་མཆིད་ཀྱི་རྒྱུད་འགའ་ཞིག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྨྲར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་ཁྱོད་ཉིད་ཀྱིས་ གང་འདོད་པ་དྲིས་ཤིག །ལྷའི་བུས་སྨྲས་པ། འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེའི་ཏོག་དེའི་སངས་རྒྱས་ཀྱི་ཞིང་ན་ཆོས་བསྟན་པ་ཇི་ལྟ་བུ་དག་འབྱུང་ན་དེར་མངོན་པར་དགའ། འཇམ་དཔལ་གྱིས་ སྨྲས་པ། དོན་དམ་པར་ན་འདོད་ཆགས་བསྐྱེད་པའི་ཕྱིར་ཡང་མ་ཡིན། འདོད་ཆགས་ཟད་པར་བྱ་བའི་ཕྱིར་ཡང་མ་ཡིན་ནོ། །དོན་དམ་པར་ན་ཞེ་སྡང་བསྐྱེད་པའི་ཕྱིར་ཡང་མ་ཡིན། ཞེ་སྡང་ཟད་པར་བྱ་བའི་ཕྱིར་ཡང་མ་ཡིན་ནོ། ། དོན་དམ་པར་ན་གཏི་མུག་བསྐྱེད་པའི་ཕྱིར་ཡང་མ་ཡིན། གཏི་མུག་ཟད་པར་བྱ་བའི་ཕྱིར་ཡང་མ་ཡིན་ནོ། །དོན་དམ་པར་ན་ཡེ་ཤེས་བསྐྱེད་པའི་ཕྱིར་ཡང་མ་ཡིན། ཡེ་ཤེས་ཟད་པར་བྱ་བའི་ཕྱིར་ཡང་མ་ཡིན་ནོ། །ལྷའི་བུས་སྨྲས་ པ། འཇམ་དཔལ་ཅིའི་ཕྱིར། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་མི་སྐྱེ་བ་ལ་སྐྱེ་བ་འམ་ཟད་པ་གང་ཡང་མེད་དོ། །ལྷའི་བུ་དོན་དམ་པར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་རྣམ་པར་རྟོག་པ་སྐྱེས་པ་ འམ། སྐྱེ་བའམ། སྐྱེ་བར་འགྱུར་བ་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་ན་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པ་དེ་ཅི་ཞིག་སྤང་ བའི་ཕྱིར་ཆོས་སྟོན་འཇམ་དཔལ་གྱིས་སྨྲས་པ། དོན་དམ་པར་ན་རང་བཞིན་གྱིས་མི་སྐྱེ་མི་ཟད་པའི་ཕྱིར་དེ་བཞིན་གཤེགས་པ་དེ་ཆོས་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་དོན་དམ་པའི་བདེན་པ་ལ་ལྷུར་ 55-1-268a བྱེད་པ་ཡིན་གྱི་ཀུན་རྫོབ་ཀྱི་བདེན་པ་ལ་ཡང་ལྷུར་བྱེད་པ་མ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་དོན་དམ་པའི་བདེན་པ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གལ་ཏེ་དོན་དམ་པར་ན་དོན་ དམ་པའི་བདེན་པ་ལུས་དང་། ངག་དང་། ཡིད་ཀྱི་ཡུལ་གྱི་རང་བཞིན་དུ་འགྱུར་ན་ནི་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །འོན་ཀྱང་ལྷའི་བུ་དོན་དམ་པར་ན་དོན་དམ་པའི་ བདེན་པའི་ཐ་སྙད་ཐམས་ཅད་ལས་ཡང་དག་པར་འདས་པ། བྱེ་བྲག་མེད་པ། མ་སྐྱེས་པ། མ་འགགས་པ། སྨྲ་བར་བྱ་བ་དང་། སྨྲ་བ་དང་། ཤེས་པར་བྱ་བ་དང་། ཤེས་པ་དང་བྲལ་བའོ། །ལྷའི་བུ་དོན་དམ་པའི་ བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་ཡང་དག་པར་འདས་པ་ཡིན་ཏེ། ལྷའི་བུ་དེ་ལ་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་འཇུག་པ་འང་མེད། ལྡོག་པ་འང་ མེད་དོ། །དོན་དམ་པར་ན་དེ་ལ་ཕ་རོལ་ཡང་མེད། ཚུ་རོལ་ཡང་མེད། དབུས་ཀྱང་མེད་དེ། ལྷའི་བུ་འདི་ནི་དོན་དམ་པའི་བདེན་པ་ཞེས་སྒྲོ་བཏགས་ཏེ་བརྗོད་མོད་ཀྱི། ཇི་ལྟར་དོན་དམ་པའི་བདེན་པའོ་ཞེས་བྱ་བ་ལྟར་ནི་ མ་ཡིན་ནོ། །ལྷའི་བུ་དོན་ནི་དོན་དམ་པར་མི་སྐྱེ་བ་སྟེ། དེ་ལ་ཐ་སྙད་ཐམས་ཅད་མི་འཇུག་གོ། །དོན་དམ་པར་གང་ལ་ཐ་སྙད་ཐམས་ཅད་མི་འཇུག་པ་དེ་ནི་ལྷའི་བུ་དོན་དམ་པའི་བདེན་པ་སྟེ། ཇི་ལྟར་དོན་དམ་པའི་ བདེན་པའོ་ཞེས་བརྗོད་པ་ལྟར་ན་མ་ཡིན་ནོ། །ལྷའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་དོན་དམ་པར་ན་ཆོས་ཐམས་ཅད་དང་། སྒྲ་ཐམས་ཅད་ནི་བརྫུན་ཏེ་སླུ་བའི་ ཆོས་སོ་ཞེས་བཀའ་སྩལ་ཏོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་དེ་བཞིན་གཤེགས་པས་ཆོས་བཤད་པ་དེ་བརྫུན་དུ་མི་འགྱུར་རམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་གཤེགས་པ་ནི་ 55-1-268b དོན་དམ་པར་ན་བརྫུན་དུ་འང་མི་འཆད་བདེན་པར་ཡང་མི་འཆད་དོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དོན་དམ་པར་ན་དེ་བཞིན་གཤེགས་པ་ནི་མ་སྐྱེས་པ་སྟེ། དེ་དོན་དམ་པར་ན་བདེན་པ་དང་བརྫུན་པར་མི་འཆད་དོ། ། ལྷའི་བུ་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པའི་སྤྲུལ་པས་བཤད་པ་དེ་བདེན་ནམ་འོན་ཏེ། བརྫུན། ལྷའི་བུས་སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པ་སྤྲུལ་པས་བཤད་པ་ནི་བདེན་པ་འང་མ་ ཡིན་བརྫུན་པ་འང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་དོན་དམ་པར་ན་དེ་བཞིན་གཤེགས་པས་སྤྲུལ་པ་ལ་ཡང་དག་པར་ཡོངས་སུ་གྲུབ་པ་གང་ཡང་མེད་དོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་དེ་བཞིན་ གཤེགས་པས་དོན་དམ་པར་ཆོས་ཐམས་ཅད་ཡོངས་སུ་མ་གྲུབ་པར་མཁྱེན་ཏོ། །གང་དོན་དམ་པར་ཡོངས་སུ་མ་གྲུབ་པ་དེ་ནི་དོན་དམ་པར་ན་བདེན་པ་ཞེས་ཀྱང་མི་བྱ། བརྫུན་པ་ཞེས་ཀྱང་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ པར་ན་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། ཅི་འཇམ་དཔལ་དེ་བཞིན་གཤེགས་པ་དོན་དམ་པའི་བདེན་པ་སྟོན་ཏམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པའི་བདེན་པ་ནི་བསྟན་པར་མི་ ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་སྟོན་པ་དང་། གང་གིས་སྟོན་པ་དང་། ཅི་སྟོན་པ་དང་། གང་ལ་སྟོན་པ་དང་། ཅིའི་ཕྱིར་སྟོན་པ་དང་ཐམས་ཅད་དོན་དམ་པར་ན་རབ་ཏུ་མ་སྐྱེས་པའོ། ། རབ་ཏུ་མ་སྐྱེས་པའི་ཆོས་རྣམས་ཀྱིས་ནི་རབ་ཏུ་མ་སྐྱེས་པའི་ཆོས་རྣམས་བཤད་མི་ནུས་སོ། །འཇམ་དཔལ་གཞོན་ནུར་གྱུར་པས་དོན་དམ་པའི་བདེན་པ་བསྟན་པ་འདི་ནི་སྟོན་པའི་ཚུལ་གྱིས་བསྟན་པ་ན་དགེ་སློང་ལྔ་ བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བྱང་ཆུབ་སམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་རྣམས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་མ་སྐྱེས་པའི་ཚུལ་གྱིས་བཟོད་པ་ 55-1-269a སྐྱེས་སོ། །ལྷའི་བུས་སྨྲས་པ། འཇམ་དཔལ་དོན་དམ་པའི་བདེན་པ་ལ་མོས་པར་དཀའོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པའི་བདེན་པ་ལ་ནི་དམིགས་པ་ཅན་ཐམས་ཅད་ཀྱིས་ མོས་པར་དཀའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་དོན་དམ་པའི་བདེན་པ་ཁོང་དུ་ཆུད་པར་དཀའོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་མི་བརྩོན་པས་དོན་དམ་པ་ཁོང་དུ་ཆུད་པར་དཀའོ། །ལྷའི་བུས་ སྨྲས་པ། འཇམ་དཔལ་ཇི་ལྟར་ན་དགེ་སློང་མངོན་པར་བརྩོན་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ན་ནམ་ཡོངས་སུ་ཤེས་པ་དང་། སྤང་བ་དང་། བསྒོམ་པ་དང་། མངོན་དུ་བྱ་བའི་ཕྱིར་ བརྩོན་པར་མ་གྱུར་ན་ལྷའི་བུ་དེ་ལྟར་དགེ་སློང་མི་བརྩོན་པའི་ཚུལ་གྱིས་མངོན་པར་བརྩོན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་འདི་སྙམ་དུ་དོན་དམ་པར་འདི་ཡོངས་སུ་ཤེས་པར་བྱའོ། །འདི་སྤང་བར་བྱའོ། ། འདི་བསྒོམ་པར་བྱའོ། །འདི་མངོན་དུ་བྱའོ་སྙམ་དུ་སེམས་པའི་སྦྱོར་བ་དེ་ནི་མཚན་མ་དང་བཅས་པ། སྤྲོས་པ་དང་། བཅས་པ། དམིགས་པ་དང་བཅས་པ། ཉོན་མོངས་པ་དང་བཅས་པ། འཁྲུགས་པ་དང་བཅས་པ། འཇིགས་པ་དང་བཅས་པ། ནོར་དང་བཅས་པ། སྡུག་བསྔལ་དང་བཅས་པ། ཟུག་རྔུ་དང་བཅས་པ། དུག་དང་བཅས་པ་སྟེ། དེའི་སྦྱོར་བ་ དེ་ནི་ཡང་དག་པ་མ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཡང་དག་པར་སྦྱོར་བ་ནི་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ན་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་དང་། ཤིན་དུ་མི་སྐྱེ་བ་གང་དང་མཉམ་པ། དོན་དམ་པར་ན་མཚམས་མེད་པ་ལྔ་པོ་དག་ཀྱང་དེ་དང་མཉམ་མོ། །དོན་དམ་པར་ན་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཤིན་དུ་མི་སྐྱེ་བ་གང་དང་མཉམ་པ། དོན་དམ་ 55-1-269b པར་ན་ལྟ་བར་གྱུར་པ་རྣམས་ཀྱང་དེ་དང་མཉམ་མོ། །དོན་དམ་པར་ན་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཤིན་དུ་མི་སྐྱེ་བ་གང་དང་མཉམ་པ། དོན་དམ་པར་ན་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་དེ་དང་མཉམ་མོ། ། དོན་དམ་པར་ན་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཤིན་དུ་མི་སྐྱེ་བ་གང་དང་མཉམ་པ། དོན་དམ་པར་ན་སློབ་པའི་ཆོས་རྣམས་ཀྱང་དེ་དང་མཉམ་མོ། །དོན་དམ་པར་ན་དེ་བཞིན་ཉིད་དང་། ཆོས་ཀྱི་ དབྱིངས་དང་། ཤིན་དུ་མི་སྐྱེ་བ་གང་དང་མཉམ་པ། དོན་དམ་པར་ན་མི་སློབ་པའི་ཆོས་རྣམས་ཀྱང་དེ་དང་མཉམ་མོ། །དོན་དམ་པར་ན་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཤིན་དུ་མི་སྐྱེ་བ་གང་དང་། མཉམ་པ། དོན་དམ་པར་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམས་ཀྱང་དེ་དང་མཉམ་མོ། །དོན་དམ་པར་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་གང་དང་མཉམ་པ། དོན་དམ་ པར་ན་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཤིན་དུ་མི་སྐྱེ་བ་འང་དེ་དང་མཉམ་མོ། །དོན་དམ་པར་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་གང་དང་མཉམ་པ། དོན་དམ་པར་ན་མྱ་ངན་ ལས་འདས་པ་ཡང་དེ་དང་མཉམ་མོ། །དོན་དམ་པར་ན་མྱ་ངན་ལས་འདས་པ་གང་དང་། མཉམ་པ། དོན་དམ་པར་ན་འཁོར་བ་ཡང་དེ་དང་མཉམ་མོ། །དོན་དམ་པར་ན་འཁོར་བ་གང་དང་མཉམ་པ། དོན་དམ་པར་ན་ཀུན་ ནས་ཉོན་མོངས་པ་ཡང་དེ་དང་མཉམ་མོ། །དོན་དམ་པར་ན་ཀུན་ནས་ཉོན་མོངས་པ་གང་དང་མཉམ་པ། དོན་དམ་པར་ན་རྣམ་པར་བྱང་བ་ཡང་དེ་དང་མཉམ་མོ། །དོན་དམ་པར་ན་རྣམ་པར་བྱང་བ་གང་དང་མཉམ་པ། དོན་དམ་ པར་ན་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་མོ། །དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་མཉམ་པ་ཉིད་ཡང་དག་པར་སྦྱོར་བའི་དགེ་སློང་ནི་ལྷའི་བུ་དོན་དམ་པར་ན་ཡང་དག་པར་སྦྱོར་བ་ཞེས་བྱ་སྟེ་ཇི་སྐད་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་ 55-1-270a དཔལ་མཉམ་པ་ཉིད་གང་གིས་དོན་དམ་པར་ན་རྣམ་པར་བྱང་བའི་བར་དུ་གང་དང་མཉམ་པ་དོན་དམ་པར་ན་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་ཞེས་བྱ། འཇམ་དཔལ་གྱིས་སྨྲས་པ། དོན་དམ་པར་ན་ཆོས་ཐམས་ཅད་ཤིན་ དུ་མི་འབྱུང་བར་མཉམ་པ་དང་། དོན་དམ་པར་ན་ཆོས་ཐམས་ཅད་ཤིན་དུ་མི་སྐྱེ་བར་མཉམ་པ་དང་། དོན་དམ་པར་ན་ཆོས་ཐམས་ཅད་ཤིན་དུ་དངོས་པོ་མེད་པར་མཉམ་པས། ལྷའི་བུ་དོན་དམ་པར་ན་ཆོས་ཐམས་ཅད་མཉམ་མོ། ། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དོན་དམ་པར་ན་ཤིན་དུ་མི་འབྱུང་བ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ནི་ཐ་དད་དུ་བྱ་བ་མེད་དོ། །ལྷའི་བུ་འདི་ལྟ་སྟེ་དཔེར་ན། ཁམ་པའི་སྣོད་ཀྱི་ནང་གི་ནམ་མཁའ་གང་ཡིན་པ་དང་། རིན་པོ་ཆེའི་ སྣོད་ཀྱི་ནང་གི་ནམ་མཁའ་གང་ཡིན་པ་དེ་ནི་ནམ་མཁའི་ཁམས་ཉིད་ཡིན་ཏེ། དེ་ལ་དོན་དམ་པར་ན་ཆུང་ཟད་ཀྱང་ཐ་དད་དུ་བྱ་བ་མེད་དོ། །ལྷའི་བུ་དེ་བཞིན་ཉིད་དུ་ཉོན་མོངས་པ་གང་ཡིན་པ་དེ་དོན་དམ་པར་ན་ཤིན་དུ་མི་འབྱུང་བ་ཉིད་དོ། ། རྣམ་པར་བྱང་བ་གང་ཡིན་པ་དེ་ཡང་དོན་དམ་པར་ན་ཤིན་དུ་མི་འབྱུང་བ་ཉིད་དོ། །དོན་དམ་པར་ན་འཁོར་བ་ཡང་ཤིན་དུ་མི་འབྱུང་བ་ཉིད་དོ། །དོན་དམ་པར་ན་མྱ་ངན་ལས་འདས་པའི་བར་དུ་ཡང་ཤིན་དུ་མི་འབྱུང་བ་ཉིད་དོ། ། འདི་ལ་དོན་དམ་པར་ན་ཐ་དད་དུ་བྱ་བ་ཆུང་ཟད་ཀྱང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་ན་ཆོས་ཐམས་ཅད་ཤིན་དུ་མི་འབྱུང་བའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས། འཕགས་པའི་བདེན་པ་དག་ལ་ཇི་ལྟར་བརྩོན་པར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་བདེན་པ་དག་ལ་ བརྩོན་པར་མི་བྱེད་ན་ཇི་ལྟར་ཉན་ཐོས་རྣམས་ལ་མི་སྟོན་པའི་ཚུལ་གྱིས་ཆོས་སྟོན། ལྷའི་བུ་དེ་ལྟ་མོད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདེན་པ་སྒོམ་པ་ནི་ལྟ་བ་དང་བཅས་པའོ། །ཉན་ཐོས་ཀྱི་ 55-1-270b བདེན་པ་སྒོམ་པ་ནི་མི་ལྟ་བའོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། ཀུན་རྫོབ་ཏུ་སེམས་ཅན་ཐམས་ཅད་ལ་ལྟ་བ་སྟེ། བདེན་པ་རྣམས་མི་སྒོམ་པའི་ཚུལ་གྱིས་ཀྱང་ སྒོམ་མོད་ཀྱི། དངོས་པོ་མེད་པར་དམིགས་པའི་རྣམ་པས་ཡང་དག་ཉིད་ཀྱི་མཐའ་དེ་ཡང་མངོན་དུ་མི་བྱེད་དོ། །ཀུན་རྫོབ་ཏུ་ཐབས་མཁས་པ་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བདེན་ པ་རྣམས་ལ་མི་སྒོམ་པའི་ཚུལ་གྱིས་སྒོམ་མོ། །ཀུན་རྫོབ་ཏུ་འཁོར་བ་དང་མྱ་ངན་ལས་འདས་པའི་བདེན་པ་ཡང་མི་འདོར་ལ། ཀུན་རྫོབ་ཏུ་སངས་རྒྱས་ཀྱི་ཡེ་ཤེས་ལ་སོ་སོར་བརྟག་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དག་བདེན་པ་རྣམས་ལ་མི་སྒོམ་པའི་ཚུལ་གྱིས་ཀྱང་སྒོམ་མོ། །ལྷའི་བུ་འདི་ལྟ་སྟེ། དཔེར་ན་འགྲོན་པ་མང་པོ་བཅིངས་ནས་སྐྱེས་བུ་གཅིག་བྲོས་ཏེ། འགྲོན་པ་མང་པོའི་ནང་ནས་བྱུང་ནས། འབྲོག་དགོན་པར་ ཞུགས་པ་དང་། དེ་ཡིད་འཇིགས་ཤིང་སྐྲག་ནས་ཕྱིར་མི་ལོག་པར་འབྲོག་དགོན་པ་ལས་འོངས་སོ། །ལྷའི་བུ་དེ་བཞིན་དུ་ཉན་ཐོས་རྣམས་འཁོར་བས་འཇིགས་ཤིང་སྐྲག་ནས་འཁོར་བ་ལས་བྲོས་ཏེ། འཇིག་རྟེན་འདིར་ཕྱིར་ མི་འོང་ཞིང་གཅིག་པ་གཉིས་སུ་མེད་པ་བདེན་པ་སྒོམ་སྟེ། ཐབས་ཀྱི་རིགས་པ་དང་བྲལ་བས་སེམས་ཅན་ཐམས་ཅད་ལ་མི་ལྟ་བ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་ལ་མ་ལྟ་བའོ། །ལྷའི་བུ་འདི་ལྟ་སྟེ། དཔེར་ན་དེད་དཔོན་གཡོག་མང་པོ་ལམ་རྒྱགས་ཐམས་ཅད་འབྱོར་པ། ཟོང་ཆེན་པོ་བསྡུ་བའི་ཕྱིར་འགྲོའོ་སྙམ་ནས་སྐྱེ་བོ་མང་པོ་བསྡུས་ཏེ། དེ་འཇིགས་ཤིང་སྐྲག་པ་མེད་པར་འབྲོག་དགོན་པ་དེ་ལས་འདའོ། །ལྷའི་བུ་ དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཀུན་རྫོབ་ཏུ་དེད་དཔོན་ཆེན་པོ་ལྟར་འཇིག་རྟེན་གྱི་སྤྱོད་པས། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ། ཐོག་མང་པོ་རྗེ་ཆེན་པོའི་ 55-1-271a སྦྱོར་བ་ཅན། དགེ་བའི་རྩ་བ་ཐམས་ཅད་ཀྱི་ལམ་རྒྱགས་འབྱོར་པ། ཕ་རོལ་དུ་ཕྱིན་པ་དྲུག་དང་། བསྡུ་བའི་དངོས་པོས་ཡོངས་སུ་བཟུང་ཞིང་བླ་ན་མེད་པའི་བསོད་ནམས་དང་ཡེ་ཤེས་ཡང་དག་པར་བསྡུ་བའི་ ཁེ་ཆེན་པོ་དང་ལྡན་པ་ཡང་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དོན་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་གྱུར་ཅིང་ཐབས་མཁས་པས་བདེན་པ་རྣམས་ ལ་སྒོམ་མོ། །ལྷའི་བུ་འདི་ལྟ་སྟེ། དཔེར་ན་ཤ་ནའི་རས་ལ་མེ་ཏོག་ཙམ་པ་ཀ་དང་མེ་ཏོག་འབར་ཤི་ཀས་བསྒོས་ན་དེའི་དྲི་མྱུར་དུ་ཡལ་བར་འགྱུར་རོ། །ལྷའི་བུ་དེ་བཞིན་དུ་ཉན་ཐོས་ཀྱི་བདེན་པ་ལ་སྒོམ་པ་ནི་ཡུན་ ཐུང་བར་བལྟ་སྟེ། དེ་མྱུར་དུ་མྱ་ངན་ལས་འདས་ནས་སངས་རྒྱས་ཀྱི་ཚུལ་ཁྲིམས་དང་། ཐོས་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་ཡེ་ཤེས་ཀྱི་དྲི་ཡང་མི་འབྱིན། བགས་ཆགས་ཀྱི་མཚམས་སྦྱོར་བའི་ ཉོན་མོངས་པ་ཡང་སྤོང་མི་ནུས་སོ། །ལྷའི་བུ་འདི་ལྟ་སྟེ། དཔེར་ན་ཡུལ་ཀ་ཤི་ཀའི་གོས་རིན་པོ་ཆེ་ལ། མི་དང་ལྷའི་སྤོས་དང་། མེ་ཏོག་གི་དྲིས་བསྐལ་པ་ཆེན་པོ་བརྒྱ་སྟོང་དུ་བསྒོས་ན། དེའི་ལྷའི་དྲི་ དེ་རྟག་ཏུ་བྲོ་ཞིང་། དྲི་གཙང་མས་ལྷ་དང་མི་ཟིལ་གྱིས་གནོན་ཏོ། །ལྷའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདེན་པ་སྒོམ་པ་མི་སྒོམ་པའི་ཚུལ་གྱིས་བསྐལ་པ་བརྒྱ་སྟོང་གྲངས་མེད་པར་ བསྒོམས་པ་ནི། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཐོབ་ཀྱི་བར་དུ་བར་མ་དོར་དེ་ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་འདི་ལྟ་སྟེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་ མཁྱེན་པའི་ཡེ་ཤེས་ཀྱི་དེ་མི་དམིགས་པའི་ཚུལ་གྱིས་ཤིན་དུ་དྲི་ཞིམ་པར་འགྱུར་རོ། །འཇིག་རྟེན་གྱི་ཐ་སྙད་དུ་ཉོན་མོངས་པའི་བགས་ཆགས་ཐམས་ཅད་ཀྱང་སྤོང་ཞིང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་རྣམས་ 55-1-271b ཀྱང་འདུ་བར་འགྱུར་རོ། །དེ་ནས་ལྷའི་བུ་རབ་ཏུ་ཞི་བ་རྣམ་པར་དུལ་བའི་དབང་ཕྱུག་གིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་ཏོག་དེའི་ཉན་ཐོས་ཀྱི་དགེ་འདུན་དེ་ཅི་འདྲ། འཇམ་དཔལ་གྱིས་སྨྲས་པ། དོན་དམ་པར་ན་དད་པའི་རྗེས་སུ་འགྲོ་བ་ཡང་མ་ཡིན། གཞན་ལ་དད་པས་འགྲོ་བ་ཡང་ མ་ཡིན་ནོ། །དོན་དམ་པར་ན་རིགས་ཀྱི་རྗེས་སུ་འགྲོ་བ་ཡང་མ་ཡིན་ཏེ། དོན་དམ་པར་ན་དེ་བཞིན་གཤེགས་པའི་རིགས་ཀྱང་མི་གཏོང་ངོ་། །དོན་དམ་པར་ན་ཆོས་ཀྱི་རྗེས་སུ་འགྲོ་བ་ཡང་མ་ཡིན་ཏེ། དོན་དམ་པར་ན་ཆོས་ གང་ཡང་མི་དམིགས་སོ། །དོན་དམ་པར་ན་བརྒྱད་པ་ཡང་མ་ཡིན་ཏེ། ཀུན་རྫོབ་ཏུ་ན་ལོག་པའི་ཆོས་བརྒྱད་དང་ཡང་བྲལ་ལོ། །དོན་དམ་པར་ན་རྒྱུན་དུ་ཞུགས་པ་ཡང་མ་ཡིན་ཏེ། འཇིག་རྟེན་གྱི་ཐ་སྙད་ཀྱི་བདེན་པ་ན་ངན་སོང་ ཐམས་ཅད་ལས་ཀྱང་འདས་སོ། །དོན་དམ་པར་ན་ལན་ཅིག་ཕྱིར་འོང་བ་ཡང་མ་ཡིན་ཏེ། ཀུན་རྫོབ་ཏུ་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡང་འོང་ངོ་། །དོན་དམ་པར་ན་ཕྱིར་མི་འོང་བ་ཡང་མ་ཡིན་ཏེ། ཀུན་རྫོབ་ ཏུ་ན་ཆོས་ཐམས་ཅད་ལས་འོང་བ་མེད་དོ། །དོན་དམ་པར་ན་དགྲ་བཅོམ་པ་ཡང་མ་ཡིན་ཏེ། འཇིག་རྟེན་གྱི་ཐ་སྙད་དུ་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བླ་ན་མེད་པའི་མཆོད་པར་འོས་པ་ཡང་ཡིན་ནོ། །དོན་དམ་པར་ན་ཉན་ཐོས་ཀྱང་མ་ ཡིན་ཏེ། མི་དམིགས་པའི་ཚུལ་གྱིས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལས་ཐོས་པ་ཡང་འཛིན་ཏོ། །དོན་དམ་པར་ན་འདོད་ཆགས་དང་བྲལ་བ་ཡང་མ་ཡིན་ཏེ། ཀུན་རྫོབ་ཏུ་ན་འདོད་ཆགས་ཀྱི་ཡོངས་སུ་གདུང་བས་ཀྱང་མི་གདུང་ངོ་། །དོན་དམ་པར་ན་ཞེ་སྡང་ དང་བྲལ་བ་ཡང་མ་ཡིན་ཏེ། ཀུན་རྫོབ་ཏུ་ན་ཞེ་སྡང་གི་ཡོངས་སུ་གདུང་བས་ཀྱང་མི་གདུང་ངོ་། །དོན་དམ་པར་ན་གཏི་མུག་དང་བྲལ་བ་ཡང་མ་ཡིན་ཏེ། ཀུན་རྫོབ་ཏུ་ན་ཆོས་ཐམས་ཅད་མུན་པ་མུན་ནག་དང་བྲལ་བའོ། །དོན་དམ་པར་ན་ཉོན་མོངས་པ་དང་བྲལ་ 55-1-272a བ་ཡང་མ་ཡིན་ཏེ་ཀུན་རྫོབ་ཏུ་ན་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་གདུལ་བའི་ཕྱིར་ཡང་བརྩོན་ནོ། །དོན་དམ་པར་ན་ཐོག་མ་ནས་མ་སྐྱེས་པ་ངེས་པར་ཞུགས་ཀྱང་ཀུན་རྫོབ་ཏུ་ན་བསམས་བཞིན་དུ་སྲེད་པ་ལེན་ ཏོ། །ཀུན་རྫོབ་ཏུ་ན་འཁོར་བ་ཡང་ཡོངས་སུ་འཛིན་མོད་ཀྱི། དོན་དམ་པར་ན་ཆོས་གང་ཡང་ཡོངས་སུ་འཛིན་པ་དང་གཏོང་བ་ཡང་མེད་དོ། །དེ་དོན་དམ་པར་ན་ཆོས་ཐམས་ཅད་ཤིན་དུ་དྲན་པ་དང་བྲལ་བར་མི་མཐོང་བས་ མཐོང་སྟེ། ཀུན་རྫོབ་ཏུ་ན་དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་སྒོམ་མོ། །དེ་དོན་དམ་པར་ན་ཆོས་ཐམས་ཅད་ཤིན་དུ་མ་སྐྱེས་མ་འགགས་པར་མི་ཤེས་པའི་ཚུལ་གྱིས་ཀྱང་རབ་ཏུ་ཤེས་ལ། འཇིག་རྟེན་གྱི་སྤྱོད་པར་ན་ ཡང་དག་པར་སྤོང་བ་རྣམས་ཀྱང་སྒོམ་མོ། །དེ་དོན་དམ་པར་ན་ལུས་དང་སེམས་མེད་པ་ཡང་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་བདེན་པར་ན་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་སྒྲུབ་བོ། །དེ་དོན་དམ་པར་ན་དབང་པོ་ཐམས་ཅད་དང་ བྲལ་ཡང་ཀུན་རྫོབ་ཏུ་ན་དབང་པོ་རྣམས་ཀྱང་སྒྲུབ་བོ། །དེ་དོན་དམ་པར་ན་ཆོས་ཐམས་ཅད་རབ་ཏུ་དངོས་པོ་མེད་པར་མི་མཐོང་བའི་ཚུལ་གྱིས་མཐོང་ཡང་ང་རྒྱལ་ཅན་དམིགས་པ་ཅན་ཐམས་ཅད་ཚར་གཅོད་པའི་ ཕྱིར་མི་སྒོམ་པའི་ཚུལ་གྱིས་སྟོབས་ཀྱང་སྒོམ་མོ། །དེ་དོན་དམ་པར་ན་ཆོས་ཐམས་ཅད་ཤིན་དུ་དངོས་པོ་མེད་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་མི་སྒོམ་པའི་ཚུལ་གྱིས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་སྒོམ་མོ། ། དེ་དོན་དམ་པར་ན་ཤིན་དུ་དངོས་པོ་མེད་ཀྱང་ཀུན་རྫོབ་ཏུ་ནི་སྒོམ་པའི་ཚུལ་གྱིས་ལམ་ཡང་སྒོམ་མོ། །དེ་དོན་དམ་པར་ན་ཡང་དག་པའི་མཐའ་ལ་ཞི་གནས་མངོན་པར་སྒྲུབ་བོ། །དེ་དོན་དམ་པར་ན་ལྷག་མཐོང་ཤིན་དུ་ མི་སྐྱེ་བར་མི་སྒོམ་པའི་ཚུལ་གྱིས་མཐོང་ངོ་། །དེ་དོན་དམ་པར་ན་མ་རིག་པ་ཟད་པ་ཉིད་དུ་མི་དམིགས་པལའི་ཚུལ་གྱིས་རིག་པ་སྐྱེད་དེ། དོན་དམ་པར་ན་ཟད་པ་འམ། །སྐྱེ་བར་མི་དམིགས་སོ། །དེ་ཤའི་མིག་གི་ 55-1-272b སེམས་ཅན་ཐམས་ཅད་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་མཐོང་ལ་དེ་དོན་དམ་པར་ན་ཅི་ཡང་མི་མཐོང་ངོ་། །དེ་ལྷའི་མིག་གིས་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ མཐོང་ཡང་དོན་དམ་པར་ན་ཅི་ཡང་མི་མཐོང་ངོ་། །དེ་ཤེས་རབ་ཀྱི་མིག་གིས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང་། གཡོ་བ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཀྱང་དོན་དམ་པར་ན་ཅི་ཡང་མི་ཤེས་སོ། །དེ་ ཆོས་ཀྱི་མིག་གིས་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ཡང་དོན་དམ་པར་ན་ཆོས་ཅི་ཡང་མི་མཐོང་ངོ་། །དེ་སངས་རྒྱས་ཀྱི་སྤྱན་གྱིས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་ཀྱང་དོན་དམ་པར་ན་ཅི་ ཡང་མི་བྱེད་དོ། །དེ་ལྷའི་རྣ་བས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་ཆོས་བསྟན་པ་ཐོས་ཀྱང་དོན་དམ་པར་ན་ཅི་ཡང་མི་ཐོས་སོ། །དེ་སེམས་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ལྟ་ ཡང་དོན་དམ་པར་ན་ཅི་ཡང་མི་ལྟའོ། །དེ་རྗེས་སུ་དྲན་པའི་ཡེ་ཤེས་ཀྱིས་སྔོན་གྱི་མཐའ་ཡང་རྗེས་སུ་དྲན་མོད་ཀྱི་དོན་དམ་པར་ན་ཅི་ཡང་མི་དྲན་ནོ། །དེ་རྫུ་འཕྲུལ་གྱི་སངས་རྒྱས་ཀྱི་ཞིང་བསམ་གྱིས་མི་ཁྱབ་ པར་འགྲོ་ཡང་དོན་དམ་པར་ན། འོང་བ་འམ་འགྲོ་བ་མེད་དོ། །དེ་ནི་ཟག་པ་ཟད་ཀྱང་དོན་དམ་པར་ན་ཟད་པའི་ཆོས་ཅན་མ་ཡིན་ནོ། །སྣང་ཡང་སྣང་ལ་དོན་དམ་པར་ན་དེའི་ལུས་ཡོངས་སུ་སྒྲུབ་པ་ཡང་མེད་དོ། །སྨྲ་ཡང་ སྨྲ་ལ་དོན་དམ་པར་ན་ཡི་གེར་ཡང་མ་བརྗོད་དོ། །སེམས་ཀྱང་སེམས་ལ་དོན་དམ་པར་ན་སེམས་དང་སེམས་ལས་བྱུང་བའི་ཆོས་སུ་བརྗོད་པར་བྱ་བ་མ་ཡིན་ནོ། །དོན་དམ་པར་ན་གཟུགས་སུ་ཡང་མི་སྣང་ལ་ཀུན་རྫོབ་ ཏུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ནི་བརྒྱན། དཔེ་བྱད་བཟང་པོས་ནི་སྤྲས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ནི་བརྒྱན། གཟི་བརྗིད་ནི་བསྙེན་པར་དཀའ། བརྗོད་པ་ནི་རྣམ་པར་ 55-1-273a བསྒྲགས། ཚུལ་ཁྲིམས་ཀྱི་བྱུག་པས་ནི་བྱུགས། ངན་དུ་སྨྲ་བའི་ཚིག་རྣམས་ཀྱིས་ནི་ཀུན་ནས་ཉོན་མོངས་པར་གྱུར་པ་མེད། མངོན་པར་ཤེས་པས་ནི་རྣམ་པར་རོལ། ཐོས་པས་ནི་རྣམ་པར་ཤིགས། སྤོབས་ པས་ནི་རབ་ཏུ་སྒྲོག །ཀུན་རྫོབ་ཏུ་ན་ཡེ་ཤེས་ཀྱི་རྣམ་པར་འཕྲུལ། ཡེ་ཤེས་ཀྱི་འོད་ཀྱིས་ནི་མུན་པ་མུན་ནག་སེལ། ཤེས་རབ་ཀྱིས་ནི་སྣང་བར་བྱེད། མཐའ་ཡས་པར་བསྟན་པ་ནི་རྟོགས་པར་ཁོང་དུ་ཆུད་དོ། །ཀུན་རྫོབ་ཏུ་ནི་ སེམས་ཅན་ཐམས་ཅད་ཀྱི་ནི་སྐྱབས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་རྟག་ཏུ་གཟིགས། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་དམིགས་པ་ཅན་ཐམས་ཅད་ཀྱིས་ནི་མི་བལྟ་ཞིང་བྱང་ཆུབ་ ཀྱི་ཕྱིར་ནི་རྟག་ཏུ་བལྟ་བ་སྟེ། ཀུན་རྫོབ་ཏུ་ནི་བསྟན་པ་ནི་ཟད་མི་ཤེས། དྲན་པ་ནི་རྒྱ་མཚོ་དང་འདྲ། ཏིང་ངེ་འཛིན་ནི་རི་རབ་དང་མཚུངས། བཟོད་པ་ནི་ས་དང་འདྲའོ། །ཀུན་རྫོབ་ཏུ་ནི་རྣམ་པར་རྟོག་པ་ཐམས་ཅད་སེལ་ བའི་ཕྱིར་དཔའ་བའོ། །མི་ཤེས་པའི་མུན་པ་མུན་ནག་སེལ་བའི་ཕྱིར་ཉི་མ་ལྟ་བུའོ། །རབ་ཏུ་སྣང་བའི་ཕྱིར་ཟླ་བ་དང་འདྲའོ། །ཀུན་རྫོབ་ཏུ་ནི་འདུ་བའི་ཕྱིར་དབང་པོ་དང་མཚུངས་སོ། །ཀུན་རྫོབ་ཏུ་ནི་སེམས་ལ་དབང་ བྱེད་པའི་ཕྱིར་ཚངས་པ་དང་འདྲའོ། །ཀུན་རྫོབ་ཏུ་ནམ་མཁའ་ལ་དབང་བྱེད་པའི་ཕྱིར་མི་མཉམ་པ་དང་མཉམ་པའོ། །ཀུན་རྫོབ་ཏུ་ནི་ཐམས་ཅད་རྗེས་སུ་སོང་ཡང་དོན་དམ་པར་ན་གང་དུ་སོང་བའམ་འོངས་པའམ་འདུག་ པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་ན་ཆོས་ཐམས་ཅད་ཤིན་ཏུ་མ་བྱུང་བའི་ཕྱིར་རོ། །ལྷའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་ ཏོག་དེའི་ཉན་ཐོས་ཀྱི་དགེ་འདུན་ནི་དེ་དང་འདྲ་སྟེ། དེ་བས་ཀྱང་ལྷག་པར་བསམ་གྱིས་མི་ཁྱབ་པའི་ཆོས་དང་ཡང་ལྡན་ནོ། །འཇམ་དཔལ་གཞོན་ནུར་གྱུར་པས་མི་དམིགས་པའི་ཚུལ་གྱིས་བསྟན་པ་འདི་བཤད་པ་ན་ 55-1-273b དགེ་སློང་ལྔ་བརྒྱ་དང་། དགེ་བསྙེན་ལྔ་བརྒྱ་དང་། ལྷའི་བུ་ལྔ་སྟོང་དམིགས་པ་ཅན་དེ་དག་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་ཏོག་དེའི་ཉན་ཐོས་སུ་གྱུར་ཅིག །འཇམ་དཔལ་གྱིས་སྨྲས་པ། ཀྱེ་གྲོགས་པོ་དག་སངས་རྒྱས་ཀྱི་ཞིང་དེར་དམིགས་པ་ཅན་ཐམས་ཅད་མི་སྐྱེའོ། །ཀྱེ་གྲོགས་པོ་ དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་པ་མེད་པ་རྣམས་ནི་མ་སྐྱེ་བའི་ཚུལ་གྱིས་དེར་སྐྱེའོ། །ཀྱེ་གྲོགས་པོ་དག་གལ་ཏེ་ཁྱེད་ཀྱང་དེར་འདོད་ན་ཁྱེད་ཀྱིས་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་གྱིས་ཤིག །ཀྱེ་གྲོགས་པོ་དག་ཁྱེད་ནམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་བརྩོན་པར་གྱུར་པ་དེའི་ཚེ། གྲོགས་པོ་དག་ཁྱེད་ལ་རྣམ་པའི་མཆོག་ཐམས་ཅད་ དང་ལྡན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་རྙེད་པར་མི་དཀའ་ན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བ་ལྟ་སྨོས་ཀྱང་ཅི་དགོས། ལྷའི་བུ་རབ་ཏུ་ཞི་བ་རྣམ་པར་དུལ་བའི་དབང་ཕྱུག་གིས་ཡང་འཇམ་དཔལ་ གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཉན་ཐོས་ཀྱི་འདུལ་བ་ནི་ཇི་ལྟ་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུལ་བ་ནི་ཇི་ལྟ་བུ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁམས་ གསུམ་གྱིས་སྐྲག་པས་བཏུལ་བ་ནི་ཉན་ཐོས་ཀྱི་འདུལ་བའོ། །དགེ་བའི་རྩ་བའི་ཚོགས་ཐམས་ཅད་བསགས་ཤིང་སེམས་ཅན་ཐམས་ཅད་དབུགས་འབྱིན་པ་དང་། ཁམས་གསུམ་དུ་བསམས་བཞིན་དུ་སྐྱེ་བས་བཏུལ་ བ་ནི་ཀུན་རྫོབ་ཏུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུལ་བའོ། །ཉོན་མོངས་པ་ཐམས་ཅད་ལ་སྡང་བ་ནི་ཉན་ཐོས་ཀྱི་འདུལ་བའོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤོང་བའི་ཕྱིར་རྗེས་སུ་བཏུལ་བ་ནི་ 55-1-274a ཀུན་རྫོབ་ཏུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུལ་བའོ། །ཕྱོགས་གཅིག་རིག་པ་ནི་ཉན་ཐོས་ཀྱི་འདུལ་བའོ། །ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ ཐམས་ཅད་རིག་པ་ནི་ཀུན་རྫོབ་དུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུལ་བའོ། །བདུད་ཐམས་ཅད་ལ་བཏང་སྙོམས་པ་ནི་ཉན་ཐོས་ཀྱི་འདུལ་བའོ། །ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་ འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་བདུད་ཀྱི་རིགས་ཐམས་ཅད་བསྐྲུགས་ཤིང་། ཕྱིར་རྒོལ་བ་ཐམས་ཅད་འཇོམས་པ་ནི་ཀུན་རྫོབ་ཏུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུལ་བའོ། ། བདག་གི་རྒྱུད་གསལ་བར་བྱེད་པ་ནི་ཉན་ཐོས་ཀྱི་འདུལ་བའོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་གསལ་བར་བྱེད་ཅིང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྣང་བར་བྱེད་པ་དང་། ཆོས་ཐམས་ཅད་ལ་བསྒྲིབས་ པ་མེད་པའི་ཡེ་ཤེས་མཐོང་བ་སྣང་བར། བྱེད་པ་ནི་ཀུན་རྫོབ་ཏུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུལ་བའོ། །རང་གི་སེམས་ཀྱིས་བསམས་པ་ནི་ཉན་ཐོས་ཀྱི་འདུལ་བའོ། །འདས་པ་དང་། མ་བྱོན་པ་དང་། ད་ལྟར་གྱིས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ནི་ཀུན་རྫོབ་ཏུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུལ་བའོ། །རྡོ་ཆག་པའི་འཕྲོ་མི་འབྱོར་པ་ལྟ་བུ་ནི་ཉན་ཐོས་ཀྱི་འདུལ་བའོ། ། གསེར་དང་། དངུལ་ཆག་པའི་འཕྲོ་འབྱོར་པ་ལྟ་བུ་ནི་ཀུན་རྫོབ་ཏུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུལ་བའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། ཐབས་མཁས་པ་དང་བྲལ་བ་ནི་ཉན་ ཐོས་ཀྱི་འདུལ་བའོ། །ཐབས་མཁས་པ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་དུ་བསྡུ་བས་བསྡུས་པ་ནི་ཀུན་རྫོབ་ཏུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུལ་བའོ། །སྟོབས་བཅུ་ 55-1-274b དང་། མི་འཇིགས་པ་དང་། མ་འདྲེས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་བྲལ་བ་ནི་ཉན་ཐོས་ཀྱི་འདུལ་བའོ། །སྟོབས་བཅུ་དང་། མི་འཇིགས་པ་དང་། མ་འདྲེས་པ་དང་། ཐམས་ཅད་མཁྱེན་ པའི་ཡེ་ཤེས་སུ་བསྡུ་བས་བསྡུས་པ་ནི་ཀུན་རྫོབ་ཏུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུལ་བའོ། །མེས་ཚིག་པ་ལས་འབྲོས་པ་ལྟ་བུ་ནི་ཉན་ཐོས་ཀྱི་འདུལ་བའོ། །བསྐྱེད་མོས་ ཚལ་དང་། གཞལ་མེད་ཁང་ལྟ་བུ་བུར་ཆོས་ཀྱི་དགའ་བས་དགའ་བ་ནི་ཀུན་རྫོབ་ཏུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུལ་བའོ། །བག་ཆགས་ཀྱི་རྒྱུན་མ་བཅད་པ་ནི་ཉན་ཐོས་ཀྱི་འདུལ་བའོ། ། བག་ཆགས་ཐམས་ཅད་ཡང་དག་པར་བཅོམ་པ་ནི་ཀུན་རྫོབ་ཏུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུལ་བའོ། །ལྷའི་བུ་མདོར་ན་ཚད་དུ་གཏོགས་པ་ཚད་ཀྱི་ཆོས་ཀྱིས་དྲངས་པ་ནི་ཉན་ཐོས་ ཀྱི་འདུལ་བའོ། །ཚད་དུ་གཏོགས་པ་མ་ཡིན་པ་ཚད་མེད་པའི་ཆོས་ཀྱིས་དྲངས་པ་ནི་ཀུན་རྫོབ་ཏུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུལ་བའོ། །ཚད་ཡོད་པའི་ཚུལ་ཁྲིམས་དང་། ཐོས་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཐོབ་པར་བྱེད་པ་ནི་ཉན་ཐོས་ཀྱི་འདུལ་བའོ། །ཚད་ཡོད་པ་མ་ཡིན་པ། ཚད་མེད་པའི་ཡོན་ཏན་དང་ལྡན་ཞིང་། ཚད་མེད་ པའི་ཚུལ་ཁྲིམས་དང་། ཐོས་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཐོབ་པར་བྱེད་པ་ནི་ཀུན་རྫོབ་ཏུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ རྣམ་པར་གྲོལ་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ཁྱོད་ཀྱིས་ཀུན་རྫོབ་ཏུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ 55-1-275a ཀྱི་འདུལ་བ་ལེགས་པར་བཤད་པ་ལེགས་སོ་ལེགས་སོ། །འཇམ་དཔལ་ཡང་འདི་ལྟར་དོན་དེ་ཉིད་བསྟན་པའི་ཕྱིར་ཁྱོད་ལ་དཔེ་བསྟན་ཏོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་གཉིས་ ཤིག་ཡོད་དོ། དེ་ལས་སྐྱེས་བུ་གཅིག་ནི་བ་ལང་གི་རྗེས་ཀྱི་བསྔགས་པ་སྨྲ། སྐྱེས་བུ་གཅིག་ནི་རྒྱ་མཚོ་ཆེན་པོའི་བསྔགས་པ་སྨྲ་ན། འཇམ་དཔལ་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེས་བ་ལང་གི་ རྗེས་ཀྱི་བསྔགས་པ་ཇི་སྙེད་ཅིག་བརྗོད་ནུས། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བ་ལང་གི་རྗེས་ཐམས་ཅད་ཀྱང་ཆུང་ན། དེའི་བསྔགས་པ་ལྟ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་དུ། བ་ལང་གི་རྗེས་ཆུང་བ་ལྟ་ཉན་ཐོས་ཀྱི་འདུལ་བར་བལྟའོ། །འཇམ་དཔལ་འདི་ཇི་སྙམ་དུ་སེམས། སྐྱེས་བུ་གཅིག་ཤོས་དེས་རྒྱ་མཚོ་ཆེན་པོའི་བསྔགས་པ་ཇི་ཙམ་ཞིག་བརྗོད་ ནུས། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོའི་བསྔགས་པ་ནི་ཤིན་དུ་མང་སྟེ། དཔག་ཏུ་མ་མཆིས། བསམ་གྱིས་མི་ཁྱབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་ དཔལ་དེ་བཞིན་དུ་རྒྱ་མཚོ་ཆེན་པོའི་བསྔགས་པ་དཔག་ཏུ་མེད་པ་ལྟར་ཀུན་རྫོབ་ཏུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུལ་བར་བལྟའོ། །དེ་ནས་བསྟན་པ་འདི་མི་སྟོན་པའི་ཚུལ་གྱིས་བཤད་ པ་ན་ལྷའི་བུ་ཁྲི་ཉིས་སྟོང་གིས་དོན་དམ་པར་ན་མ་སྐྱེས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་ནས་ཚིག་འདི་སྐད་ཅེས་ཀྱང་སྨྲ་སྟེ། བཅོམ་ལྡན་འདས་བདག་ཅག་ནི་ བྱང་ཆུབ་སེམས་དཔའི་བསླབ་པ་འདི་ལ་མི་སློབ་པའི་ཚུལ་གྱིས་སློབ་བོ། །དེ་ནས་ལྷའི་བུ་རབ་ཏུ་ཞི་བ་རྣམ་པར་དུལ་བའི་དབང་ཕྱུག་གིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། ། 55-1-275b ཅི་འཇམ་དཔལ་ཁྱོད་ཉན་ཐོས་ཀྱི་འདུལ་བ་ལ་བསླབས་སམ། འོན་ཏེ་བྱང་ཆུབ་སེམས་དཔའི་འདུལ་བ་ལ་བསླབས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ཇི་སྙམ་དུ་སེམས། རྒྱ་མཚོ་ཆེན་པོར་ མི་ཤོང་བའི་ཆུ་གང་ཡང་ཡོད་དམ། ལྷའི་བུས་སྨྲས་པ། འཇམ་དཔལ་རྒྱ་མཚོ་ཆེན་པོར་མི་ཤོང་བའི་ཆུ་གང་ཡང་མེད་དོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་དུ་ཀུན་རྫོབ་ཏུ་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་འདུལ་བ་ནི་རྒྱ་མཚོ་ཆེན་པོ་དང་འདྲའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་འདུལ་བ་འདུལ་བ་ཞེས་བྱ་བའི་ཚིག་གི་དོན་གང་ཡིན་འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཉོན་ མོངས་པ་འདུལ་བ་ནི་ཀུན་རྫོབ་ཏུ་ན་འདུལ་བའོ། །ཉོན་མོངས་པ་ཕངས་སུ་ཤེས་པའང་ང་འདུལ་བའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་ཉོན་མོངས་པ་འདུལ་བར་འགྱུར། ཇི་ལྟར་ན་ཉོན་མོངས་པ་ཡོངས་སུ་ ཤེས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། དོན་དམ་པར་ན་ཆོས་ཐམས་ཅད་མ་བྱུང་བ། མ་སྐྱེས་དངོས་པོ་མེད་པ་ཡིན་ན་ཀུན་རྫོབ་ཏུ་མེད་པ་ལ་ཕྱིན་ཅི་ལོག་ཏུ་གྱུར་ཏེ། མེད་པ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་ལས་ ཀུན་དུ་རྟོག་པ་དང་། རྣམ་པར་རྟོག་པའོ། །ཀུན་དུ་རྟོག་པ་དང་། རྣམ་པར་རྟོག་པ་དེ་ལས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེ་ལས་བདག་ཏུ་སྒྲོ་འདོགས་པའོ། །བདག་ཏུ་ སྒྲོག་འདོགས་པ་དེ་ལས་ལྟ་བ་ཀུན་ནས་ལྡང་བའོ། །ལྟ་བ་ཀུན་ནས་ལྡང་བ་དེ་ལས་ཉོན་མོངས་པ་རྣམས་འབྱུང་ངོ་། །གང་ཡང་ལྷའི་བུ་དོན་དམ་པར་ན་ཆོས་ཐམས་ཅད་ཤིན་དུ་མ་སྐྱེས། མ་བྱུང་དངོས་པོ་མེད་པར་མི་ཤེས་ པའི་ཚུལ་གྱིས་རབ་ཏུ་ཤེས་པ་དེ་ནི་དོན་དམ་པར་ན་ཕྱིན་ཅི་མ་ལོག་པའོ། །གང་དོན་དམ་པར་ན་ཕྱིན་ཅི་མ་ལོག་པ་དེ་ནི་རྟོག་པ་མེད་ཅིང་རྣམ་པར་མི་རྟོག་པའོ། །གང་རྟོག་པ་མེད་ཅིང་རྣམ་པར་མི་རྟོག་པ་དེ་ནི་ཚུལ་བཞིན་རབ་ཏུ་སྦྱོར་ 55-1-276a བའོ། །གང་ཚུལ་བཞིན་རབ་ཏུ་སྦྱར་བ་དེ་ལ་དོན་དམ་པར་ན་བདག་ཏུ་སྒྲོ་འདོགས་པ་མི་འབྱུང་ངོ་། །གང་ལ་དོན་དམ་པར་ན་བདག་ཏུ་སྒྲོ་འདོགས་པ་མི་འབྱུང་བ་དེ་ལ་ལྟ་བ་ཀུན་ནས་ལྡང་བར་མི་འགྱུར་བ་ནས། དོན་དམ་པར་ན་མྱ་ངན་ལས་འདས་པར་ལྟ་བ་ཀུན་ནས་ལྡང་བར་ཡང་མི་འགྱུར་ཏེ། དེ་ལྟར་མ་སྐྱེས་པ་ལ་སྤྱོད་པ་དེ་ནི་ཉོན་མོངས་པ་ཤིན་ཏུ་རྣམ་པར་དུལ་བར་མི་ལྟ་བའི་ཚུལ་གྱིས་བལྟ་སྟེ། ལྷའི་བུ་འདི་ནི་ཉོན་མོངས་པ་འདུལ་བ་ ཞེས་བྱའོ། །ལྷའི་བུ་ནམ་ཉོན་མོངས་པ་རྣམས་ལ་སྣང་བ་མེད་པའི་ཤེས་རབ་དང་ཡེ་ཤེས་སྐྱིས་དོན་དམ་པར་ན་ཤིན་དུ་སྟོང་པ་དང་། ཤིན་ཏུ་མཚན་མ་མེད་པ་དང་། ཤིན་ཏུ་སྨོན་པ་མེད་དོ། །དོན་དམ་པར་ན་ཤིན་ཏུ་མ་སྐྱེས་ མ་བྱུང་། དངོས་པོ་མེད་པར་མི་ཤེས་པའི་ཚུལ་གྱིས་རབ་ཏུ་ཤེས་ན། ལྷའི་བུ་དེའི་ཚེ་མི་ཤེས་པའི་ཚུལ་གྱིས་ཉོན་མོངས་པ་རྣམས་ཡོངས་སུ་ཤེས་པ་ཡིན་ནོ། །ལྷའི་བུ་འདི་ལྟ་སྟེ། དཔེར་ན་སྦྲུལ་ཁ་གདུག་པའི་རིགས་འདོན་ པ་དེས་ནི་སྦྲུལ་ཁ་གདུག་པའི་གདུག་པ་རབ་ཏུ་ཞི་བར་བྱེད་དོ། །ལྷའི་བུ་དེ་བཞིན་དུ་གང་ཉོན་མོངས་པ་རྣམས་ཀྱི་རིགས་རབ་ཏུ་ཤེས་པ་དེའི་ཉོན་མོངས་པ་རྣམས་ཤིན་དུ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་ཞི་བར་འགྱུར་རོ། །ལྷའི་བུས་ སྨྲས་པ། འཇམ་དཔལ་ཉོན་མོངས་པའི་རིགས་དེ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ན་ཆོས་ཐམས་ཅད་མ་སྐྱེས། མ་བྱུང་། དངོས་པོ་མེད་པ་ལ་གང་ཀུན་དུ་རྟོག་པ་དེ་ནི་ཉོན་མོངས་པ་རྣམས་ ཀྱི་རིགས་སོ། །དོན་དམ་པར་ན་ཀུན་དུ་མི་རྟོག་པའི་ཕྱིར་ཀུན་ནས་ཉོན་མི་མོངས་སོ། །ལྷའི་བུ་ཀུན་ནས་ཉོན་མོངས་པས་ཀུན་གཞི་མེད་དོ། །ཀུན་གཞི་མེད་པས་དོན་དམ་པར་ནི་མི་གནས་སོ། །མི་གནས་པས་ དོན་དམ་པར་མི་འཚིག་གོ། །མི་འཚིག་པས་དོན་དམ་པར་ན་ཉེ་བར་ཞི་བ་ཞེས་བྱའོ། །དོན་དམ་པ་ན། ཇི་སྐད་སྨྲས་པ་བཞིན་དུ་ནི་མ་ཡིན་ཏེ། ལྷའི་བུ་ཀུན་རྫོབ་ཏུ་ན། འདི་ནི་ཉོན་མོངས་པ་འདུལ་བའོ། ། 55-1-276b ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་ཉོན་མོངས་པ་རྣམས་འདུལ་བར་འགྱུར། ཅི་ཡོད་པ་ཞིག་གམ། འོན་ཏེ་མེད་པ་ཞིག །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ཞིག་གཉིད་ ཀྱིས་ལོག་པའི་རྨི་ལམ་ལ་སྦྲུལ་ཁ་གདུག་པས་ཟིན་ནས་དེ་སྡུག་བསྔལ་གྱིས་གཙེ་བ་ལས་ཡང་དུག་སྨན་བཏང་ནས། དེའི་གདུག་པ་མེད་པར་གྱུར་ཏེ། གདུག་པ་མེད་པར་གྱུར་པས་སྡུག་བསྔལ་ཡང་མེད་པར་གྱུར་ན། ལྷའི་བུ་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་ཡང་དག་པར་ཟིན་ཏམ། འོན་ཏེ་ཡང་དག་པ་མ་ཡིན། ལྷའི་བུས་སྨྲས་པ། འཇམ་དཔལ་དོན་དམ་པར་ན་ཤིན་དུ་ཡང་དག་པ་མ་ཡིན་ནོ། །འཇམ་ དཔལ་གྱིས་སྨྲས་པ། ལྷའི་བུ་ཇི་ལྟར་དུག་དེ་མེད་པར་གྱུར། ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ཟིན་པ་ཤིན་དུ་མི་བདེན་པ་དེ་བཞིན་དུ། དུག་མེད་པར་གྱུར་པ་ཡང་ཤིན་དུ་བདེན་པ་མ་ ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་དུ་འཕགས་པ་རྣམས་ཀྱི་ཉོན་མོངས་པ་ཐམས་ཅད་ཀྱིང་དོན་དམ་པར་མི་བལྟ་བའི་ཚུལ་གྱིས་བལྟའོ། །ལྷའི་བུ་གང་ཡང་འདི་སྐད་དུ་ ཇི་ལྟར་ན་ཉོན་མོངས་པ་རྣམས་འདུལ་བར་འགྱུར་ཞེས་ཟེར་བ་ནི། ཇི་ལྟར་བདག་དོན་དམ་པར་ན། བདག་མེད་པ་དེ་བཞིན་དུ། ལྷའི་བུ་དོན་དམ་པར་ན་ཉོན་མོངས་པ་རྣམས་ཀྱང་ཉོན་མོངས་པ་རྣམས་མ་ཡིན་ནོ། ། ལྷའི་བུ་དེ་སྟེ་དོན་དམ་པར་ན། བདག་དེ་བཞིན་ཉིད་ཡིན་ན་ནི་ལྷའི་བུ་དོན་དམ་པར་ན་ཉོན་མོངས་པ་ཡང་དེ་བཞིན་ཉིད་དུ་འགྱུར་རོ། །ལྷའི་བུ་འདི་ལྟར་བདག་དོན་དམ་པར་ན་བདག་མ་ཡིན་ཏེ། ལྷའི་བུ་དེ་བས་ན་ཉོན་མོངས་པ་རྣམས་ཀྱང་ དོན་དམ་པར་ན་ཉོན་མོངས་པ་མ་ཡིན་ནོ། །ལྷའི་བུ་དེ་ལ་བདག་དོན་དམ་པར་ཉོན་མོངས་པ་འདུལ་བར་དམིགས་པར་འགྱུར་བ་ན་དོན་དམ་པར་ན་གང་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དོན་དམ་པར་ 55-1-277a ན་ཤིན་དུ་མ་བྱུང་བའི་ཕྱིར་ཆོས་ཐམས་ཅད་ནི་ཞི་བའོ། །ལྷའི་བུ་དོན་དམ་པར་ན་འཛིན་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་ཉེ་བར་ཞི་བའོ། །ལྷའི་བུ་དོན་དམ་པར་ན་ཆོས་ཐམས་ཅད་སྒྲོ་བཏགས་པ་ མེད་པའི་ཕྱིར་ཆོས་ཐམས་ཅད་ནི་རབ་ཏུ་ཞི་བའོ། །ལྷའི་བུ་དོན་དམ་པར་ན་ཤིན་དུ་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ནི་མི་ཟད་པའོ། །ལྷའི་བུ་དོན་དམ་པར་ན་ཤིན་དུ་དངོས་པོ་མེད་པའི་ཕྱིར། ཆོས་ཐམས་ཅད་ནི་ ཤིན་དུ་མ་སྐྱེས་པའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཆོས་ཐམས་ཅད་ཀྱི་སྒོ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྨྲ་བར་བྱ་བ་དང་། སྨྲ་བ་དང་། ཤེས་པ་དང་། ཤེས་པར་བྱ་བ་དང་ བྱ་བ་དང་། ཐ་སྙད་དང་། བྱེད་པ་ཐམས་ཅད་འཇུག་པའི་ཀུན་རྫོབ་ཀྱི་བདེན་པ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །སྨྲ་བ་དང་། སྨྲ་བར་བྱ་བ་དང་། ཤེས་པ་དང་། ཤེས་པར་བྱ་བ་དང་། བྱ་བ་དང་། ཐ་སྙད་དང་། བྱེད་པ་ ཐམས་ཅད་ལས་རྣམ་པར་ལོག་པའི་ཕྱིར་དོན་དམ་པའི་བདེན་པ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །ཡང་ལྷའི་བུ་ཀུན་རྫོབ་ཏུ་ན་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ནི་འཁོར་བའི་སྒོའོ། །ཀུན་རྫོབ་ནི་ཚུལ་ བཞིན་ཡིད་ལ་བྱེད་པ་ནི་མྱ་ངན་ལས་འདས་པའི་སྒོའོ། །ཀུན་རྫོབ་ཏུ་ན་ཐེ་ཙོམ་ནི་སྒྲིབ་པའི་སྒོའོ། །ཀུན་རྫོབ་ཏུ་ན་རྣམ་པར་གྲོལ་བ་ནི་སྒྲིབ་པ་མེད་པའི་སྒོའོ། །ཀུན་རྫོབ་ཏུ་ན་ཀུན་དུ་རྟག་པར་ཉོན་མོངས་པ་ རྣམས་ཀྱི་སྒོའོ། །ཀུན་རྫོབ་དུ་ན་མི་རྟག་པ་ནི་ཉོན་མོངས་པ་མེད་པའི་སྒོའོ། །ཀུན་རྫོབ་ཏུ་ན་རྣམ་པར་གཡེང་བ་ནི་རྣམ་པར་རྟོག་པ་རྣམས་ཀྱ་སྒོའོ། །ཀུན་རྫོབ་ཏུ་ན་ཞི་གནས་ནི་ཉེ་བར་ཞི་བའི་སྒོའོ། །ཀུན་རྫོབ་ ཏུ་ན་ལྟ་བར་གྱུར་པ་རྣམས་ནི་ང་རྒྱལ་གྱི་སྒོའོ། །ཀུན་རྫོབ་ཏུ་ན་སྟོང་པ་ཉིད་ནི་ང་རྒྱལ་མེད་པའི་སྒོའོ། །ཀུན་རྫོབ་ཏུ་ན་སྡིག་པའི་གྲོགས་པོ་སྟེན་པ་ནི་མི་དགེ་བའི་རྩ་བ་ཐམས་ཅད་ཀྱི་སྒོའོ། །ཀུན་རྫོབ་ཏུ་ན་དགེ་བའི་ 55-1-277b བཤེས་གཉེན་དང་སྟེན་པ་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱི་སྒོའོ། །ཀུན་རྫོབ་ཏུ་ན་ལོག་པར་ལྟ་བ་ནི་སྡུག་བསྔལ་ཐམས་ཅད་ཀྱི་སྒོའོ། །ཀུན་རྫོབ་ཏུ་ན་ཡང་དག་པར་ལྟ་བ་ནི་བདེ་བ་ཐམས་ཅད་ཀྱི་སྒོའོ། །ཀུན་རྫོབ་ ཏུ་ན་སེར་སྣ་ནི་དབུལ་བའི་སྒོའོ། །ཀུན་རྫོབ་ཏུ་ན་སྦྱིན་པ་ནི་ལོངས་སྤྱོད་ཆེན་པོའི་སྒོའོ། །ཀུན་རྫོབ་ཏུ་ན་ངང་ཚུལ་ངན་པ་ནི་ངན་འགྲོ་ཐམས་ཅད་ཀྱི་སྒོའོ། །ཀུན་རྫོབ་ཏུ་ན་ཚུལ་ཁྲིམས་ནི་ལྷ་དང་མིར་སྐྱེ་བ་ཐམས་ཅད་ཀྱི་ སྒོའོ། །ཀུན་རྫོབ་ཏུ་ན་གནོད་སེམས་ནི་བྱད་གཟུགས་ངན་པའི་སྒོའོ། །ཀུན་རྫོབ་ཏུ་ན་བཟོད་པ་ནི་གཟུགས་ཕུན་སུམ་ཚོགས་པའི་སྒོའོ། །ཀུན་རྫོབ་ཏུ་ན་ལེ་ལོ་ནི་མི་རྟོགས་པའི་སྒོའོ། །ཀུན་རྫོབ་དུ་ན་བརྩོན་འགྲུས་ ནི་རྟོགས་པའི་སྒོའོ། །ཀུན་རྫོབ་ཏུ་ན་རྣམ་པར་རྟོག་པ་ནི་རྒོད་པའི་སྒོའོ། །ཀུན་རྫོབ་ཏུ་ན་བསམ་གཏན་ནི་སེམས་ཤིན་དུ་སྦྱངས་པའི་སྒོའོ། །ཀུན་རྫོབ་ཏུ་ན་འཆལ་པའི་ཤེས་རབ་ནི་ཁོང་དུ་མ་ཆུད་པའི་ སྒོའོ། །ཀུན་རྫོབ་ཏུ་ན་ཤེས་རབ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་སྒོའོ། །ཀུན་རྫོབ་ཏུ་ན་བྱམས་པ་ནི་ཁོང་མི་ཁྲོ་བའི་སྒོའོ། །ཀུན་རྫོབ་ཏུ་ན་སྙིང་རྗེ་ཆེན་པོ་ནི་ལྷག་པའི་བསམ་པའི་སྒོའོ། ། ཀུན་རྫོབ་ཏུ་ན་ལྷག་པའི་བསམ་པ་ནི་གཡོ་མེད་པའི་སྒོའོ། །ཀུན་རྫོབ་ཏུ་ན་དགའ་བ་ནི་ཆོས་ལ་མོས་པའི་སྒོའོ། །ཀུན་རྫོབ་ཏུ་ན་བཏང་སྙོམས་ན་ཉེས་པ་ཐམས་ཅད་དང་བྲལ་བའི་སྒོའོ། །ཀུན་རྫོབ་ཏུ་ན་ དྲན་པ་ཉེ་བར་གཞག་པ་རྣམས་ནི་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་མི་བྲི་བའི་སྒོའོ། །ཀུན་རྫོབ་ཏུ་ན་ཡང་དག་པར་སྤོང་བ་རྣམས་ནི་ཡང་དག་པའི་ནན་ཏན་གྱི་སྒོའོ། །ཀུན་རྫོབ་ཏུ་ན་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ ལུས་དང་སེམས་ལས་སུ་རུང་བའི་སྒོའོ། །ཀུན་རྫོབ་ཏུ་ན་དབང་པོ་རྣམས་ནི་དད་པ་ཐོབ་པའི་སྒོའོ། །ཀུན་རྫོབ་ཏུ་ན་སྟོབས་རྣམས་ནི་ཉོན་མོངས་པ་ཐམས་ཅད་འཇོམས་པའི་སྒོའོ། །ཀུན་རྫོབ་ཏུ་ན་བྱང་ཆུབ་ 55-1-278a ཀྱི་ཡན་ལག་རྣམས་ནི་ཐམས་ཅད་མཁྱེན་པ་ཁོང་དུ་ཆུད་པའི་སྒོའོ། །ཀུན་རྫོབ་ཏུ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ལམ་ངན་པ་ཐམས་ཅད་ལས་འདའ་བའི་སྒོའོ། །ལྷའི་བུ་གཞན་ ཡང་ཀུན་རྫོབ་ཏུ་ན་བྱང་ཆུབ་ཀྱི་སེམས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྒོའོ། །ཀུན་རྫོབ་ཏུ་ན་དམ་པའི་ཆོས་ཡོངས་སུ་འཛིན་པའི་ཆོས་ཐམས་ཅད་ཀྱི་དབང་ཕྱུག་གོ་སྒོའོ། །ཀུན་རྫོབ་ཏུ་ནི་སེམས་ཅན་སྨིན་པར་བྱ་བ་ནི། དམ་པའི་ཆོས་ཡོངས་སུ་འཛིན་པའི་སྒོའོ། །ཀུན་རྫོབ་ཏུ་ན་ཐབས་ནི་གནས་དང་གནས་མ་ཡིན་པ་ལ་མཁས་པའི་སྒོའོ། །ཀུན་རྫོབ་ཏུ་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་མྱ་ངན་ལས་འདས་པའི་སྒོའོ། །དོན་དམ་པར་ ཤིན་དུ་མི་འབྱུང་བ་ནི་ཆོས་ཐམས་ཅད་ཀྱི་སྒོའོ།། །། བམ་པོ་གཉིས་པ་སྟེ་ཐ་མ། ལྷའི་བུས་སྨྲས་པ། འཇམ་དཔལ་ཤིན་དུ་མི་སྐྱེ་བའི་སྒོ་གང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ན་ཤིན་དུ་མི་འབྱུང་བ་ ནི་ཀུན་ནས་སྒོའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཤིན་དུའ་མི་འབྱུང་བའི་རང་བཞིན་གང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ན་ཤིན་དུ་དངོས་པོ་མེད་པ་ནི་ཤིན་དུ་མི་འབྱུང་བའི་རང་བཞིན་ནོ། །ལྷའི་བུས་ སྨྲས་པ། འཇམ་དཔལ་ཤིན་དུ་མི་འབྱུང་བ་ལ་ཆ་ཤས་དབྱེ་བ་གང་ཡང་མེད་དམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་ཇི་སྙམས་དུ་སེམས། ནམ་མཁའ་ལ་ཆ་ཤས་དབྱེ་བ་གང་ཡང་ཡོད་དམ། ལྷའི་བུས་སྨྲས་པ། འཇམ་དཔལ་མེད་དོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་དུ་ཇི་ལྟར་ན་ནམ་མཁའ་ལ་ཆ་ཤས་དབྱེ་བ་མེད་པ་དེ་བཞིན་དུ་ལྷའི་བུ་ཤིན་དུ་མ་སྐྱེས་པ་ལ་ཡང་ཆ་ཤེས་དབྱེ་བ་མེད་དོ། །ལྷའི་བུས་ སྨྲས་པ། །འཇམ་དཔལ་ཁྱོད་ཀྱིས་དོན་དམ་པར་ན་ཤིན་དུ་མི་འབྱུང་བ། ཡོངས་སུ་ཤེས་སམ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཤིན་དུ་མི་འབྱུང་བས་ཤིན་དུ་མི་འབྱུང་བ་ཡོངས་སུ་ 55-1-278b མི་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་ཆོས་ཐམས་ཅད་ནི་ཤིན་དུ་མ་སྐྱེས་ཤིང་མ་བྱུང་ལ། དངོས་པོ་མེད་པའི་ཕྱིར་རོ། །ལྷའི་བུ་སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་ཆོས་གང་ཡང་ཡོངས་སུ་ཤེས་ཤིང་གང་ཁོང་དུ་ཆུད་ པས་འདི་ལྟ་བུའི་སྤོབས་པར་གྱུར། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ཇི་སྙམས་དུ་སེམས། བྲག་ཆས་ཆོས་གང་ཡོངས་སུ་ཤེས་ན། གདོད་ལས་སྒྲ་འབྱུང་ལྷའི་བུས་སྨྲས་པ། འཇམ་དཔལ་བྲག་ཆས་ཆོས་གང་ཡང་ཡོངས་སུ་ཤེས་པ་མེད་མོད་ཀྱི་ཀུན་རྫོབ་ཏུ་ན་རྐྱེན་ལས་སྒྲ་འབྱུང་ངོ་། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་དམིགས་ པའི་རྐྱེན་གྱིས་ཀུན་རྫོབ་ཏུ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨྲའོ། །ལྷའི་བུ་སྨྲས་པ། འཇམ་དཔལ་ཁྱོད་ཅི་ལ་གནས་ཏེ་དེ་སྟོན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་ གཤེགས་པ་སྤྲུལ་པ་གང་ལ་གནས་ཏེ་དེ་སྟོན་པ་ལའོ། །ལྷའི་བུ་སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པ་སྤྲུལ་པ་ནི། དོན་དམ་པ་ནི་ཅི་ལའང་གནས་པ་མེད་དོ། །འཇམ་དཔལ་གྱིས་ སྨྲས་པ། ལྷའི་བུ་དེ་བཞིན་དུ་དོན་དམ་པར་ན། །ཆོས་ཐམས་ཅད་ལ། མི་གནས་པར་བདག་མི་སྟོན་པའི་ཚུལ་གྱིས་སྟོན་ཏོ། །ལྷའི་བུས་སྨྲས་པ། འཇམ་དཔལ་དེ་ སྟེ་ཁྱོད་དོན་དམ་པར་ན། ཆོས་ཐམས་ཅད་ལ་མི་གནས་པར་མི་བསྟན་པའི་ཚུལ་གྱིས་བསྟན་ན། ཁྱོད་ཅི་ལ་གནས་ཏེ། བླ་ན་མེད་པ་ཡང་དག་པར། རྫོགས་པའི་བྱང་ཆུབ་མངོན་པར། རྫོགས་པར་འཚང་རྒྱ་བར་འགྱུར། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བདག་ནི་མཚམས་མེད་པ་རྣམས་ལ་གནས་ཏེ། 55-1-279a མངོན་པར་རྫོགས་པར་འཚང་མི་རྒྱ་བའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ལྷའི་བུས་སྨྲས་པ། མཚམས་མེད་པ་རྣམས་ཅི་ལ་གནས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ན་མཚམས་མེད་པ་རྣམས་ནི་ཤིན་དུ་མ་བྱུང་ཞིང་དངོས་པོ་མེད་པ་ལ་མི་གནས་པའི་ཚུལ་གྱིས་གནས་སོ། །ལྷའི་བུས་སྨྲས་པ། འཇམ་དཔལ་མཚམས་མེད་པ་ རྣམས་བྱེད་པ་ནི་དེ་བཞིན་གཤེགས་པས་སེམས་ཅན་དམྱལ་བར་བཤད་དོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཇི་ལྟར་དེ་བཞིན་གཤེགས་པས་མཚམས་མེད་པ་བྱེད་པ་སེམས་ཅན་དམྱལ་བར་བཤད་པ་དེ་བཞིན་དུ། ལྷའི་ བུ་དེ་བཞིན་གཤེགས་པས་མཚམས་མེད་པ་བྱེད་པ། མི་གནས་པའི་ཚུལ་གྱིས་མཚམས་མེད་པ་ལ་གནས་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་མི་སྟོན་པའི་ཚུལ་གྱིས་ སྟོན་ཏོ། །ལྷའི་བུས་སྨྲས་པ། འཇམ་དཔལ་མཚམས་མེད་པ་དེ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་མཚམས་མེད་པ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མྱུར་དུ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་ཚུལ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཚམས་མེད་པ་ནི་འདི་ལྟ་སྟེ། ལྷའི་བུ་ མཚམས་མེད་པ་ལྔ་པོ་དེ་དག་གང་ཞེ་ན། ལྷའི་བུ་འདི་ལ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་སྐྱེ་བའི་ཚུལ་གྱིས་སེམས་བསྐྱེད་ ནས་བར་མ་དོར་ཉན་ཐོས་དང་། རང་སངས་རྒྱས་དང་། དམིགས་པ་ཅན་དང་། མུ་སྟེགས་ཅན་ཐམས་ཅད་ཀྱི་སར་སེམས་མི་སྐྱེད་པ་འདི་ནི་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚམས་མེད་པ་དང་པོའོ། ། 55-1-279b ལྷའི་བུ་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདོག་པ་ཐམས་ཅད་གཏོང་བ་ལ་མི་སྐྱེ་བའི་ཚུལ་གྱིས་སེམས་བསྐྱེད་ནས། ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སེར་སྣ་དང་ལྷན་ཅིག་ མི་གནས་པ་འདི་ནི་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚམས་མེད་པ་གཉིས་པའོ། །ལྷའི་བུ་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་བདག་གིས་ རྣམ་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐྱབ་བོ་སྙམ་དུ་སེམས་མི་སྐྱེད་པའི་ཚུལ་གྱིས་དེ་ལྟར་སེམས་བསྐྱེད་ནས་བར་མ་དོར་མི་ནུར་བ་དེ་ནི་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚམས་མེད་པ་གསུམ་ པའོ། །ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་དམ་པར་ན་ཆོས་ཐམས་ཅད་རབ་ཏུ་མ་སྐྱེས་པ། མ་བྱུང་བ། དངོས་པོ་མེད་པའོ་ཞེས་བཟོད་པ་མ་ཐོབ་པའི་ཚུལ་གྱིས་བཟོད་པ་ཐོབ་ནས་ བར་དུ་རྫས་དང་། ངོ་བོ་དང་། དངོས་པོར་འཛིན་པ་ལེན་པས་མ་ཟིན་པ་འདི་ནི་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚམས་མེད་པ་བཞི་པའོ། །ལྷའི་བུ་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱའོ། །ཞེས་དེ་ལྟར་མ་སྐྱེས་པའི་ཚུལ་གྱིས་སེམས་བསྐྱེད་ནས། རྣམ་པའི་མཆོག་ཐམས་ ཅད་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མི་ཐོབ་པའི་ཚུལ་གྱིས་མ་ཐོབ་ཀྱི་བར་དུ་མི་འདུག །ཀུན་དུ་མི་འདུག་པ་ནི་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚམས་མེད་པ་ལྔ་པའོ། །དེ་ལྟར་མ་ གནས་པའི་ཚུལ་གྱིས་གནས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དམ་པར་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་ཚུལ་གྱིས་མངོན་པར་རྫོགས་པར་འཚང་ 55-1-280a རྒྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་མཚམས་མེད་པ་གང་དག་གིས་བྱིས་པ་སོ་སོའི་སྐྱེ་བ་རྣམས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བའི་མཚམས་མེད་པ་དེ་ཉིད་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གནས་ན་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟ་བུའི་རྣམ་གྲངས་ཡོད་དམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དོན་དམ་པར་ན་ཆོས་ཐམས་ཅད་ནི་ཤིན་དུ་སྟོང་པ་སྟེ། ལྷའི་བུ་ཤིན་ཏུ་སྟོང་པ་ཉིད་ཁོང་དུ་ཆུད་པ་ནི་བྱང་ཆུབ་སྟེ། དོན་དམ་པར་ན་བྱང་ཆུབ་ ཅེས་ཇི་སྐད་དུ་བརྗོད་པ་ལྟར་ནི་མ་ཡིན་ནོ། །ལྷའི་བུ་དོན་དམ་པར་ན་ཆོས་ཐམས་ཅད་ནི་མཚན་མ་མེད་པ་སྟེ། ལྷའི་བུ་མཚན་མ་མེད་པ་ཁོང་དུ་ཆུད་པ་ནི་བྱང་ཆུབ་སྟེ། དོན་དམ་པར་ན་བྱང་ཆུབ་ཅེས་ཇི་སྐད་དུ་བརྗོད་པ་ ལྟར་ནི་མ་ཡིན་ནོ། །ལྷའི་བུ་དོན་དམ་པར་ན་ཆོས་ཐམས་ཅད་ནི་ཤིན་ཏུ་སྨོན་པ་མེད་པ་སྟེ། ལྷའི་བུ་སྨོན་པ་མེད་པ་ཁོང་དུ་ཆུད་པ་ནི་བྱང་ཆུབ་སྟེ། དོན་དམ་པར་ན་བྱང་ཆུབ་ཅེས་ཇི་སྐད་དུ་བརྗོད་པ་ལྟར་ནི་མ་ཡིན་ནོ། །ལྷའི་ བུ་དོན་དམ་པར་ན་ཆོས་ཐམས་ཅད་ནི་ཤིན་དུ་གཟུང་བར་བྱ་བ་མེད་པ་སྟེ། ལྷའི་བུ་ཤིན་དུ་གཟུང་བར་བྱ་བ་མེད་པ་ཁོང་དུ་ཆུད་པ་ནི་བྱང་ཆུབ་སྟེ། དོན་དམ་པར་ན་བྱང་ཆུབ་ཅེས་ཇི་སྐད་ཏུ་བརྗོད་པ་ལྟར་ནི་མ་ཡིན་ནོ། །ལྷའི་བུ་དོན་དམ་ པར་ན་ཆོས་ཐམས་ཅད་ནི་ཤིན་དུ་མངོན་པར་འདུ་མི་བྱེད་པ་སྟེ། ལྷའི་བུ་ཤིན་དུ་མངོན་པར་འདུ་མི་བྱེད་པའི་ཁོང་དུ་ཆུད་པ་ནི་བྱང་ཆུབ་སྟེ། དོན་དམ་པར་ན་བྱང་ཆུབ་ཅེས་ཇི་སྐད་དུ་བརྗོད་པ་ནི་མ་ཡིན་ནོ། །ལྷའི་བུ་དོན་དམ་པར་ན་ ཆོས་ཐམས་ཅད་ནི་ཤིན་དུ་འདུས་མ་བྱས་པ་སྟེ། ལྷའི་བུ་ཤིན་དུ་འདུས་མ་བྱས་པ་ཁོང་དུ་ཆུད་པ་ནི་བྱང་ཆུབ་སྟེ། དོན་དམ་པར་ན་བྱང་ཆུབ་ཅེས་ཇི་སྐད་དུ་བརྗོད་པ་ལྟར་ནི་མ་ཡིན་ནོ། །ལྷའི་བུ་དོན་དམ་པར་ན་ཆོས་ཐམས་ཅད་ 55-1-280b ནི་ཤིན་དུ་མི་མཐོང་བ་སྟེ། ལྷའི་བུ་ཤིན་ཏུ་མི་མཐོང་བ་ཁོང་དུ་ཆུད་པ་ནི་བྱང་ཆུབ་སྟེ། དོན་དམ་པར་ན་བྱང་ཆུབ་ཅེས་ཇི་སྐད་དུ་བརྗོད་པ་ལྟར་ནི་མ་ཡིན་ནོ། །ལྷའི་བུ་དོན་དམ་པར་ན་ཆོས་ཐམས་ཅད་ནི་ཤིན་དུ་མ་སྐྱེས་པ་སྟེ། ལྷའི་བུ་ཤིན་དུ་མ་སྐྱེས་པ་ཁོང་དུ་ཆུད་པ་ནི་བྱང་ཆུབ་སྟེ། དོན་དམ་པ་ན་བྱང་ཆུབ་ཅེས་ཇི་ལྟར་བརྗོད་པ་ལྟར་ནི་མ་ཡིན་ནོ། །ལྷའི་བུ་དོན་དམ་པར་ན་ཆོས་ཐམས་ཅད་ནི་ཤིན་དུ་མ་བྱུང་བ་སྟེ། ལྷའི་བུ་ཤིན་དུ་མ་བྱུང་བ་ཁོང་དུ་ ཆུད་པ་ནི་བྱང་ཆུབ་སྟེ། དོན་དམ་པར་ན་བྱང་ཆུབ་ཅེས་ཇི་སྐད་དུ་བརྗོད་པ་ལྟར་ནི་མ་ཡིན་ནོ། །ལྷའི་བུ་དོན་དམ་པར་ན་ཆོས་ཐམས་ཅད་ནི་ཤིན་དུ་དངོས་པོ་མེད་པ་སྟེ། ལྷའི་བུ་ཤིན་དུ་དངོས་པོ་མེད་པ་ཁོང་དུ་ཆུད་པ་ནི་ བྱང་ཆུབ་སྟེ། དོན་དམ་པར་ན་བྱང་ཆུབ་ཅེས་ཇི་སྐད་དུ་བརྗོད་པ་ལྟར་ནི་མ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ལ་སུ་དད་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ དོན་དམ་པར་ན་དེ་བཞིན་གཤེགས་པ་ལ་ཡང་དད་པས་མི་འགྲོ་ན། གང་ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་དམིགས་པ་ཅན་ཐམས་ཅད་ལྟ་ཅི་སྨོས། ལྷའི་བུས་སྨྲས་པ། སུ་དག་མོས་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། གང་དོན་དམ་པར་ན་ཆོས་གང་ལ་ཡང་མངོན་པར་མི་ཆགས་པ་དེ་མོས་པར་འགྱུར་རོ། །ལྷའི་བུས་སྨྲས་པ། ཡང་སུ་དག་ནན་ཏན་བྱེད་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། གང་ དོན་དམ་པར་ན་ཆོས་གང་ལ་ཡང་ནན་ཏན་མི་བྱེད་པའོ། །ལྷའི་བུས་སྨྲས་པ། སུ་དག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། འཇམ་དཔལ་གྱིས་སྨྲས་པ། གང་དོན་དམ་པར་ན་ཆོས་ཐམས་ཅད་གང་ ཡང་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་དོན་དམ་པར་ན་སུ་དག་ཆོས་གང་ཡང་མངོན་པར་རྫོགས་པར་འཚང་མི་རྒྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཀུན་རྫོབ་ 55-1-281a ཏུ་ན་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་འཚང་རྒྱ་བ་དག་གོ། །ལྷའི་བུས་སྨྲས་པ། འཇམ་དཔལ་དེ་དག་ཇི་ལྟ་བུའི་རང་བཞིན་དུ་འགྱུར། འཇམ་ དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ན་དེ་དག་རབ་ཏུ་མ་སྐྱེས་པའི་རང་བཞིན་དུ་འགྱུར་རོ། །ལྷའི་བུས་སྨྲས་པ་འཇམ་དཔལ་མདོ་སྡེ་འདི་ལྟ་བུ་སུ་དག་གི་ལག་ཏུ་འགྲོ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཀུན་རྫོབ་ཏུ་ན་གང་སེམས་ཅན་ཐམས་ཅད་ལ་དམ་པའི་ཆོས་ཀྱི་ལག་སྦྱིན་པར་བྱེད་པ་རྣམས་ཀྱིའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་དེ་དག་ཇི་ལྟ་བུར་གནས་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ན་ཤིན་དུ་མ་སྐྱེས། མ་བྱུང་། དངོས་པོ་མེད་པ་ལ་དེ་དག་གནས་པར་འགྱུར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་དེ་དག་ཅིས་འགྲོ་བར་འགྱུར། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ན་མ་སྐྱེས། མ་བྱུང་། དངོས་པོ་མེད་པར་དེ་དག་འགྲོ་བར་འགྱུར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་ཅི་བྱང་ཆུབ་འཐོབ་བམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་བྱང་ཆུབ་མི་འཐོབ་པ་ནི་གནས་མ་ཡིན་ཏེ། གོ་སྐབས་ མེད་དོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཅི་ལས་ལྡོག་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ དོན་དམ་པར་ན་རྣམ་པར་རྟོག་པ་ཐམས་ཅད་ལས་ལྡོག་གོ། །ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། མུ་སྟེགས་ཅན་དམིགས་པ་ཅན་གྱི་ས་ལས་ལྡོག་གོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་ 55-1-281b སེམས་དཔའ་སེམས་དཔའ་ཆེན་པོ་ཅི་ལས་མི་ལྡོག །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་ཐམས་ཅད་ཤིན་དུ་མི་འབྱུང་བའི་མཉམ་པ་ཉིད་ལས་མི་ལྡོག་གོ། །དེ་ཅིའི་ ཕྱིར་ཞེ་ན། དོན་དམ་པར་ན་ཆོས་ཐམས་ཅད་ཤིན་ཏུ་མི་འབྱུང་བར་མཉམ་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མཉམ་སྟེ། དེ་བས་ན་ཕྱིར་མི་ལྡོག་གོ། །ལྷའི་བུས་སྨྲས་པ། ཆོས་ཐམས་ཅད་ཤིན་ དུ་འབྱུང་བར་མཉམ་པ་ཉིད་ཅེས་བྱ་བ་དེ་འཇམ་དཔལ་ཆོས་གང་གི་ཚིག་བླ་དགས། འཇམ་དཔལ་གྱིས་སྨྲས་པ། ཆོས་ཐམས་ཅད་ཤིན་དུ་མི་འབྱུང་བར་མཉམ་ཞེས་བྱ་བ་ནི་ལྷའི་བུ་དོན་དམ་པར་སྣ་ཚོགས་མེད་པའི་ཚིག་བླ་ དགས་སོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཆོས་ཐམས་ཅད་ཤིན་དུ་མི་འབྱུང་བར་མཉམ་པ་ལ་ཅིའི་ཕྱིར་སྣ་ཚོགས་སུ་སྣང་། འཇམ་དཔལ་གྱིས་སྨྲས་པ། གང་ལྷའི་བུ་ཆོས་ཐམས་ཅད་ཤིན་དུ་མི་འབྱུང་བར་མཉམ་ པ་ལ་དོན་དམ་པར་རྫས་དང་། དངོས་པོ་དང་། ངོ་བོར་ཡོངས་སུ་རྟོག་པས་དེ་དག་དོན་དམ་པར་ན་སྣ་ཚོགས་སུ་སྤྱོད་དོ། །དེ་དག་དོན་དམ་པར་སྣ་ཚོགས་སུ་སྤྱོད་པ་ལ་དམིགས་པའི་ལྟ་བ་མང་དུ་འགྱུར་རོ། །དེ་དག་དམིགས་པའི་ལྟ་བ་ མང་པོས་འགྲོ་བ་རྣམ་པ་ཐ་དད་པ་རྣམས་སུ་དབང་མེད་པར་འཁྱམ་མོ། །གང་ལྷའི་བུ་ཆོས་ཐམས་ཅད་ཤིན་དུ་མི་འབྱུང་བར་མཉམ་པ་ལ་དོན་དམ་པར་ངོ་བོ་དང་། རྫས་དང་། དངོས་པོ་ཡོངས་སུ་མི་རྟོག་ན། དེ་དག་དོན་དམ་པར་ ན་སྣ་ཚོགས་སུ་མི་སྤྱོད་དོ། །དེ་དག་དོན་དམ་པར་སྣ་ཚོགས་སུ་མི་སྤྱོད་ན། དོན་དམ་པར་ཤིན་དུ་དངོས་པོ་མེད་པར་འགྲོ་བའི་ཚུལ་གྱིས་དོན་དམ་པར་ཆོས་ཐམས་ཅད་ཤིན་དུ་མ་སྐྱེས་པའི་མཚན་ཉིད་དང་མཉམ་པར་ཁོང་དུ་ཆུད་པར་ འགྱུར་རོ། །ལྷའི་བུས་སྨྲས་པ། རྣམ་གྲངས་གྲང་གིས་ཉོན་མོངས་པ་དང་བཅས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བྱང་ཆུབ་ཡོད་ཀྱི། ཉོན་མོངས་པ་མེད་པ་ལ་མ་ཡིན་པའི་རྣམ་གྲངས་ཡོད་དམ། འཇམ་ 55-1-282a དཔལ་གྱིས་སྨྲས་པ། ལྷའི་བུ་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་ཆོས་ཐམས་ཅད་ནི་ཀུན་རྫོབ་ཏུ་འབྱུང་བ་ཡང་འབྱུང་ངོ་། །མི་འབྱུང་ཡང་མི་འབྱུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱི་བྱང་ཆུབ་ཀྱང་ཀུན་རྫོབ་ཏུ་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དོན་དམ་པར་ན་ཆོས་ཐམས་ཅད་ནི་ཉོན་མོངས་པ་མེད་ཅིང་མི་སྐྱེ་མི་འགག་སྟེ། ཆོས་གང་དོན་དམ་པར་མི་སྐྱེ་མི་འགག་པ་དེ་དོན་དམ་པར་གང་གིས་ཀྱང་མངོན་པར་ རྫོགས་པར་སངས་མ་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ། །མངོན་པར་རྫོགས་པར་འཚང་མི་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དོན་དམ་པར་ཆོས་ཐམས་ཅད་ཤིན་དུ་མ་སྐྱེས་པའི་ཕྱིར་ཏེ། ལྷའི་བུ་རྣམ་གྲངས་དེ་ལྟ་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉོན་མོངས་པ་དང་བཅས་པ་ལ་བྱང་ཆུབ་འབྱུང་སྟེ། ཉོན་མོངས་པ་མེད་པ་ལ་ནི་མ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་རྣམ་གྲངས་གང་གི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེར་སྣ་ཅན་ལ་སྦྱིན་པའི་ཕ་རོལ་དུ་ཕྱིན་པར་འགྱུར་ཏེ། གཏོང་བ་དང་ལྡན་པ་ལ་མ་ཡིན་པའི་རྣམ་གྲངས་ཡོད་དམ། འཇམ་དཔལ་གྱིས་སྨྲས་པ། ཡོད་དེ། ལྷའི་བུ་རྣམ་གྲངས་གང་ གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེར་སྣ་ཅན་གྱི་སྦྱིན་པའི་ཕ་རོལ་དུ་ཕྱིན་པར་འགྱུར་གྱི། གཏོང་བ་དང་ལྡན་པ་ལ་མ་ཡིན་པའི་རྣམ་གྲངས་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་སེམས་ཅན་ཐམས་ཅད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་ཡོངས་སུ་མི་གཏོང་མི་འདོར་བ་དེ་ནི་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེར་སྣའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ངན་པའི་ངང་ཚུལ་ཅན་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པར་འགྱུར་ཀྱི། ཚུལ་ཁྲིམས་དང་ལྡན་པ་ལ་མ་ཡིན་པའི་རྣམ་གྲངས་ཡོད་དམ། འཇམ་དཔལ་གྱིས་སྨྲས་པ། ཡོད་དེ། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་ 55-1-282b དཔའ་ཆེན་པོ་གང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སེམས་ཅན་ལ་ལྟའི། ཚུལ་ལམ་ཡིན་པ་དེ་ནི་ཀུན་རྫོབ་ཏུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལྷའི་བུས་ སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་བཟོད་པ་ བོར་ལ། བཟོད་པ་ཅན་གྱི་རྣམ་གྲངས་ཡོད་དམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཡོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དོན་དམ་པར་ཆོས་ཐམས་ཅད་ལ་རྫས་དང་། དངོས་པོ་དང་། ངོ་བོར་མི་བཟོད་པ་དེ་ནི་ཤིན་དུ་མ་སྨྲས་པའི་ཚུལ་གྱིས་བླ་ན་མེད་པའི་བཟོད་པ་དང་ལྡན་པར་འགྱུར་ཏེ། ལྷའི་བུ་དེ་ནི་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ་དམ་པའོ། །ལྷའི་བུས་ སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལེ་ལོ་ཅན་བརྩོན་འགྲུས་དང་ལྡན་པར་འགྱུར་བའི་རྣམ་གྲངས་ཡོད་དམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཡོད་དེ། ལྷའི་བུ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ལེ་ལོ་ཅན་དུ་གྱུར་པ་ནི་སླའི་ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་དམིགས་པའི་བརྩོན་འགྲུས་ཀྱིས་བརྩོན་འགྲུས་དང་ལྡན་པ་ནི་དེ་ལྟ་མ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྗེད་ངས་པ་གང་མཉམ་པར་བཞག་པར་འགྱུར་བའི་རྣམ་གྲངས་ཡོད་དམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཡོད་དེ། ལྷའི་བུ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་གང་ལ་ལ་རྨི་ལམ་དུ་ཡང་དོན་དམ་པར་རྫས་དང་། ངོ་བོ་དང་། དངོས་པོའི་སེམས་མི་སྐྱེ་བ་དེ་ནི་མི་དམིགས་པའི་ཚུལ་གྱིས་ཤིན་དུ་མཉམ་པར་བཞག་པར་འགྱུར་རོ། །ལྷའི་བུས་སྨྲས་པ། འཇམ་ 55-1-283a དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་མེད་པ། ཤེས་རབ་ཆེན་པོར་འགྱུར་བའི་རྣམ་གྲངས་ཡོད་དམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དོན་དམ་པར་ན་ཆོས་ཐམས་ཅད་ལ་ཤེས་རབ་ཀྱིས་རྣམ་པར་དཔྱད་དེ་བཙལ་ན་ཤིན་དུ་མེད་ཅིང་མི་དམིགས་ཏེ། ཤེས་རབ་གྱི་དེ་ཡང་དོན་དམ་པར་ན་ཤིན་དུ་མེད་ཅིང་མི་དམིགས་པས་ན་ཀུན་རྫོབ་ཏུ་ཤེས་རབ་ཅན་ཞེས་བྱ་སྟེ། ཤེས་རབ་དེ་ཡང་དོན་དམ་པར་ན་ཤིན་དུ་མ་སྐྱེས་པ་ཡིན་ནོ། །ལྷའི་བུ་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་མེད་པ་ནི་ཤེས་རབ་ཆེན་པོ་ཅན། ཞེས་བྱའོ། །ཤེས་རབ་བྱེ་བྲག་ཏུ་འཕགས་ པ་ཞེས་བྱའོ། །ཤེས་རབ་དམ་པ་དང་ལྡན་པ་ཞེས་བྱའོ། །ཤེས་རབ་གྱ་ནོམ་པ་ཞེས་བྱའོ། །མི་དམིགས་པའི་ཤེས་རབ་ཅན་ཞེས་བྱ་སྟེ། དོན་དམ་པར་ན་ཇི་སྐད་དུ་བརྗོད་པ་ལྟར་ནི་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་ དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །འཇམ་དཔལ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱ་བ་དང་མི་བྱ་བ་མི་བསྟན་པའི་ཚུལ་གྱིས་བསྟན་པ་ནི་ཚིག་འདི་ ལེགས་པར་སྨྲས་སོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་བཀྲེས་པ་ལྟོགས་པས་ཉམས་ཆུང་བ་མནགས་པ་སླའི། མི་ཤེས་པས་ཁ་ཟས་དུག་ཅན་ཟོས་པ་དེ་ལྟ་མ་ཡིན་ནོ། །འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་མི་དམིགས་པའི་སེར་སྣ་ཅན་དང་། ངན་པའི་ངང་ཚུལ་ཅན་དང་། གནོད་སེམས་ཅན་དང་། ལེ་ལོ་ཅན་དང་། བརྗེད་ངས་པ་དང་། ཤེས་རབ་མེད་པ་སླའི། ཉན་ཐོས་དང་། རང་སངས་རྒྱས་དམིགས་པ་ ཅན་གྱི་སེམས་ཀྱི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་སྦྱོར་བ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དམིགས་པའི་དུག་གི་སྐྱོན་ཆགས་པའི་ཕྱིར་དེ་ལ་ 55-1-283b ཀུན་རྫོབ་དུ་འཇིགས་པར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་མཚམས་བཟངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཉོན་མོངས་པ་ རྣམས་ལ་འཇིགས་པར་མི་བགྱི་འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་ཀུན་རྫོབ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཉོན་མོངས་པ་ལ་འཇིགས་པར་བྱའོ། །དེ་བས་ཀྱང་དེས་ཉན་ཐོས་དང་ རང་སངས་རྒྱས་དམིགས་པ་ཅན་གྱི་སེམས་ལ་ཤིན་ཏུ་འཇིགས་པར་བྱ་སྟེ། ཉོན་མོངས་པ་རྣམས་ལ་ནི་དེ་ལྟ་མ་ཡིན་ནོ། །ལྷའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ཅིའི་སླད་ནས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ལྷའི་བུ་ཁྱོད་ཉིད་ལ་དྲིས་ཁྱོད་ཀྱིས་ཅི་ནུས་པ་དེ་བཞིན་དུ་ལུང་སྟོན་ཅིག །ལྷའི་བུ་འདི་ཡིད་ལ་ཇི་སྙམ། སྐྱེས་བུ་འཚོ་བར་འདོད་པར་གྱུར་པས་ཡན་ལག་གཅད་པ་ལ་འཇིགས་པར་བྱ་འམ། འོན་ཏེ་མགོ་ གཅད་པ་ལ་རབ་ཏུ་འཇིགས་པར་བྱ། ལྷའི་བུས་གསོལ་པ། བཅོམ་ལྡན་འདས་ཡན་ལག་གཅད་པའི་སྐྱེས་བུ་ནི་འཚོ་སྟེ། བསོད་ནམས་འདོད་པ་བསོད་ནམས་ཀྱི་ལམ་ཡང་དག་པར་བླངས་ཤིང་གནས་པ་དེ་ནི་མཐོ་རིས་ སུ་སྐྱེ་བའི་རྒྱུར་འགྱུར་གྱི། བཅོམ་ལྡན་འདས་མགོ་བཅད་པ་ནི་འཚོ་བ་ལས་ཡོངས་སུ་ཉམས་ཏེ། བསོད་ནམས་འཚལ་བ་བསོད་ནམས་ཀྱི་ལམ་ཡང་དག་པར་ལེན་ཅིང་སྤྱོད་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། ལྷའི་བུ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དམིགས་པ་ནི་སྤྱོད་པ་ཉམས་ཀྱང་སླའི། ཉན་ཐོས་དང་། རང་སངས་རྒྱས་དམིགས་པ་ཅན་ཀྱི་ལྟ་བར་ལྷུང་བ་རྣམས་ཀྱིས་བསླབ་པ་དང་། སྦྱངས་པའི་ ཡོན་ཏན་ཐམས་ཅད་དང་ལྡན་པ་ནི་དེ་ལྟ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེར་སྣ་ཅན་ནི་སླའི། སེམས་ཅན་ཐམས་ཅད་ཡོངས་སུ་བཏང་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་འདོར་བ་ནི་དེ་ལྟ་མ་ཡིན་ 55-1-284a ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངན་པའི་ངང་ཚུལ་ཅན་དུ་གྱུར་པ་ནི་སླའི། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་མི་བྱེད་པར། གྱུར་པ་ནི་དེ་ལྟ་མ་ཡིན་ནོ། །བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དད་པས་སྤྱོད་པའི་ས་ལ་སྤྱོད་པ། མི་དམིགས་པ་ལ་མོས་ཤིང་ཉོན་མོངས་པ་དང་བཅས་པ་སླའི། ཉན་ཐོས་དང་། རང་སངས་རྒྱས་དམིགས་པ་ཅན་ངེས་པར་གྱུར་པ་ཐོབ་པ། ཉོན་མོངས་པ་མེད་པ་དེ་ལྟ་མ་ཡིན་ནོ། །ལྷའི་བུས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མི་སྤྱོད་པའི་ཚུལ་གྱིས་སྤྱོད་པ་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་ པ་ལགས་སོ། །བཅོམ་ལྡན་འདས་དམིགས་པའི་དུག་གི་སྐྱོན་ཆགས་པས་ན། གང་ཉན་ཐོས་དང་། རང་སངས་རྒྱས་དམིགས་པ་ཅན་རྣམས་ཀྱི་ཚུལ་ཁྲིམས་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱི་ངན་པའི་ངང་ཚུལ་ལགས་སོ། །ཇི་ཙམ་དུ་གང་ཉན་ཐོས་དང་། རང་སངས་རྒྱས་དམིགས་པ་ཅན་རྣམས་ཀྱི་བརྩོན་འགྲུས་དེ་ནི་དམིགས་པའི་དུག་གི་སྐྱོན་ཆགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་ལེ་ལོའི་བར་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་འདི་ལྟ་སྟེ། དཔེར་ན་གང་མི་དབུལ་པོའི་ཁ་ཟས་དེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དུག་གོ། །ལྷའི་བུ་དེ་བཞིན་དུ་ གང་ཉན་ཐོས་དང་། རང་སངས་རྒྱས་དམིགས་པ་ཅན་རྣམས་ཀྱི་ཚུལ་ཁྲིམས་དང་། བརྩོན་འགྲུས་ཀྱི་བར་དུ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ངན་པའི་ངང་ཚུལ་དང་ལེ་ལོའི་བར་དུའོ། ། དེ་ཅིའི་ཕྱིར་ཞེ་ན། དམིགས་པའི་དུག་གི་སྐྱོན་ཆགས་པའི་ཕྱིར་རོ། །ལྷའི་བུ་འདི་ལྟ་སྟེ། དཔེར་ན་གང་བདག་ཉིད་བསབ་པའི་ལས་བྱེད་པའི་སྐྱེས་བུའི་ནོར་དེས་གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་བདེ་བར་སྦྱོར་མི་ནུས་ 55-1-284b སོ། །ལྷའི་བུ་དེ་བཞིན་དུ་གང་ཉན་ཐོས་དང་། རང་སངས་རྒྱས་དམིགས་པ་ཅན་དབུལ་བའི་སེམས་དང་། དམན་པའི་སེམས་དང་། དམིགས་པའི་སེམས་དང་ལྡན་པ་རྣམས་ཀྱི་བརྩོན་འགྲུས་ཀྱི་བར་གྱིས་འཛམ་ བུའི་གླིང་གི་སེམས་ཅན་ཡོངས་སུ་ཐར་བར་བྱེད་ཀྱང་མི་ནུས་ན་སེམས་ཅན་ཐམས་ཅད་ལྟ་ཅི་སྨོས། ལྷའི་བུ་འདི་ལྟ་སྟེ། དཔེར་ན་ནོར་ཆེན་པོ་ལོངས་སྤྱོད་ཆེན་པོ་གཏོང་བ་དང་ལྡན་པ། བྱམས་པ་ལ་གནས་པ། སྙིང་རྗེ་ ཆེན་པོ་དང་ལྡན་པ་དེད་དཔོན་ཆེན་པོ་ནི། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བདེ་བར་བྱེད་པ་ལ་ཞུགས་པའི་ནོར་དེ་གྲངས་མེད་དཔག་ཏུ་མེད་པའི་སེམས་ཅན་བདེ་བར་བྱེད་དོ། །ལྷའི་བུ་དེ་བཞིན་དུ་གང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ལ་ཞུགས་པ། སེམས་ཅན་ཐམས་ཅད་ལ་ཤེས་རབ་དང་། ཐབས་དང་། སྙིང་བརྩེ་བ་ཆེན་པོས་བསྐུལ་བ། བསྐུལ་པ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པར་བསོད་ ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་ནོར་ཆེན་པོ་མི་དམིགས་པའི་བརྩོན་འགྲུས་ཀྱི་བར་དུ་དེ་དག་གིས་སེམས་ཅན་གྲངས་མེད། དཔག་ཏུ་མེད་པ་ཡོངས་སུ་སྨིན་པར་བྱེད་དོ། །མི་གཞོག་པའི་ཚུལ་གྱིས་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ལ་འང་རབ་ཏུ་འགོད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉན་ཐོས་ཀྱིས་འདུས་མ་བྱས་ཀྱི་ཆོས་རྣམས་མངོན་སུམ་དུ་བགྱིས་ ལ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདུས་བྱས་སུ་གཏོགས་པ་ལགས་ན། དེ་ཇི་ལྟར་འདུས་མ་བྱས་སུ་གཏོགས་པའི་ཉན་ཐོས་དང་། རང་སངས་རྒྱས་དམིགས་པ་ཅན་ཐམས་ཅད་ཟིལ་གྱིས་ གནོན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེའི་དོན་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་དཔེར་བྱ་སྟེ། སྐྱེས་བུ་མཁས་པས་སྨྲས་པའི་དོན་རིག་པ་ལ་ལ་དཔེས་དེའི་དོན་གོ་བར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་ 55-1-285a བཞི་མར་གྱི་གང་བར་གྱུར་ལ། དེ་ནས་སྐྱེས་བུ་ལ་ལས་སྐྲ་བརྒྱར་གཤེགས་པའི་རྩེ་མོའི་ཐོག་མས་མར་གྱི་ཐིགས་པ་གཅིག་བླངས་ན། འོད་སྲུང་འདི་ཇི་སྙམ་དུ་སེམས། སྐྲ་བརྒྱར་གཤེགས་པའི་རྩེ་མོའི་ཐོག་མས་ མར་གྱི་ཐིགས་པ་བཅུས་པས་རྒྱ་མཚོ་ཆེན་པོ་བཞི་མར་གྱིས་གང་བ་ཟིལ་གྱིས་གནོན་པར་ནུས་སམ། འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ། །བདེ་བར་གཤེགས་པ་དེ་མ་ལགས་སོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ཡང་འོད་སྲུང་དེ་དག་ལས་ཆེས་མང་བ་དང་། ཆེས་མཆོག་ཏུ་གྱུར་པ་དང་། ཆེས་དམ་པ་དང་། ཆེས་རིན་ཆེ་བ་གང་ཡིན། འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས་འདི་ལྟར་རྒྱ་མཚོ་ཆེན་པོ་གཅིག་གི་ བྱེ་བ་བརྒྱ་སྟོང་གི་ཆ་ཤས་དེ་འང་། བཅོམ་ལྡན་འདས་ཤིན་དུ་མང་། ཤིན་དུ་མཆོག །ཤིན་དུ་དམ་པ། ཤིན་དུ་རིན་ཆེ་བ་ལགས་ཏེ། བཅོམ་ལྡན་འདས་བརྒྱར་གཤགས་པའི་སྐྲའི་རྩེ་མོའི་ཐོག་མས་མར་གྱི་ཐིགས་པ་བླངས་པ་དེ་ལྟ་ མ་ལགས་ན། བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོ་བཞི་ལྟ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། དཔེར་ན་བརྒྱར་གཤགས་པའི་སྐྲའི་རྩེ་མོའི་ཐོག་མས་མར་གྱི་ཐིགས་པ་བླངས་པ་ཚད་ཡོད་པ་དེ་བཞིན་ དུ་ཉན་ཐོས་དང་། རང་སངས་རྒྱས་དམིགས་པ་ཅན་གྱི་འདུས་མ་བྱས་ཀྱི་ཡེ་ཤེས་ནི་ཆུང་ངོ་། །དམིགས་པ་དང་བཅས་པའོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་བཞི་མར་གྱིས་གང་བ་དེ་ཙམ་དུ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དམིགས་པ་མེད་པ། དད་པ་སྤྱོད་པའི་ས་ལ་མི་སྤྱོད་པའི་ཚུལ་གྱིས་སྤྱོད་པའི་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་བསྡུས་པ། འདུས་བྱས་ཀྱི་ཡེ་ཤེས་སུ་མི་བལྟ་ བའི་ཚུལ་གྱིས་བལྟའོ། །དེ་ཡང་དོན་དམ་པའི་མེ་འབར་བས་ཡོངས་སུ་སྨྲིན་པར་བྱས་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་མི་དམིགས་པའི་ཚུལ་གྱིས་འགྱུར་རོ། །འོད་སྲུང་དེ་བཞིན་དུ་ 55-1-285b བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདུས་མ་བྱས་ཐོབ་པའི་ཉན་ཐོས་དང་རང་སངས་རྒྱས་དམིགས་པ་ཅན་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་ཟིལ་གྱིས་གནོན་ཏོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་གྲོང་ཁྱེར་ཆེན་ པོར་ཆུད་པའི་མཆིང་བུའི་ནོར་བུ་ཁུར་བརྒྱ་སྟོང་དུ་གྱུར་པ་དང་། རྒྱ་མཚོ་ཆེན་པོའི་ནང་ན་ཡོད་པ་གྲུར་བཅུག་རིན་ཆེ་བའི་བཻ་དཱུརྱ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བདེ་ཞིང་ཉེ་ཞོ་མེད་པར་འཛམ་བུའི་གླིང་དུ་ཕྱིན་ན་དེ་ཇི་སྙམ་དུ་སེམས། གྲང་ ཁྱེར་ཆེན་པོར་ཆུད་པའི་མཆིང་བུའི་ནོར་བུས་གྲུའི་ནང་དུ་བཅུག་པ་རིན་པོ་ཆེ་བཻ་དཱུརྱ་ནོར་བུ་རིན་པོ་ཆེ་ཟིལ་གྱིས་ནོན་པར་ནུས་སམ། འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ། །བདེ་བར་གཤེགས་པ་དེ་མ་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཇི་ལྟར་གྲོང་ཁྱེར་ཆེན་པོར་ཆུད་པའི་མཆིང་བུའི་ནོར་བུ་བཞིན་དུ། འདུས་མ་བྱས་ཐོབ་པའི་ཉན་ཐོས་དང་། རང་སངས་རྒྱས་དམིགས་པ་ཅན་ཐམས་ཅད་ དུ་བལྟའོ། །འོད་སྲུང་ཇི་ལྟར་ནོར་བུ་རིན་པོ་ཆེ་ཆེན་པོའི་བཻ་དཱུརྱ་རྒྱ་མཚོ་ཆེན་པོའི་ནང་ན་ཡོད་པ་གྲུར་བཅུག་པ་བདེ་ཞིང་ཉེ་ཞོ་མེད་པར་ཚོང་ཁང་གི་བར་དུ་འོངས་པར་གྱུར་པ། འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་འཁོར་བའི་གྲོང་ཁྱེར་གྱི་ཚོང་ཁང་གི་བར་དུ་འོངས་ན་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་འཇོག་པའི་ཚུལ་གྱིས་རབ་ཏུ་འགོད་པར་བལྟའོ། །འོད་སྲུང་འདི་ ལྟ་སྟེ། དཔེར་ན་དཔྱིད་ཟླ་ཐ་ཆུངས་ཀྱི་ཟླ་བ་ལ་ས་ཆེན་པོ་ལོ་ཏོག་གིས་རབ་ཏུ་གང་བ་ལ་གྲོག་སྦུར་ཕྲ་མོས་ཟས་ཀྱི་འབྲུ་གཅིག་ཁྱེར་བ་དང་། ས་ཆེན་པོ་འདི་དེ་དག་གིས་གང་བ་གཉིས་གང་མང་བར་སེམས། འོད་སྲུང་གིས་ གསོལ་པ། བཅོམ་ལྡན་འདས་ལོ་ཏོག་གིས་གང་བའི་ས་ཆེན་པོ་དེ་དཔག་ཏུ་མ་མཆིས་པའི་འབྲུའི་ཕུང་པོ་ཆེན་པོ་འབྱུང་བར་འགྱུར་ཏེ། དེས་སེམས་ཅན་གྲངས་མ་མཆིས་དཔག་ཏུ་མ་མཆིས་པ་རྣམས་ཚིམ་པར་འགྱུར་གྱི། 55-1-286a བཅོམ་ལྡན་འདས་གྲོག་སྦུར་ཕྲ་མོས་འཚལ་བའི་ཟས་ཀྱི་འབྲས་བུས་ལྟ་ཅི་ཞིག་བགྱི་སྟེ། དེས་སེམས་ཅན་གང་ཡང་འཚོ་བར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཇི་ ལྟར་གྲོག་སྦུར་ཕྲ་མོས་ཁྱེར་བའི་ཟས་ཀྱི་འབྲུ་གཅིག་པོ་དེ་བཞིན་དུ་འོད་སྲུང་ཉན་ཐོས་དང་། རང་སངས་རྒྱས་དམིགས་པ་ཅན་ཐམས་ཅད་ཀྱི་ཟག་པ་མེད་པའི་རྣམ་པར་གྲོལ་བའི་འབྲས་བུར་བལྟའོ། །འོད་སྲུང་ཇི་ལྟར་ལོ་ ཏོག་མང་པོས་རབ་ཏུ་གང་བའི་ས་ཆེན་པོ་དེ་བཞིན་དུ་འོད་སྲུང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་གནས་པའི་ཚུལ་གྱིས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་གནས་པས། ཕ་རོལ་དུ་ཕྱིན་པ་དྲུག་ལ་སོགས་པ་ སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། བླ་ན་མེད་པར་བསྡུས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དགེ་བའི་རྩ་བའི་ལོ་ཏོག་ཏུ་བལྟའོ། །དེ་ཡོངས་སུ་སྨིན་པར་གྱུར་ནས་འདི་ལྟ་སྟེ། བླ་ན་མེད་པ་རྣམ་པ་ ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཡེ་ཤེས་ཀྱི་བདེ་བ་མི་དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་མི་འཆད་པའི་ཚུལ་གྱིས་ཇི་ལྟར་བཤད་པ་དེ་དེ་བཞིན་ནོ། །བཅོམ་ལྡན་འདས་དེ་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ ལྡན་པ། བླ་ན་མ་མཆིས་པ་མི་དམིགས་པའི་ཡེ་ཤེས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དད་པའི་སྤྱོད་པའི་ས་ལ་མི་སྤྱོད་པའི་ཚུལ་གྱིས་སྤྱོད་པས་ཉན་ཐོས་དང་། རང་སངས་རྒྱས་དམིགས་པ་ཅན་ཐམས་ཅད་ ཟིལ་གྱིས་ནོན་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེའི་ཏོག་གི་སངས་རྒྱས་ཀྱི་ཞིང་ནས་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་ 55-1-286b བྱ་བ་འདིར་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་བསྟན་པ་འདི་ཐོས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཉན་ཐོས་དང་། རང་ སངས་རྒྱས་དམིགས་པ་ཅན་ཀུན་ནས་ཉོན་མོངས་པ་སྤོང་བའི་བཀའ་མཆིད་དང་། ལྟུང་བ་རྣམ་པར་གཞག་པའི་བར་གྱི་བཀའ་མཆིད་འདི་དག་ཐམས་ཅད་ནི་སྤྲོས་པའི་བཀའ་མཆིད་དོ། །རྣམ་པ་ཐ་དད་པའི་བཀའ་ མཆིད་དོ། །དམིགས་པའི་བཀའ་མཆིད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་ཏོག་གི་སངས་རྒྱས་ཀྱི་ཞིང་ན་དེ་ལྟ་བུའི་དམིགས་པ་ཅན་གྱི་ བཀའ་མཆིད་མ་མཆིས་སོ། །དེ་ལྟ་བུའི་དམིགས་པ་ཅན་གྱི་བཀའ་མཆིད་མི་གདའ་སྟེ། བཅོམ་ལྡན་འདས་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དག་པའི་བཀའ་མཆིད་མི་ཐོས་པའི་ཚུལ་གྱིས་ཐོས་སོ། ། ཕྱིར་མི་ལྡོག་པའི་བཀའ་མཆིད་མི་ཐོས་པའི་ཚུལ་གྱིས་ཐོས་སོ། །མི་དམིགས་པའི་བཀའ་མཆིད་མི་ཐོས་པའི་ཚུལ་གྱིས་ཐོས་སོ། །དོན་དམ་པར་ཆོས་ཐམས་ཅད་ཤིན་དུ་མ་སྐྱེས་པའི་བཀའ་མཆིད་མི་ཐོས་པའི་ཚུལ་གྱིས་ ཐོས་སོ། །དོན་དམ་པར་ཆོས་ཐམས་ཅད་ཤིན་དུ་མ་བྱུང་བའི་བཀའ་མཆིད་མི་ཐོས་པའི་ཚུལ་གྱིས་ཐོས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ནི་ ཤིན་དུ་དཀའ་བ་མཛད་དེ། གང་འདི་སྙེད་ཀྱི་ཉམ་ང་བ་བཟོད་ཅིང་གང་ཐམས་ཅད་དོན་དམ་པར་ཤིན་དུ་མ་སྐྱེས་པ་ལ། ཆོས་རྣམས་རབ་འབྲིང་ཐ་མར་སྟོན་པར་མཛད་དོ། །འདི་ལྟ་སྟེ། དོན་དམ་པར་ན་ཤིན་དུ་མ་སྐྱེས་ པ་དང་། མ་བྱུང་བ་དང་། དངོས་པོ་མ་མཆིས་པའི་རྣམ་པ་སྟེ། བཅོམ་ལྡན་འདས་དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་རྣམ་པ་གཅིག་ལས་སེམས་ཅན་རྣམས་ཀྱི་དམིགས་པ་གཞོམ་པའི་སླད་དུ་མི་སྟོན་པའི་ཚུལ་གྱིས་ 55-1-287a རྣམ་པ་དུ་མར་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱིས། ལྷའི་མེ་ཏོག་དང་། སྤོས་དང་། བདུག་པ་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་ དང་། རྒྱལ་མཚན་དང་། བ་དན་དང་། རྣམ་པར་རྒྱལ་བའི་བ་དན་དང་བཅས་པའི་བླ་རེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་བླ་ན་མེད་པའི་མཆོད་ པ་བྱས་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བདག་ཅག་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བར་འདོང་ངོ་། །འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་དག་ད་ དེའི་དུས་ལ་བབ་པར་ཤེས་ན་དེང་ཤིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་སྨྲས་པ། འཇམ་དཔལ་ཅི་ཁྱོད་ད་མི་འགྲོ་འམ། འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་ཐམས་ ཅད་ནི་སངས་རྒྱས་ཀྱི་ཞིང་གཅིག་གོ། །དེ་བཞིན་དུ་སངས་རྒྱས་ཐམས་ཅད་ནི་སངས་རྒྱས་གཅིག་གོ། །དེ་བཞིན་དུ་ཆོས་ཐམས་ཅད་ནི་ཆོས་གཅིག་གོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ནི་སེམས་ཅན་གཅིག་གོ། །དེ་ དག་འདི་ལས་ཁྱད་པར་ཅི་ཡོད་ན། རིགས་ཀྱི་བུ་བདག་དེར་འགྲོ། དེ་སྐད་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་སྨྲས་པ། འཇམ་དཔལ་ཇི་ལྟར་སངས་རྒྱས་ཀྱི་ཞིང་ཐམས་ཅད་སངས་ རྒྱས་ཀྱི་ཞིང་གཅིག །འཇམ་དཔལ་ཇི་ལྟར་སངས་རྒྱས་ཐམས་ཅད་སངས་རྒྱས་གཅིག །འཇམ་དཔལ་ཇི་ལྟར་ཆོས་ཐམས་ཅད་ཆོས་གཅིག །འཇམ་དཔལ་ཇི་ལྟར་སེམས་ཅན་ཐམས་ཅད་སེམས་ཅན་གཅིག ། འཇམ་ དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་དག་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནི་ཞིང་མ་ཡིན་ནོ་དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་ཤིན་དུ་མ་སྐྱེས་པའི་ཕྱིར་རོ། །རིགས་ཀྱི་བུ་དག་སངས་རྒྱས་ཐམས་ཅད་ནི་སངས་རྒྱས་མ་ཡིན་ནོ། ། 55-1-287b དེ་ན་ཅིའི་ཕྱིར་ཞེ་ན། དོན་དམ་པར་ན་ཤིན་ཏུ་མ་བྱུང་བའི་ཕྱིར་རོ། །རིགས་ཀྱི་བུ་དག་ཆོས་ཐམས་ཅད་ནི་ཆོས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་ན་ཤིན་དུ་དངོས་པོ་མེད་པའི་ཕྱིར་རོ། །རིགས་ཀྱི་བུ་དག་སེམས་ཅན་ཐམས་ ཅད་ནི་སེམས་ཅན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་ན་ཤིན་དུ་ཀུན་ནས་མ་བྱུང་བའི་ཕྱིར་རོ། །དེ་ནས་དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པས་ཅི་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེའི་ཏོག་གི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བ་དེ་ཅི་འདྲ་བར་ལྷག་ཆད་མེད་པར་སྣང་བ་དེ་ལྟ་བུར་བསམ་པ་རབ་ཏུ་རྫོགས་ནས་དེ་འདྲ་བར་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་ཏོག་དེ་དང་། འཇིག་ རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བ་དེ་འང་མཐོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འདི་སྙམ་དུ་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བར་ཕྱིན་པར་སེམས་སོ། ། དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེའི་ཏོག་གི་ཁ་དོག་དང་དབྱིབས་ཅི་འདྲ་བ་ བཞིན་དུ་མཐོང་ངོ་། །ཉན་ཐོས་ཆེན་པོ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་སྙམ་དུ་སེམས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་ཤཱཀྱ་ཐུབ་པ་ལ་རིན་པོ་ཆེའི་ཏོག་ཡིན་སྙམ་པ་བྱེད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ཞེས་བགྱི་བ་འདིར་སུས་ཕྱིན་པར་བགྱིས། བཅོམ་ལྡན་འདས་ཤཱཀྱ་ 55-1-288a ཐུབ་པས་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱེད་སུས་ཁྲིད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་གསོལ་པ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པས་བདག་ཅག་ཁྲིད་ དོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་ནི་འཇམ་དཔལ་གཞོན་ནུར་གྱུར་པས་མ་འོངས་མ་སོང་བའི་ཚུལ་གྱིས་ཕྱིན་པར་བྱས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་ཁྱེད་གང་དུ་ཁྲིད། གང་ནས་ཁྲིད་པར་བྱས་པ་མཉམ་པར་ཞོག་ལ་ལྟོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་རང་རང་གི་ཏིང་ངེ་ འཛིན་ལ་མཉམ་པར་བཞག་སྟེ་བལྟས་ན། འཇིག་རྟེན་གྱི་ཁམས་མི་མཇེད་དེ་ཉིད་ནས་བདག་ཉིད་གང་དུ་ཡང་མ་གཡོས་པར་མཐོང་སྟེ། ངོ་མཚར་དུ་གྱུར་རྨད་དུ་གྱུར་ནས་འདི་ལྟར་བདག་ཅག་སྟན་འདི་ཉིད་ལས་མ་འཕགས་པར་འཇིག་ རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བར་ཡང་ཕྱིན་པ་སྙམ་བྱེད་དེ། འཇམ་དཔལ་གཞོན་ནུར་གྱུར་པའི་བྱིན་གྱི་བརླབས་མེད་པའི་ཚུལ་གྱིས་བྱིན་གྱི་བརླབས་བསམ་གྱིས་མི་ཁྱབ་པོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་དག་ གིས་ཡང་སྨྲས་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱིས་ཀྱང་མི་དམིགས་པའི་ཚུལ་གྱིས་བྱིན་གྱི་བརླབས་འདི་ཐོབ་པར་གྱུར་ཅིག །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ དེ་དག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་སའི་སྣོད་དང་། ཤིང་གི་སྣོད་དང་། ཁར་བའི་སྣོད་དང་། ཟངས་ཀྱི་སྣོད་དང་། དངུལ་གྱི་སྣོད་དང་། གསེར་གྱི་སྣོད་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ཨ་མྲ་གར་བ་དང་། སྤུག་དང་། དུང་གཡས་ཕྱོགས་སུ་འཁྱིལ་བ་དང་། མུ་ཏིག་དམར་པོའི་སྣོད་ལ་སོགས་པའི་ནང་དུ་ཞུགས་པར་གྱུར་པ་རིགས་ཀྱི་བུ་དག་ཀུན་རྫོབ་ཏུ་སྣོད་ལ་ 55-1-288b ཐ་དད་པ་ཡོད་མོད་ཀྱི་ནམ་མཁའ་ལ་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་ན་ནམ་མཁའ་ཤིན་དུ་དངོས་པོ་མེད་པའི་ཕྱིར་ཏེ། དེ་བཞིན་དུ་རིགས་ཀྱི་བུ་དག་དོན་དམ་པར་ཆོས་ཐམས་ཅད་ཤིན་དུ་མ་སྐྱེས། མ་ བྱུང་། དངོས་པོ་མེད་མོད་ཀྱི། འཇིག་རྟེན་ཀུན་རྫོབ་ཀྱི་ཐ་སྙད་ཀྱིས་ཐ་སྙད་དུ་འདོགས་ཤིང་རབ་ཏུ་འཇོག་སྟེ། འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ། །འདི་ནི་འདུ་ཤེས་སོ། །འདི་ནི་འདུ་བྱེད་རྣམས་སོ། །འདི་ནི་རྣམ་པར་ ཤེས་པའོ། །འདི་དག་ནི་སྐྱེ་མཆེད་རྣམས་སོ། །འདི་དག་ནི་ཁམས་རྣམས་སོ། །འདི་ནི་སངས་རྒྱས་དཀོན་མཆོག་གོ། །འདི་ནི་ཆོས་དཀོན་མཆོག་གོ། །འདི་ནི་དགེ་འདུན་དཀོན་མཆོག་གོ། །འདི་ནི་ཉན་ཐོས་ཀྱི་ཐེག་པའོ། །འདི་ནི་ རང་སངས་རྒྱས་ཀྱི་ཐེག་པའོ། །འདི་ནི་བླ་ན་མེད་པའི་ཐེག་པ་ཆེན་པོའོ། །འདི་དག་ནི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སོ། །འདི་དག་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སོ། །འདི་དག་ནི་སེམས་ཅན་དམྱལ་བའོ། །འདི་དག་ ནི་དུད་འགྲོའི་སྐྱེ་གནས་སོ། །འདི་དག་ནི་ཡི་དགས་ཀྱི་ཡུལ་ལོ། །འདི་དག་ནི་ལྷ་མ་ཡིན་ནོ། །འདི་དག་ནི་མིའོ། །འདི་དག་ནི་ལྷའོ། །འདི་དག་ནི་འདོད་པ་ན་སྤྱོད་པའི་ལྷའོ། །འདི་དག་ནི་གཟུགས་ན་སྤྱོད་ པའི་ལྷའོ། །འདི་དག་ནི་གཟུགས་མེད་པ་ན་སྤྱོད་པའི་ལྷའོ། །འདི་ནི་འདོད་པའི་ཁམས་སོ། །འདི་ནི་གཟུགས་ཀྱི་ཁམས་སོ། །འདི་ནི་གཟུགས་མེད་པའི་ཁམས་སོ། །འདི་ནི་ལུས་ཀྱིས་ལེགས་པར་སྤྱོད་པའོ། །འདི་ནི་ངག་ གིས་ལེགས་པར་སྤྱོད་པའོ། །འདི་ནི་ཡིད་ཀྱིས་ལེགས་པར་སྤྱོད་པའོ། །འདི་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པའོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པའོ། །འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བརྩོན་འགྲུས་ཀྱི་ ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཐབས་ཀྱི་ཕ་རོལ་དུ་ཕྱིན་པའོ། །འདི་ནི་སྨོན་ལམ་གྱི་ཕ་རོལ་དུ་ཕྱིན་པའོ། །འདི་ནི་སྟོབས་ཀྱི་ཕ་ 55-1-289a རོལ་ཏུ་ཕྱིན་པའོ། །འདི་ནི་ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པའོ། །འདི་ནི་ས་བཅུ་དང་། དབང་བཅུ་དང་། བྱང་ཆུབ་སེམས་དཔའི་སྟོབས་བཅུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་ དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། ཇི་ཙམ་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། ཇི་ཙམ་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ ཤེས་དང་། ཇི་ཙམ་དུ་སངས་རྒྱས་ཀྱི་བྱང་ཆུབ་དང་། ཇི་ཙམ་དུ་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུས་མ་བྱས་པ་དང་། ཇི་ཙམ་ དུ་འདུས་བྱས་དང་། འདུས་མ་བྱས་པའི་ཆོས་ཐམས་ཅད་དང་། ཇི་ཙམ་དུ་འཁོར་བ་དང་། མྱ་ངན་ལས་འདའ་བ་དང་། ཇི་ཙམ་དུ་སྨྲ་བ་དང་། སྨྲ་བར་བྱ་བ་དང་། ཤེས་པ་དང་། ཤེས་བྱར་ཐ་སྙད་འདོགས་པ་དང་། འབྲེལ་པར་ འཇུག་པ་དེ་ཙམ་དུ་འཇིག་རྟེན་ཀུན་རྫོབ་ཀྱི་ཐ་སྙད་འཇུག་གོ། །དོན་དམ་པར་ན་སྤྱོད་པ་ཐམས་ཅད་མེད་པར་གྱུར་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དོན་དམ་པར་ན་ཆོས་ཐམས་ཅད་ཤིན་དུ་མ་སྐྱེས་པ། མ་བྱུང་བ། དངོས་པོ་མེད་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཤིན་དུ་ངོ་མཚར་དུ་གྱུར་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཡང་ཤིན་དུ་རྒྱ་ཆེ་བ། ཤིན་དུ་ཁྱད་པར་དང་ལྡན་པའི་མཆོད་པ་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཚིག་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ སེམས་ཅན་ཐམས་ཅད་འདི་ལྟ་བུའི་སེང་གེའི་སྒྲ། བྱེ་བྲག་ཏུ་འཕགས་པའི་སྒྲ། ཁྱུ་མཆོག་གི་སྒྲ། སྐྱེས་བུ་ཆེན་པོའི་སྒྲ། ཡང་དག་པའི་སྒྲ། དེ་ཁོ་ནའི་སྒྲ། མི་དམིགས་པའི་སྒྲ། དོན་དམ་པའི་སྒྲ། མི་དམིགས་ 55-1-289b པའི་ཚུལ་གྱིས་འབྱིན་པར་གྱུར་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དགའ་མགུ་རངས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཤཱཀྱ་ཐུབ་པ་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་གན་ནས་སླར་དོང་སྟེ། དེ་དག་ཕྱོགས་བཅུར་སོང་ནས་མི་དམིགས་པའི་བརྩོན་འགྲུས་ཀྱི་གོ་ཆ་ཆེན་པོ་གོ་ཆ་མེད་པའི་ཚུལ་གྱིས་བགོས་ ནས་དོན་དམ་པ་དང་། ཀུན་རྫོབ་ཀྱི་བདེན་པ་གཉིས་ལ་གནས་པའི་ཆོས་བསྟན་པ་འདི་ཉིད་མི་སྟོན་པའི་ཚུལ་གྱིས་སྟོན་ཏོ། །ཆོས་འདུལ་བ་འདི་ཉིད་ལ་སེམས་ཅན་ཐམས་ཅད་འདུལ་ཞིང་སྟོན་ཏེ་མི་འཇོག་པའི་ཚུལ་གྱིས་ རབ་ཏུ་འགོད་དོ། །འཇམ་དཔལ་གཞོན་ནུར་གྱུར་པ་སྟན་དེ་ལ་འདུག་སྟེ་མ་ལངས་པར་འདི་འདྲ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། ཏིང་ངེ་འཛིན་དེས་འཇམ་དཔལ་གཞོན་ནུར་གྱུར་པའི་གཙུག་ཏོར་གྱི་གསེབ་སྤྱི་བོའི་ གཙུག་ནས་སེམས་ཅན་ཐམས་ཅད་ཀྱི་དམིགས་པ་དང་། མི་ཤེས་པ་སེལ་བ་ཞེས་བྱ་བའི་འོད་ཟེར་བྱུང་སྟེ། དེ་བྱུང་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་རབ་འབྱམ་དུ་སྣང་བར་ བྱས་སོ། །འོད་ཟེར་སྣང་བ་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་ཆོས་བཤད་པ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལ་བརྟེན་པ་ མི་ཐོས་པའི་ཚུལ་གྱིས་ཐོས་སོ། །འདི་ལྟར་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ ལ་མཆོད་པ་བྱ་བའི་ཕྱིར་འོད་ཟེར་གྱི་སྣང་བ་དེ་ལས་ལྷའི་མེ་ཏོག་གི་ཆར་འབེབས་པའི་སྤྲིན་བྱུང་ངོ་། །ལྷའི་བདུག་པའི་ཆར་འབེབས་པའི་སྤྲིན་བྱུང་ངོ་། །ལྷའི་སྤོས་ཀྱི་ཆར་འབེབས་པའི་སྤྲིན་བྱུང་ངོ་། །ལྷའི་ཕྲེང་ 55-1-290a བའི་ཆར་འབེབས་པའི་སྤྲིན་བྱུང་ངོ་། །ལྷའི་བྱུག་པའི་ཆར་འབེབས་པའི་སྤྲིན་བྱུང་ངོ་། །ལྷའི་ཕྱེ་མའི་ཆར་འབེབས་པའི་སྤྲིན་བྱུང་ངོ་། །ལྷའི་གོས་ཀྱི་ཆར་འབེབས་པའི་སྤྲིན་བྱུང་ངོ་། །ལྷའི་གདུགས་ ཀྱི་ཆར་འབེབས་པའི་སྤྲིན་བྱུང་ངོ་། །ལྷའི་རྒྱལ་མཚན་གྱི་ཆར་འབེབས་པའི་སྤྲིན་བྱུང་ངོ་། །ལྷའི་བ་དན་གྱི་ཆར་འབེབས་པའི་སྤྲིན་བྱུང་ངོ་། །ལྷའི་རྣམ་པར་རྒྱལ་བའི་བ་དན་གྱི་ཆར་འབེབས་པའི་སྤྲིན་བྱུང་ངོ་། །ལྷའི་བླ་ རེའི་ཆར་འབེབས་པའི་སྤྲིན་གྱི་བར་དུ་བྱུང་ངོ་། །ལྷའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྣམ་པར་རྒྱལ་བའི་བ་དན་དང་ བླ་རེའི་ཆར་འབེབས་པའི་སྤྲིན་བྱུང་ངོ་། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། བླ་ན་མེད་པའི་བདེན་པ་ཆེན་པོ་ཐམས་ཅད་ཕུན་སུམ་ཚོགས་པའི་ལྷའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་ ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྣམ་པར་རྒྱལ་བའི་བ་དན་དང་། བླ་རེའི་ཆར་གྱི་སྤྲིན་རབ་ཏུ་གཏོང་ངོ་། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། ལངས་ནས་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ལན་བརྒྱ་སྟོང་དུ་མར་མི་དམིགས་པའི་ཚུལ་གྱིས་བསྐོར་བ་བྱས་ནས་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་འདི་ནས་སླར་ སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་འབྱུང་གནས་འདི་ཟུང་ ཤིག །རྒྱས་པར་གྱིས་ཤིག །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བདག་གིས་བཟུང་བ་ནི་ལགས་ན། རྒྱས་པར་བགྱིད་ 55-1-290b ནི་མི་ནུས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དོན་དམ་པར་དམིགས་པ་ལ་མངོན་པར་ཞེན་པའི་སེམས་ཅན་ཤིན་དུ་མང་སྟེ། རྫས་ལ་མངོན་པར་ཞེན་པ་ནས་དངོས་པོའི་བར་ལ་མངོན་པར་ཞེན་ཏེ། ལོག་པར་འཛིན་པ་དེ་ལས་དབྱེ་བ་ཤིན་དུ་དཀའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི་ འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བྱིན་གྱི་མི་རློབ་པའི་ཚུལ་གྱིས་བྱིན་གྱིས་བརླབས་སོ། །ཀུན་དགའ་བོ་ཁྱོད་རྐྱེན་ཙམ་གྱིས་ཤིག །ཀུན་དགའ་བོས་གསོལ་ པ་དང་། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་ཆུང་ངུ་ན་ཉན་པར་འགྱུར་བ་དེ་དག་ཅི་འདྲ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ ཀྱི་རྣམ་གྲངས་འདི་ལས་དེ་བཞིན་གཤེགས་པས་ཡང་དག་པར་བསྟན་པ། དེ་ཁོ་ན་བསྟན་པ། མི་དམིགས་པ་བསྟན་པ། དོན་དམ་པ་བསྟན་པ། མི་སྟོན་པའི་ཚུལ་གྱིས་བསྟན་ཏོ། །བསྟན་པ་དེ་ཡང་ བསམ་གྱིས་མི་ཁྱབ། དཔག་ཏུ་མེད་དེ། ཀུན་དགའ་བོ་དེ་བཞིན་དུ་གང་ཆོས་ཀྱི་རྣམ་གྲངས་འདི་ལས་ཆུང་ངུ་ན་ཡི་གེ་འབྲུ་གཅིག་ཙམ་ཡང་མི་ཉན་པའི་ཚུལ་གྱིས་མཉན་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ བསམ་གྱིས་མི་ཁྱབ་ཅིང་དཔག་ཏུ་མེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི། འདི་ཇི་ལྟར་གཟུང་ བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ཀུན་རྫོབ་དང་། དོན་དམ་པའི་བདེན་པ་བསྟན་པ་ཞེས་བྱ་བར་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་ 55-1-291a བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། འཁོར་དེ་དག་ཐམས་ཅད་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་ བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་བཤད་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་ ཤཱཀྱ་པྲ་བྷ་དང་། འཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དྷརྨ་ཏ་ཤཱི་ལ་ལ་སོགས་པས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པ། ། ༄༅། །རྒྱ་གར་སྐད་དུ། ཨཱརྱ་སརྦ་དྷརྨཱ་པྲ་བྲིད་ཏི་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་ པོའི་ཁབ་ཀྱི་བྱ་རྒོད་འཕུངས་པའི་རི་ལ། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་གཉིས་འདུས་པ་ཡང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བཀོད་པ་རབ་ཏུ་བརྒྱན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་འགྲོ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་ཐོགས་པ་མེད་པར་ཤིན་དུ་སྦྱངས་པའི་འོད་ཀྱི་ གཟི་བརྗིད་འབར་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རི་རབ་ཟོམ་ལ་རྣམ་པར་སྤྱོད་པའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བས་རབ་ཏུ་འཛུམ་པའི་འོད་དྲི་མ་མེད་པ་དང་། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཉི་མའི་འོད་ཟིལ་གྱིས་གནོན་པའི་འོད་འཕྲོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་འཕང་དམ་པ་དྲི་མ་མེད་པ་ཐོབ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟི་བརྗིད་འགྲོ་བ་ལ་འཕྲོ་བའི་ 55-1-291b པད་མ་རབ་ཏུ་རྒྱས་པའི་ལུས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚངས་པའི་སྒྲ་དབྱངས་ཀྱི་སྐད་སྒྲོག་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྒྱལ་པོ་འགྲོ་བ་རྣམ་པར་རོལ་པའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསེར་མདོག་གཟི་བརྗིད་དྲི་མ་མེད་པ་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེག་ན་འཇམ་ཞིང་གཞོན་པའི་ལུས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གསེར་གྱི་རྒྱན་ལྟར་མཚན་རབ་ཏུ་རྒྱས་པའི་ལུས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་བཅུས་བདུད་རབ་ཏུ་འདུལ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་ལམ་ཞི་བས་ཉེ་བར་ཞི་བར་འགྲོ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་འཛིན་མངོན་པར་འཕགས་པའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་སྒྲ་དབྱངས་སྐད་སྒྲོགས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ ཐམས་ཅད་ལ་དབང་ཕྱུག་གི་དབང་གི་རྩལ་གྱིས་སྤྱོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟི་བརྗིད་དྲི་མ་མེད་པའི་ལུས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། དེ་དག་ ལ་སོགས་པ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་དགུ་བཅུ་རྩ་གཉིས་དང་ཡང་ཐབས་གཅིག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་འགྲོ་བས། བྱང་ཆུབ་སེམས་དཔའི་ཚོགས་དེ་ལྟ་བུ་དེ་ མཐོང་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། ཚིགས་སུ་བཅད་དེ་ཞུ་བ་ཞུས་ པ། གསོ་མེད་སྲོག་མེད་བདག་མེད་ཆོས་ཀྱི་རྣམས། །མགོན་པོ་མཐའ་ཡས་གྲགས་མངས་བཤད་དུ་གསོལ། །འཁོར་འདི་འདི་འདྲ་དམ་པ་མཆོག་ལགས་ཏེ། །ཞི་བ་རྟག་ཞི་རྟག་ཏུ་ཉེ་བར་ཞི། །ལྟ་བའི་རྣམ་པ་ཇི་ལྟར་ 55-1-292a བྱང་ཆུབ་ལགས། །ཁྲོ་དང་ཕྲག་དོག་ང་རྒྱལ་བྲལ་བ་དང་། །འདོད་ཆགས་དངོས་བྲལ་ཇི་ལྟར་བྱང་ཆུབ་ལགས། །མགོན་པོ་མཐའ་ཡས་གྲགས་མངས་བཤད་དུ་གསོལ། །སྐྱོན་བྲལ་ཐར་པ་གང་ལ་མ་ མཆིས་པའི། །འདུ་བྱེད་ཁམས་ཀྱང་ཇི་ལྟར་བྱང་ཆུབ་ལགས། །ཇི་ལྟར་ཆོས་རྣམས་གཉིས་སུ་མ་མཆིས་པ། །རྒྱལ་བ་ཐུགས་རྗེ་མངའ་བས་བཤད་དུ་གསོལ། །ཆོས་རྣམས་ཤིན་དུ་རྣམ་པར་གྲོལ་གྱུར་ཅིང་། ། མྱ་ངན་འདས་དང་གྲོལ་མཉམ་ཇི་ལྟར་ལགས། །ཆགས་པ་མ་ཆགས་ནམ་མཁའི་ཚུལ་འདྲ་ཞིང་། །འཆིང་བར་མི་འགྱུར་གང་ལགས་མགོན་པོ་གསུངས། །ཀ་ལ་པིང་ཀ་ཚངས་པ་ལྷ་ཡི་གསུང་། །འོད་ལ་དྲི་མེད་གསེར་གྱི་ མདོག་མངའ་བ། །ཡིད་འོང་འོད་གསལ་ཡོན་ཏན་མཆོག་མངའ་བས། །ཆོས་ཉིད་རྟག་པར་ཚུལ་གཅིག་བཀའ་སྩལ་གསོལ། །སྒྲིབ་པ་ཇི་ལྟར་བྱང་ཆུབ་མཉམ་པ་ལགས། །བྱང་ཆུབ་རང་བཞིན་ཇི་ལྟར་ཆོས་རྣམས་ ལགས། །ཆོས་དང་ཆོས་མིན་ཇི་ལྟར་འདྲ་བ་ལགས། །དེ་གཉིས་ཇི་ལྟར་ནམ་མཁའ་མཚུངས་པ་ལགས། །ཆོས་རྣམས་གྲངས་དང་བགྲང་བ་མ་མཆིས་ཤིང་། །ཞིང་དང་མཉམ་པར་དེ་དག་ཇི་ལྟར་འགྱུར། །སྐྱོན་བྲལ་ བྱང་ཆུབ་དེ་ལ་མ་མཆིས་ཤིང་། །དེ་ལ་ཀུན་མཁྱེན་མ་མཆིས་ཇི་ལྟར་ལགས། །བགྱི་དང་བགྱིད་དང་བགྱི་བའི་རང་བཞིན་དང་། །གཟུང་དང་འཛིན་པ་ནམ་ཡང་མ་མཆིས་ལ། །སེམས་ཅན་རྣམས་ཀྱང་རྟག་པར་མ་ མཆིས་ཤིང་། །དེ་ལ་ཆོས་སྤྱོད་ཇི་ལྟར་མ་མཆིས་འགྱུར། །དེ་ལ་ཚུལ་ཁྲིམས་བཟོད་པ་མ་མཆིས་ཤིང་། །ཚུལ་ཁྲིམས་འཆལ་བར་འང་དེ་ལ་མ་མཆིས་ལ། །བསམ་གཏན་ཤེས་རབ་དེ་ལ་མ་མཆིས་ཤིང་། ། རྟོགས་དང་མ་རྟོགས་མ་མཆིས་ཇི་ལྟར་ལགས། །ཆོས་རྣམས་དྲི་མེད་དག་པ་ཇི་ལྟར་ལེགས། །ནམ་མཁའ་འདྲ་ཞིང་ཅི་ཡང་མ་ལགས་ལ། །ནམ་ཡང་སེམས་ཀྱི་རང་བཞིན་མི་དམིགས་ཤིང་། །ཆོས་རྣམས་ 55-1-292b སེམས་མེད་ཇི་ལྟར་ལགས་པར་འགྱུར། །ཡོངས་སུ་ཤེས་བགྱི་ཇི་ལྟར་མ་མཆིས་ཤིང་། །སྒོམ་དང་མངོན་བགྱི་མཆིས་པ་མ་ལགས་ལ། །གང་དུ་འང་དེ་ལ་སྤང་བ་མ་མཆིས་པས། །སེམས་ཅན་ཇི་ལྟར་ ནམ་མཁའི་དབྱིངས་འདྲ་ལགས། །གང་ལ་ཆོས་ཉིད་གཅིག་གི་ཚུལ་གྱུར་པ། །དེ་ལ་རང་བཞིན་ནམ་ཡང་མ་མཆིས་ལ། །སྐྱེ་བ་ནམ་ཡང་དེ་ལ་མ་མཆིས་པའི། །ཆོས་ཀྱི་ཚུལ་ནི་མགོན་པོས་བཤད་ཏུ་གསོལ། །དེ་ལ་སློབ་ དང་དགྲ་བཅོམ་མ་མཆིས་ཏེ། །རང་རྒྱལ་ཇི་ལྟར་མཆིས་པ་མ་ལགས་ཤིང་། །བྱང་ཆུབ་ཚོལ་བའི་ཆོས་ཀྱང་མ་མཆིས་ལ། །སོང་དང་འོངས་པ་མ་མཆིས་ཇི་ལྟར་ལགས། །གང་ལ་གནས་དང་རྟེན་པ་མ་མཆིས་ཤིང་། འོང་པར་འགྲོ་བ་དག་ཀྱང་མ་མཆིས་ལ། །ཆོས་རྣམས་འགྲོ་དང་འོང་དང་བྲལ་བས་ན། །རི་བཞིན་མི་གཡོ་བརྟན་གནས་ཇི་ལྟར་ལགས། །དེ་ལ་ཇི་ལྟར་འདུ་ཤེས་གཟུགས་མ་མཆིས། །གཟུགས་ཀྱི་རང་བཞིན་ཇི་ལྟར་བྱང་ཆུབ་ ལགས། །གཟུགས་དང་བྱང་ཆུབ་ཇི་ལྟར་གཉིས་མ་མཆིས། །དྲི་མེད་མཆོག་མངའ་རྒྱལ་བས་དེ་དག་གསུངས། །སངས་རྒྱས་གང་ལ་མ་མཆིས་ཆོས་དག་དང་། །དགེ་འདུན་གང་ལ་མ་མཆིས་དེ་སླད་དུ། །སངས་ རྒྱས་ཆོས་དང་དགེ་འདུན་མཆོག་གི་རྣམས། །དེ་དག་གཅིག་གི་ཚུལ་དུ་ཇི་ལྟར་འགྱུར། །གང་ལ་སྟོང་དང་མཚན་ཉིད་མ་མཆིས་ཤིང་། །འདུ་དང་འབྲལ་བ་དེ་ལ་མ་མཆིས་ལ། །ཆོས་རྣམས་མིང་དང་མིང་མེད་བྲལ་བ་མེད། ། སྒྲ་བརྗོད་བྲག་ཆ་འདྲ་བ་ཇི་ལྟར་ལགས། །སྐྱེ་དང་སྐྱེ་མེད་གང་ལ་མ་མཆིས་ཤིང་། །གང་ལ་སྐྱོན་བྲལ་མྱ་ངན་འདས་པ་དང་། །འཁོར་བ་དག་ཀྱང་དེ་ལ་མ་མཆིས་པས། །ཆོས་རྣམས་ཐམས་ཅད་ཚུལ་གཅིག་ཇི་ལྟར་འགྱུར། ། ལྷ་དང་ཀླུ་དག་དེ་ལ་མ་མཆིས་ཤིང་། །གནོད་སྦྱིན་མི་འམ་ཅི་དང་འདྲེ་དག་དང་། །སེམས་ཅན་དམྱལ་བ་དེ་ལ་མ་མཆིས་ཤིང་། །ཇི་ལྟར་དེ་ལ་སེམས་ཅན་ལམ་མ་མཆིས། །མགོན་པོས་ཆོས་རྣམས་གང་གསུངས་ཚུལ་ 55-1-293a དག་དང་། །སྡིག་པའི་བློ་ཅན་མུ་སྟེགས་ཀྱིས་གང་སྨྲ་བ། །དེ་དག་གཉིས་སུ་མ་མཆིས་ཇི་ལྟར་ལགས། །ཡི་གེ་ཀུན་ལ་གཅིག་ཏུ་ཇི་ལྟར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་འགྲོ་བ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ཇི་ཙམ་དུ་འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་བའི་དྲི་བ་འདི་དྲིས་ པ་ངོ་མཚར་ཆེའོ། །རིགས་ཀྱི་བུ་ཆོག་མོད་ཁྱོད་ཀྱིས་འདི་དྲིས་པས་ཅི་ཞིག་བྱ། འདི་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་སྟོང་པ་ཉིད་ཀྱི་ལྟ་བ་ཅན། མཚན་མ་མེད་པའི་ལྟ་བ་ཅན། སྨོན་པ་མེད་པའི་ལྟ་བ་ཅན། སྐྱེ་བ་མེད་ པའི་ལྟ་བ་ཅན། དངོས་པོ་མེད་པའི་ལྟ་བ་ཅན། མཚན་ཉིད་མེད་པའི་ལྟ་བ་ཅན། སངས་རྒྱས་ཀྱི་ལྟ་བ་ཅན། བྱང་ཆུབ་ཀྱི་ལྟ་བ་ཅན་དག་གི་གནས་མ་ཡིན་ནོ། །རིགས་ཀྱི་བུ་ཆོས་བསྟན་པ་འདི་ནི་བྱང་ཆུབ་སེམས་དཔའ་ ལས་དང་པོ་པའི་མདུན་དུ་མི་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་དེའི་དགེ་བའི་རྩ་བ་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུན་ཆད་དུ་འོང་ངོ་། །སངས་རྒྱས་ཀྱི་བྱང་ཆུབ་ལས་ཀྱང་ཉམས་པར་འགྱུར་སྲིད་དོ། །རྟག་པ་ འམ་ཆད་པར་ཡང་ལྷུང་དུ་འོང་ངོ་། །དེ་བཞིན་གཤེགས་པས་ཀྱང་ཅི་ལས་དགོངས་ཏེ་ཆོས་བསྟན་མི་ཤེས་སྲིད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་ འགྲོ་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཤད་པ་འདི་བྱུང་བའི་དུས་ན། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་ལྟ་བ་ཅན། མཚན་མ་མ་མཆིས་པའི་ལྟ་བ་ཅན་སྨོན་པ་མ་མཆིས་པའི་ལྟ་ བ་ཅན། སྐྱེ་བ་མ་མཆིས་པའི་ལྟ་བ་ཅན། མཚན་ཉིད་མ་མཆིས་པའི་ལྟ་བ་ཅན། སངས་རྒྱས་ཀྱི་ལྟ་བ་ཅན། བྱང་ཆུབ་ཀྱི་ལྟ་བ་ཅན་དག་འབྱུང་བར་འགྱུར་བ་དང་གང་ཡང་སྟོང་པ་ཉིད་དང་། མཚན་མ་མ་མཆིས་པ་ལ་རྟོག་པ་དང་། 55-1-293b སྨྲ་བ་ལ་དགའ་བ་དང་། སྨྲ་བའི་ཚིག་ལ་ཆགས་པ་དང་། ཡི་གེས་དག་པར་འཛིན་པ་དང་། ཚིག་གི་ལས་ལ་གཞོལ་བ་དང་། ལེགས་པར་བརྗོད་པ་གཅེས་པར་འཛིན་པ་དང་། མིང་གཅེས་པར་འཛིན་པ་གང་འབྱུང་བ་དེ་དག་ གིས་དེ་བཞིན་གཤེགས་པས་ཆོས་བསྟན་པ། ཡི་གེ་མ་མཆིས་ཤིང་ཚིག་དང་བྲལ་བ་འདི་ཐོས་ན། ལྟ་བ་དེ་དག་སྤོང་ཞིང་། ཇི་ལྟར་མོས་པའི་སེམས་ཅན་རྣམས་ལ་དེ་ལྟར་མོས་པའི་ཆོས་སྟོན་པར་འགྱུར་རོ། །དེ་དག་ ཐབས་མཁས་པ་ལ་བསླབ་པས། འདོད་པ་ཆུང་བའི་ཚིག་གི་རྒྱུད་ཀྱང་རྗོད་ལ། དེས་དག་པར་ཡང་མི་སེམས། ཆོ་ག་འཚལ་བའི་ཚིག་གི་རྒྱུད་བརྗོད་ལ། དེས་དག་པར་ཡང་མི་སེམས། སྡོམ་པའི་ཚིག་གི་རྒྱུད་ཀྱང་རྗོད་ལ་ དེས་དག་པར་ཡང་མི་སེམས། འདུ་འཛིའི་མི་བསྔགས་པ་ཡང་རྗོད་ལ། ཆོས་ཐམས་ཅད་རབ་ཏུ་དབེན་པར་ཡང་མོས་པར་འགྱུར་རོ། །གཅིག་པུར་དགའ་བ་དང་། འདུ་འཛི་མ་མཆིས་པའི་བསྔགས་པ་ཡང་རྗོད་ལ། དེས་དག་པར་ཡང་མི་སེམས། བྱང་ཆུབ་ཀྱི་སེམས་ཀྱི་བསྔགས་པ་ཡང་རྗོད་ལ། སེམས་ཀྱི་རང་བཞིན་ཡང་བྱང་ཆུབ་ཏུ་འཚལ་བར་འགྱུར། ཤིན་ཏུ་རྒྱས་པའི་མདོ་རྣམས་ཀྱི་བསྔགས་པ་ཡང་རྗོད་ལ། ཆོས་ ཐམས་ཅད་ཤིན་དུ་རྒྱས་པར་ཡང་འཚལ་བར་འགྱུར། བྱང་ཆུབ་སེམས་དཔའི་ཚིག་གི་རྒྱུད་ཀྱང་རྗོད་ལ། ཉན་ཐོས་དང་། རང་རྒྱལ་བ་དང་། སངས་རྒྱས་རྣམས་ཐ་དད་པར་ཡང་མི་ལྟ། སྦྱིན་པའི་བསྔགས་པ་ ཡང་རྗོད་ལ། སྦྱིན་པའི་མཉམ་པ་ཉིད་ཀྱང་དེ་དག་གིས་རྟོགས་པར་འགྱུར། ཚུལ་ཁྲིམས་ཀྱི་བསྔགས་པ་ཡང་རྗོད་ལ། རང་བཞིན་གྱི་ཚུལ་ཁྲིམས་ཀྱང་དེ་དག་གིས་རྟོག་པར་འགྱུར། བཟོད་པའི་བསྔགས་པ་ཡང་ རྗོད་ལ་ཆོས་ཐམས་ཅད་ཀྱི་ཟད་པའི་ཆོས་དང་། བྱང་བའི་ཆོས་དང་། མི་སྐྱེ་བའི་ཆོས་ཉིད་ཀྱང་དེ་དག་གིས་ཤིན་དུ་མཐོང་བར་འགྱུར། བརྩོན་འགྲུས་ཀྱི་བསྔགས་པ་ཡང་རྗོད་ལ། 55-1-294a ཆོས་ཐམས་ཅད་ལ་བཙལ་བ་མ་མཆིས་པ་དང་། རྩོམ་པ་མ་མཆིས་པ་ཡང་རབ་ཏུ་རྟོགས་པར་འགྱུར། བསམ་གཏན་དང་། སྙོམས་པར་འཇུག་པ་རྣམས། སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ མངོན་པར་བསྒྲུབ་པ་ཡང་སྟོན་ལ། ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པར་བཞག་པ་ཡང་འཚལ་བར་འགྱུར། ཤེས་རབ་ཀྱི་བསྔགས་པ་སྟོང་ཡང་རྗོད་ལ། ཤེས་རབ་དང་། ཤེས་རབ་འཆལ་པའི་རང་བཞིན་ ཡང་དེ་དག་གིས་ཤིན་དུ་རིག་པར་འགྱུར། འདོད་ཆགས་ཀྱི་སྐྱོན་ཡང་སྟོན་ལ། ཆོས་གང་ཡང་འདོད་ཆགས་པར་མི་མཐོང་། ཞེ་སྡང་གི་སྐྱོན་ཡང་སྟོན་ལ། ཆོས་གང་ཡང་ཞེ་སྡང་བར་མི་མཐོང་། གཏི་མུག་གི་ སྐྱོན་ཡང་སྟོན་ལ། ཆོས་ཐམས་ཅད་གཏི་མུག་གི་སྒྲིབ་པ་དང་བྲལ་བར་ཡང་མོས་པར་འགྱུར། སེམས་ཅན་རྣམས་ལ་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ མཆི་བའི་འཇིགས་པ་ཡང་སྟོན་ལ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ཀྱང་མི་དམིགས་ཏེ། དེ་དག་སེམས་ཅན་ཇི་ལྟར་མོས་པ་དག་ལ། དེ་ལྟར་མོས་ པའི་ཆོས་སྟོན་ཅིང་། གང་འདི་སྟོང་པ་ཉིད་ལ་མོས་པར་ཚུལ་གཅིག་པ་ལ་མོས་པར་འགྱུར། དེ་བཞིན་དུ་མཚན་མ་མ་མཆིས་པ་ལ་མོས་པ་དང་། སྨོན་པ་མ་མཆིས་པ་ལ་མོས་པ་དང་། སྐྱེ་བ་མ་མཆིས་པ་ལ་མོས་ པ་དང་། དངོས་པོ་མ་མཆིས་པ་ལ་མོས་པ་དང་། མཚན་ཉིད་མ་མཆིས་པ་ལ་མོས་པར་ཚུལ་གཅིག་པར་མོས་པར་འགྱུར་ན། བཅོམ་ལྡན་འདས་དེའི་སླད་དུ་ཐབས་མཁས་པའི་ཚིག་གང་ཉན་ཐོས་དང་། རང་ སངས་རྒྱས་རྣམས་དང་། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་མ་ལགས་ཤིང་། གཞན་དུ་ན་ཟབ་མོ་ལ་མོས་པ་དང་། ཚུལ་གཅིག་པ་ལ་མོས་པའི་ཡུལ་ 55-1-294b དུ་འགྱུར་བའི་ཐབས་མཁས་པའི་ཚིག་དེ་དག་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་འགྲོ་བ་ལ་འདི་སྐད་ཅེས་བཀའ་ སྩལ་ཏོ། །རིགས་ཀྱི་བུ་དེ་བས་ན་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། དོན་འདི་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་ གྱིས་འགྲོ་བས། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འདོད་ཆགས་ཞེ་སྡང་འཁྲུག་པ་མེད་ཚུལ་དུ། །གང་ཞིག་བྱང་ཆུབ་མཆོག་ཏུ་འཚང་རྒྱ་བར།། འདོད་པས་ཆོས་ཀུན་འདོད་ཆགས་རང་བཞིན་ཞེས། །དེ་ལྟར་ཤེས་ན་དེ་ནི་རྒྱལ་བར་འགྱུར། །འདོད་ཆགས་མི་དམིགས་དེ་བཞིན་ཞེ་སྡང་དང་། །གཏི་མུག་འདི་ལ་ནམ་ཡང་མི་དམིགས་ཏེ། །ཆོས་རྣམས་ཀུན་ཀྱང་ནམ་མཁའ་འདྲ་བ་ ཞེས། །དེ་ལྟར་གང་ཤེས་དེ་ནི་རྒྱལ་བར་འགྱུར། །ལྟ་དང་ལྟ་མེད་གཉིས་ཀྱི་ཚུལ་གཅིག་སྟེ། །མཉམ་དང་མི་མཉམ་དེ་བཞིན་མཉམ་པ་ཡིན། །སངས་རྒྱས་མེད་ཅིང་ཆོས་དང་དགེ་འདུན་མེད། །དེ་ལྟར་སུས་ཤེས་དེ་ནི་མཁས་པ་ ཡིན། །སྐྱེས་བུ་ལ་ལ་ཇི་ལྟར་རྨི་ལམ་ན། །བྱང་ཆུབ་སངས་རྒྱས་འགྲོ་བ་འདུལ་རྨིས་ན། །དེ་ལ་བྱང་ཆུབ་ཡོད་མིན་སེམས་ཅན་མེད། །དེ་འདྲའི་དངོས་ཉིད་ཆོས་འདི་ཐམས་ཅད་དོ། །བྱང་ཆུབ་ཕྱིར་བཞུགས་གང་ཡང་མ་བརྙེས་ཏེ། ། གང་ཞིག་མ་བརྙེས་ནམ་ཡང་དེ་མི་བརྙེས། །རིག་དང་མ་རིག་གཉིས་ཀ་ཚུལ་གཅིག་སྟེ། །དེ་ལྟར་ཤེས་ན་དེ་ནི་རྒྱལ་བར་འགྱུར། །སེམས་ཅན་རང་བཞིན་བྱང་ཆུབ་ཉིད་དུ་གསུངས། །བྱང་ཆུབ་རང་བཞིན་སེམས་ཅན་ཐམས་ཅད་ དེ། །སེམས་ཅན་རྣམས་དང་བྱང་ཆུབ་གཉིས་མ་ཡིན། །དེ་ལྟར་ཤེས་ན་སྐྱེས་བུའི་མཆོག་ཏུ་འགྱུར། །ཇི་ལྟར་སྐྱེས་བུ་སྒྱུ་མ་བསླབས་པ་ཡིས། །སྒྱུ་མ་རྣམ་མང་གཟུགས་དག་སྤྲུལ་བྱས་ན། །སྣང་བ་ཡིན་ཡང་དེ་ལ་གང་ཡང་ 55-1-295a མེད། །རྣམ་པར་རྨོངས་པའི་སེམས་ཅན་རྣམ་པར་འགྲང་། །འདོད་ཆགས་ཞེ་སྡང་རྟག་པར་མཉམ་པ་སྟེ། །གཏི་མུག་སྒྱུ་མ་གཉིས་ཀྱང་རྟག་པར་མཉམ། །བྱིས་པ་བདག་ཅག་ཞེ་སྡང་རྨོངས་ཤེས་སེམས། ། གཏི་མུག་དེ་དག་ངན་འགྲོར་འདོང་བར་འགྱུར། །གང་ལ་འདོད་ཆགས་ཞེ་སྡང་གཉིས་མེད་ཅིང་། །གཏི་མུག་གང་ལ་ནམ་ཡང་མེད་པས་ན། །ཆོས་ཉིད་སྒྱུ་འདྲ་རྣམ་པར་བརྟགས་བྱས་ཤིང་། །བྱིས་པ་རྣམས་ནི་ཉོན་མོངས་མེས་ ཀྱང་གདུངས། །གང་ལ་ཉོན་མོངས་སེམས་ཅན་མེད་པ་དང་། །སངས་རྒྱས་ནམ་ཡང་ཡོད་པ་མ་ཡིན་པ། །མ་སྐྱེས་ཆོས་ཤེས་རྣམ་པར་བརྟགས་བྱས་ཤིང་། །བདག་ཅག་སངས་རྒྱས་འགྱུར་ཞེས་བྱིས་པ་སྨྲ། །སངས་རྒྱས་ ཡོད་མིན་སངས་རྒྱས་ཆོས་མེད་དེ། །ནམ་ཡང་སེམས་ཅན་མེད་པར་སུས་མཐོང་ཞིང་། །ནམ་མཁའ་འདྲ་བར་ཆོས་ཉིད་སུས་ཤེས་པ། །དེ་ནི་མྱུར་དུ་སྐྱེས་བུ་གཙོ་བོར་འགྱུར། །བྱང་ཆུབ་སུ་འདོད་དེ་ལ་བྱང་ཆུབ་མེད། །ས་དང་ གནམ་ལྟར་བྱང་ཆུབ་མཆོག་ལས་རིང་། །སྒྱུ་འདྲར་ཆོས་ཉིད་གང་གིས་ཤེས་གྱུར་པ། །དེ་ནི་མྱུར་དུ་སངས་རྒྱས་ཐོབ་པར་འགྱུར། །སུ་ཞིག་ཚུལ་ཁྲིམས་རྣམ་རྟོག་དེ་ལ་ནི། །ཚུལ་ཁྲིམས་མེད་དེ་མཐོང་ན་ཚུལ་ཁྲིམས་ མིན། །ཚུལ་ཁྲིམས་འཆལ་དང་ཚུལ་ཁྲིམས་མཚན་ཉིད་གཅིག །དེ་ལྟར་ཤེས་ན་དེ་ནི་མགོན་པོར་འགྱུར། །ཇི་ལྟར་སྐྱེས་བུ་ལ་ལ་རྨི་ལམ་ན། །འདོད་ལ་སྤྱོད་པ་དགའ་བ་མྱོང་བའི་ཉམས། །གཏི་མུག་རྨོངས་པས་བུད་ མེད་རྣམ་པར་བརྟགས། །དེ་ན་བུད་མེད་གང་ཡང་ཡོད་པ་མིན། །ཚུལ་ཁྲིམས་འཆལ་དང་ཚུལ་ཁྲིམས་བྱིས་པ་རྣམས། །རྨོངས་པས་ཡང་དག་མ་ཡིན་ཡོངས་སུ་བརྟགས། །དེ་ལ་ཚུལ་ཁྲིམས་འཆལ་མེད་ཚུལ་ཁྲིམས་མེད། །དེ་ལྟར་ ཤེས་ན་དེ་ནི་མགོན་པོར་འགྱུར། །སྒྲའི་རང་བཞིན་ཡོངས་སུ་མི་ཤེས་པས། །བྱིས་པའི་བློ་ཅན་འདི་དག་མིང་ལ་ཆགས། །གང་གིས་མིང་དེ་མིང་མེད་ཤེས་གྱུར་ན། །དེ་ནི་བཟོད་པའི་སྟོབས་མཆོག་ཐོབ་པར་འགྱུར། །བྱང་ཆུབ་དམ་ 55-1-295b བཅའ་སེམས་ཅན་མང་བ་སྟེ། །དེ་དག་ཚིག་གིས་གཞན་ལ་དེ་སྐད་བརྗོད། །ཚིག་གིས་དག་འཛིན་ནན་ཏན་ཡོད་པ་མིན། །དེ་དག་བྱང་ཆུབ་ཀུན་ནས་ཁེབས་པར་གནས། །སྤྱོད་ལམ་དག་དང་འཁྲུལ་ལ་ཆགས་གྱུར་ཅིག ། ཚིག་དང་སྨྲ་ལ་དགའ་ཞིང་མི་མཁས་ཏེ། །ཆོས་ཀྱི་རང་བཞིན་ཡོངས་སུ་མ་ཤེས་ན། །ཚིག་གི་དག་པས་བྱང་ཆུབ་འཚང་མི་རྒྱ། །སྟོང་ཉིད་ཆོས་དག་ཡོངས་སུ་རྗོད་བྱེད་ཅིང་། །རྩོད་ལ་དགའ་ཞིང་འཐབ་པས་སྡང་བའི་སེམས། །སྲོག་ མེད་ངན་སེམས་བྱེད་པ་དེ་དག་ལ། །སངས་རྒྱས་ཆོས་དང་བྱང་ཆུབ་ག་ལ་ཡོད། །ངན་སེམས་བཟོད་གཉིས་ཚུལ་གཅིག་རང་བཞིན་ཞེས། །དེ་ལྟར་ཤེས་པར་བྱས་ཤིང་ཁྲོ་བ་སྤང་། །སེམས་ཅན་རང་བཞིན་ཡོངས་སུ་མི་ཤེས་པས། བྱིས་པའི་བློ་ཅན་ཁྲོ་བ་སྐྱེད་པར་བྱེད། །སེམས་ཅན་ཐམས་ཅད་བདག་ལ་དབེན་པ་སྟེ། །རྒྱལ་བ་སེམས་ཅན་འགྲེལ་འགྱུར་སྨོན་ཅེས་ཟེར། །དེ་དག་གླེངས་པ་ཙམ་གྱིས་ཁྲོར་འགྱུ་ཞིང་། །ཞེ་སྡང་འཆང་བས་དེ་དག་ཚིག་མི་སྟེར། ། འཐབ་ལ་དགའ་ཞིང་ཉེས་པ་ཚོལ་བྱེད་ལ། །བཟོད་པའི་བསྔགས་པ་འང་རྟག་པར་དེ་དག་རྗོད། ། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་ཅེས་སྨྲ། །ང་རྒྱལ་ཁེངས་པས་འཁྲུལ་པ་རྗེས་སུ་རྟོག །ཟས་ལ་ཆགས་ཤིང་མ་རིག་མདུད་པས་བཅིངས། །ཉིན་མཚན་དག་ཏུ་འདོད་པའི་ཡོན་ཏན་སེམས། །དེ་དག་ལྷས་ དང་གྲོང་ཁྱེར་གྲོང་སོང་ཞིང་། །སེམས་ཅན་མང་པོས་ཡོངས་སུ་དགྲོལ་ཞེས་ཟེར། །འགྲོ་བ་ཀུན་ལ་སྙིང་རྗེ་བདག་ལ་ཡོད། །འཇིག་རྟེན་ཀུན་ལ་ཕན་སེམས་དེ་བཞིན་ཏེ། །དེ་དག་ཞེ་སྡང་སེམས་ཀྱིས་དེ་ལྟ་བུའི། །ཆོས་ཉིད་ འཚེ་བའི་ཚུལ་ཅན་རྗོད་པར་བྱེད། །འཚེ་བ་སྙིང་རྗེ་གཅིག་ཏུ་འདུས་པ་ནི། །ནམ་ཡང་ཡོད་པར་མ་མཐོང་མ་ཐོས་ཏེ། །ཕན་ཚུན་ཁྲོ་བར་བྱེད་དང་ལྡན་གྱུར་ཅིང་། །ཚད་མེད་ཚེ་ཡི་ཞིང་དུ་སྨོན་པར་བྱེད། །གང་གཱའི་ཀླུང་གི་ 55-1-296a བྱེ་མ་ཇི་སྙེད་པར། །བརྡེག་ཅིང་སྤྱོ་བ་འཐོབ་པའི་གནས་ཡོད་ཀྱི། །བཟོད་པ་དམ་པ་ཡོངས་སུ་མ་བསྒོམས་པར། །རྒྱལ་བ་དེ་དག་ཞིང་དུ་དེ་མི་འགྲོ། །ཞིང་ རྣམས་ཞིང་མིན་གང་གིས་ཤེས་གྱུར་ཅིང་། །ཞིང་རྣམས་ཐམས་ཅད་ནམ་མཁའི་རང་བཞིན་ཞེས། །ཞིང་གི་ཡོན་ཏན་རློམ་སེམས་གང་མེད་པ། །སྐྱེས་བུ་ཁྱུ་མཆོག་ཞིང་དུ་དེ་འགྲོའོ། །ཐམས་ཅད་ཉེས་བྱས་བདག་གིས་ བཟོད་པར་བྱ། །རྒྱལ་བའི་སྲས་ལ་སྟོན་པར་སེམས་ཤེས་སྨྲ། །སྟོན་པའི་འདུ་ཤེས་ཅན་ལ་ཁྲོ་ཡོད་པ། །ངས་ནི་ནམ་ཡང་མ་མཐོང་མ་ཐོས་སོ། །བསླང་བའི་གྲོང་དང་མཛའ་བའི་གྲོང་ཆགས་ཤིང་། །གཅིག་ལ་གཅིག་ནི་སྤྱོད་ པ་སུན་ཡང་འབྱིན། །འདི་ནི་བདག་གིས་སྨིན་བྱའི་སྐལ་ཡིན་གྱིས། །སུ་ཡང་དེར་མ་འགྲོ་ཞེས་དེ་དག་ཟེར། །བདག་དང་འདྲ་བ་དེ་འདྲ་གང་ཡང་མེད། །དེ་ལ་སྤྱོད་པ་རྣམ་དག་མེད་ཅེས་ཟེར། །མི་མཁས་དེ་ནི་བྱང་ཆུབ་འཐོབ་མི་ འགྱུར། །དེ་ལ་དོན་དུ་འགྱུར་བ་གང་ཡང་མེད། །ཉིན་པར་ལན་གསུམ་མཚན་ཡང་དེ་བཞིན་ཏེ། །བྱང་ཆུབ་སེམས་དཔའ་དག་ལ་སྤྱི་བོས་ཐུད། །དེ་དག་འཁྲུལ་པ་གང་ལ་འང་བརྟག་མི་བྱ། །རྟག་པར་སྤྱོད་པ་ཅི་བདེར་སྤྱོད་ ཏུ་ཚུད། །འདོད་པའི་ཡོན་ཏན་དགའ་བར་སྤྱོད་མཐོང་ན། །དེ་ཡི་འཁྲུལ་པ་གང་ཡང་བརྟག་མི་བྱ། །བྱང་ཆུབ་སྤྱོད་པ་མཐའ་ཡས་ཡོན་ཏན་གྱིས། །དེ་ཡང་མ་འོངས་དུས་ནི་བྱང་ཆུབ་འཐོབ། །ལན་ཅིག་ཁོ་ནར་རྒྱལ་བར་འགྱུར་ བ་མིན། །རིགས་པའི་རིམ་དང་བྱ་བའི་རིམ་གྱིས་འཐོབ། །བསྐལ་པ་བྱེ་བ་ཁྲག་ཁྲིག་གྲངས་མང་དུ། །གོ་ཆ་བགོས་པས་འཐོབ་ཀྱི་གཞན་དུ་མིན། །རྟོག་དང་རྣམ་རྟོག་འདོད་ཆགས་མེད་པ་སྟེ། །ངས་ཀྱང་བྱང་ཆུབ་འདོད་ ཆགས་འདྲ་བ་ཐོབ། །ཉོན་མོངས་ཡོད་མིན་དེ་དག་ཡོད་མི་འགྱུར། །དེ་ལྟར་ཡིད་ཆེས་བཟོད་པ་དམ་པ་འཐོབ། །ཡི་གེ་མེད་པའི་ཆོས་ལ་ཞུགས་གྱུར་ཅིང་། །སྒྲ་རྣམས་ཐམས་ཅད་སྒྲ་མེད་བལྟ་བར་བྱ། །གང་ཞིག་དེ་འདྲའི་ 55-1-296b ཆོས་ལ་ཡིད་ཆེས་པ། །དེ་ལ་འདོད་ཆགས་ཞེ་སྡང་གཏི་མུག་མེད། །འདོད་ཆགས་བྱང་ཆུབ་ལྷག་ཆད་མེད་པར་མཉམ། །དེ་གཉིས་ཡི་གེ་མེད་པར་རྟོགས་པར་གྱིས། །དེ་ནི་གཉིས་ཀའི་མིང་ཙམ་བྱུང་བ་ སྟེ། །ཡི་གེར་བརྗོད་པ་དེ་ལ་ཅི་ཡང་མེད། །སྒྲ་རྣམས་ཐམས་ཅད་སྒྲ་གཅིག་རབ་ཤེས་ན། །སྣ་ཚོགས་སུ་ནི་ནམ་ཡང་འགྱུར་བ་མེད། །ང་ཡིས་གང་བཤད་མུ་སྟེགས་དེ་དག་འཆད། །དེ་དག་འདི་འདྲའི་ཆོས་ཉིད་ ཤེས་པ་ཡིན། །ཆོས་རྣམས་འདི་དག་སྐད་ཀྱི་སྒྲས་བརྗོད་དེ། །ཆོས་དང་སྒྲ་ནི་དེ་ལ་དམིགས་པ་མེད། །ཆོས་ཉིད་ཚུལ་གཅིག་དེ་ལ་རབ་ཞུགས་ན། །བཟོད་པ་བླ་མེད་མཆོག་ནི་འཐོབ་པར་འགྱུར། །ཁྲོ་དང་བཟོད་དང་ འདོད་པའི་ཡོན་ཏན་དང་། །མི་བཟོད་མི་རྟག་རྣམ་པར་མི་རྟག་སྟེ། །སྐྱེ་མེད་དེ་ལྟར་རབ་ཏུ་ཤེས་གྱུར་ན། །སྐྱོན་མེད་སེམས་ཅན་མཆོག་ཏུ་དེ་དག་འགྱུར། །ལྷོ་བྱང་ཤར་ནུབ་ཕྱོགས་རྣམས་ཐམས་ཅད་ཀྱི། །གང་གཱའི་ ཀླུང་གི་བྱེ་མ་ཇི་སྙེད་པ། །སྐྱེས་བུ་ལ་ལས་དེ་བླང་འབྲུ་རེ་ནས། །ཕྱོགས་གཅིག་ཞིང་དེར་རབ་ཏུ་དགོད་བྱས་ཏེ། །ཞིང་རྣམས་ཇི་སྙེད་བྱུང་བ་དེ་དག་ཀུན། །རྒྱལ་བ་རྣམས་ལ་རིན་ཆེན་བཀང་བྱས་ཏེ། །བསྐལ་པ་བྱེ་བ་ མང་པོར་ཕུལ་བ་བས། །མདོ་སྡེ་འདི་ཡི་བསོད་ནམས་ཆེས་ཀྱང་མང་། །དེ་ལ་བསོད་ནམས་གྲངས་མེད་འཕེལ་བར་འགྱུར། །བྱང་ཆུབ་དོན་གཉེར་འདི་ལ་རབ་བྱུང་བ། །དེ་དག་ལ་ནི་མདོ་སྡེ་འདི་གཏད་དེ། །དེ་དག་བརྗོད་པ་ དམ་པ་མྱུར་དུ་འཐོབ། །མཐའ་ཡས་སྒོ་ཡི་མདོ་འདི་སུ་སྟོན་པ། །དེ་ལ་གཟུངས་རྣམས་མི་རིང་ཉེ་བར་གནས། །མདོ་སྡེ་བྱེ་བ་ཁྲག་ཁྲིག་དེས་འཐོབ་སྟེ། །སྤོབས་དང་བློ་རྣོའི་ཡོན་ཏན་འཐོབ་པར་འགྱུར། །ཚིག་ལ་ཐོགས་ པ་འང་ཕྱེ་བས་ཤེས་པར་འགྱུར། །སོ་སོ་ཡང་དག་རིག་ཀྱང་མྱུར་དུ་འཐོབ། །སངས་རྒྱས་མཐའ་ཡས་སྤོབས་པའི་སྦྱིན་པ་མཛད། །རྣམ་པ་མང་པོར་མདོ་སྡེ་མང་པོ་སྟོན། །ཚུལ་འདི་གང་གིས་ཤེས་གྱུར་དེ་དག་ནི། །རང་ 55-1-297a གིས་མདོ་སྡེ་མང་པོར་དྲན་པར་འགྱུར། །ཞིང་གི་དམ་པ་དག་ཏུ་འང་དེ་དག་འགྲོ། །སོང་ནས་མགོན་པོ་དག་ལ་མཆོད་པ་བྱེད། །དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་ འགྲོ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚིགས་སུ་བཅད་པ་བསྟན་པ་འདི་ཐོས་པས་སེམས་ཅན་ཇི་སྙེད་ཅིག་གི་དོན་བགྱིས་པར་གྱུར། བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་འཁོར་གྱི་དཀྱིལ་འཁོར་ འདི་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ངོ་། །བཅོམ་ལྡན་འདས་ཆོས་བསྟན་པ་འདིའི་ཚེ། སེམས་ཅན་གྲངས་མ་མཆིས་པ་འདུས་པར་གྱུར་ཏེ། བཅོམ་ལྡན་འདས་སྟེང་གི་བར་སྣང་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོས་མ་གཏམས་པ་མ་མཆིས་སོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་གཞན་ནས་ཀྱང་སེམས་ཅན་ མང་པོས་ཆོས་འདི་བསྟན་པ་ཐོས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་འགྲོ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཆོས་ བསྟན་པ་འདི་བསྟན་པའི་ཚེ་ལྷའི་བུ་སྟོང་ཕྲག་དགུ་བཅུ་རྩ་བརྒྱད་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་བོ། །གནོད་སྦྱིན་སྟོང་ཕྲག་དགུ་བཅུ་རྩ་གཉིས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ སེམས་བསྐྱེད་དོ། །ཀླུ་སྟོང་ཕྲག་སུམ་ཅུ་རྩ་དྲུག་བྱང་ཆུབ་ཏུ་སེམས་སྐྱེས་པར་གྱུར་ཏོ། །དགེ་སློང་མངོན་པའི་ང་རྒྱལ་ཅན་མ་ཐོབ་པ་ལ་ཐོབ་པར་འདུ་ཤེས་པ་ལྔ་བརྒྱས་མངོན་པའི་ང་རྒྱལ་མེད་པའི་ཆོས་བསྟན་པ་ འདི་ཐོས་ནས། ཆོས་ཐམས་ཅད་ནི་ཚུལ་གཅིག་གོ་ཞེས་བྱ་བར་ཡིད་ཆེས་པར་གྱུར་ཏེ། ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བྱང་ཆུབ་སེམས་དཔའི་ཚོགས་འདིའི་ནང་ནས་ 55-1-297b ཀྱང་བྱང་ཆུབ་སེམས་དཔའ་སྟོང་ཕྲག་དྲུག་ཅུ་རྩ་གཉིས་ཀྱིས་ཆོས་ཐམས་ཅད་སྒྲིབ་པ་མེད་པར་ཁོང་དུ་ཆུད་ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཆོས་ བསྟན་པ་འདི་ནི་ཕུལ་དུ་བྱུང་བ་སྟེ། རིགས་ཀྱི་བུ་ངས་ཀྱང་སྔོན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་དྲུང་དུ། ཆོས་ཐམས་ཅད་ནི་ཚུལ་གཅིག་པའོ་ཞེས་བྱ་ བར་ཁོང་དུ་ཆུད་པར་གྱུར་ནས། དེའི་འོག་ཏུ་ངས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །རིགས་ཀྱི་བུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཐོབ་པ་དང་། ཆོས་བསྟན་པ་འདི་ཐོས་པར་མཚུངས་ཏེ། རིགས་ཀྱི་བུ་ཚུལ་འདི་ རྟོགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་བ་ངས་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གལ་ཏེ་བྱང་ཆུབ་སེམས་དཔས་བསྐལ་པ་ གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས། བཟོད་པ་སྒྲུབས། བརྩོན་འགྲུས་བརྩམས། བསམ་གཏན་ལ་མཉམ་པར་བཞག །ཤེས་རབ་ཡང་དག་པར་བླངས་ཏེ་གནས་ཀྱང་། ཆོས་ཀྱི་ཚུལ་འདི་མ་ ཤེས་ན་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཕྱིར་ཟད་པར་འགྱུར་རོ། །རིགས་ཀྱི་བུ་ལྷས་བྱིན་དགེ་བའི་རྩ་བ་དེ་ལྟ་བུ་དང་ལྡན་པར་གྱུར་པ་ལ་ལྟོས། རིགས་ཀྱི་བུ་ལྷས་བྱིན་ནི་མི་ཆེན་པོའི་མཚན་སུམ་བཅུ་དང་ལྡན་པར་གྱུར་ཏོ། ། དེ་ལྟ་བུའི་དགེ་བའི་རྩ་བ་དང་ལྡན་པ་དེ་ཡང་ཆོས་ཀྱི་ཚུལ་འདི་མ་ཤེས་པས། དགེ་བའི་རྩ་བ་དེ་དག་ཐམས་ཅད་ཡོངས་སུ་ཆུད་ནས། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ། རིགས་ཀྱི་བུ་རྣམ་གྲངས་དེས་ ཀྱང་ཇི་ལྟར་ཆོས་ཀྱི་ཚུལ་འདི་ཁོང་དུ་མ་ཆུད་པ་རྣམས་ཀྱི་དགེ་བའི་རྩ་བ་ཆད་པར་འགྱུར་བར་རིག་པར་བྱའོ། །རིགས་ཀྱི་བུ་སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པ་ཤིན་དུ་བགྲང་བ་ལས་འདས་པ། ཚད་མེད་པ། ཡངས་པ། 55-1-298a གཞལ་དུ་མེད་པ་དེའི་ཕ་རོལ་དེ་ཡི་ཡང་ཕ་རོལ་གཅིག་གི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལྟར་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་རིག་པ་དང་ ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་ པ་དེའི་སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དགུ་བཅུ་རྩ་དགུར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེའི་མིང་ནི་གསེར་གྱི་མདོག་འོད་འཕྲོ་བ་ཞེས་བྱ་བར་གྱུར་ཏོ། སངས་རྒྱས་ཀྱི་ཞིང་དེ་ནི་གསེར་གྱི་རྒྱུ་ལས་གྲུབ་པར་གྱུར་ཏེ། སེམས་ཅན་རྣམས་ཀྱང་གང་འདི་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། ཐེག་པ་གསུམ་པོ་འདི་ཉིད་ཀྱིས་མྱ་ངན་ལས་འདའ་བར་གྱུར་ཏེ། དེ་བཞིན་གཤེགས་པ་དེའི་ ཉན་ཐོས་ཀྱི་ཚོགས་དང་པོ་ནི་དགེ་སློང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ། ཡོངས་སུ་ཟད་པ། བཀའ་ཡང་དག་པས་སེམས་ཤིན་དུ་རྣམ་པར་གྲོལ་བ་ཤ་སྟག་གི་ཚོགས་སུ་གྱུར་ཏོ། །ཚོགས་གཉིས་པ་ནི་དགེ་སློང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བདུན་བཅུའི་ཚོགས་སུ་གྱུར་ཏོ། །ཚོགས་གསུམ་པ་ནི་དགེ་སློང་བྱེ་བ་ཁྲག་ཁྲིག་ དྲུག་བཅུའི་ཚོགས་སུ་གྱུར་ཏོ། །ཚོགས་བཞི་པ་ནི་དགེ་སློང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ། ཡོངས་སུ་ཟད་པ། བཀའ་ཡང་དག་པས་སེམས་ཤིན་དུ་རྣམ་པར་གྲོལ་བ་ཤ་སྟག་གི་ཚོགས་སུ་གྱུར་ཏོ། །དགེ་སློང་མའི་ཚོགས་ནི་དེའི་ཉིས་འགྱུར་དུ་གྱུར་ཏོ། །དགེ་བསྙེན་གྱི་ཚོགས་དང་། དགེ་བསྙེན་མའི་ཚོགས་ཀྱང་དེའི་ 55-1-298b ཉིས་འགྱུར་དུ་གྱུར་ཏོ། །བྱང་ཆུབ་སེམས་དཔའི་ཚོགས་ཀྱང་དེའི་ཉིས་འགྱུར་དུ་གྱུར་ཏེ། ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ། མི་སྐྱེ་བའི་ཆོས་ཀྱི་བཟོད་པ་དང་ལྡན་པ། ཏིང་ངེ་འཛིན་གྱི་ཚུལ་མངོན་པར་བསྒྲུབ་པ་ལ་མཁས་པ། སྒོ་མཐའ་ ཡས་པའི་གཟུངས་རབ་ཏུ་ཐོབ་པ། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཤ་སྟག་གི་ཚོགས་སུ་གྱུར་ན། བྱང་ཆུབ་སེམས་དཔའ་ཐེག་པ་ལ་གསར་དུ་ཞུགས་པ་རྣམས་ཀྱི་ཚོགས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེར་ནི་རང་སངས་ རྒྱས་ཀྱི་ཐེག་པ་པ་ཡང་ཚད་མེད་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ལྟར་དེའི་ཚེ་བཅོམ་ལྡན་འདས་དེའི་འཁོར་གྱི་ཚོགས་ནི་ཚད་མེད་པར་འདུས་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་གསེར་གྱི་མདོག་འོད་འཕྲོ་བ་དེ་ན། ཤིང་ངམ་ལྡུམ་བུ་གང་ཅི་ ཡོད་པ་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱུ་ལས་གྲུབ་པར་གྱུར་ཏེ། ཤིང་དེ་དག་ལས་ཀྱང་འདི་ལྟ་བུའི་སྒྲ་གང་འདི་སྟོང་པ་ཉིད་ཀྱི་སྒྲ་དང་། མཚན་མ་མེད་པའི་སྒྲ་དང་། སྨོན་པ་མེད་པའི་སྒྲ་དང་། སྐྱེ་བ་མེད་པའི་སྒྲ་དང་། འགག་པ་མེད་པའི་སྒྲ་དང་། དངོས་པོ་མེད་པའི་ སྒྲ་དང་། མཚན་ཉིད་མེད་པའི་སྒྲ་དང་། དེ་ལྟ་བུའི་སྒྲ་དག་འབྱུང་བར་འགྱུར་ཏེ། སྒྲ་དེ་དག་བྱུང་བས་སེམས་ཅན་དེ་དག་གི་སེམས་རྣམ་པར་གྲོལ་བར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་སྟོང་དུ་དམ་ པའི་ཆོས་གནས་པར་གྱུར་ཏེ། དེ་ཕྱིན་ཆད་སྒྲ་དེ་དག་ཀྱང་ཤིང་དེ་དག་ལས་འབྱུང་བ་མེད་པར་གྱུར་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལྟར་མངོན་པར་འཕགས་པའི་རྒྱལ་ པོ་དེ་ཡང་། དགེ་སློང་ཆོས་སྨྲ་བའི་སྤྱོད་པ་རྣམ་པར་དག་པ་ཞེས་བྱ་བ། དམ་པའི་ཆོས་ཡོངས་སུ་འཛིན་པར་བསྐོས་ནས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །དེའི་ཚེ་དགེ་སློང་སྤྱོད་པའི་བློ་གྲོས་ཞེས་བྱ་བ་ཞིག་ཀྱང་བྱུང་སྟེ། དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཤིན་དུ་དག་པ་དང་ལྡན་ཞིང་། འཇིག་རྟེན་པའི་མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་ཏེ། འདུལ་བའི་སྡེ་སྣོད་ལ་འང་ཤིན་དུ་བྱང་བར་གྱུར་ཏོ། །དགེ་སློང་དེ་ནི་དཀའ་ཐུབ་ཀྱི་མཆོག་དང་ལྡན་པ་ངན་ངོན་ 55-1-299a ལ་མོས་པ། འཁོར་གྱི་ནང་ན་སྤྱོད་པ་སྟེ། དེས་གཙུག་ལག་ཁང་གཅིག་བརྩིགས་ནས། དོན་གནས་ཤིང་དེའི་འཁོར་དུ་གྱུར་པ་རྣམས་ཀྱང་ཚུལ་ཁྲིམས་ཀྱི་ཕུང་པོ་ཤིན་དུ་དག་པ་ལ་བཀོད་པར་གྱུར་ཏེ། སྦྱངས་པའི་ཡོན་ཏན་སྡོམ་པ་ལ་མོས་པར་གྱུར་ཏོ། །དགེ་སློང་དེ་ནི་བརྩོན་འགྲུས་བརྩམས་ཤིང་རྟག་པར་བྱང་ཆུབ་ཀྱི་སེམས་ལ་གནས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་གཞན་དག་ཀྱང་སྤྱོད་ལམ་དེ་ཉིད་ལ་ཡང་དག་ པར་བསྐུལ་ཏེ། དམིགས་པ་ཅན་གྱི་ལྟ་བ་ལ་ཡང་དག་པར་བསྐུལ་ཏོ། །དེས་འདུ་བྱེད་ཐམས་ཅད་མི་རྟག་པ་ཞེས་བྱ་བར་འཛིན་དུ་བཙུད་དོ། །འདུ་བྱེད་ཐམས་ཅད་སྡུག་བསྔལ་ཞེས་བྱ་བར་འཛིན་དུ་བཙུད་དོ། །འདུ་བྱེད་ ཐམས་ཅད་བདག་མེད་པ་ཞེས་བྱ་བར་འཛིན་དུ་བཙུད་དོ། །དགེ་སློང་དེ་ནི་ཏིང་ངེ་འཛིན་ལ་མཁས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མཁས་པ་མ་ཡིན་ཞིང་། དགེ་བའི་རྩ་བ་དང་ལྡན་པར་གྱུར་ཏོ། །དགེ་སློང་ ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་དེ་ནི་སེམས་ཅན་རྣམས་ཀྱི་དབང་པོ་མཆོག་དང་ཐ་མ་ཤེས་པ་ལ་མཁས་པར་གྱུར་ཏེ། དེའི་འཁོར་དུ་གྱུར་པ་ཇི་སྙེད་པ་དེ་དག་ཀྱང་སྦྱངས་པའི་ཡོན་ཏན་གྱི་སྡོམ་པ་ལྷུར་ལེན་པར་གྱུར་ཏེ། མི་ དམིགས་པའི་བཟོད་པ་ཅན་ཐབས་ལ་མཁས་པ་དག་ཏུ་གྱུར་ཏོ། །རིགས་ཀྱི་བུ་དེ་ནས་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་འཁོར་དང་བཅས་ཏེ། དགེ་སློང་སྤྱོད་པའི་བློ་གྲོས་གང་ན་གནས་པའི་གཙུག་ལག་ཁང་དེར་ ཕྱིན་ནས། དེ་ན་གནས་པར་གྱུར་ཏེ། དེ་གཙུག་ལག་ཁང་དེ་ནས་ཡང་དང་ཡང་སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་གྲོང་དུ་འགྲོ་ཞིང་། དེ་དག་ཏུ་ཟས་ཀྱི་བྱ་བ་བྱས་ནས་ཕྱིར་འོངས་པར་གྱུར་ཏོ། །དེས་དེ་དག་ཏུ་རིགས་བརྒྱ་ སྟོང་དུ་མ་དད་པར་བྱས་པར་གྱུར་ཏོ། །དེའི་འཁོར་ཇི་སྙེད་པ་དེ་དག་ཀྱང་ཚུལ་ལ་མཁས་པར་གྱུར་ཏོ། །དེ་དག་ཀྱང་དེ་དག་ཏུ་དོང་ཞིང་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་དག་གིས་ཀྱང་སྲོག་ཆགས་བརྒྱ་སྟོང་མང་པོ་བླ་ 55-1-299b ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་བཀོད་པར་གྱུར་ཏོ། །དགེ་སློང་སྤྱོད་པའི་བློ་གྲོས་ཀྱི་འཁོར་དེ་དག་ནི་བསམ་གཏན་ལྷུར་ལེན་ཅི། གྲོང་དག་ཏུ་ཡང་འཁོར་བར་མི་འདོང་ངོ་། །དེ་ནས་དགེ་སློང་སྤྱོད་ པའི་བློ་གྲོས་ཀྱིས་བྱང་ཆུབ་སེམས་དཔའ་གཞན་དག་ལ་མ་དད་པའི་སེམས་བསྐྱེད་ནས་དེས་གནྜི་དེ་རྡུངས་ཏེ། དགེ་སློང་གི་དགེ་འདུན་བསྡུས་ནས་དམ་ཚིག་བྱས་པ། བདག་ཅག་གི་ནང་ནས་སུ་ཡང་རུང་སྟེ། སུས་ཀྱང་གྲོང་ཏུ་འགྲོ་བར་མི་བྱའོ། ། ཁྱེད་ནི་ཤེས་བཞིན་མེད་པར་སྤྱོད་པ་ཡིན་ཏེ། ཉུང་ངུ་སྨྲ་བ་མ་ཡིན་གྱིས། ཁྱོད་གྲོང་དུ་དོང་བས་ཀྱང་ཅི་ཞིག་བྱ་སྟེ། དགོན་པ་ལ་གནས་པ་ནི་བཅོམ་ལྡན་འདས་ཀྱིས་གནང་ཞིང་བསྔགས་པ་ཡིན་གྱིས། ཁྱོད་གྲོང་ དུ་མ་འདོང་བར་བསམ་གཏན་གྱི་བདེ་བས་རྣམ་པར་སྤྱོད་ཅིག་ཅེས་བསྒོའོ། །དེ་དག་གིས་དེ་ཟེར་བ་ལྟར་མ་མཉན་ཏེ། ཡང་གྲོང་དག་ཏུ་འདོང་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ནས་དགེ་སློང་དེ་དག་ནམ་གྲོང་ནས་ཕྱིར་འོངས་ པར་གྱུར་པ་དེའི་ཚེ། དགེ་སློང་སྤྱོད་པའི་བློ་གྲོས་ཀྱིས་ཡང་གནྜི་བརྡུངས་ནས། དགེ་སློང་གི་དགེ་འདུན་བསྡུས་ཏེ། འདི་སྐད་དུ་གལ་ཏེ་དེ་ཕན་ཆད་ཁྱེད་གྲོང་དུ་འདོང་དང་། ཁྱེད་གཙུག་ལག་ཁང་འདི་ན་མ་གནས་ཤིག་ ཅེས་བསྒོའོ། །རིགས་ཀྱི་བུ་དེ་ནས་དགེ་སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པས་དགེ་སློང་དེའི་སེམས་བསྲུང་བའི་ཕྱིར། རང་གི་འཁོར་རྣམས་བོས་ཏེ། འདི་སྐད་དུ་ཁྱེད་གྲོང་དུ་སུ་ཡང་མ་འདོང་ཤིག་ཅེས་སྨྲས་སོ། ། དེ་ནས་དེའི་ཚེ་དགེ་སློང་དེ་དག་གིས་སེམས་ཅན་གང་ཇི་སྙེད་ཅིག་སྨིན་པར་བྱས་པ་དེ་དག་དགེ་སློང་དེ་དག་དང་། མ་སྤྲད་པས་ཤིན་དུ་མི་དགའ་བར་ཡང་གྱུར། དགེ་བའི་རྩ་བ་ཡང་ཡོངས་སུ་འགྲིབ་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ནས་ དགེ་སློང་ཆོས་སྨྲ་བ། སྤྱོད་པ་རྣམ་པར་དག་པ་ཟླ་བ་གསུམ་པོ་དེ་དག་འདས་ནས། གཙུག་ལག་ཁང་དེ་ནས་གཙུག་ལག་ཁང་གཞན་དུ་འཕོས་ནས། གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། ཡུལ་དང་། རྒྱལ་པོའི་ཕོ་བྲང་ 55-1-300a འཁོར་དག་ཏུ་འགྲོ་ཞིང་། སེམས་ཅན་དག་ལ་ཆོས་སྟོན་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ནས་དགེ་སློང་སྤྱོད་པའི་བློ་གྲོས་ཀྱིས། ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་ཡང་དང་ཡང་གྲོང་དུ་འགྲོ་བ་ཡང་ མཐོང་། དེའི་འཁོར་ཀྱང་སྤྱོད་ལམ་ཐ་མལ་པ་ཅན་དུ་མཐོང་ནས། དེས་ཡང་དེ་ལ་མ་དད་པའི་སེམས་བསྐྱེད་པར་གྱུར་ཏེ། དགེ་སློང་འདི་ནི་ཚུལ་ཁྲིམས་འཆལ་པ་ཅན། ཚུལ་ཁྲིམས་ལོག་པ་ཅན་ཏེ། འདིས་ བྱང་ཆུབ་ག་ལ་འཐོབ། དགེ་སློང་འདིའི་བྱང་ཆུབ་ནི་རྒྱང་རིང་ངོ་། །དགེ་སློང་འདི་ནི་འདུ་འཛིར་གནས་གནས་པའོ་ཞེས་འགྲོ་བ་མང་པོ་དག་ལ་དེ་སྐད་བརྗོད་དོ། །རིགས་ཀྱི་བུ་དེ་ནས་དུས་གཞན་ཞིག་ན། དགེ་སློང་ སྤྱོད་པའི་བློ་གྲོས་དེ་འཆི་བའི་དུས་བྱས་པར་གྱུར་ནས། དེ་དེ་ལྟར་འཆི་བའི་དུས་བྱས་པ་དང་། ལས་དེའི་རྣམ་པར་སྨིན་པས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་ངོ་། །དེ་བསྐལ་པ་བྱེ་བ་སྟོང་ཕྲག་དགུ་ བཅུ་རྩ་དགུར་སེམས་ཅན་དམྱལ་བ་ཆེན་པོར་སྡུག་བསྔལ་གྱི་ཚོར་བ་མྱོང་བར་གྱུར་ནས་ཚེ་རབས་དྲུག་བཅུར་མི་སྙན་པར་བརྗོད་པ་ཐོབ་པར་གྱུར་ཏོ། །ཚེ་རབས་སྟོང་ཕྲག་སུམ་བཅུ་རྩ་གཉིས་སུ་རབ་ཏུ་བྱུང་བ་ལས་ ཕྱིར་བབས་པར་གྱུར་ཏོ། །ལས་ཀྱི་སྒྲིབ་པ་དེ་ཉིད་ཀྱི་ལྷག་མས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་འཕྲོ་དྲི་མ་མེད་པའི་གསུང་རབ་ལ་རབ་ཏུ་བྱུང་བར་གྱུར་ཏོ། །དེ་རབ་ ཏུ་བྱུང་ནས་ལོ་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཏུ་མགོའི་ཐོད་ལ་མེ་འབར་བ་ལྟར་རྣམ་པར་སྤྱོད་ཀྱང་། འཐུན་པའི་བཟོད་པ་ཙམ་ཡང་མ་ཐོབ་སྟེ། ཚེ་རབས་བརྒྱ་སྟོང་མང་པོར་དབང་པོ་རྟུལ་པོར་གྱུར་ཏོ། །རིགས་ཀྱི་བུ་དེ་ འི་ཚེ་དེའི་དུས་ན། དགེ་སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་མི་སྒུལ་བ་ནི་དེའི་ཚེ་དེའི་དུས་ན། དགེ་ 55-1-300b སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་ཞེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན། དགེ་སློང་ཆོས་སྨྲ་བ་སྤྱོད་པའི་བློ་གྲོས་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན། དེ་ལྟར་མི་བལྟ་སྟེ། དེ་ ཅིའི་ཕྱིར་ཞེ་ན། ང་ནི་དགེ་སློང་ཆོས་སྨྲ་བ་སྤྱོད་པའི་བློ་གྲོས་ཞེས་བྱ་བར་གྱུར་ཏོ། །ང་ཡང་དེ་ལྟ་བུའི་ཐབས་ཕྲ་མོས་དེ་ལ་མ་དད་པའི་སེམས་བསྐྱེད་དེ། ལས་ཀྱི་སྒྲིབ་པ་མངོན་པར་འདུ་བྱས་པས་སེམས་ཅན་དམྱལ་བ་ དག་ཏུ་ལྷུང་བར་གྱུར་ཏེ། །རིགས་ཀྱི་བུ་དེ་ལྟར་ཕྲ་བ་ནི་ལས་ཀྱི་སྒྲིབ་པ་ཡིན་གྱིས། རིགས་ཀྱི་བུ་སུ་ལས་ཀྱི་སྒྲིབ་པ་དེ་ལྟ་བུ་མི་འདོད་པ་དེ་དག་གིས་གཞན་གྱི་སྤྱོད་པ་ལ་ཁོང་ཁྲོ་བར་མི་བྱའོ། །དེའི་སྤྱོད་པ་ཐམས་ཅད་ ལ་ཡིད་ཆེས་པར་བྱའོ། །འདི་སྙམ་དུ་ཕ་རོལ་གྱི་སེམས་ནི་བདག་གིས་མི་ཤེས་ཏེ། སེམས་ཅན་གྱི་སྤྱོད་པ་ནི་དཀའོ། །དེ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དོན་གྱི་དབང་དེ་གཟིགས་ནས། དེ་བཞིན་གཤེགས་ པས་འདི་སྐད་དུ་ཆོས་སྟོན་ཏེ། གང་ཟག་གིས་གང་ཟག་གི་ཚོད་གཟུང་བར་མི་བྱའོ། །གང་ཟག་གིས་གང་ཟག་ལ་ཚོད་བཟུང་ན་རྨ་འབྱུང་བར་འགྱུར་ཏེ། དེ་འམ་གཞན་ཡང་ང་དང་འདྲ་བ་དག་གིས་གང་ཟག་ལ་ཚོད་གཟུང་ངོ་། ། རིགས་ཀྱི་བུ་སུ་བདག་བསྲུང་བར་འདོད་པ་དེས་གཞན་སུའི་སྤྱོད་པ་ལ་འང་བརྟག་པར་མི་བྱ་སྟེ། དེ་དག་ལ་འདི་ནི་འདི་འདྲའོ། །འདི་ནི་འདི་འདྲའོ་ཞེས་བྱ་བར་མི་བྱའོ། །ཉིན་མཚན་དུ་སངས་རྒྱས་ཀྱི་ཆོས་ལ་ བརྩོན་པར་བྱའི། །རིགས་ཀྱི་བུ་ཆོས་ལ་བསྒོམས་པའི་ཡིད་ཀྱིས་བསམ་པ་ཐག་པ་ནས་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་གཞན་ལ་བྱ་བར་བརྩོན་པར་མི་གནས་སོ། །རིགས་ཀྱི་བུ་གལ་ཏེ་ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་བས། བྱང་ཆུབ་སེམས་ 55-1-301a དཔའ་གང་གཅིག་པུ་དབེན་པར་འདུག་སྟེ། ཆུང་ངུ་ན་སེ་གོལ་གཏོགས་པ་ཙམ་དུ་འང་ཆོས་ཐམས་ཅད་ཚུལ་གཅིག་པར་ཡིད་ཆེས་ཤིང་ཐ་ན་ཆུང་ངུ་དྲི་བ་འམ། དཔྱད་པ་འམ། ལུང་འབོག་པ་འམ། ཁ་ཏོན་ བྱ་བའི་ཕྱིར་གནས་ན། འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཚུལ་འདི་ཁོང་དུ་ཆུད་པས་བྱང་ཆུབ་སེམས་དཔའ་རྣམས་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་འཐོབ་ བོ། །སེམས་ཅན་ཐམས་ཅད་ལ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་འང་མྱུར་དུ་འཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ། འཇམ་དཔལ་གཞོན་ནུར་གྱུར་པས་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཞེས་བྱ་བ། ཇི་ཙམ་གྱིས་ན་ལས་ཀྱི་སྒྲིབ་པ་རྣམ་པར་དག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་བྱང་ཆུབ་སེམས་ དཔའ་གང་ཆོས་ཐམས་ཅད་ལས་མེད་ཅིང་། རྣམ་པར་སྨིན་པ་མེད་པར་ཤེས་པ་དེས་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་འཐོབ་བོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་འདོད་ཆགས་ཀྱི་མཐའ་ཡང་དག་པའི་མཐར་ མཐོང་བ་དང་། ཞེ་སྡང་གི་མཐའ་ཡང་དག་པའི་མཐར་མཐོང་བ་དང་། གཏི་མུག་གི་མཐའ་ཡང་དག་པའི་མཐར་མཐོང་བ་དེས་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་འཐོབ་བོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་ གིས་སེམས་ཅན་ཐམས་ཅད་དང་། ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་དབྱིངས་སུ་མཐོང་བ་དེས་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་འཐོབ་བོ། །འཇམ་དཔལ་དེ་ཅིའི་ཕྱིར་ཞེ་ན། ལྟ་བ་ཡོད་ན་ལས་མངོན་པར་འདུ་བྱེད་པར་འགྱུར་ ཏེ། འཇམ་དཔལ་བྱིས་པ་ཐོས་པ་མེད་པ་སོ་སོའི་སྐྱེ་བོ་ནི་ཆོས་ཐམས་ཅད་ཤིན་དུ་ཡོངས་སུ་མྱ་ངན་ལས་འདས་པར་མི་ཤིས་པས། བདག་དང་གཞན་དུ་དམིགས་སོ། །དམིགས་ནས་ལུས་དང་། ངག་དང་། ཡིད་ཀྱིས་ལས་རྣམ་ 55-1-301b པ་གསུམ་མངོན་པར་འདུ་བྱེད་དེ། དེ་ཡང་དག་པ་མ་ཡིན་པར་སྒྲོ་འདོགས་པས་བདག་ནི་འདོད་ཆགས་སོ། །བདག་ནི་ཞེ་སྡང་ངོ་། །བདག་ནི་གཏི་མུག་གོ་ཞེས་རྣམ་པར་རྟོག་གོ། །གལ་ཏེ་དེ་བཞིན་གཤེགས་པའི་བསྟན་པ་ལ་ རབ་ཏུ་བྱུང་ན། དེ་འདི་སྙམ་དུ་བདག་ནི་ཚུལ་ཁྲིམས་དང་ལྡན་པའོ། །བདག་ནི་ཚངས་པར་སྤྱོད་པའོ། །བདག་གིས་འཁོར་བ་ལས་ཡང་དག་པར་འདའ་བར་བྱེད་དོ། །བདག་གིས་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱའོ། །བདག་ གིས་ནི་སྡུག་བསྔལ་ལས་རྣམ་པར་གྲོལ་བ་ཐོབ་པར་བྱའོ་སྙམ་དུ་སེམས་ཤིང་། དེ་ཡང་དག་པ་མ་ཡིན་པར་སྒྲོ་འདོགས་པས། ཆོས་འདི་དག་ནི་དགེ་བའོ། །ཆོས་འདི་དག་ནི་མི་དགེ་བའོ། །ཆོས་འདི་དག་ནི་ཡོངས་སུ་ཤེས་པར་ བྱའོ། །ཆོས་འདི་དག་ནི་སྤང་བར་བྱའོ། །ཆོས་འདི་དག་ནི་མངོན་དུ་བྱ་བའོ། །ཆོས་འདི་དག་ནི་བསྒོམ་པར་བྱའོ། །སྡུག་བསྔལ་ནི་ཤེས་པར་བྱའོ། །ཀུན་འབྱུང་བ་ནི་སྤང་བར་བྱའོ། །འགོག་པ་ནི་མངོན་དུ་བྱའོ། །ལམ་ནི་བསྒོམ་ པར་བྱའོ་ཞེས་རྣམ་པར་རྟོག་གོ། །དེ་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ། །འདུ་བྱེད་ཐམས་ཅད་ཀུན་ནས་འབར་བའོ། །ཅི་ནས་ཀྱང་བདག་ནི་འདུ་བྱེད་རྣམས་ལས་འབྲོས་པར་བྱའོ་སྙམ་ དུ་རྣམ་པར་རྟོག་སྟེ། དེ་དེ་ལྟར་རྟོག་པའི་ཚེ། སྐྱོ་བ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་པ། མཚན་མ་སྔོན་དུ་བཏང་བ་དག་འབྱུང་སྟེ། དེ་འདི་སྙམ་དུ་གང་འདི་ཆོས་རྣམས་ཡོངས་སུ་ཤེས་པ་འདི་ནི་སྡུག་བསྔལ་ཡོངས་སུ་ཤེས་པའོ། ། དེ་འདི་སྙམ་དུ་ཇི་ནས་ཀྱང་བདག་གིས་ཀུན་འབྱུང་བ་སྤང་བར་བྱའོ་ཞེས་དེ་ཆོས་ཐམས་ཅད་ལ་ངོ་མི་མཐོ་ཞིང་ཁྲེལ་བར་སེམས། འཇིགས་པ་དང་། རབ་ཏུ་འཇིགས་པ་དང་། ཡོངས་སུ་འཇིགས་པ་སྐྱེད་ཅིང་། དེ་འདི་སྙམ་དུ་གང་འདི་ ཆོས་དེ་དག་ལས་ངོ་ཚ་བར་གྱུར་པ་དེ་ནི་ཀུན་འབྱུང་བ་སྤང་བའོ་སྙམ་དུ་སེམས་སོ། །དེ་འདི་སྙམ་དུ་ཅི་ནས་ཀྱང་བདག་གིས་འགོག་པ་མངོན་དུ་བྱའོ། །སྙམ་ནས། དེ་ཆོས་དེ་དག་རྣམ་པར་བརྟགས་ནས་དེའི་འོག་ཏུ་དེ་དག་འགོག་པར་འདུ་ཤེས་ 55-1-302a ཤིང་། དེ་འདི་སྙམ་དུ་གང་ཆོས་རྣམས་མངོན་དུ་བྱ་བ་དེ་ནི་འགོག་པ་ཡིན་ནོ་སྙམ་མོ། །དེ་འདི་སྙམ་དུ་ཅི་ནས་ཀྱང་བདག་གིས་ལམ་བསྒོམ་པར་བྱའོ་སྙམ་སྟེ། དེ་གཅིག་པུ་དབེན་པར་སོང་ནས་ཆོས་དེ་དག་ཡིད་ལ་བྱས་ པས་ཞི་གནས་འཐོབ་སྟེ། དེའི་སྐྱེ་བ་དང་ལྡན་པའི་ཡིད་ལ་བྱ་བ་དེ་དང་། ཞི་གནས་ཐོབ་པ་དེས་ཆོས་ཐམས་ཅད་ལས་སེམས་རབ་ཏུ་ཞུམ་པར་འགྱུར། སེམས་རབ་ཏུ་འགོང་བར་འགྱུར། སེམས་ཕྱིར་ལོག་པར་འགྱུར་ཞིང་ ངོ་མི་མཐོ་སྟེ། ངོ་ཚ་ལ་རྣམ་པར་སྨོད་དེ། མངོན་པར་དགའ་བ་མེད་པ་སྐྱེད་དོ། །དེ་འདི་སྙམ་དུ་བདག་ནི་སྡུག་བསྔལ་ཐམས་ཅད་ལས་གྲོལ་བ་སྟེ། བདག་གིས་དེ་ལས་གོང་དུ་བྱ་བ་གཞན་མེད་དོ། །བདག་ནི་དགྲ་བཅོམ་པ་ ཡིན་ནོ་ཞེས་དམ་འཆའོ། །དེ་འཆི་བའི་དུས་ལ་བབ་པའི་ཚེ། བདག་སྐྱེ་བར་འགྱུར་བ་མཐོང་ནས། སངས་རྒྱས་ཀྱི་བྱང་ཆུབ་དུ་ནེམ་ནུར་དང་ཐེ་ཙོམ་དུ་གྱུར་ཏེ། དེ་ཐེ་ཙོམ་དུ་ལྟུང་བའི་སེམས་ཀྱིས་དུས་བྱས་ནས་སེམས་ཅན་ དམྱལ་བ་ཆེན་པོ་དག་ཏུ་སྐྱེ་སྟེ། དེ་ཡང་མ་སྐྱེས་པའི་ཆོས་རྣམས་ལ་རྣམ་པར་བརྟགས་པའི་ཕྱིར་རོ།། །། བམ་པོ་གཉིས་པ། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་རྣམས་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གང་ཅི་འདུ་བྱེད་ཐམས་ཅད་མ་སྐྱེས་པར་མཐོང་བ་དེས་སྡུག་བསྔལ་ཡོངས་སུ་ ཤེས་སོ། །གང་གིས་ཆོས་ཐམས་ཅད་འབྱུང་བ་མེད་པར་མཐོང་བ་དེས་ཀུན་འབྱུང་བ་རབ་ཏུ་སྤངས་སོ། །གང་གིས་ཆོས་ཐམས་ཅད་ཤིན་དུ་མྱ་ངན་ལས་འདས་པར་མཐོང་བ་དེས་འགོག་པ་མངོན་དུ་བྱས་སོ། །གང་གིས་ཆོས་ ཐམས་ཅད་དངོས་པོ་མེད་པར་མཐོང་བ་དེས་ལམ་བསྒོམས་སོ། །འཇམ་དཔལ་གང་གིས་འཕགས་པའི་བདེན་པ་བཞི་དེ་ལྟར་མཐོང་བ་དེ་ནི། ཆོས་འདི་དག་ནི་དགེ་བའོ། །ཆོས་འདི་དག་ནི་མི་དགེ་བའོ། །ཆོས་འདི་དག་ནི་ 55-1-302b ཡོངས་སུ་ཤེས་པར་བྱ་བའོ། །ཆོས་འདི་དག་ནི་སྤང་བར་བྱ་བའོ། །ཆོས་འདི་དག་ནི་མངོན་དུ་བྱ་བའོ། །ཆོས་འདི་དག་ནི་བསྒོམ་པར་བྱ་བའོ། ཆོས་འདི་དག་ནི་བགོམ་པར་བྱ་བའོ། །སྡུག་བསྔལ་ནི་ཡོངས་སུ་ཤེས་ པར་བྱ་བའོ། །ཀུན་འབྱུང་བ་ནི་སྤོང་བར་བྱ་བའོ། །འགོག་པ་ནི་མངོན་དུ་བྱ་བའོ། །ལམ་ནི་བསྒོམ་པར་བྱའོ་ཞེས་མི་རྟོག་རྣམ་པར་མི་རྟོག་གོ། །དེ་ཅིའི་ཕྱིར། ཞེ་ན། ཆོས་གང་དག་ལ་བྱིས་པ་སོ་སོའི་སྐྱེ་བོ་དག་འདོད་ ཆགས་པ་དང་། ཞེ་སྡེང་བ་དང་། གཏི་མུག་པར་འགྱུར་བའི་ཆོས་དེ་དག་དེས་མ་སྐྱེས་པ་དང་། མེད་པ་དང་། ནོར་བ་དང་། ཡོངས་སུ་བརྟགས་པ་དང་། ཡོངས་སུ་བསྐྱེད་པར་མཐོང་བའི་ཕྱིར་ཏེ། དེ་ཆོས་གང་ཡང་ མི་ལེན་མི་འདོར་རོ། །དེའི་སེམས་ནི་ཁམས་གསུམ་པ་ལ་ཆགས་པ་མེད་དེ། ཁམས་གསུམ་པ་ཐམས་ཅད་མ་སྐྱེས་པ་དང་། སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། བྲག་ཆ་ལྟ་བུ་དང་། མིགས་ཡོར་ལྟ་བུར་ཡང་དག་པར་མཐོང་ངོ་། ། དེས་དགེ་བ་དང་། མི་དགེ་བའི་ཆོས་ཐམས་ཅད་ཀྱི་སྨིན་རྒྱུ་ལྟ་བུར་མཐོང་སྟེ། དེས་འདོད་ཆགས་ཀྱི་ཁམས་མྱ་ངན་ལས་འདས་པའི་དབྱིངས་སུ་མཐོང་ངོ་། །དེ་བཞིན་དུ་ཞེ་སྡང་གི་ཁམས་དང་། གཏི་མུག་གི་ ཁམས་མྱ་ངན་ལས་འདས་པའི་དབྱིངས་སུ་མཐོང་ངོ་། །དེས་ཆོས་རྣམས་དེ་ལྟ་བུའི་རང་བཞིན་དུ་མཐོང་བས། སེམས་ཅན་ཐམས་ཅད་ལ་ཆགས་པ་དང་། ཁོང་ཁྲོ་བ་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེས་ གང་ལ་ཆགས་པར་བྱ་བ་དང་། ཁོང་ཁྲོ་བར་བྱ་བ་དེ་ལྟ་བུའི་ཆོས་མི་དམིགས་སོ། །དེ་ནམ་མཁའ་དང་མཉམ་པའི་སེམས་ཀྱིས་སངས་རྒྱས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་དང་དགེ་འདུན་ཡང་དག་པར་རྗེས་སུ་མི་ མཐོང་ངོ་། །དེ་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་བས་ཆོས་གང་ལ་ཡང་ཐེ་ཙོམ་མི་སྐྱེད་དེ། ཐེ་ཙོམ་མེད་པས་ཉེ་བར་ལེན་པ་མེད་དོ། །ཉེ་བར་ལེན་པ་མེད་པས་ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་འདས་ 55-1-303a ཏེ། འཇམ་དཔལ་དེ་ལྟ་བུའི་ཆོས་ཤེས་པས་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་དུ་མི་འོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བདག་ཉིད་ཀྱང་མི་དམིགས་ན། དེ་བཞིན་གཤེགས་ པ་དམིགས་པ་ལྟ་སྨོས་སུ་ག་ལ་ཡོད་དོ། དེ་ནི་གནས་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ། འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ཇི་ ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་མ་འོངས་པའི་དུས་ན། དགེ་སློང་དག་འབྱུང་སྟེ། དེ་དག་མི་སྡུག་པའི་རྣམ་པས་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་ གཞག་པ་སྟོན་ཏོ། །སྐྱེ་བ་དང་འགག་པའི་རྣམ་པས་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྟོན་ཏོ། །སེམས་སྐྱེ་བ་དང་། འགག་པའི་ཆོས་ཅན་དུ་ལྟའོ་ཞེས་སེམས་ལ་སེམས་ཀྱི་ རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྟོན་ཏོ། །གང་ལ་རིལ་པོའི་འདུ་ཤེས་མེད་པ་དེ་ལ་ཆོས་ཀྱི་འདུ་ཤེས་མེད་དོ་ཞེས་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྟོན་ཏོ། །དེ་སྐད་ཅེས་བཀའ་ སྩལ་པ་དང་། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོ་ན་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོག་མོད། དེ་བཞིན་གཤེགས་པ་རྣམས་ཀྱི་ལྡེམ་པོ་དག་ནི་ཤེས་པར་དཀའོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་འོན་ཀྱང་དྲན་པ་ཉེ་བར་གཞག་པ་ གཞག་པ་བསྒོམ་པ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གང་གིས་ལུས་ནམ་མཁའ་དང་མཉམ་པར་མཐོང་ན། དེ་ནི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་ 55-1-303b པའོ། །འཇམ་དཔལ་གང་གིས་ཚོར་བ་ནང་དང་། ཕྱི་དང་། གཉིས་ཀ་མེད་པར་ཡང་མི་དམིགས་ན། དེ་ནི་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་བཞག་པའོ། །འཇམ་དཔལ་གང་གིས་ སེམས་མིང་ཙམ་དུ་ཤེས་ན། དེ་ནི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའོ། །འཇམ་དཔལ་གང་གིས་དགེ་བ་དང་མི་དགེ་བའི་ཆོས་མ་དམིགས་ན། དེ་ནི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ བའི་དྲན་པ་ཉེ་བར་བཞག་པའོ། །འཇམ་དཔལ་དྲན་མ་ཉེ་བར་གཞག་པ་བཞི་ནི་དེ་ལྟར་བལྟའོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དབང་པོ་ལྔ་རྣམས་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གང་གིས་ཆོས་ཐམས་ཅད་རང་བཞིན་གྱིས་མ་བྱུང་བའི་ཕྱིར། མ་སྐྱེས་པར་མཐོང་ན། དེ་ནི་དད་པའི་དབང་པོའོ། །འཇམ་དཔལ་གང་གིས་ཉེ་བ་དང་རིང་བའི་འདུ་ ཤེས་དང་བྲལ་བའི་ཕྱིར། ཆོས་ཐམས་ཅད་ལ་སེམས་མི་གཏོང་ན། དེ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །འཇམ་དཔལ་གང་དམིགས་པ་དང་བྲལ་བའི་ཕྱིར། ཆོས་ཐམས་ཅད་ཡིད་ལ་མི་བྱེད་ཅིང་དྲན་པ་ལ་མི་ འདོགས་ན། དེ་ནི་དྲན་པའི་དབང་པོའོ། །འཇམ་དཔལ་གང་ཆོས་ཐམས་ཅད་ལ་མི་སེམས་པ་འདི་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །འཇམ་དཔལ་གང་གིས་ཆོས་ཐམས་ཅད་སྐྱེ་བ་དང་འཇིག་པ་དང་བྲལ་ ཞིང་། ཤེས་པ་དང་མི་ཤེས་པ་དང་བྲལ་བ་སྟེ། རང་བཞིན་གྱིས་སྟོང་པར་མཐོང་ན། དེ་ནི་ཤེས་རབ་ཀྱི་དབང་པོའོ། །འཇམ་དཔལ་དབང་པོ་ལྔ་དག་ནི་དེ་ལྟར་བལྟའོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ ལྡན་འདས་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གང་གིས་ཆོས་ཐམས་ཅད་རང་བཞིན་མེད་ཅིང་ཡིད་ལ་བྱར་མེད་པར་མཐོང་བ་འདི་ནི་ 55-1-304a དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་དཔལ་གང་གིས་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པར་རབ་ཏུ་ཕྱེ་སྟེ་བརྟགས་ན་ཡོངས་སུ་མ་གྲུབ་པས་ཆོས་ཐམས་ཅད་མི་དམིགས་ པ་འདི་ནི་ཆོས་རབ་ཏུ་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་དཔལ་གང་གིས་ཁམས་ཀྱི་འདུ་ཤེས་ཤིན་དུ་རིག་པའི་ཕྱིར་ཁམས་གསུམ་པ་མི་ལེན་མི་འདོར་བ་འདི་ནི་བརྩོན་འགྲུས་ཡང་དག་ བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་དཔལ་གང་གིས་དགའ་བ་དང་། མི་དགའ་བ་ཤིན་དུ་རྟོགས་པའི་ཕྱིར། འདུ་བྱེད་ཐམས་ཅད་ལ་དགའ་བ་མི་སྐྱེད་པ་འདི་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་ དཔལ་གང་གིས་དམིགས་པའི་དངོས་པོ་མི་དམིགས་ཏེ། ཆོས་ཐམས་ཅད་ལ་སེམས་བག་ཡངས་སུ་གྱུར་པ་འདི་ནི་བག་ཡངས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་དཔལ་གང་གིས་ཆོས་ཐམས་ཅད་རྣམ་པར་ བསྒོམ་པ་རྗེས་སུ་རྟོགས་པས་སེམས་མི་དམིགས་པ་འདི་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །གང་ཆོས་ཐམས་ཅད་ལ་མི་གནས་མི་རྟེན་ལ། ཆགས་པར་མི་འགྱུར། ཤེས་པར་མི་འགྱུར་ཞིང་ ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མ་མཐོང་བས། བཏང་སྙོམས་སུ་གནས་པ་འདི་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་དཔལ་བྱང་ཆུབ་ཀྱི་ཡན་ལག་བདུན་ནི་དེ་ལྟར་བལྟའོ། །འཇམ་དཔལ་ གྱིས་གསོལ་པ། བཅོམ་ལྡན་འདས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཇི། །ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གང་གིས་ཆོས་ཐམས་ཅད་མ་མཉམ་པ་མེད་ཅིང་གཉིས་སུ་མེད་དེ་ གཉིས་སུ་བྱར་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལྟ་བའོ། །འཇམ་དཔལ་གང་གིས་ཆོས་ཐམས་ཅད་མཐོང་བ་མེད་པའི་ཚུལ་གྱིས་བརྟག་ཏུ་མེད་ཅིང་། རྣམ་པར་བརྟག་ཏུ་མེད་ལ། ཡོངས་སུ་བརྟག་ཏུ་མེད་པར་མཐོང་བ་འདི་ནི་ཡང་ 55-1-304b དག་པའི་རྟོག་པའོ། །འཇམ་དཔལ་གང་གིས་བརྗོད་དུ་མེད་པ་མཉམ་པ་ཉིད་ཤིན་དུ་བསྒོམས་པའི་ཕྱིར། ཆོས་ཐམས་ཅད་བརྗོད་དུ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ངག་གོ། །འཇམ་དཔལ་གང་གིས་བྱེད་པ་མི་དམིགས་པའི་ ཕྱིར། ཆོས་ཐམས་ཅད་བྱ་བ་མེད་ཅིང་བྱེད་པ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལས་ཀྱི་མཐའོ། །འཇམ་དཔལ་གང་འཚོ་བ་མཉམ་པ་ཉིད་ལ་གནས་པའི་ཕྱིར། ཆོས་ཐམས་ཅད་མི་སོགས་མི་འབྲི་བ་འདི་ནི་ཡང་དག་པའི་འཚོ་ བའོ། །འཇམ་དཔལ་གང་རྩོལ་བ་མེད་ཅིང་སྒྲུབ་པ་མེད་པའི་ཚུལ་གྱིས། ཆོས་ཐམས་ཅད་ཡོངས་སུ་སྒྲུབ་པ་མེད་པ་འདི་ནི་ཡང་དག་པའི་རྩོལ་བའོ། །འཇམ་དཔལ་གང་དྲན་པའི་ལས་ཀྱིས་དབེན་པའི་ཕྱིར་ཆོས་ཐམས་ཅད་ཡིད་ལ་ མི་བྱེད་ཅིང་། དྲན་པ་མེད་པ་འདི་ནི་ཡང་དག་པའི་དྲན་པའོ། །འཇམ་དཔལ་གང་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར། རང་བཞིན་གྱིས་མཉམ་པར་བཞག་ཅིང་། འཁྲུག་པ་མེད་ལ་དམིགས་པ་མེད་པར་མཐོང་བ་འདི་ནི་ཡང་ དག་པའི་ཏིང་ངེ་འཛིན་ཏོ། །འཇམ་དཔལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་དེ་ལྟར་བལྟ་སྟེ། འཇམ་དཔལ་གང་ལ་ལས་འཕགས་པའི་བདེན་པ་བཞི་དེ་ལྟར་ཤེས་ཤིང་། དྲན་པ་ཉེ་བར་གཞག་པ་བཞི་དང་། དབང་པོ་ ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་ལྟར་མཐོང་བ་དེ་ནི་ཟད་པ། རྒལ་བ། ཕ་རོལ་དུ་ཕྱིན་པ། ཐང་ལ་གནས་པ། བདེ་བར་གྱུར་པ། མི་འཇིགས་པ་རྙེད་པ་ཁུར་བོར་བ། རྡུལ་ སྤྲུགས་པ། ཅི་དང་ཡང་བྲལ་བ། ཉོན་མོངས་པ་མེད་པ། དགྲ་བཅོམ་པ། དགེ་སྦྱོང་། བྲམ་ཟེ། ཁྲུས་བྱས་པ། མཐར་ཕྱིན་པ། གཙང་བ་ཤཱཀྱའི་བུ། སངས་རྒྱས་ཀྱི་སྲས། ཚེར་མ་ཕྱུང་བ། འོབས་བོར་བ། འོབས་ལས་རྒལ་བ། གསལ་ཤིང་ཕྱུང་བ། རིམས་དང་བྲལ་བ། དགེ་སློང་། འཕགས་པ་རྒྱལ་མཚན་རྫོགས་པ་ཞེས་བརྗོད་དོ། །འཇམ་དཔལ་དེ་ལྟ་བུའི་བཟོད་པ་དང་ལྡན་པའི་དགེ་སློང་ནི་འཇིག་རྟེན་ལྷ་དང་བཅས་པའི་སྦྱིན་པའི་གནས་ཡིན་ཏེ། 55-1-305a དེ་ལ་འཐོབ་པ་དང་། བཀུར་སྟི་ཐམས་ཅད་ཀྱང་འོས་སོ། །འཇམ་དཔལ་དེ་ལྟ་བས་ན་དགེ་སློང་ཡུལ་གྱི་ཟས་དོན་ཡོད་པར་བཟའ་བར་འདོད་པ་དང་། བདུད་འདུལ་བར་འདོད་པ་དང་། འཁོར་བ་ལས་འདའ་བར་འདོད་པ་དང་། མྱ་ངན་ ལས་འདས་པ་ཐོབ་པར་འདོད་པ་དང་། སྡུག་བསྔལ་ལས་བྲལ་བར་འདོད་པ་དང་། འཇིག་རྟེན་ལྷ་དང་བཅས་པའི་སྦྱིན་པའི་གནས་སུ་འགྱུར་བར་འདོད་པས་ཆོས་དེ་དག་ལ་དེ་ལྟར་བརྩོན་པར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་བསྟན་པའི་ཚེ། ལྷའི་བུ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ཀྱིས་ཆོས་མངོན་པར་རྟོགས་པ་ཐོས་པར་གྱུར་ནས་དེ་དག་གིས་བཅོམ་ལྡན་འདས་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་མེ་ཏོག་མན་ད་ར་བ་མང་པོས་མངོན་པར་གཏོར་ནས། འདི་སྐད་ཅེས་སྨྲས་སོ། ། བཅོམ་ལྡན་འདས་གང་གིས་ཆུང་ངུ་ན་བསྟན་པ་འདི་རྣ་ལམ་དུ་གྲག་པ་ཙམ་ཐོས་ཀྱང་དེ་དག་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་ལེགས་པར་རབ་ཏུ་བྱུང་བ་ལགས་ན། གང་གིས་ཐོས་ཏེ་མོས་ཤིང་ཡིད་ཆེས་པར་འགྱུར་བ་དང་། དེ་བཞིན་ཉིད་ དུ་ནན་ཏན་དུ་བགྱིད་པ་དེ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བཅོམ་ལྡན་འདས་གང་གིས་བསྟན་པ་འདི་ཐ་ན་རྣ་ལམ་དུ་གྲག་པ་ཙམ་དུ་ཐོས་ཀྱང་དེ་དག་ནི་མངོན་པའི་ང་རྒྱལ་མ་མཆིས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གཟུངས་ཀྱི་ཚིག་གང་གིས་བྱང་ཆུབ་སེམས་དཔའ་རྣམས་ཐོགས་པ་མ་མཆིས་པའི་སྤོབས་པ་ཐོབ་པར་འགྱུར་ཞིང་། སྒྲ་གང་གིས་ཀྱང་འཇིགས་པར་ མི་འགྱུར་བ་དང་། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་དང་། སྦྱོར་བར་འགྱུར་བ་དང་། ཆོས་ཐམས་ཅད་ཚུལ་གཅིག་པར་རྫོགས་པར་འགྱུར་བ་དེ་ལྟ་བུའི་གཟུངས་ཀྱི་ཚུལ་གྱི་ཚིག་བཀའ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་དེ་བས་ན་ཆོས་ཀྱི་སྒོ་གང་གིས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་སྣང་བ་ཐོབ་པར་འགྱུར་ཞིང་། མྱུར་དུ་མི་སྐྱེ་བའི་ཆོས་ 55-1-305b ལ་བཟོད་པ་ཐོབ་པར་འགྱུར་བའི་ཕུར་པའི་ཚིག་དང་། ས་བོན་གྱི་ཚིག་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་འདི་ཉོན་ཅིག །འཇམ་དཔལ་ཕུར་པའི་ཚིག་དང་། ས་བོན་གྱི་ཚིག་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དེ་ཡང་གང་ཞེ་ན། འཇམ་དཔལ་སེམས་ཅན་ཐམས་ཅད་སེམས་གཅིག་པ་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ ཆོས་ཐམས་ཅད་ནི་དམིགས་པ་མི་དམིགས་པའི་ཕྱིར་སེམས་མེད་པ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་སེམས་ཅན་ཐམས་ཅད་ནི་འགྱུར་བ་གཅིག་གོ་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ ལྡན་འདས་ཅིའི་སླད་ཏུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་ཆགས་པ་མེད་པར་གཞོག་པ་སྟེ། ནམ་མཁའ་འགྱུར་བ་ཡིན་པས་དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། ། འཇམ་དཔལ་སེམས་ཅན་ཐམས་ཅད་ནི་སེམས་ཅན་གཅིག་པའོ་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ སེམས་ཅན་ཐམས་ཅད་ནི་མ་སྐྱེས་ཤིན་དུ་མ་སྐྱེས་ཤིང་མིང་མེད་ལ། ལམ་གཅིག་པ་དམིགས་སུ་མེད་པས། གཅིག་ཏུ་བསྟན་པ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་འདོད་ཆགས་ཤེས་བྱ་བ་འདི་ནི་ཕུར་པའི་ཚིག་གོ། ། གསོལ་པ། བཅོམ་ལྡན་འདས་ཅིའི་སླད་ཏུ་དེ་ཕུར་པའི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདོད་ཆགས་ནི་མི་གནས་པའི་ཚུལ་གྱི་ཆོས་ཀྱི་དབྱིངས་ལ་གནས་པ་སྟེ། མི་གཡོ་མི་འགུལ་ཞིང་རང་ བཞིན་གྱིས་དབེན་པ་སྟེ། གཡོ་བ་མེད་པས་དེའི་ཕྱིར་ཕུར་པའི་ཚིག་གོ། །འཇམ་དཔལ་ཞེ་སྡང་ཞེས་བྱ་བ་འདི་ནི་རྡོ་རྗེའི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་རྡོ་རྗེའི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་ 55-1-306a སྩལ་པ། འཇམ་དཔལ་ཞེ་སྡང་ནི་དབྱེར་མེད་པ་སྟེ་འདི་ལྟར་དཔེར་ན། འཇམ་དཔལ་རྡོ་རྗེ་ནི་མི་ཕྱེད་མི་ཤིགས་པའོ། །འཇམ་དཔལ་དེ་བཞིན་དུ་ཆོས་ཐམས་ཅད་ནི་དངོས་པོ་མ་གྲུབ་པའི་ཕྱིར། གཞིག་ཏུ་ མེད་ཅིང་དབྱེར་མེད་པ་སྟེ། དེའི་ཕྱིར་འདི་ནི་རྡོ་རྗེའི་ཚིག་གོ། །འཇམ་དཔལ་གཏི་མུག་ཅེས་བྱ་བ་འདི་ནི་ཡེ་ཤེས་ཀྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ཡེ་ཤེས་ཀྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་ཡེ་ཤེས་ཀྱིས་གྲུབ་ཅིང་མི་ཤེས་པ་དང་བྲལ་བ་སྟེ། འདི་ལྟར་དཔེར་ན། འཇམ་དཔལ་ནམ་མཁའ་ནི་ཤེས་པ་དང་ལྡན་པ་ཡང་མ་ཡིན། མི་ཤེས་པ་དང་ལྡན་པ་ཡང་ མ་ཡིན་ནོ། །འཇམ་དཔལ་དེ་བཞིན་དུ་ཆོས་ཐམས་ཅད་ནི་ཤེས་པ་དང་ལྡན་པ་ཡང་མ་ཡིན། མི་ཤེས་པ་དང་ལྡན་པ་ཡང་མ་ཡིན། ཤེས་པར་བྱ་བའི་རང་བཞིན་ཤིན་ཏུ་ཞི་བའི་ཕྱིར་ཤེས་པ་ཡང་མ་ཡིན། མི་ཤེས་པ་ ཡང་མ་ཡིན་དེའི་ཕྱིར་ཡེ་ཤེས་ཀྱི་ཚིག་ཅེས་བྱའོ། །འཇམ་དཔལ་གཟུགས་ཤེས་བྱ་བ་ནི་ཕུར་པའི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ཕུར་པའི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། འཇམ་དཔལ་འདི་ལྟ་སྟེ་དཔེར་ན། དབང་པོའི་ཕུར་པ་ནི་རབ་ཏུ་གནས་པའི་ཕྱིར་མི་གཡོ་མི་འགུལ་ལོ། །འཇམ་དཔལ་དེ་བཞིན་དུ་ཆོས་ཐམས་ཅད་མི་གནས་པའི་ཚུལ་གྱིས་ཆོས་ཀྱི་དབྱིངས་ལ་གནས་པ་ནི་ འགྲོ་བ་དང་འོང་བ་མེད་དེ། བླང་དུ་མེད་ཅིང་རྩོལ་བ་མེད་ལ་ཤིན་དུ་བརྟན་པའི་ཕྱིར་མི་གནས་པ་སྟེ། དེའི་ཕྱིར་དེ་ནི་ཕུར་པའི་ཚིག་གོ། །འཇམ་དཔལ་ཚོར་བ་ཞེས་བྱ་བ་འདི་ནི་ཞི་བའི་ཚིག་གོ། །གསོལ་པ། བཅོམ་ལྡན་ འདས་ཅིའི་སླད་དུ་དེ་ཞི་བའི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་ཤིན་དུ་ཞི་བ་སྟེ། ཚོར་བ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། ཤར་ཕྱོགས་ན་ཡང་ 55-1-306b མེད། ལྷོ་ཕྱོགས་ན་ཡང་མེད། ནུབ་ཕྱོགས་ན་ཡང་མེད། བྱང་ཕྱོགས་ན་ཡང་མེད། སྟེང་ན་ཡང་མེད། འོག་ན་ཡང་མེད། ཕྱོགས་མཚམས་རྣམས་ན་ཡང་མེད་དོ། །འཇམ་དཔལ་གལ་ཏེ་བདེ་བའི་ཚོར་ བ་ནང་ན་ཡོད་ན་ནི། སེམས་ཅན་ཐམས་ཅད་ཀྱང་བདེ་བས་ཤིན་དུ་བདེ་བར་འགྱུར་རོ། །འཇམ་དཔལ་འོན་ཏམ་གལ་ཏེ་སྡུག་བསྔལ་གྱི་ཚོར་བ་ནང་ན་ཡོད་ན་ནི། སེམས་ཅན་ཐམས་ཅད་ཀྱང་སྡུག་བསྔལ་གྱིས་ཤིན་དུ་སྡུག་བསྔལ་བར་ འགྱུར་རོ། །འཇམ་དཔལ་གལ་ཏེ་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ནང་ན་ཡོད་ན་ནི་སེམས་ཅན་ཐམས་ཅད་ཀྱང་ཤིན་དུ་རྨོངས་པར་འགྱུར་རོ། །འཇམ་དཔལ་གང་གི་ཕྱིར་ཚོར་བ་ཐམས་ཅད་ནི་ནང་ན་ ཡང་མེད། ཕྱི་རོལ་ན་ཡང་མེད། ཤར་ཕྱོགས་ན་ཡང་མེད། ལྷོ་ཕྱོགས་ན་ཡང་མེད། ནུབ་ཕྱོགས་ན་ཡང་མེད། བྱང་ཕྱོགས་ན་ཡང་མེད། སྟེང་ན་ཡང་མེད། འོག་ན་ཡང་མེད། ཕྱོགས་མཚམས་རྣམས་ན་ཡང་མེད་པས། དེའི་ཕྱིར་སེམས་ཅན་ཐམས་ཅད་ནི་རྩྭ་ཤིང་དང་། བརྩིག་པ་ལྟ་བུ་སྟེ། རང་བཞིན་གྱིས་མ་སྐྱེས་ཤིང་འགག་པ་མེད་པར་མཚན་ཉིད་མཉམ་པ་སྟེ། དེའི་ཕྱིར་དེ་ནི་ཞི་བའི་ཚིག་གོ། །འཇམ་དཔལ་འདུ་ཤེས་ཤེས་བྱ་བ་འདི་ནི་ས་བོན་གྱི་ ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདུ་ཤེས་དེ་ཡོངས་སུ་བརྟགས་པ་ལས་བྱུང་བ་སྟེ། ལོག་པ་ལས་བྱུང་བ། ཆད་པ་སྟོང་པ་ལྟ་བུ། སྨིག་རྒྱུའི་ངོ་བོ་ཉིད་རང་བཞིན་གྱིས་དབེན་པ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་འདུ་བྱེད་ཅེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་ གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་བགྲང་དུ་མེད་ཅིང་། བགྲང་བ་མཉམ་པ་ཉིད་དང་ལྡན་པ། ཆུ་ཤིང་གི་སྙིང་པོ་ལྟ་བུ་སྟེ། འཇམ་དཔལ་འདི་ལྟར་དཔེར་ན། 55-1-307a ཆུ་ཤིང་གི་སྙིང་པོ་ནི་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་ཤིན་དུ་མེད་ཅིང་མི་དམིགས་སོ། །འཇམ་དཔལ་དེ་བཞིན་དུ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་དབེན་ཞིང་མིང་མེད་པ་སྟེ། དེའི་ཕྱིར་ དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་ དཔལ་རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་སྟེ། མ་སྐྱེས་པ། མ་བྱུང་བ། སྟོང་པ། མཚན་ཉིད་མེད་པ། ནམ་མཁའ་དང་སོར་མོ་ལྔ་ལྟ་བུ་མིང་མེད་པ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་གཟུགས་ ཤེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ་དཔེར་ན། མིག་ཡོར་ནི་སྣང་བ་ལ་ཡོད་ པ་མ་ཡིན་ནོ། །འཇམ་དཔལ་དེ་བཞིན་དུ་ཆོས་ཐམས་ཅད་ནི་སྣང་བ་ལ་ཡོད་པ་མ་ཡིན་ཏེ། མིག་བསླུ་བ། སེམས་བསླུ་བ། གསོག །གསོབ། བརྫུན་པ། སྒྱུ་མའི་ཆོས་ཅན་ཏེ། དེའི་ཕྱིར་ དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་སྒྲ་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་ དཔལ་ཆོས་ཐམས་ཅད་ནི་ཐ་དད་དུ་བྱར་མེད་ཅིང་གཉིས་སུ་མེད་པ་སྟེ། རིའི་སྒྲའི་ཚིག་གི་ལམ་བྲག་ཅ་དང་འདྲ་བ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་དྲི་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་སྣ་དང་དྲི་དང་། རྣམ་པར་ཤེས་པ་མི་དམིགས་པའི་ཕྱིར་མནམ་དུ་ 55-1-307b མེད་ཅིང་རང་བཞིན་གྱིས་བླུན་ལ། ནམ་མཁའ་དང་འདྲ་བ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་རོ་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་ བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་རང་བཞིན་དང་། ངོ་བོ་ཉིད་ཀྱིས་དབེན་པའི་ཕྱིར་བསམ་གྱིས་མི་ཁྱབ་ཅིང་རོའི་ཁམས་མི་དམིགས་པས་ རོ་དམིགས་སུ་མེད་པ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་རེག་ཅེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་ནམ་མཁའ་ལྟར་དབེན་པ་དང་། ལུས་ཤིན་ཏུ་བསྙོམས་པ་དང་། རེག་བྱ་འབྱུང་བ་མེད་པ་དང་། རེག་པ་དབེན་པའི་ཕྱིར་རེག་པ་མེད་པ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་ས་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་ དཔལ་ཆོས་ཐམས་ཅད་ནི་སེམས་དང་བྲལ་བ། སེམས་མེད་པ། ངོ་བོ་ཉིད་མེད་པ། ཡོངས་སུ་མ་གྲུབ་པ། མིང་དང་བྲལ་བ། མཚན་ཉིད་ཀྱིས་དབེན་པ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། ། འཇམ་དཔལ་ཆུ་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་ཆུ་མེད་པ་སྟེ། མ་འདྲེས་ཤིང་བླ་ན་མེད་པ། སྨིག་ སྒྱུའི་ཆུ་ལྟ་བུ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་མེ་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ ཆོས་ 55-1-308a ཐམས་ཅད་ནི་ཚ་བ་མེད་པ་སྟེ། ཡོངས་སུ་གདུང་བ་དང་བྲལ་བ། རང་བཞིན་གྱིས་མེད་པ། ངོ་བོ་ཉིད་ཀྱིས་ཞི་བ། ཕྱིན་ཅི་ལོག་གིས་ཡོངས་སུ་བརྟགས་པ་ཤིན་དུ་མ་སྐྱེས་པ་སྟེ་དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། ། འཇམ་དཔལ་རླུང་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་གཡོ་བ་དང་ ཡང་དག་པར་བྲལ་བའི་ཕྱིར་ཆགས་པ་མེད་ཅིང་སྒྲིབ་པ་མེད་པ་སྟེ། རླུང་གི་ལམ་ལས་ཡང་དག་པར་འདས་ཤིང་མཚན་ཉིད་མེད་ལ་ངོ་བོ་ཉིད་མེད་པ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་སངས་རྒྱས་ཤེས་ བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་འཚང་རྒྱ་བར་བྱེད་པ་མེད་པ་སྟེ། སངས་ རྒྱས་པ་མེད། རྗེས་སུ་སངས་རྒྱས་པ་མེད། རྫོགས་པར་སངས་རྒྱས་པ་མེད། འཚང་རྒྱ་བར་ཉེ་བ་དང་བྲལ་བ། འཚང་རྒྱ་བར་བྱེད་པས་དབེན་པ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་ཆོས་ཤེས་བྱ་ བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་དབྱེར་མེད་ཅིང་བཅད་དུ་མེད་པ་སྟེ། གཅད་པ་དང་བྲལ་བ་འཆད་པས་དབེན་པ། མིང་མེད་པ། མཚན་མ་མེད་པ། མཚན་ཉིད་མེད་པ། ངོ་བོ་ཉིད་མེད་པ་ཚིག་གི་ལམ་ལས་ཡང་དག་པར་འདས་པ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་དགེ་འདུན་ཞེས་བྱ་ བ་འདི་ནི་ཕུར་པའི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ཕུར་པའི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འཕགས་པའི་དགེ་འདུན་ནི་ཆོས་ཉིད་ལ་ཤིན་དུ་གནས་ 55-1-308b པ། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། ཚུལ་ཁྲིམས་དང་། ཚུལ་ཁྲིམས་འཆལ་པ་མཉམ་པ་ཉིད་དང་། ཏིང་ངེ་འཛིན་དང་། འཁྲུགས་པ་མཉམ་པ་ཉིད་དང་། ཤེས་རབ་དང་། ཤེས་རབ་འཆལ་པ་མཉམ་པ་ཉིད་དང་། རྣམ་པར་གྲོལ་བ་དང་། ཀུན་ནས་ཉོན་མོངས་པ་མཉམ་པ་ཉིད་ལ་ཤིན་དུ་གནས་ཤིང་། གནས་དང་། གནས་མ་ཡིན་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ལ་རབ་ཏུ་གནས་པས། དེའི་ཕྱིར་དེ་ནི་ཕུར་པའི་ཚིག་གོ། །འཇམ་ དཔལ་ཆོས་ཐམས་ཅད་ཡུལ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ཕུར་པའི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཕུར་པའི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ ཆོས་ཐམས་ཅད་ནི་ནམ་མཁའི་ཡུལ་བསམ་གྱིས་མི་ཁྱབ་པའི་ཡུལ། ཡུལ་མེད་པ། ཡུལ་ཡང་དག་པར་ཆད་པ། དངོས་པོ་མེད་པ། ཆད་པ་དང་བྲལ་བའི་ཕྱིར་དབང་དང་བྲལ་བ་སྟེ། དེའི་ཕྱིར་དེ་ནི་ཕུར་པའི་ཚིག་གོ། ། འཇམ་དཔལ་ཆོས་ཐམས་ཅད་དམིགས་པ་མེད་དོ་ཞེས་བྱ་བ་འདི་ནི་ཕུར་པའི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ཕུར་པའི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་ དཔལ་ཆོས་ཐམས་ཅད་ནི་གནས་པ་མེད་ཅིང་རྟེན་པ་ཡང་མེད་པ་སྟེ། དེ་དག་ནི་དམིགས་པས་དབེན་པའི་ཕྱིར་མི་དམིགས། རྣམ་པར་མི་དམིགས། མི་སྦྱོར་རྣམ་པར་མི་སྦྱོར་ཡོངས་སུ་མི་སྦྱོར་བ་སྟེ། དེའི་ཕྱིར་ དེ་ནི་ཕུར་པའི་ཚིག་གོ། །འཇམ་དཔལ་ཆོས་ཐམས་ཅད་ནི་ལེན་པ་མེད་དོ་ཞེས་བྱ་བ་འདི་ནི་ཕུར་པའི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ཕུར་པའི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ལ་ཡང་དག་པར་ཞེན་པ་སྟེ། དེ་དག་ནི་མ་འདོར་མི་ལེན་མི་ཚོལ། མི་སྨོན་ཅིང་སྨོན་པ་ཡང་དག་པར་ཆད་པ། རང་བཞིན་གྱིས་རྣམ་པར་ཞི་བ། ནམ་མཁའ་ 55-1-309a དང་མཉམ་ཞིང་འདྲ་བ་སྟེ། དེའི་ཕྱིར་དེ་ནི་ཕུར་པའི་ཚིག་གོ། །འཇམ་དཔལ་ཆོས་ཐམས་ཅད་ནི་ཉོན་མོངས་པ་མེད་ཅེས་བྱ་བ་འདི་ནི་ཕུར་པའི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ཕུར་པའི་ཚིག་ཅེས་ བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་དྲི་མ་མེད་པ་སྟེ། ཅི་འང་མ་ཡིན་ཡང་དག་པ། འོད་གསལ་བ་སྟེ། ནམ་མཁའ་ཡོངས་སུ་དག་པའི་ཕྱིར་ཤིན་དུ་དག་པ། ཉོན་མོངས་པ་ མི་དམིགས་པའི་ཕྱིར་ཉོན་མོངས་པ་མེད་པ་སྟེ། དེའི་ཕྱིར་དེ་ནི་ཕུར་པའི་ཚིག་གོ། །འཇམ་དཔལ་ཆོས་ཐམས་ཅད་གཞི་མེད་པ་ཞེས་བྱ་བ་འདི་ནི་ཕུར་པའི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ཕུར་ པའི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་དངོས་པོ་མེད་ཅིང་དབང་དང་བྲལ་བས་དེ་དག་ལ་ཀུན་གཞི་མེད་པ་སྟེ། དེའི་ཕྱིར་དེ་ནི་ཕུར་པའི་ཚིག་གོ། །འཇམ་ དཔལ་ཆོས་ཐམས་ཅད་ནི་བསླབ་པ་མེད་ཅེས་བྱ་བ་འདི་ནི་ཕུར་པའི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ཕུར་པའི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ ཐམས་ཅད་ནི་བསླབ་པ་དང་བྲལ་བ་སྟེ། དེ་དག་ནི་བསླབ་པར་བྱ་བ་མ་ཡིན། བསྒོམ་པར་བྱ་བ་མ་ཡིན། བསམ་པར་བྱ་བ་མ་ཡིན། ཡིད་ལ་བྱ་བ་མ་ཡིན། གནས་པར་བྱ་བ་མ་ཡིན། འགྲོ་བར་བྱ་བ་མ་ཡིན། ནན་ ཏན་དུ་བྱ་བ་མ་ཡིན། ལོག་པའི་ནན་ཏན་དུ་བྱ་བ་མ་ཡིན་སྤང་བར་བྱ་བ་མ་ཡིན་མངོན་དུ་བྱ་བ་མ་ཡིན་བཤགས་པར་བྱ་བ་མ་ཡིན། རབ་ཏུ་བཤགས་པར་བྱ་བ་མ་ཡིན། དགོད་པར་བྱ་བ་མ་ཡིན། དགྲོལ་བར་བྱ་བ་མ་ཡིན། བརྗོད་ པར་བྱ་བ་མ་ཡིན། སྨོས་པར་བྱ་བ་མ་ཡིན། གཟུང་བར་བྱ་བ་མ་ཡིན། གཏང་བར་བྱ་བ་མ་ཡིན། རབ་ཏུ་གཏང་བར་བྱ་བ་མ་ཡིན། ཡོངས་སུ་གཏང་བར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་ཆོས་ 55-1-309b ཐམས་ཅད་ནི་ཤིན་དུ་བཏང་བ། རང་བཞིན་གྱིས་མ་ཡིན། རྟག་པར་བཏང་བ་སྟེ། དེ་དག་ནི་ཤེས་པས་ཁོང་དུ་ཆུད་པར་བྱ་བ་མ་ཡིན། མི་ཤེས་པས་ཁོང་དུ་ཆུད་པར་བྱ་བ་ཡང་མ་ཡིན་ཏེ། དེའི་ཕྱིར་དེ་ནི་ཕུར་ པའི་ཚིག་གོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕུར་པའི་ཚིག་ལས་བརྩམས་ཏེ། བདག་ཀྱང་སྤོབས་པ་སྐྱེའོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་སྤོབས་པ་སྐྱེད་ཅིག །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ་པའོ་ཞེས་བགྱི་བ་འདི་ནི་ཕུར་པའི་ ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཐོབ་པ་མ་མཆིས་པ། ཡང་དག་པར་ཐོབ་པ་ མ་མཆིས་པ། རྗེས་སུ་ཐོབ་པ་མ་མཆིས་པ། ཐོབ་པར་བགྱི་བ་དང་བྲལ་བ། རྟོགས་པར་བགྱི་བ་མ་མཆིས་པ། མངོན་པར་རྟོགས་པར་བགྱི་བ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དེའི་སླད་དུ་དེ་ནི་ཕུར་པའི་ ཚིག་གོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་ པ། བཅོམ་ལྡན་འདས་སེམས་ཅན་རྣམས་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་མ་མཆིས་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དངོས་པོ་མ་མཆིས་པའི་རྗེས་སུ་འབྲང་བ་སྟེ། དེའི་སླད་དུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའོ་ཞེས་བགྱི་སྟེ། བཅོམ་ ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་ནི་སུ་ལ་ཡང་ཐོབ་པར་བགྱི་བའི་ཚུལ་གྱིས་ཉེ་བར་གནས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་ནི་སེམས་ཅན་གྱི་རང་བཞིན་ཏེ། དེའི་སླད་དུ་ 55-1-310a ཞེ་ན། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་ནི་སེམས་ཅན་གྱི་རང་བཞིན་ཏེ། དེའི་སླད་དུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་ ནོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནི་ངོ་བོ་ཉིད་མ་མཆིས་ཤིང་ ངོ་བོ་ཉིད་དང་བྲལ་བ་སྟེ། ངོ་བོ་ཉིད་གཅིག་པའི་མཚན་ཉིད་པས། དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་ཀྱི་རྗེས་སུ་མཆིས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་ཏེ། དེའི་སླད་དུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་ འདས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ ཀྱི་སྙིང་པོ་ཞེས་བགྱི་བའི་ཚིག་གི་དོན་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་བྱང་ཆུབ་ཀྱི་སྙིང་པོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཞི་བའི་སྙིང་པོའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པའི་སྙིང་པོའོ། །ཆོས་ ཐམས་ཅད་དངོས་པོ་མེད་པའི་སྙིང་པོའོ། །ཆོས་ཐམས་ཅད་གཟུང་དུ་མེད་པའི་སྙིང་པོའོ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་སྙིང་པོ་སྟེ། འཇམ་དཔལ་དེ་ནི་བྱང་ཆུབ་ཀྱི་སྙིང་པོའི་ཚིག་གི་དོན་ཏོ། །གསོལ་པ། བཅོམ་ལྡན་ འདས་འོ་ན་སེམས་ཅན་ཐམས་ཅད་སྙིང་པོ་དེ་དང་རྟག་པར་ལྡན་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་དེ་བཞིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་རྣམ་གྲངས་དེས་ཀྱང་སེམས་ཅན་ ཐམས་ཅད་ནི་བྱང་ཆུབ་ཀྱི་སྙིང་པོ་སྟེ། དེའི་སླད་དུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་བཟོད་པ་ཐོབ་བོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་ 55-1-310b པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནི་མི་ཟད་པའི་ཆོས་དང་མི་འགྲིབ་པའི་ཆོས་དང་། མི་སྐྱེ་བའི་ཆོས་ཅན་ཏེ། མིང་གི་མཚན་ཉིད་ཀྱིས་དབེན་པའི་བཟོད་པ་མཉམ་པ་ ཉིད་ཀྱི་རྗེས་སུ་མཆིས་པ། དེའི་སླད་དུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཐོགས་པ་མེད་པའི་སྤོབས་པ་ཅན་ནོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ ཕྱིར་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱིས་གང་ཅིའང་རུང་སྟེ། གང་དང་གང་སྤོབས་པར་གྱུར་པ་དེ་དང་དེ་ནི་ཕྱོགས་བཅུ་ཀུན་ལ་འང་མ་མཆིས་ཏེ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་སྒྲིབ་པ་མ་མཆིས་པ་མཉམ་པ་ཉིད་ཀྱི་རྗེས་སུ་མཆིས་ཤིང་དབེན་ལ་རང་གི་མཚན་ཉིད་ལ་གནས་པས་དེ་ལྟར་དེ་དག་མ་མཆིས་པ་ལགས་ཏེ། བཅོམ་ལྡན་འདས་རྣམ་གྲངས་དེའི་ སླད་དུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་གཟུངས་ཐོབ་བོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་ གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནི་སེམས་ཅན་གྱི་འདུ་ཤེས་ཅན་ཏེ། ཡང་དག་པ་མ་ལགས་པར་ཡོངས་སུ་བརྟགས་པའི་ཕྱིན་ཅི་ལོག་གི་རྟོག་པས་མཚན་མར་འཛིན་པའི་སླད་དུ། གཟུགས་ དང་། སྒྲ་དང་། དྲི་དང་། རོ་དང་། རེག་རྣམས་འཛིན་པ་དེའི་སླད་དུ་དེ་ནི། ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་བྱམས་པའི་སེམས་དང་ལྡན་ནོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། ། བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནི་སེམས་ཅན་མ་མཆིས་པ་སྟེ། རང་བཞིན་གྱིས་གནོད་སེམས་མ་མཆིས་ཤིང་སེམས་དང་ 55-1-311a བྱམས་པ་རྟག་ཏུ་མ་མཆིས་པ་མཉམ་པ་ཉིད་ཐོབ་པས་དེའི་སླད་དུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོ་དང་ལྡན་ནོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། ། བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནི་མ་བཅོས་མ་བགྱིས་པའི་སྙིང་རྗེ་ཅན་ཏེ། དེ་བཞིན་གཤེགས་པའི་མཉམ་ པ་ཉིད་ལས་མ་འདས་པ་སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་དང་ལྡན་པས། དེའི་སླད་ཏུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནི་ཏིང་ངེ་འཛིན་དང་ལྡན་ནོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནི་དམིགས་པས་དབེན་པའི་སླད་ཏུ་རང་བཞིན་དང་ལྡན་པ་སྟེ། བཅོམ་ལྡན་འདས་དམིགས་པ་གང་གིས་ སེམས་ཅན་གང་གི་རྣམ་པར་ཤེས་པ་འབྱུང་བ་དེ་ནི་དམིགས་པ་དེ་ལ་མ་འཁྲུགས་པ་སྟེ། དེའི་སླད་དུ་བཅོམ་ལྡན་འདས་དམིགས་པའི་རྣམ་པར་ཤེས་པ་རྣམས་སྐད་ཅིག་མའི་སླད་ཏུ་སྟེ། དེའི་སླད་དུ་དེ་ནི་ཕུར་པའི་ཚིག་གོ ། བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་འདོད་ཆགས་དང་ལྡན་ནོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ནི་འདོད་ཆགས་དང་ལྡན་པ་སྟེ། འདོད་ཆགས་ཀྱི་ངོ་བོ་ཉིད་དང་ལྡན་ཞིང་རྗེས་སུ་རྟོགས་པས་མཉམ་པ་ཉིད་ལས་མ་འདས་ཏེ། དགྱེས་ཤིང་རབ་ཏུ་དགྱེས་ལ་རྣམ་པར་དགྱེས་ཏེ་ ཉོན་མོངས་པ་མི་མངའ་བས་ན། བཅོམ་ལྡན་འདས་འདོད་ཆགས་ཉིད་ནི་བྱང་ཆུབ་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདོད་ཆགས་ཀྱི་ངོ་བོ་ཉིད་རྗེས་སུ་རྟོགས་པས་བྱང་ཆུབ་ཅེས་བགྱི་སྟེ། དེའི་སླད་དུ་ 55-1-311b དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཞེ་སྡང་དང་ལྡན་པའོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་ བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཞེ་སྡང་མཉམ་པ་ཉིད་ལ་བཞུགས་ཤིང་། འདུ་བྱེད་ཐམས་ཅད་ཀྱི་སྐྱོན་ཡང་དག་པར་སྟོན་པ་སྟེ། ཞེ་སྡང་གི་ངོ་བོ་ཉིད་ རྗེས་སུ་རྟོགས་པས་ཞེ་སྡང་དང་ལྡན་པ་ཞེས་བགྱི་སྟེ། དེའི་སླད་དུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཏི་མུག་དང་ལྡན་ནོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། ། བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཏི་མུག་གི་ངོ་བོ་ཉིད་རྗེས་སུ་རྟོགས་པས། གཏི་མུག་མཉམ་པ་ཉིད་ལ་བཞུགས་ཤིང་མིང་ཐམས་ཅད་ལས་འགྲེལ་པ་སྟེ། དེའི་སླད་དུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་ཚོགས་དང་ལྡན་ནོ་ཞེས་ བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་ཚོགས་ལ་བཞུགས་པ་སྟེ། འཇིག་ཚོགས་མི་སྐྱེ་མི་འབྱུང་བར་ཐུགས་སུ་ཆུད་པས་ཆོས་ཐམས་ཅད་ཀྱིས་རྒྱས་པར་མི་འགྱུར། རྣམ་པར་རྒྱས་པར་མི་འགྱུར། ཡོངས་སུ་རྒྱས་པར་མི་འགྱུར་ཏེ། མི་བཞུགས་པའི་ཚུལ་གྱིས་བཞུགས་ པས་དེའི་སླད་དུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལོག་པར་ལྟ་བ་དང་ལྡན་ནོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ 55-1-312a ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདུས་བྱས་ལོག་པར་ཡང་དག་པར་སྟོན་ཅིང་། འདུས་བྱས་ཡང་དག་པ་མ་ལགས་པར་སྟོན། འདུས་བྱས་ ནོར་བར་ཡང་དག་པར་སྟོན་པ་སྟེ། ལོག་པར་ལྟ་བའི་ངོ་བོ་ཉིད་མཚན་ཉིད་ཀྱིས་མཉམ་པ་ཉིད་ཐུགས་སུ་ཆུད་པས། འདུས་བྱས་ཐམས་ཅད་གསོབ་གསོག་སྟེ། བརྫུན་པ་སླུ་བའི་ཆོས་ཅན་དུ་སྟོན་པ་མཛད་པས། དེའི་སླད་དུ་དེ་ནི་ཕུར་པའི་ ཚིག་གོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཕྱིན་ཅི་ལོག་ལ་གནས་ཏེ། བྱང་ཆུབ་བརྙེས་སོ་ཞེས་བགྱི་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྒྲིབ་པ་ལ་གནས་འདོད་པའི་ཡོན་ཏན་ལྔ་ལ་གནས། འདོད་ཆགས་ལ་གནས། ཞེ་སྡང་ལ་གནས། གཏི་མུག་ལ་གནས་ཏེ་བྱང་ཆུབ་བརྙེས་སོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ གནས་ཞེས་བགྱི་བ་འདི་ནི་ལོག་པར་གནས་པའི་ཚིག་གོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ལོག་པར་གནས་པ་ཞེས་བྱ་བའི་ཚིག་གི་དོན་ཅི། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ ལོག་པར་གནས་པ་སྨད་པར་གནས་པ། གཡོ་བ་རབ་ཏུ་གཡོ་བ་ཞེས་བགྱི་བ་འདི་ནི། སེ་སོའི་སྐྱེ་བོ་རྣམས་ཀྱི་ཚིག་བླ་དགས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདོད་ཆགས་མཉམ་པ་ཉིད་དང་། ཞེ་སྡང་ མཉམ་པ་ཉིད་དང་། གཏི་མུག་མཉམ་པ་ཉིད་དང་། འདོད་པའི་ཡོན་ཏན་ལྔ་མཉམ་པ་ཉིད་དང་། སྒྲིབ་པ་མཉམ་པ་ཉིད་དང་། ཕྱིན་ཅི་ལོག་མཉམ་པ་ཉིད་ལ་ཡང་དག་པར་བཞུགས་ཤིང་ལེགས་པར་ བཞུགས་པ་སྟེ། དེ་དག་ནི་འདོད་ཆགས་ཀྱི་ངོ་བོ་ཉིད་ཀྱི་གནས་ན་བཞུགས་བཞིན་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །ཞེ་སྡང་གི་ངོ་བོ་ཉིད་ཀྱི་གནས་ན་ 55-1-312b བཞུགས་གཏི་མུག་གི་ངོ་བོ་ཉིད་ཀྱི་གནས་ན་བཞུགས་འདོད་པའི་ཡོན་ཏན་ལྔའི་ངོ་བོ་ཉིད་ཀྱི་གནས་ན་བཞུགས་སྒྲིབ་པའི་ངོ་བོ་ཉིད་ཀྱི་གནས་ན་བཞུགས། ཕྱིན་ཅི་ལོག་གི་ངོ་བོ་ཉིད་ཀྱི་གནས་ན་བཞུགས་བཞིན་དུ། བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་ལ་གལ་ ཏེ་ལ་ལ་ཞིག་གིས་འདི་སྐད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མི་དགེ་བའི་ཆོས་ཐམས་ཅད་སྤངས་པ། དགེ་བའི་ཆོས་ཐམས་ཅད་དང་ལྡན་པའོ་ཞེས་ཟེར་ཞིང་དེ་ སྐད་ཅེས་འདྲི་ན། ལན་ཅི་སྐད་གདབ། གསོལ་པ། བཅོམ་ལྡན་འདས་གལ་ཏེ་ལ་ལ་ཞིག་གིས་བདག་ལ་དེ་སྐད་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མི་དགེ་བའི་ ཆོས་ཐམས་ཅད་སྤངས་པ། དགེ་བའི་ཆོས་ཐམས་ཅད་དང་ལྡན་པའོ་ཞེས་མཆི་ན། བཅོམ་ལྡན་འདས་དེ་སྐད་ཅེས་འདྲི་བ་དེ་ལ་བདག་གིས་འདི་སྐད་བགྱི་སྟེ། རེ་ཤིག་དགེ་བའི་བཤེས་གཉེན་དག་ ལ་རིམ་གྲོ་གྱིས་ཤིག །རྣལ་འབྱོར་ལ་བརྩོན་པར་གྱིས་ཤིག །ཆོས་གང་ལ་ཡང་སྦྱར་བ་དང་། དབྱེ་བ་མ་བྱེད་ཅིག །གཟུང་བ་དང་། གཏང་བར་མ་བྱེད་ཅིག །དམིགས་པ་དང་། རྣམ་པར་ དམིགས་པར་མ་བྱེད་ཅིག །བཏང་སྙོམས་དང་སྦྱར་བར་མ་བྱེད་ཅིག །ཚོལ་བ་དང་སྨོན་པར་མ་བྱེད་ཅིག །ཆོས་གང་ལ་ཡང་རབ་ཅེ་འམ། ཐ་མ་ཞེ་འམ། མཆོག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མ་ལྟ་ ཤིག་དང་། དེའི་འོག་ཏུ་དེ་བཞིན་གཤེགས་པའི་ཡུལ་ཤེས་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ཡུལ་ནི་བསམ་གྱིས་མི་ཁྱབ་པ་སྟེ། ཡུལ་དང་བྲལ་ཞིང་ཡུལ་མེད་པ། ཡུལ་ཐམས་ཅད་དང་ཡང་ 55-1-313a དག་པར་བྲལ་བ། ཆོས་ཡང་དག་པར་ཆད་པའོ་ཞེས་བགྱིའོ། །བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་དེ་སྐད་ཅེས་ལུང་བསྟན་ན་ཅི་ཞིག་ལུང་བསྟན་པར་འགྱུར། གསོལ་པ། བཅོམ་ལྡན་འདས་བདག་གིས་དེ་ སྐད་ཅེས་ལུང་བསྟན་པས་ཆོས་གང་ཡང་ལུང་བསྟན་པར་གྱུར་པ་མ་མཆིས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་ཚེ། ཆོས་ལ་ལའི་སྐྱེ་བ་འམ་འགག་པ་ གང་ཡང་གཟིགས་སམ། བཀའ་སྩལ་པ། འཇམ་དཔལ་དེ་ནི་མ་ཡིན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་གང་མ་སྐྱེས་ཤིང་མ་བྱུང་ལ། དགེ་བའི་ཆོས་དང་ལྡན་པ་འང་མ་ལགས། མི་དགེ་བའི་ཆོས་དང་ ལྡན་པ་འང་མ་ལགས་པ་དེ་ལ་ཡོངས་སུ་ཤེས་པར་བགྱི་བ་ནི་གང་ཞིག་མཆིས། སྤང་བ་ནི་ཅི་ཞིག་མཆིས། བསྒོམ་པ་ནི་གང་ཞིག་མཆིས། མངོན་དུ་བགྱི་བ་ནི་གང་ཞིག་མཆིས། མངོན་པར་རྟོགས་པར་བགྱི་བ་ཡང་གང་ཞིག་མཆིས། དེ་ནས་སྟེང་གི་བར་སྣང་ལས་ལྷའི་བུ་སྟོང་ཕྲག་བཅུས། དེ་བཞིན་གཤེགས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལྷ་རྫས་ཀྱི་མེ་ཏོག་ཨུད་པ་ལ་དང་། ཀུ་མུ་ད་དང་། པུན་ད་རི་ཀ་དང་། མན་ད་ར་བ་དང་། མན་ད་ར་བ་ཆེན་པོ་དང་། མཉྫུ་ཤེ་ ཀ་དང་། མཉྫུ་ཤེ་ཀ་ཆེན་པོས་མངོན་པར་གཏོར། རབ་ཏུ་གཏོར་ནས། བཅོམ་ལྡན་འདས་དང་། འཇམ་དཔལ་གྱི་ཞབས་ལ་ཕྱག་འཚལ་ཞིང་འདི་སྐད་ཀྱི་ཚིག་བརྗོད་པར་གྱུར་ཏེ། བཅོམ་ལྡན་འདས་འདི་ནི་ཆགས་པ་མ་མཆིས་པའི་ དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་མི་གཉིས་པའི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་དངོས་པོ་མ་མཆིས་པའི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་ཉོན་ མོངས་པ་མ་མཆིས་པའི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་དེ་བཞིན་ཉིད་ཀྱི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་མ་ནོར་བ་དེ་བཞིན་ཉིད་ཀྱི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། ། 55-1-313b བཅོམ་ལྡན་འདས་འདི་ནི་ཆོས་ཀྱི་དབྱིངས་ཀྱི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་ཡང་དག་པའི་མཐའི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། ། བཅོམ་ལྡན་འདས་འདི་ནི་དམ་པའི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་མཆོག་གི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། ། བཅོམ་ལྡན་འདས་འདི་ནི་ཕུལ་གྱི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་བླ་ན་མ་མཆིས་པའི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །དེ་སྐད་ཅེས་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་ པས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་ཆོག་གིས་བདག་ལ་མ་རྟོག་རྣམ་པར་མ་རྟོག་ཤིག །ཁོ་བོས་ནི་ཆོས་གང་ཡང་དམ་པ་ཞེས་བྱ་བ་འམ། མཆོག་ཅེས་བྱ་བ་འམ། ཕུལ་ཞེས་བྱ་བ་དེ་ལྟ་བུ་ཡང་དག་པར་ རྗེས་སུ་མ་མཐོང་ངོ་། །ལྷའི་བུ་དག་ཁོ་བོ་ནི་འདོད་ཆགས་ཀྱི་དཔལ་ཏེ། དེའི་ཕྱིར་ཁོ་བོ་འཇམ་དཔལ་ལོ། །ཁོ་བོ་ནི་ཞེ་སྡང་གི་དཔལ་ཏེ། དེའི་ཕྱིར་ཁོ་བོ་འཇམ་དཔལ་ལོ། །ཁོ་བོ་ནི་གཏི་མུག་གི་དཔལ་ཏེ། དེའི་ཕྱིར་ཁོ་བོ་འཇམ་ དཔལ་ལོ། །ལྷའི་བུ་དག་ཁོ་བོ་ནི་འདོད་ཆགས་ལས་ཡོངས་སུ་འདས་པ་མ་ཡིན། ཞེ་སྡང་ལས་ཡོངས་སུ་འདས་པ་མ་ཡིན། གཏི་མུག་ལས་ཡོངས་སུ་འདས་པ་མ་ཡིན་ཏེ། ལྷའི་བུ་དག་བྱིས་པ་སོ་སོའི་སྐྱེ་བོ་དག་ ནི་འདའ་ཞིང་ཡོངས་སུ་འདའ་བ་དང་། རྣམ་པར་འདའ་བ་དག་བྱེད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་གང་ལ་ཡང་འཕོ་བ་འམ། འགྲོ་བ་འམ། འདའ་བ་མེད་དོ། །ལྷའི་བུ་རྣམས་ཀྱིས་སྨྲས་པ། འཇམ་དཔལ་འོ་ན་ བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་རྣམས་རྣམ་པར་མི་གནོན་ཏམ། ས་བཅུ་རྗེས་སུ་མི་གནོན་ཏམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དག་དེ་ཇི་སྙམ་དུ་སེམས། སྒྱུ་མས་སྤྲུལ་པའི་སེམས་དང་ 55-1-314a སེམས་ལས་བྱུང་བ་དག་སངས་རྒྱས་ཀྱི་ཆོས་རྣམ་པར་གནོན་ཅིང་ས་བཅུ་རྗེས་སུ་གནོན་པ་ཡོད་དམ། ལྷའི་བུ་རྣམས་ཀྱིས་སྨྲས་པ། འཇམ་དཔལ་སྒྱུ་མའི་སྐྱེས་བུ་ལ་གནས་ཀྱང་མེད་ན། སངས་ རྒྱས་ཀྱི་ཆོས་རྣམ་པར་གནོན་པ་འམ། ས་རྗེས་སུ་གནོན་པ་ལྟ་ག་ལ་ཡོད། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་སྟེ། དེ་དག་ནི་གནོན་པ་མེད། རྣམ་པར་གནོན་པ་ མེད། ཡོངས་སུ་གནོན་པ་མེད་དེ་འདའ་བ་མེད་དོ། །ལྷའི་བུ་དག་གིས་སྨྲས་པ། འོ་ན་འཇམ་དཔལ་ཁྱོད་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དག་དེ་ཇི་སྙམ་ དུ་སེམས། བྱིས་པ་སོ་སོའི་སྐྱེ་བོ་འདོད་ཆགས་ཀྱིས་ཀུན་ནས་གླགས་པ་ཞིག་བྱང་ཆུབ་ཀྱི་སྙིང་པོར་འདུག་ན་ཐམས་ཅད་མཁྱེན་པའི་ཡེས་ཤེས་དང་ལྡན་པར་འགྱུར་རམ། ལྷའི་བུ་དག་གིས་སྨྲས་པ། ཅི་འཇམ་དཔལ་འོ་ ན་ཁྱོད་འདོད་ཆགས་ཀྱིས་ཀུན་ནས་ཀླགས་པའི་བྱིས་པ་སོ་སོའི་སྐྱེ་བོ་ཡིན་ནམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དག་དེ་དེ་བཞིན་ཏེ། བདག་ནི་འདོད་ཆགས་ཀྱིས་ཀུན་ནས་ཀླགས་པའོ། །ཞེ་སྡང་གིས་ཀུན་ནས་ ཀླགས་པའོ། །གཏི་མུག་གིས་ཀུན་ནས་ཀླགས་པའོ། །བདག་ནི་མུ་སྟེགས་ཅན་གཞན་ནོ། །ལོག་པ་ལ་ཞེན་པའོ། །ལྷའི་བུ་དག་གིས་སྨྲས་པ། འཇམ་དཔལ་ཅི་ལས་བསམས་ཏེ། དེ་སྐད་དུ་བདག་ནི་འདོད་ ཆགས་ཀྱིས་ཀུན་ནས་ཀླགས་པའོ། །ཞེ་སྡང་གིས་ཀུན་ནས་ཀླགས་པའོ། །གཏི་མུག་གིས་ཀུན་ནས་ཀླགས་པའོ་ཞེས་སྨྲ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དག་དེ་ནི་ཇི་ལྟར་མི་གནས་པའི་ཚུལ་གྱིས་ འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ངོ་བོ་ཉིད་ལ་གནས་པའི་ཕྱིར། ཇི་ལྟར་ཕྱོགས་བཅུ་ཀུན་དུ་གནས་མེད་པ་དེ་ལྟར་གནས་སོ། །ལྷའི་བུ་དག་གིས་སྨྲས་པ། འཇམ་དཔལ་ཁྱོད་ཇི་ལྟར་མུ་སྟེགས་ 55-1-314b ཅན་གཞན་ཞེས་བྱ་བ་ཡིན། སྨྲས་པ། ལྷའི་བུ་དག་ཁོ་བོ་ནི་མུ་སྟེགས་ཅན་གཞན་དུ་མི་འགྲོ་སྟེ། དེའི་ཕྱིར་མུ་སྟེགས་ཅན་གཞན་ཞེས་བྱའོ། །ལྷའི་བུ་དག་གིས་སྨྲས་པ། འཇམ་དཔལ་ཁྱོད་ཇི་ལྟར་ ལོག་པ་ལ་ཞེན་ཅེས་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དག་ཁོ་བོས་ནི་ཆོས་ཐམས་ཅད་ལོག་པར་ཤེས་ཏེ། ཡང་དག་པ་མ་ཡིན་ཞིང་ནོར་ལ་ཡོངས་སུ་བརྟགས་པར་ཁོང་དུ་ཆུད་པས། དེའི་ཕྱིར་ཁོ་བོ་ ནི་ལོག་པ་ལ་ཞེན་པའོ། །དེ་ནས་དེའི་ཚེ་ལྷའི་བུ་སྟོང་ཕྲག་བཅུ་པོ་དེ་དག་གིས། འཇམ་དཔལ་གྱིས་བསྟན་པ་དེ་ཐོས་ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །འདི་སྐད་ཅེས་ཀྱང་སྨྲས་ཏེ། རྡོ་རྗེའི་ཚིག་དང་། ས་ བོན་གྱི་ཚིག་དང་། ཕུར་བའི་ཚིག་རྣམ་པ་འདི་ལྟ་བུ་དག་གང་གི་རྣ་ལམ་དུ་གྲག་པར་གྱུར་པ་དེ་དག་ཀྱང་ཐོབ་པར་བྱ་བ་ལེགས་པར་ཐོབ་པ་ཡིན་ནོ། གང་གིས་ཐོས་ནས་མོས་པར་གྱུར་བ་དང་། ཡིད་ཆེས་པ་དང་། ལུང་འབོགས་པ་དང་། ཁ་ ཏོན་བྱེད་པ་དང་། འཛིན་པ་དང་། ཀློག་པ་དང་། སྟོན་པ་དང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་ནི་ཐོགས་པ་མེད་པའི་སྤོབས་པ་རྗེས་སུ་ཐོབ་པར་འགྱུར་རོ། །ཆོས་ཐམས་ཅད་ལ་སྣང་བ་ཐོབ་པར་འགྱུར་རོ། ཚུལ་གཅིག་ཏུ་བསྟན་པ་ལ་མཁས་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཆོས་དང་སྦྱོར་བར་འགྱུར་རོ།། །། བམ་པོ་གསུམ་པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་པད་མོ་རྣམ་པར་རོལ་པའི་མངོན་པར་ཤེས་པས་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དུས་སླད་མ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པ་འདི་ལྟ་བུའི་ཆོས་ཐོས་ན། མི་འཇིགས་མི་དངང་། སྐྲག་པར་མི་འགྱུར་བ་དང་། སྒྲ་ཐམས་ཅད་རྟོགས་པར་འཚལ་བར་འགྱུར་བ་དང་། ཐོགས་ པ་མ་མཆིས་ཤིང་། ཐེ་ཙོམ་མ་མཆིས་པར་བགྱི་བའི་སླད་དུ་སྒྲ་དང་ཚིག་ལ་འཇུག་པའི་རིག་པ་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་པད་མོ་རྣམ་པར་རོལ་པའི་མངོན་པར་ཤེས་པ་ལ་འདི་སྐད་ཅེས་བཀའ་ 55-1-315a སྩལ་ཏོ། །ལྷའི་བུ་ཁྱོད་ལ་གནས་དེ་དྲིས་པས་ཅི་ཞིག་བྱ། ཆོག་མོད་སྒྲ་དང་། སྐད་ལ་འཇུག་པའི་རིག་པ་དེ་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ཤེས་པའམ། ཁོང་དུ་ཆུད་པའམ། བསམ་པའམ། གཞལ་བའམ། དཔྱད་པར་སླ་བ་མ་ཡིན་ནོ། །དེ་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་མདུན་དུ་བརྗོད་པར་བྱ་བ་མ་ཡིན་ཏེ། ལྷའི་བུ་སྒྲ་དང་སྐད་ལ་འཇུག་པ་ཁོང་དུ་ཆུད་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནི་གལ་ཏེ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ལོག་པའི་ཚིག་ཡང་དག་པ་མ་ཡིན་པའི་ངག་གིས་མི་སྙན་པ་བརྗོད་དེ། སྤྱོས་པས་དེ་ལ་ཁོང་ཁྲོ་བའི་སེམས་མི་ སྐྱེད་དོ། །གལ་ཏེ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བདེ་བའི་ཡོ་བྱད་གོས་དང་། ཟས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས། བཀུར་སྟིར་བྱས། བསྟི་སྟང་ དུ་བྱས། མཆོད་པར་བྱས་ཀྱང་དེ་ལ་ཆགས་པའི་སེམས་མི་འབྱུང་སྟེ། ལྷའི་བུ་འདི་ལྟ་སྟེ་དཔེར་ན། དགྲ་བཅོམ་པ། ཟག་པ་ཟད་པ་ནི་ཆགས་པར་བྱ་བའི་གནས་ཀྱི་ཆོས་ཐམས་ཅད་ལ་ཡང་ཆགས་ པར་མི་འགྱུར། ཁོང་ཁྲོ་བར་བྱ་བའི་གནས་ཀྱི་ཆོས་ཐམས་ཅད་ལ་ཡང་ཁོང་ཁྲོ་བར་མི་འགྱུར་རོ། །ལྷའི་བུ་དེ་བཞིན་དུ་སྒྲ་དང་། སྐད་ལ་འཇུག་པ་ཁོང་དུ་ཆུད་པའི་བྱང་ཆུབ་སེམས་དཔའ་ཡང་། བསྐལ་པ་ གང་གཱའི་ཀླུང་གི་བྱེ་མ་སྙེད་དུ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཀྱང་། དེ་ལ་ཆགས་པའི་སེམས་མི་སྐྱེད་དོ། །བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ལོག་པ་ཡང་དག་པ་མ་ཡིན་པའི་ ཚིག་གིས་མི་སྙན་པར་བརྗོད་དེ། སྤྱོས་ཀྱང་ཁོང་ཁྲོ་བའི་སེམས་མི་སྐྱེད་དོ། །ལྷའི་བུ་དེ་ལྟར་སྒྲ་དང་། སྐད་ལ་འཇུག་པ་ཁོང་དུ་ཆུད་པའི་བྱང་ཆུབ་སེམས་དཔའ་ནི་ཐོབ་པ་དང་། མ་ཐོབ་པ་དང་། 55-1-315b གྲགས་པ་དང་། མ་གྲགས་པ་དང་། བསྟོད་པ་དང་། སྨད་པ་དང་། བདེ་བ་དང་། སྡུག་བསྔལ་ཐམས་ཅད་ཀྱིས་མི་བསྐྱོད་མི་འཕྲོགས་ཏེ། འཇིག་རྟེན་གྱི་ཆོས་ཐམས་ཅད་ཟིལ་གྱིས་གནོན་ཅིང་། རིའི་རྒྱལ་པོ་ལྟར་མི་སྒུལ་བར་གནས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷའི་བུ་པད་མོ་རྣམ་པར་རོལ་པའི་མངོན་པར་ཤེས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོན་ ཀྱང་མ་བྱུང་བའི་དུས་ན། བྱང་ཆུབ་སེམས་དཔའ་འདུ་ཤེས་སྦྱངས་པ། འདུ་ཤེས་བྱང་བ་གང་ཇི་སྙེད་ཅིག་འབྱུང་བར་འགྱུར་བ་དེ་དག་གིས་སྒྲ་དང་སྐད་ལ་འཇུག་པའི་རིག་པ་འདི་ཐོས་ན། རང་གི་སྐྱོན་ཡང་རྟོགས་པར་ འགྱུར། གཞན་ལ་ཡང་སྟོན་པར་འགྱུར་ན། བཅོམ་ལྡན་འདས་སྒྲ་དང་། སྐད་ལ་འཇུག་པའི་རིག་པ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་པད་མོ་རྣམ་པར་རོལ་པའི་མངོན་པར་ ཤེས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་དེ་བས་ན་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། དོན་འདི་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་ནས། ལྷའི་བུ་པད་མོ་རྣམ་པར་རོལ་པའི་ མངོན་པར་ཤེས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལྟར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་ཆགས་ཀྱི་སྒྲ་ལ་ཉེས་པའི་འདུ་ཤེས་སུ་འགྱུར་ ཞིང་འདོད་ཆགས་དང་བྲལ་བའི་སྒྲ་ལ་ཆགས་པའི་འདུ་ཤེས་སུ་འགྱུར་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །ཞེ་སྡང་གི་སྒྲ་ལ་ཁ་ན་མ་ཐོ་བའི་འདུ་ཤེས་སུ་འགྱུར་ཞིང་། ཞེ་སྡང་དང་བྲལ་བའི་སྒྲ་ལ་ལེགས་པའི་འདུ་ཤེས་སུ་ འགྱུར་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །གཏི་མུག་གི་སྒྲ་ལ་ཁ་ན་མ་ཐོ་བའི་འདུ་ཤེས་སུ་འགྱུར་ཞིང་། གཏི་མུག་དང་བྲལ་བའི་སྒྲ་ལ་ལེགས་པའི་འདུ་ཤེས་སུ་འགྱུར་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་ 55-1-316a བོ། །འདོད་པ་ཆུང་བའི་སྒྲ་ལ་ཆགས་ཤིང་འདོད་པ་ཆེ་བའི་སྒྲ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །ཆོག་ཤེས་པའི་སྒྲ་ལ་ཆགས་ཤིང་། ཆོག་མི་ཤེས་པའི་སྒྲ་ལ་ཁོང་ ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །སྡོམ་པའི་སྒྲ་ལ་ཆགས་ཤིང་། མི་སྡོམ་པའི་སྒྲ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །གཅིག་པུར་དགའ་བའི་སྒྲ་ལ་ཆགས་ ཤིང་། སྐྱེ་བོ་ཕལ་པོ་ཆེའི་སྒྲ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །སངས་རྒྱས་ཀྱི་སྒྲ་ལ་ཆགས་ཤིང་། མུ་སྟེགས་ཅན་གྱི་སྒྲ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། ། ཚངས་པར་སྤྱོད་པའི་སྒྲ་ལ་ཞེན་ཅིང་། ཚངས་པར་མི་སྤྱོད་པའི་སྒྲ་ལ་ཞེ་སྡང་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །ཀུན་ནས་ཉོན་མོངས་པའི་སྒྲ་ལ་ཁོང་ཁྲོ་ཞིང་། རྣམ་པར་བྱང་བའི་སྒྲ་ལ་ཆགས་ ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །འབྲས་བུ་ལ་གནས་པའི་སྒྲ་ལ་ཆགས་ཤིང་། བྱིས་པ་སོ་སོའི་སྐྱེ་བོའི་སྒྲ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །བདེ་བའི་ སྒྲ་ལ་ཆགས་ཤིང་། སྡུག་བསྔལ་གྱི་སྒྲ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །རབ་ཏུ་བྱུང་བའི་སྒྲ་ལ་ཆགས་ཤིང་། ཁྱིམ་པའི་སྒྲ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་ རིག་པ་ལ་མི་སློབ་བོ། །འཇིག་རྟེན་ལས་འདས་པའི་སྒྲ་ལ་ཆགས་ཤིང་། འཇིག་རྟེན་པའི་སྒྲ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །སྦྱིན་པའི་སྒྲ་ལ་ལེགས་པའི་འདུ་ཤེས་སུ་ འགྱུར་ཞིང་། སེར་སྣའི་སྒྲ་ལ་ཁོང་ཁྲོ་བའི་འདུ་ཤེས་སུ་འགྱུར་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །ཚུལ་ཁྲིམས་ཀྱི་སྒྲ་ལ་ཆགས་པའི་འདུ་ཤེས་སུ་འགྱུར་ཞིང་། ཚུལ་ཁྲིམས་འཆལ་པའི་སྒྲ་ལ་ 55-1-316b ཁོང་ཁྲོ་བའི་འདུ་ཤེས་སུ་འགྱུར་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །བཟོད་པའི་སྒྲ་ལ་ལེགས་པའི་འདུ་ཤེས་སུ་འགྱུར་ཞིང་། གནོད་སེམས་ཀྱི་སྒྲ་ལ་ཁོང་ཁྲོ་བའི་འདུ་ཤེས་སུ་ འགྱུར་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །བརྩོན་འགྲུས་བརྩམས་པའི་སྒྲ་ལ་ལེགས་པའི་འདུ་ཤེས་སུ་འགྱུར་ཞིང་། ལེ་ལོའི་སྒྲ་ལ་ཁོང་ཁྲོ་བའི་འདུ་ཤེས་སུ་འགྱུར་ན། སངས་རྒྱས་ཀྱི་ཆོས་ རྣམས་ལ་མི་སློབ་བོ། །བསམ་གཏན་གྱི་སྒྲ་ལ་ལེགས་པའི་འདུ་ཤེས་སུ་འགྱུར་ཞིང་། འཁྲུག་པའི་སྒྲ་ལ་ཁོང་ཁྲོ་བའི་འདུ་ཤེས་སུ་འགྱུར་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །ཤེས་རབ་ཀྱི་སྒྲ་ ལ་ལེགས་པའི་འདུ་ཤེས་སུ་འགྱུར་ཞིང་། ཤེས་རབ་འཆལ་པའི་སྒྲ་ལ་ཁོང་ཁྲོ་བའི་འདུ་ཤེས་སུ་འགྱུར་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །ཉེ་བའི་སྒྲ་ལ་ཆགས་ཤིང་། རིང་བའི་སྒྲ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །འཁོར་བའི་སྒྲ་ལ་ཁ་ན་མ་ཐོ་བའི་འདུ་ཤེས་སུ་འགྱུར་ཞིང་། མྱ་ངན་ལས་འདས་པའི་སྒྲ་ལ་ལེགས་པའི་འདུ་ཤེས་སུ་འགྱུར་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་ མི་སློབ་བོ། །ཚུ་རོལ་གྱི་སྒྲ་ལ་ཁོང་ཁྲོ་ཞིང་ཕ་རོལ་གྱི་སྒྲ་ལ་ཆགས་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །གྲོང་གི་སྒྲ་ལ་ཁ་ན་མ་ཐོ་བར་འདུ་ཤེས་པར་གྱུར་ཅིང་། དགོན་པའི་སྒྲ་ལ་ཆགས་ པར་གྱུར་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །གཅིག་པུར་སྤྱོད་པའི་སྒྲ་ལ་ཆགས་ཤིང་། འདུ་འཛིར་སྤྱོད་པའི་སྒྲ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། ། དགེ་སློང་གི་སྤྱོད་པ་ལ་ཆགས་ཤིང་། ཁྱིམ་པའི་སྤྱོད་པ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །སྤྱོད་ལམ་གྱི་བྱ་བ་ལ་ཆགས་ཤིང་། སྤྱོད་ལམ་མ་ཡིན་པའི་བྱ་བ་ལ་ཁོང་ 55-1-317a ཁྲོ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །ཚུལ་དུ་ཤིས་པ་ལ་ཆགས་ཤིང་། ཚུལ་དུ་མི་ཤིས་པ་ལ་ཁོང་ཁྲོ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །ཚུལ་ཁྲིམས་ཀྱི་སྤྱོད་པ་ལ་ཆགས་ཤིང་། ཚུལ་ ཁྲིམས་འཆལ་པའི་སྤྱོད་པ་ལ་ཁོང་ཁྲོ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །མ་འདྲེས་པའི་སྤྱོད་པ་ལ་ཆགས་ཤིང་། འདྲེས་པའི་སྤྱོད་པ་ལ་ཁོང་ཁྲོ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །འདོད་ཆགས་དང་བྲལ་བའི་སྤྱོད་པ་ལ་ ཆགས་ཤིང་། འདོད་ཆགས་ཀྱི་སྤྱོད་པ་ལ་ཁོང་ཁྲོ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །ཞེ་སྡང་མེད་པའི་འདུ་ཤེས་ལ་ཆགས་ཤིང་། ཞེ་སྡང་གི་འདུ་ཤེས་ལ་ཁོང་ཁྲོ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། ། གཏི་མུག་དང་བྲལ་བའི་འདུ་ཤེས་ལ་ཆགས་ཤིང་། གཏི་མུག་གི་འདུ་ཤེས་ལ་ཁོང་ཁྲོ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །སྟོང་པ་ཉིད་ལ་ཆགས་ཤིང་། དམིགས་པ་ལ་ཁོང་ཁྲོ་ན། སངས་རྒྱས་ ཀྱི་ཆོས་རྣམས་ལ་མི་སློབ་བོ། །མཚན་མ་མེད་པ་ལ་ཆགས་ཤིང་། མཚན་མ་ལ་ཁོང་ཁྲོ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །སྨོན་པ་མེད་པ་ལ་ཆགས་ཤིང་། སྨོན་པ་ལ་ཁོང་ཁྲོ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཆགས་ཤིང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྤྱོད་པ་ལ་ཁོང་ཁྲོ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། ། བྱང་ཆུབ་སེམས་དཔའ་ལ་ལྟུང་བས་རྒོལ་ན། བྱང་ཆུབ་ལས་རིང་དུ་འགྱུར་ཏེ། ལས་ཀྱི་སྒྲིབ་པ་ཡོངས་སུ་འཛིན་ཏོ། །སྤྱོད་པ་ལ་འཕྱ་ན་བྱང་ཆུབ་ལས་རིང་དུ་འགྱུར་རོ། །སྤྱོད་ལམ་གྱིས་རྒོལ་ན་བྱང་ཆུབ་ ལས་རིང་དུ་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་དམའ་བའི་འདུ་ཤེས་བསྐྱེད་དེ། བདག་ལ་ཆེ་བའི་འདུ་ཤེས་བསྐྱེད་ན། བདག་ལ་རྨ་འབྱུང་སྟེ། ལས་ཀྱི་སྒྲིབ་པ་ཡང་ཡོངས་སུ་འཛིན་ 55-1-317b ཏོ། །འདི་ལ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་གདམས་ཤིང་རྗེས་སུ་བསྟན་ན་སྟོན་པའི་འདུ་ཤེས་ཉེ་བར་བཞག་སྟེ། གདམས་ཤིང་རྗེས་སུ་བསྟན་པར་བྱའོ། །གལ་ཏེ་དེས་བྱང་ཆུབ་ཡོངས་སུ་བཏང་ཞེ་ན། བྱང་ཆུབ་ སེམས་དཔས་བྱང་ཆུབ་སེམས་དཔའ་ལ་བརྙས་པའི་སེམས་བསྐྱེད་པར་མི་བྱའོ། །ལྷའི་བུ་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་རྣམས་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་གཉིས་པ་ལ་བརྟེན་ཏེ། འཆད་པར་འགྱུར་བ་དེ་ ལྟར་གང་གིས་ཀྱང་ཡོངས་སུ་འཆད་པར་མི་འགྱུར་རོ། །ལྷའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྲུང་བར་འདོད་ཅིང་། ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་སྦྱོང་བར་འདོད་ པ་དང་། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་མྱུར་དུ་ཐོབ་པར་འདོད་པས་ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཐམས་ཅད་ལ་ཕྱག་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་ གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་གསུངས་པའི་དོན་བདག་གིས་འཚལ་ཏེ་འདོད་ཆགས་ཀྱི་སྒྲ་དང་། སངས་རྒྱས་ཀྱི་སྒྲ་དེ་ནི་མཚུངས་པའོ། །ཞེ་སྡང་གི་སྒྲ་དང་། སངས་རྒྱས་ཀྱི་སྒྲ་དེ་ནི་མཚུངས་པའོ། །གཏི་མུག་གི་སྒྲ་དང་། སངས་རྒྱས་ཀྱི་སྒྲ་དེ་ནི་མཚུངས་པའོ། །མུ་སྟེགས་ཅན་གྱི་སྒྲ་དང་། སངས་རྒྱས་ཀྱི་སྒྲ་དེ་ནི་མཚུངས་པའོ། །འདོད་པ་ཆུང་བའི་སྒྲ་དང་། འདོད་པ་ཆེ་བའི་སྒྲ་དེ་ནི་ མཚུངས་པའོ། །ཆོག་ཤེས་པའི་སྒྲ་དང་། ཆོག་མི་ཤེས་པའི་སྒྲ་དེ་ནི་མཚུངས་པའོ། །སྡོམ་པའི་སྒྲ་དང་། མི་སྡོམ་པའི་སྒྲ་དེ་ནི་མཚུངས་པའོ། །གཅིག་པུར་དགའ་བའི་སྒྲ་དང་། འདུ་འཛིའི་སྒྲ་དེ་ནི་མཚུངས་པའོ། །ཚུ་རོལ་གྱི་སྒྲ་ དང་། ཕ་རོལ་གྱི་སྒྲ་དེ་ནི་མཚུངས་པའོ། །རིང་བའི་སྒྲ་དང་། ཉེ་བའི་སྒྲ་དེ་ནི་མཚུངས་པའོ། །འཁོར་བའི་སྒྲ་དང་། མྱ་ངན་ལས་འདས་པའི་སྒྲ་དེ་ནི་མཚུངས་པའོ། །གྲོང་གི་སྒྲ་དང་། དགོན་པའི་སྒྲ་དེ་ནི་མཚུངས་པའོ། །སྦྱིན་པའི་སྒྲ་ 55-1-318a དང་། སེར་སྣའི་སྒྲ་དེ་ནི་མཚུངས་པའོ། །ཚུལ་ཁྲིམས་ཀྱི་སྒྲ་དང་། ཚུལ་ཁྲིམས་འཆལ་པའི་སྒྲ་དེ་ནི་མཚུངས་པའོ། །བཟོད་པའི་སྒྲ་དང་། གནོད་སེམས་ཀྱི་སྒྲ་དེ་ནི་མཚུངས་པའོ། །བརྩོན་འགྲུས་ཀྱི་ སྒྲ་དང་། ལེ་ལོའི་སྒྲ་དེ་ནི་མཚུངས་པའོ། །བསམ་གཏན་གྱི་སྒྲ་དང་། འཁྲུག་པའི་སྒྲ་དེ་ནི་མཚུངས་པའོ། །ཤེས་རབ་ཀྱི་སྒྲ་དང་། ཤེས་རབ་འཆལ་པའི་སྒྲ་དེ་ནི་མཚུངས་པའོ། །དེ་ནས་ལྷའི་བུ་པད་མོ་རྣམ་པར་ རོལ་བའི་མངོན་པར་ཤེས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཅིའི་ཕྱིར་ན་དེ་དག་མཚུངས་ཞེས་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདོད་ཆགས་ཀྱི་སྒྲ་ལ་ཁྱོད་ཇི་ ལྟར་སེམས། ལྷའི་བུས་སྨྲས་པ། བྲག་ཅ་དང་འདྲ་བར་ཤེས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འོ་ན་སངས་རྒྱས་ཀྱི་སྒྲ་ཁྱོད་ཀྱིས་ཇི་ལྟར་ཤེས། ལྷའི་བུས་སྨྲས་པ། འཇམ་དཔལ་དེ་ཡང་སྒྲ་བརྙན་ གྱི་མཉམ་པ་ཉིད་ལས་མ་འདས་པའོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་དེ་དག་ནི་མཚུངས་པ་ཡིན་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་སྔོན་ལས་དང་པོ་བའི་ས་ལ་གནས་ཤིང་འདི་ལྟ་བུའི་ཚུལ་ཁོང་དུ་མ་ཆུད་པའི་ཚེ། ལས་ཀྱི་སྒྲིབ་པ་ཇི་ལྟ་བུ་དག་མངོན་པར་འདུ་བྱས་པ་ལུང་སྟོན་ ཅིག་དང་འཇམ་དཔལ་དེས་མ་འོངས་པའི་དུས་ན། བྱང་ཆུབ་སེམས་དཔར་དམ་འཆའ་བ་ཇི་སྙེད་ཅིག་འབྱུང་བར་འགྱུར་བ་དེ་དག་ཀྱང་། དེ་ལྟ་བུའི་ལས་ཀྱི་སྒྲིབ་པ་ཐོབ་པ་དང་། རང་རང་སྲུང་བར་འགྱུར་རོ། །དེ་སྐད་ཅེས་བཀའ་ སྩལ་པ་དང་། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །ཅི་སྨན་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་དེ་ལྟ་བུའི་སུག་ལས་ཀྱི་སྒྲིབ་པའི་ནོངས་པ་ཐོས་ན། ཡིད་མི་བདེ་བར་ 55-1-318b ཡང་འགྱུར་ལ་སུག་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་ཏུ་ལགས་ཀྱང་། ཆོས་ཐམས་ཅད་ལ་སྒྲིབ་པ་འཐོབ་པར་འགྱུར་ལགས་པ་སྙམ། བཅོམ་ལྡན་འདས་སྔོན་འདས་པའི་དུས་ན། བསྐལ་པ་གྲངས་མ་ མཆིས་པ་ཤིན་ཏུ་བགྲང་བ་ལས་འདས་པ། ཡངས་པ། ཚད་མ་མཆིས་པ། བསམ་གྱིས་མི་ཁྱབ་པ་དེའི་ཕ་རོལ། དེའི་ཡང་ཕ་རོལ་དེའི་དུས་དེའི་ཚེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་སེང་གེའི་ང་རོ་རྔ་སྒྲའི་རྒྱལ་པོ་ཞེས་བགྱི་བ། རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་ དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་ནི་དགུང་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་གྱུར་ཏོ། །ཐེག་པ་ནི་གསུམ་གྱིས་སེམས་ཅན་རྣམས་ ཡོངས་སུ་མྱ་ངན་ལས་ཟློ་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེའི་མིང་ནི་སྣང་བ་ཆེན་པོ་ཅན་ཞེས་བགྱི་སྟེ། འཇིག་རྟེན་གྱི་ཁམས་དེ་ན་ཞུགས་ཤིང་ངམ། ལྡུམ་བུ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ ལས་གྲུབ་པར་གྱུར་ཏེ། ཞུགས་ཤིང་དེ་དག་ལས་ཀྱང་འདི་ལྟ་བུའི་སྒྲ་འབྱུང་སྟེ། གང་འདི་སྟོང་པ་ཉིད་ཀྱི་སྒྲ་དང་། མཚན་མ་མ་མཆིས་པའི་སྒྲ་དང་། སྨོན་པ་མ་མཆིས་པའི་སྒྲ་དང་། སྐྱེ་བ་མ་མཆིས་པའི་སྒྲ་དང་། དངོས་པོ་མ་མཆིས་པའི་སྒྲ་དང་། མཚན་ཉིད་མ་མཆིས་པའི་སྒྲ་དང་། རྣམ་པ་དེ་ལྟ་བུའི་སྒྲ་དག་འབྱུང་སྟེ་སྒྲ་འབྱུང་བ་དེ་དག་གིས་སེམས་ཅན་དེ་དག་མངོན་པར་རྟོགས་པ་འཐོབ་པར་གྱུར་ཏོ། །དེ་བཞིན་གཤེགས་ པ་དེའི་ཉན་ཐོས་ཀྱི་ཚོགས་དང་པོ་ནི་དགེ་སློང་བྱེ་བ་དགུ་བཅུ་རྩ་དགུའི་ཚོགས་སུ་གྱུར་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་སྦྱོར་བ་ཡོངས་སུ་ 55-1-319a བས་པ། བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་གི་ཚོགས་སུ་གྱུར་ཏོ། །ཚོགས་གཉིས་པ་ནི་དགེ་སློང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གི་ཚོགས་སུ་གྱུར་ཏོ། །ཚོགས་གསུམ་པ་ ནི་དགེ་སློང་བྱེ་བ་ཕྲག་དགུ་བཅུ་རྩ་གསུམ་གྱི་ཚོགས་སུ་གྱུར་ཏོ། །ཚོགས་བཞི་པ་ནི་དགེ་སློང་བྱེ་བ་ཕྲག་དགུ་བཅུའི་ཚོགས་སུ་གྱུར་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཁུར་བོར་བ། རང་ གི་དོན་རྗེས་སུ་ཐོབ་པ། སྲིད་པར་སྦྱོར་བ་ཡོངས་སུ་བས་པ། བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་གི་ཚོགས་སུ་གྱུར་ཏོ། །བྱང་ཆུབ་སེམས་དཔའི་ཚོགས་ཀྱང་གྲངས་དེ་སྙེད་དུ་ གྱུར་ཏེ། ཐམས་ཅད་ཀྱང་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་དང་ལྡན་པ་ཚུལ་སྣ་ཚོགས་པ་བསྒྲུབ་པ་ལ་མཁས་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་བསྙེན་བཀུར་བ། སངས་རྒྱས་ཀྱི་ཞིང་བྱེ་ བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་རྣམ་པར་གྲགས་པ། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡང་དག་པར་སྒྲོལ་བ། སྒོ་མཐའ་ཡས་པའི་གཟུངས་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་ བརྒྱ་སྟོང་མངོན་པར་བསྒྲུབ་པ་ལ་མཁས་པ་ཤ་སྟག་གི་ཚོགས་སུ་གྱུར་ཏེ། དེ་མ་ལགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་དང་པོ་པ་དང་། ཐེག་པ་ལ་གསར་དུ་ཞུགས་པ་རྣམས་ ལྟ་སྨོས་ཀྱང་ཅི་འཚལ་ཏེ། དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་གི་རྒྱན་དུ་གྱུར་པ་དེ་དག་ནི་ཚིག་གིས་བརྗོད་པར་སླ་བ་མ་ལགས་སོ། །དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་ནས་ དམ་པའི་ཆོས་ནི་དགུང་ལོ་སྟོང་ཕྲག་དྲུག་ཅུའི་བར་དུ་གནས་པར་གྱུར་ཏེ། ཞུགས་ཤིང་དེ་དག་ལས་ཀྱང་སྒྲ་དེ་དག་དེ་སླན་ཆད་མི་འབྱུང་བར་གྱུར་ཏོ། །བཅོམ་ལྡན་འདས་དེའི་ཚེ་དགེ་སློང་བྱང་ཆུབ་སེམས་དཔའ་ཆོས་སྨྲ་ 55-1-319b བ་རབ་ཏུ་དགའ་བའི་དབང་པོ་ཞེས་བགྱི་བ་བྱུང་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བའི་དབང་པོ་དེ་ནི་སྔོན་སྤྱོད་སྤྱོད་པ་སྟེ། སྤྱོད་ལམ་བཅོས་མི་འཚལ་བ་འཇིག་རྟེན་པའི་ཆོས་ཐམས་ ཅད་ལས་སླར་ལོག་པ་མ་མཆིས་པ་སྟེ། སེམས་ཅན་དེ་དག་ཀྱང་དབང་པོ་རྣོ་ཞིང་ཕྱེ་བ་ཙམ་གྱིས་འཚལ་ལ་ཟབ་མོ་ལ་མོས་པ་ཤ་སྟག་སྟེ། དེ་ནི་སེམས་ཅན་དེ་དག་ལ་འདོད་པ་ཆུང་བའི་བསྔགས་པ་ཡང་མི་རྗོད། ཆོག་ཤེས་པ་ དང་། སྡོམ་པ་དང་། གཅིག་པུར་དགའ་བའི་བསྔགས་པ་ཡང་མི་རྗོད། འདུ་འཛི་མ་མཆིས་པའི་བསྔགས་པ་ཡང་མི་རྗོད་ཅིང་། དེས་སེམས་ཅན་དེ་དག་ལ་ཆོས་ཐམས་ཅད་ནི་འདོད་ཆགས་ཀྱི་ངོ་བོ་ཉིད་དོ་ཞེས་བགྱི་བར་བསྟན། ཆོས་ཐམས་ཅད་ནི་ཞེ་སྡང་གི་ངོ་བོ་ཉིད་དོ་ཞེས་བགྱི་བར་བསྟན། ཆོས་ཐམས་ཅད་ནི་གཏི་མུག་གི་ངོ་བོ་ཉིད་དོ་ཞེས་བགྱི་བར་བསྟན། ཆོས་ཐམས་ཅད་ནི་སྒྲིབ་པ་མེད་པའོ་ཞེས་བགྱི་བར་བསྟན་ཏེ། དེས་ཐབས་དེས་སྤྱོད་པ་ཐམས་ཅད་ཀྱང་མཚན་ཉིད་གཅིག་པའོ་ཞེས་བགྱི་བར་བསྟན་ནས། སེམས་ཅན་ ཐབས་དེ་ལྟ་བུས་བསྟན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་དེའི་སྤྱོད་པ་ལ་མི་དགའ་བར་མ་གྱུར་ཏེ། ཁོང་ཁྲོ་བའི་སེམས་མ་མཆིས་པ་དེ་དག་བཟོད་པའི་ས་ཐོབ་པར་གྱུར། དེ་བཞིན་གཤེགས་པའི་བསྟན་པ་ལ་ཡང་མི་ཕྱེད་ཅིང་ངེས་ པར་གྱུར་ཏོ། །དེའི་ཚེ་དགེ་སློང་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་རྒྱལ་བའི་བློ་གྲོས་ཞེས་བགྱི་བ་བྱུང་སྟེ། བཅོམ་ལྡན་འདས་ཆོས་སྨྲ་བ་རྒྱལ་བའི་བློ་གྲོས་ཞེས་བགྱི་བ་དེ་ནི་བསམ་གཏན་བཞི་ཐོབ་པ། གཟུགས་མ་མཆིས་ པའི་སྙོམས་པར་འཇུག་པ་བཞི་ཐོབ་པ་སྟེ། སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱང་ཡང་དག་པར་བླངས་ཏེ་གནས་པར་གྱུར་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་ཀྱིས་འདུལ་བར་གྱུར་པ་དེ་ དག་ནི་སྐྱོན་འཛིན་ཅིང་སྐྱོན་རྗོད་པ། བློ་མི་བརྟན་པ་ཤ་སྟག་ཏུ་གྱུར་ཏེ། བཅོམ་ལྡན་འདས་དེ་ནས་བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་བསོད་ནམས་ལ་སྤྱོད་པ་ཞིག་གི་ཚེ། མ་རིག་ནས་བྱང་ཆུབ་སེམས་དཔའ་ 55-1-320a རབ་ཏུ་དགའ་བའི་དབང་པོའི་བསླང་བའི་གྲོང་དེར་མཆིས་ཏེ། དེས་དེ་ན་ཁྱིམ་བདག་གི་བུའི་གནས་ཤིག་མཆིས་པར་མཐོང་ནས། ཁྱིམ་བདག་གི་བུ་གང་ན་བ་དེར་མཆིས་ནས་ཕྱིན་པ་དང་། སྟན་བཏིང་བ་ལ་ མཆིས་ཏེ། ཁྱིམ་བདག་གི་བུ་དེ་ལ་འདོད་པ་ཆུང་བའི་བཀའ་མཆིད་བརྗོད། ཆོག་ཤེས་པའི་བཀའ་མཆིད་བརྗོད། སྡོམ་པའི་བཀའ་མཆིད་བརྗོད། འདུ་འཛིའི་ནོངས་པ་བརྗོད། གཅིག་པུར་དགའ་བའི་བསྔགས་ པ་བརྗོད། འདུ་འཛི་མ་མཆིས་པའི་བསྔགས་པ་བརྗོད་ནས། ཁྱིམ་བདག་གི་བུ་དེའི་མདུན་དུ་བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བའི་དབང་པོ་ལ་མི་སྙན་པ་རྗོད་པ་དགེ་སློང་དེས་ནི་སྐྱེ་བོ་མང་པོ་ལོག་པར་ བསྟན་ཏོ། །དགེ་སློང་དེས་ནི་སྐྱེ་བོ་མང་པོ་ལོག་པར་ལྟ་བར་བྱས་སོ། །དགེ་སློང་དེ་ནི་འདུ་འཛིའི་ནང་ན་རྣམ་པར་སྤྱོད་པ་སྟེ། འདོད་ཆགས་ནི་སྒྲིབ་པ་མེད་དོ་ཞེས་སྟོན་ཏོ། །ཞེ་སྡང་ནི་སྒྲིབ་པ་མེད་དོ་ཞེས་སྟོན་ཏོ། ། གཏི་མུག་ནི་སྒྲིབ་པ་མེད་དོ་ཞེས་སྟོན་ཏོ། །ཆོས་ཐམས་ཅད་ནི་སྒྲིབ་པ་མེད་དོ་ཞེས་སྟོན་ཏོ་ཞེས་བརྗོད་པ་དང་། ཁྱིམ་བདག་གི་བུ་དེ་ཡང་དབང་པོ་རྣོ་བ་བཟོད་པ་ཐོབ་པ་ཞིག་སྟེ། དེས་དགེ་སློང་དེ་ལ་སྨྲས་པ། བཙུན་པ་ཁྱོད་ཀྱིས་འདོད་ཆགས་ཇི་ལྟར་མཁྱེན། དེས་སྨྲས་པ། ཁྱིམ་བདག་གི་བུ་འདོད་ཆགས་ནི་ཀུན་ནས་ཉོན་མོངས་པར་ཤེས་སོ། །སྨྲས་པ། བཙུན་པ་འོ་ན་འདོད་ཆགས་དེ་ནང་ན་མཆིས་སམ། ཕྱི་ རོལ་ན་མཆིས། སྨྲས་པ། འདོད་ཆགས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད་དོ། །སྨྲས་པ། བཙུན་པ་དེ་ལྟར་འདོད་ཆགས་ནང་ན་ཡང་མ་མཆིས། ཕྱི་རོལ་ན་ཡང་མ་མཆིས་ཤར་ཕྱོགས་ན་ཡང་མ་ མཆིས། ལྷོ་ཕྱོགས་ན་ཡང་མ་མཆིས། ནུབ་ཕྱོགས་ན་ཡང་མ་མཆིས། བྱང་ཕྱོགས་ན་ཡང་མ་མཆིས། སྟེང་ན་ཡང་མ་མཆིས། འོག་ན་ཡང་མ་མཆིས། ཕྱོགས་མཚམས་རྣམས་ན་ཡང་མ་མཆིས་ཏེ། 55-1-320b དེ་ལྟ་ལགས་ན་དེ་ནི་མ་སྐྱེས་པ་ལགས་ཏེ། གང་ལ་མ་སྐྱེས་པ་དེ་ལ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའང་ཅི་ཞིག་མཆིས། དེ་ནས་དགེ་སློང་རྒྱལ་བའི་བློ་གྲོས་ཀྱིས་བསྟན་པ་དེ་ཐོས་ནས་འཁྲུགས་ཏེ་ཤིན་ཏུ་མི་ དགའ་ནས། བསོད་སྙོམས་ཀྱང་མ་བླངས་པར་སྟན་ལས་ལངས་ཏེ་མཆིས་སོ། །འདི་སྐད་ཀྱི་ཚིག་ཀྱང་རྗོད་དེ། ཀྱེ་མ་དགེ་སློང་དེས་ནི། སྐྱེ་བོ་མང་པོ་ལོག་པར་བསྟན་ཏོ་ཞེས་ཀྱང་བརྗོད་ནས་དེ་ཁྱིམ་དེ་ནས་བྱུང་སྟེ། དགོན་ པ་ལོགས་སུ་མཆིས་སོ། །དེ་སླད་ཀྱིས་གཙུག་ལག་ཁང་དུ་མཆིས་ནས་དགེ་སློང་ལྷག་མ་རྣམས་ལ་ཡང་བསྒོའོ། །དགེ་འདུན་གྱི་ནང་དུ་ཡང་དགེ་སློང་དེ་མཐོང་ནས། འདི་སྐད་དུ་དགེ་སློང་འདི་ནི་སྐྱེ་བོ་མང་པོ་ ལོག་པར་སྟོན་ཅིང་། འདི་ནི་འདོད་ཆགས་སྒྲིབ་པ་མེད་དོ་ཞེས་སྟོན་ཏོ། །ཞེ་སྡང་སྒྲིབ་པ་མེད་དོ་ཞེས་སྟོན་ཏོ། །གཏི་མུག་སྒྲིབ་པ་མེད་དོ་ཞེས་སྟོན་ཏོ། །ཆོས་ཐམས་ཅད་སྒྲིབ་པ་མེད་དོ་ཞེས་སྟོན་ཏོ་ཞེས་ བགྱིས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བའི་དབང་པོ་དེ་འདི་སྙམ་དུ་གྱུར་ཏེ། དགེ་སློང་འདིས་ནི་གདོན་མི་ཟ་བར་ལས་ཀྱི་སྒྲིབ་པ་བསགས་པར་གྱུར་གོར་མ་ཆག་ན་དེ་ལ་བདག་གིས་ཟབ་ མོའི་གཏམ་བྱའོ། །དེས་ནི་མ་ནུས་ནའང་འདིའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམ་པའི་རྒྱུ་ཙམ་དུའང་འགྱུར་རོ་སྙམ་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བའི་དབང་པོས། དགེ་སློང་གི་དགེ་ འདུན་ཐམས་ཅད་གཅིག་ཏུ་འདུན་པར་བགྱིས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འདོད་ཆགས་མྱ་ངན་འདས་པར་གསུངས། །ཞེ་སྡང་གཏི་མུག་དེ་བཞིན་ཏེ། །བྱང་ཆུབ་དེ་དག་གནས་ ཉིད་ཡིན། །སངས་རྒྱས་བྱང་ཆུབ་བསམ་མི་ཁྱབ། །འདོད་ཆགས་གང་གིས་རྣམ་བརྟགས་པ། །ཞེ་སྡང་གཏི་མུག་དེ་བཞིན་ཏེ། །སངས་རྒྱས་བྱང་ཆུབ་དེ་ལ་རིང་། །གནམ་དང་ས་གཉིས་ཅི་བཞིན་ 55-1-321a ནོ། །བྱང་ཆུབ་འདོད་ཆགས་གཉིས་ནི་གཉིས་སུ་མེད། །འཇུག་པ་གཅིག་པ་མཉམ་ཉིད་ལྡན་པ་སྟེ། །འདི་དག་ཆོས་ལ་བྱིས་པ་གང་འཇིགས་པ། །དེ་དག་སངས་རྒྱས་བྱང་ཆུབ་རིང་བ་ཡིན། ། འདོད་ཆགས་སྐྱེ་མིན་འཇིག་པ་མ་ཡིན་ཏེ། །སེམས་ཀྱང་ཀུན་ནས་ཉོན་མོངས་འགྱུར་བ་མེད། །གང་ཞིག་དམིགས་པའི་བདག་ལ་བློ་ཆགས་པ། །འདོད་ཆགས་ངན་སོང་དེ་དག་ལྟུང་བར་བྱེད། །གང་ཞིག་ འདོད་ཆགས་ཆོས་ཀྱང་སངས་རྒྱས་ཆོས། །དེ་དག་ཁྱད་པར་གང་ཡང་མེད་པ་སྟེ། །ཡི་གེ་གཅིག་ཅིང་ཚུལ་གཅིག་མཚན་ཉིད་མེད། །དེ་ལྟར་ཤེས་པ་བདེ་གཤེགས་ཉིད་དུ་འགྱུར། །ཚུལ་ཁྲིམས་འཆལ་དང་ཚུལ་ ཁྲིམས་རྣམ་བརྟགས་ཤིང་། །གང་ཞིག་ཚུལ་ཁྲིམས་རློམ་པས་མྱོས་གྱུར་པ། །དམིགས་པའི་ལྟ་ལ་རབ་གནས་དེ་ལ་ནི། །བྱང་ཆུབ་མེད་ཅིང་སངས་རྒྱས་ཆོས་ཀྱང་མེད། །གང་ཞིག་དགོན་པའི་གནས་ལ་རྟོག་ བྱེད་ཅིང་། །བདག་ལ་སྟོད་བྱེད་གཞན་ལ་སྨོད་བྱེད་པ། །དགོན་པར་ལྟ་ལ་རབ་གནས་དེ་ལ་ནི། །མཐོ་རིས་མེད་ན་བྱང་ཆུབ་ག་ལ་ཡོད། །བྱང་ཆུབ་ལྟ་བ་གཉིས་སུ་མེད་གསུངས་ཏེ། །མིང་དང་ཡི་གེ་གྲངས་ དང་སྒྲ་འཇུག་པ། །དེ་དག་གང་གིས་ཡང་དག་རྟོགས་གྱུར་པ། །དེ་ལ་སངས་རྒྱས་བྱང་ཆུབ་རིང་བ་མིན། །ཀུན་ནས་ཉོན་མོངས་དེ་ལ་རྣམ་རྟོག་ཅིང་། །རྣམ་བྱང་ལྟ་ལ་བྱིས་པ་གང་ཆགས་པ། །དམིགས་པའི་ ལྟ་ལ་རབ་གནས་དེ་ལ་ནི། །བྱང་ཆུབ་མེད་ཅིང་སངས་རྒྱས་ཆོས་ཀྱང་མེད། །གང་ཞིག་སངས་རྒྱས་ཆོས་ལ་འདོད་སྐྱེད་པ། །དེ་ལ་སངས་རྒྱས་བྱང་ཆུབ་རིང་བ་སྟེ། །ཡོད་མིན་ཆོས་ལ་འདོད་པ་སྐྱེད་པས་ན། །དེ་ ནི་སྡུག་བསྔལ་ཡོངས་སུ་མྱོང་བར་འགྱུར། །གང་ཞིག་འདོད་ཆགས་ཞེ་སྡང་མི་རྟོག་ཅིང་། །གཏི་མུག་ཆུང་བས་བྱང་ཆུབ་ཡིན་ལྟ་བ། །དེ་ལ་སངས་རྒྱས་བྱང་ཆུབ་རིང་བ་མིན། །བཟོད་པ་མཆོག་ཀྱང་མྱུར་དུ་དེས་འཐོབ་ 55-1-321b འགྱུར། །འདུས་མ་བྱས་དང་འདུས་བྱས་སུས་མཐོང་བ། །དེ་ནི་འཁོར་བའི་ཆོས་ལས་གཞར་མི་འགྲོལ། །གང་གིས་ཁམས་དེ་མཉམ་པ་ཉིད་རྟོགས་པ། །དེ་མྱུར་སྐྱེས་བུ་སངས་རྒྱས་མཆོག་ཏུ་འགྱུར། །གང་གིས་ སངས་རྒྱས་ཆོས་དང་སངས་རྒྱས་དག །ཐམས་ཅད་ཀུན་ཏུ་ནམ་ཡང་མ་མཐོང་ན། །ཆོས་རྣམས་ཀུན་གྱིས་གོས་པ་མེད་པ་དེ། །བདུད་བཅོམ་བྱང་ཆུབ་མངོན་པར་འཚང་ཡང་རྒྱ། །སུ་ཞིག་སེམས་ཅན་རྣམ་པར་ འགྲེལ་འདོད་པ། །དེས་ནི་སེམས་ཅན་ཁམས་སུ་བལྟ་མི་བྱ། །མ་ལུས་སེམས་ཅན་མྱ་ངན་འདས་དང་འདྲ། །དེ་ལྟར་སུས་ཤེས་དེ་ནི་རང་བྱུང་འགྱུར། །དགོན་པའི་ཆོས་ལ་གང་ཞིག་མི་སྣང་ཞིང་། །གྲོང་དུ་ཕྱིན་ན་ སྤྱོད་ལམ་འཆོས་བྱེད་པ། །དེ་ནི་འཇིག་རྟེན་ལྷར་བཅས་རྐུན་པོ་སྟེ། །དེ་ལ་བྱང་ཆུབ་སངས་རྒྱས་ཆོས་རྣམས་མེད། །བདག་ནི་སངས་རྒྱས་འགྱུར་ཞེས་གང་རློམ་པ། །བྱིས་པ་དེ་ནི་གཏི་མུག་དབང་གིས་ནོན། །སངས་ རྒྱས་ཆོས་ནི་ནམ་མཁའ་མཚུངས་པ་སྟེ། །བླང་དང་དོར་བའི་སྒྲ་ནི་དེ་ལ་མེད། །རྒྱལ་བས་ནམ་ཡང་བྱང་ཆུབ་སངས་མ་རྒྱས། །དེས་ནི་ནམ་ཡང་སེམས་ཅན་བཀྲོལ་བ་མེད། །མེད་པའི་ཆོས་རྣམས་བརྟགས་ ཤིང་བྱིས་པ་རྣམས། །སངས་རྒྱས་བྱང་ཆུབ་ལས་ནི་རིང་བ་ཡིན། །སེམས་ཅན་འདི་དག་ཉོན་མོངས་སུས་མཐོང་བ། །དེ་ལ་ཉོན་མོངས་མཐའ་ཡས་འབྱུང་བར་འགྱུར། །སེམས་ཅན་དེ་དག་སེམས་ཅན་མེད་ཅེས་ གསུངས། །སེམས་ཅན་འདུ་ཤེས་གནས་ལ་བྱང་ཆུབ་མེད། །གང་གིས་སེམས་ཅན་ཤིན་ཏུ་གྲོལ་མཐོང་ཞིང་། །འདོད་ཆགས་ཞེ་སྡང་གཏི་མུག་རྟག་མེད་ལ། །སེམས་ཅན་ཞི་ཞིང་རབ་ཞི་རྣམ་ཞི་བར། །གང་གིས་ཤེས་ པ་དེ་ནི་མགོན་པོར་འགྱུར། །གང་གིས་སེམས་ཅན་སེམས་ཅན་མེད་མ་མཐོང་། །ཡང་དག་ཉིད་དུ་སངས་རྒྱས་ཆོས་མ་དམིགས། །ཇི་ལྟར་སེམས་ཅན་དེ་བཞིན་སངས་རྒྱས་ཤེས། །དེ་ལྟར་སུས་ཤེས་དེ་ནི་མགོན་པོར་འགྱུར། ། 55-1-322a ཉོན་མོངས་རྟོག་ན་ཉོན་མོངས་ཡོད་པར་འགྱུར། །ཚུལ་བཞིན་ལམ་སེམས་དེ་བཞིན་ཉོན་མོངས་ཡོད། །ཉོན་མོངས་ལམ་དུ་ནམ་ཡང་མ་བརྟགས་ན། །དེས་ནི་བྱང་ཆུབ་མི་རྟོག་ས་འཐོབ་བོ། །སྟོང་པའི་ཆོས་ཀྱིས་མི་ མཁས་གང་འཇིགས་པ། །དེ་དག་སངས་རྒྱས་ཆོས་ལས་རིང་བ་ཡིན། །སྟོང་ཉིད་ཆོས་ལ་ཐེ་ཙོམ་སུ་མེད་པ། །དེ་དག་སངས་རྒྱས་བྱང་ཆུབ་འཐོབ་པར་འགྱུར། །བྱང་ཆུབ་མཆོག་ཐོབ་པར་ནི་སུ་འདོད་པ། །དེས་ནི་འདོད་ ཆགས་ཆོས་ལ་བརྟག་མི་བྱ། །འདོད་ཆགས་ཆོས་ཀྱི་མཚན་ཉིད་གང་ཡིན་པ། །དེ་དག་སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །གང་ཞིག་སངས་རྒྱས་ཆོས་ལ་མི་འཇུག་ཅིང་། །སེམས་དང་བྱང་ཆུབ་སྐྱེ་བ་མེད་པ་དང་། ། སེམས་དང་སངས་རྒྱས་བྱང་ཆུབ་གཉིས་མེད་པར། །ཤེས་པར་གྱུར་ན་དེ་ནི་མགོན་པོར་འགྱུར། །སྡིག་སེམས་མུ་སྟེགས་ཅན་གྱིས་གང་བརྗོད་དང་། །སངས་རྒྱས་རྣམས་ཀྱིས་གསུང་གང་བཀའ་སྩལ་པ། ། དེ་དག་ཐ་དད་ཚུལ་གྱུར་མེད་པ་སྟེ། །དེ་ལྟར་ཤེས་ན་དེ་ནི་མགོན་པོར་འགྱུར། །གང་གིས་བྱང་ཆུབ་མཐོང་ཞིང་སྨོན་བྱེད་པ། །དེ་དང་བྱང་ཆུབ་རིང་སྟེ་བྱང་ཆུབ་མེད། །སངས་རྒྱས་སངས་རྒྱས་མིན་པ་མི་མཉམ་ ཞེའམ། །སངས་རྒྱས་འདི་ཞེས་མི་རྟོག་མགོན་པོར་འགྱུར། །གང་ཞིག་བདག་ནི་སེམས་ཅན་འགྲེལ་པ་ཞེས། །རློམ་ན་སེམས་ཅན་འདུ་ཤེས་ཆགས་རྨོངས་པས། །དམིགས་པའི་ལྟ་ལ་རབ་གནས་དེ་ལ་ ནི། །བྱང་ཆུབ་མེད་ཅིང་སངས་རྒྱས་ཆོས་ཀྱང་མེད། །འདོད་ཆགས་ནང་དང་ཕྱི་ན་མི་གནས་ཏེ། །ཕྱོགས་དང་ཕྱོགས་མཚམས་གང་ནའང་ཡོད་པ་མིན། །ཆོས་རྣམས་ཡོད་མིན་རྣམ་པར་བརྟག་བྱས་ ཤིང་། །བྱིས་པ་འདོད་ཆགས་འདུ་ཤེས་དེ་ལྟར་རྨོངས། །སྒྱུ་མ་སྨིག་རྒྱུ་བྲག་ཅ་ལྟ་བུ་སྟེ། །མོ་གཤམ་བུ་དང་རྨི་ལམ་འདྲ་བ་ནི། །ཉོན་མོངས་འདི་དག་ཐམས་ཅད་དམིགས་སུ་མེད། །བྱིས་པ་དེ་ལྟར་མི་ 55-1-322b ཤེས་རྣམ་པར་རྨོངས། །འདུས་བྱས་ཆོས་དང་འདུས་མ་བྱས་ཀྱི་ཆོས། །དེ་དག་ཐ་དད་གཉིས་སུ་ནམ་ཡང་མེད། །གང་ལ་གྲངས་དང་བགྲང་དུ་མེད་པ་དང་། །དེ་ཡི་ཚུལ་གྱིས་གཉིས་སུ་མེད་པར་ འཇུག །བྱིས་པ་གང་ཞིག་བྱང་ཆུབ་སེམས་རློམ་ཞིང་། །སངས་རྒྱས་འགྱུར་ཞེས་རློམ་སེམས་བྱེད་གྱུར་ན། །ཆོས་ཀྱི་དངོས་ཉིད་ཕྱག་རྒྱ་འདི་བོར་བས། །དེ་ལ་སངས་རྒྱས་ཆོས་དང་བྱང་ཆུབ་མེད། ། སྨྲ་ལ་གང་དགའ་ཡོངས་རྟོག་སྤྱོད་ཡུལ་ཅན། །སྨྲ་བའི་དོན་ལ་རྣམ་པར་མི་སེམས་ཤིང་། །མིང་དང་ལེགས་ལ་དེ་བཞིན་ཆགས་གྱུར་པ། །དེ་དག་བྱང་ཆུབ་འགྱུར་བ་ཐེ་ཙོམ་ཡོད། །ལྟ་བའི་རྣམ་པ་བྱང་ཆུབ་ གཉིས་མེད་གསུངས། །མིང་དང་ཡི་གེ་གྲངས་དང་སྐད་འཇུག་པ། །མི་མཁས་གང་གིས་ཆོས་འདི་མ་རྟོགས་པ། །དེ་དག་སངས་རྒྱས་བྱང་ཆུབ་རིང་བར་གནས། །མིང་ལ་ཆགས་ཤིང་སྨྲ་ལ་དགའ་ བ་དང་། །བདག་ཏུ་ལྟ་ལ་གང་ཞིག་གནས་གྱུར་ཅིང་། །འདོད་པ་ཆུང་དང་ཆོག་ཤེས་རྣམ་བརྟགས་པས། །འདོད་པའི་དབང་གིས་ད་དུང་དེ་འདུག་གོ། འདོད་ཆགས་ཆོས་ལས་ཤེད་སྐྱེས་གང་འབྲོས་པ། ། དེ་ནི་འདོད་ཆགས་ཆོས་ལས་གཞར་མི་འགྲོལ། །གང་གིས་ཡང་དག་འདོད་ཆགས་ཆོས་ཤེས་ན། །འདོད་ཆགས་བྲལ་བའི་འདོད་ཆགས་ཆོས་ཤེས་འགྱུར། །ཡུན་རིང་དུས་སུ་ཚུལ་ཁྲིམས་བསྲུང་ བྱས་ཤིང་། །བསྐལ་པ་བྱེ་བར་བསམ་གཏན་བསྐྱེད་བྱས་ཀྱང་། །ཡང་དག་ཉིད་མཐའ་འདི་ནི་མ་རྟོགས་ན། །བསྟན་པ་འདི་ལ་དེ་དག་བློ་ཡོད་མིན། །ཅི་ཡང་མ་ཡིན་ཆོས་འདི་སུས་ཤེས་པ། །ནམ་ཡང་དེ་ནི་ཆོས་ ཀུན་ཆགས་མི་འགྱུར། །ཚུལ་ཁྲིམས་འཆལ་དང་ཚུལ་ཁྲིམས་རྣམ་བརྟགས་པས། །བྱིས་པ་དམིགས་པའི་སྤྱོད་ཡུལ་ཐར་མི་འགྱུར། །ཚུལ་ཁྲིམས་ཚུལ་ཁྲིམས་མེད་པར་སུས་ཤེས་ཤིང་། །ཚུལ་ 55-1-323a ཁྲིམས་འཆལ་དང་ཚུལ་ཁྲིམས་ཚུལ་གཅིག་ཅེས། །ཚུལ་ཁྲིམས་ངང་ཚུལ་དེ་ལྟར་སུས་ཤེས་པ། །ཚུལ་ཁྲིམས་འཆལ་པ་དེ་ལ་ནམ་ཡང་མེད། །ཆོས་རྒྱལ་ཆོས་ལ་རྟོག་ པར་མ་གྱུར་ན། །ཐབས་ཀྱི་ས་ལ་སེམས་ཅན་རྣམ་འདུལ་ཞིང་། །བྱང་ཆུབ་ཟག་མེད་ཞི་བ་འདི་ལ་ཡང་། །ཚུལ་གཅིག་ཆོས་ཀྱིས་སེམས་ཅན་འཛུད་པ་ཡིན། །ཆོས་རྒྱལ་དམ་པའི་ཆོས་འདི་མི་གཡོ་ཞིང་། ། དངོས་མེད་མཚན་ཉིད་མེད་ལ་ཚུལ་གཅིག་པར། །ངོ་བོ་ཉིད་ཀྱིས་སྟོང་ཆོས་མ་ཐོས་པས། །གཡང་ས་ཆེན་པོར་བྱིས་པ་དེ་དག་ལྟུང་། །ཆོས་འདི་ཐོས་ཤིང་མི་དངང་གང་གྱུར་པའི། །འདོད་པའི་ཡོན་ཏན་ལྔ་ཆགས་ ཁྱིམ་པའང་བླའི། །བསྟན་པ་འདི་ལ་རབ་ཏུ་བྱུང་གྱུར་ཅིང་། །དམིགས་སྟ་སྦྱངས་པའི་ཡོན་ཏན་རློམ་པ་མིན། །ཕྱོགས་བཅུ་ཀུན་ན་སངས་རྒྱས་རང་བྱུང་བ། །འཇིག་རྟེན་དོན་མཛད་གང་དག་བཞུགས་ པ་རྣམས། །དེ་དག་ཀུན་གྱིས་ནམ་མཁའ་མཚུངས་པའི་ཆོས། །གཡོ་བ་མེད་ཤེས་བྱང་ཆུབ་འགྱུར་ཞེས་གསུངས། །མི་མཁས་གང་རྣམས་མི་སྡུག་བསྒོམ་སེམས་ཤིང་། །ཆོས་རབ་འདི་ཐོས་ འཇིགས་པར་འགྱུར་བ་དག །རྟག་པར་སྡུག་བསྔལ་ཆེ་དང་ལྡན་གྱུར་ཅིང་། །བསྐལ་པ་བྱེ་བ་མང་པོར་སྡུག་བསྔལ་འགྱུར། །ཚིགས་སུ་བཅད་པ་བསྟན་པ་འདི་བཤད་པའི་ཚེ། ལྷའི་བུ་སྟོང་ ཕྲག་སུམ་ཅུ་རྩ་གཉིས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དགེ་སློང་སྟོང་ཕྲག་བརྒྱད་ཅུ་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །བྱང་ཆུབ་སེམས་དཔའ་རྒྱལ་ བའི་བློ་གྲོས་ཀྱང་འཆི་བའི་དུས་བགྱིས་ནས་དོག་སའི་སྒོ་ཕྱེ་སྟེ། སེམས་ཅན་དམྱལ་བ་ཆེན་པོར་ལྟུང་ངོ་། །དེ་སུག་ལས་ཀྱི་སྒྲིབ་པ་དེས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་སེམས་ཅན་དམྱལ་ 55-1-323b བ་ཆེན་པོ་དག་ཏུ་སྡུག་བསྔལ་ཚ་ཞིང་རྩུབ་ལ་ཡིད་དུ་མི་འོང་བའི་ཚོར་བ་མི་བཟད་པ་མྱོང་བར་གྱུར་ཏོ། །ཚེ་རབས་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་བཞིར་མི་སྙན་པར་བརྗོད་པ་ཐོབ་པར་གྱུར་ཏོ། །བསྐལ་པ་བརྒྱ་སྟོང་མང་ པོར་དེ་བཞིན་གཤེགས་པའི་མཚན་ཙམ་ཡང་མ་ཐོས་པར་གྱུར་ཏོ། །དེ་དེ་ནས་སླད་ཀྱིས་དེ་བཞིན་གཤེགས་པ་གཞན་དང་གཞན་དག་དང་མཇལ་ཏེ། དེ་དག་གི་བསྟན་པ་ལ་རབ་ཏུ་བྱུང་ནས་མངོན་པར་མོས་པར་མ་གྱུར་ཏེ། ཚེ་རབས་སྟོང་ཕྲག་བདུན་ཅུ་རྩ་དྲུག་རབ་ཏུ་བྱུང་བ་ལས་སླར་བབས་པར་གྱུར་ཏོ། །སུག་ལས་ཀྱི་སྒྲིབ་པ་དེ་ཉིད་ཀྱི་ལྷག་མས་ཚེ་རབས་སྟོང་ཕྲག་མང་པོར་དབང་པོ་རྟུལ་པོར་གྱུར་ཏོ། །བཅོམ་ལྡན་འདས་དེའི་ཚེ་བྱང་ཆུབ་སེམས་དཔའ་ དགེ་སློང་ཆོས་སྨྲ་བ་རབ་ཏུ་དགའ་བའི་དབང་པོ་ཞེས་བགྱི་བ་བྱུང་བ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ད་ལྟར་བཞུགས་ཤིང་འཚོ་གཞེས་ཆོས་ཀྱང་སྟོན་ཏོ། །ཤར་ཕྱོགས་ ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་སྟོང་འདས་པ་ན། སངས་རྒྱས་ཀྱི་ཞིང་རིན་ཆེན་སྣ་ཚོགས་ཀྱི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟི་བརྗིད་སྟུག་ ཅིང་དྲི་མ་མེད་ལ་ཉི་ཟླ་ཟིལ་གྱིས་གནོན་པ་བཞུགས་ཤིང་འཚོ་གཞེས་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དགེ་སློང་རྒྱལ་བའི་བློ་གྲོས་ཞེས་བགྱི་བར་གང་གྱུར་པ་དེ་ནི་བདག་ཉིད་དེའི་ཚེ་དེའི་དུས་ན། དགེ་ སློང་རྒྱལ་བའི་བློ་གྲོས་ཞེས་བགྱི་བར་གྱུར་ཏེ། བཅོམ་ལྡན་འདས་བདག་གི་དེའི་ཚེ་ཚུལ་འདི་མ་འཚལ་བས་དེ་ལྟ་བུའི་སྡུག་བསྔལ་མྱོང་བར་གྱུར་ཏོ། །བཅོམ་ལྡན་འདས་བདག་ནི་དེ་འདྲ་ བའི་གནས་སུ་གྱུར་ཏེ། དེ་ལྟ་བུའི་སྡུག་བསྔལ་མ་མཆིས་པའི་སྡུག་བསྔལ་ཡོངས་སུ་བརྟགས་པའི་སྡུག་བསྔལ། ཕྱིན་ཅི་ལོག་གི་སྡུག་བསྔལ་རྣམ་པ་དེ་ལྟ་བུ་མྱོང་བར་གྱུར་ཏོ། །བཅོམ་ 55-1-324a ལྡན་འདས་དེ་ལྟ་ལགས་པས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པའམ། ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་གང་ཡང་རུང་སྟེ། དེ་ལྟ་བུའི་སུག་ལས་ཀྱི་སྒྲིབ་པ་མི་འཚལ་ཞིང་། དེ་ལྟ་བུའི་ སྡུག་བསྔལ་མི་འཚལ་ན་དེས་དམ་པའི་ཆོས་སྤང་བར་མི་བགྱིའོ། །དམ་པའི་ཆོས་ལ་དཔྱ་བར་མི་བགྱིའོ། །ཆོས་གང་ལ་ཡང་ཁོང་ཁྲོ་བར་མི་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་ གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཚིགས་སུ་བཅད་པ་དེ་ཐོས་པས་ཁྱོད་ལ་ཁྱད་པར་ཅི་ཞིག་ཏུ་གྱུར། གསོལ་པ། བཅོམ་ལྡན་འདས་ཚིགས་སུ་བཅད་པ་དེ་ཐོས་པས་སུག་ལས་ཀྱི་ སྒྲིབ་པ་དེ་ལས་ལངས་ནས་གང་དང་གང་དུ་སྐྱེས་པ་དེ་དང་དེ་དག་ཏུ་ཡང་ཟབ་མོའི་བཟོད་པ་ཅན། ངེས་པའི་བཟོད་པ་ཅན་དུ་གྱུར་ཏེ། ཆོས་ཟབ་མོ་སྟོན་པ་ལ་མཁས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། འཇམ་དཔལ་སུའི་མཐུས་ཁྱོད་ཀྱིས་དེ་ལྟར་ཡུན་རིང་པོ་ན་མངོན་པར་འདུ་བྱས་པའི་ལས་ཀྱི་སྒྲིབ་པ་རྗེས་སུ་དྲན། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་ཅི་ སེམས་ཅི་སྨྲ། རྗེས་སུ་ཅི་དྲན་ཡང་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་མཐུ་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལས་བྱུང་བ་ནི་ཆོས་ཐམས་ཅད་དོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་གཤེགས་པའི་སྟོབས་བཅུ་ཐོབ་པ་དང་། འདི་ཐོས་པ་དེ་ནི་མཚུངས་སོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། འདི་ཐོས་པ་དེ་ནི་མཚུངས་སོ། །འཇམ་དཔལ་གྱིས་གསོལ་པ། བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ཏེ། ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་ནི་ 55-1-324b བསམ་གྱིས་མི་ཁྱབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་དེ་བཞིན་ཏེ། ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་ནི་བསམ་གྱིས་མི་ཁྱབ་བོ། །འོན་ཀྱང་སྦྱོར་བ་མེད་པ་ལ་ ལ་དེ་ཐོས་ནས་མོས་པར་མི་འགྱུར་དུ་འོང་བའི་ཕྱིར། དེ་བཞིན་གཤེགས་པ་ལུང་མི་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་ཅི་ནས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་རྒྱས་པར་འགྱུར་ཞིང་སྐྱེ་བོ་མང་ པོའི་སུག་པར་ཕྱིན་པར་འགྱུར་བ་དང་། དེ་ལ་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་དག་གིས་གླགས་རྙེད་པར་མི་འགྱུར་བ་དེ་ལྟར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་པའི་ཕྱིར་གཡས་གཡོན་དུ་གཟིགས་སོ། །བཅོམ་ལྡན་འདས་ཀྱིས་དེ་ལྟར་གཟིགས་མ་ཐག་ཏུ་དེའི་ཚེ་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་ བྱེ་མ་སྙེད་རྣམ་པ་དྲུག་ཏུ་གཡོས་པར་གྱུར། རབ་ཏུ་གཡོས་པར་གྱུར། ཀུན་ཏུ་གཡོས་པར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་པ་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་གཞན་དག་གིས་ཀྱང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ནས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་ གྲངས་འདི་བསྟན་པའི་ཚེ་ཕྱོགས་བཅུ་ན་གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་ཡོད་ལ་དེ་བས་ཀྱང་ཤིན་ཏུ་མང་བའི་སེམས་ཅན་རྣམས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །གང་དག་ཉན་ཐོས་ཉིད་ལ་གནས་པར་གྱུར་ 55-1-325a པ་དང་། སློབ་པའི་སའམ། མི་སློབ་པའི་ས་ལ་གནས་པར་གྱུར་པ་དག་ནི་སྨོས་ཀྱང་མི་སྨོས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ཞེས་བགྱི། ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་ཆོས་ཐམས་ཅད་འབྱུང་བ་མེད་པ་ ཞེས་བྱ་བར་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། ལྷའི་བུ་པད་མོ་རྣམ་པར་རོལ་བའི་མངོན་པར་ ཤེས་པ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་དང་། དགེ་སློང་ལྔ་བརྒྱ་ཙམ་པོ་དེ་དག་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་དགའོ།། །།འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །། ལོ་ཙྪ་བ་བན་དེ་ རིན་ཆེན་འཚོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ། ཥཱནྟ་ཐཱ་ག་ཏོ་ཧྱ་པ་དད། ཏེ་ཥཉྩ་ཡོ། ནི་རོ་དྷ་ཨེ་བྃ་བཱ་དཱི་མ་ཧཱ་ཤྲ་མ་ཎ༔ སརྦ་བཱ་པ་སྱཱ་ཀ་ར་ཎ་ཀུ་ཤ་ལ་སྱོ་པ་སྨྤ་དི། སྦ་ ཙི་ཏྟིྃ་པ་རི་ད་མ་ནུ། ཡེ་ཏདྦུདྡྷ་ནུ་ཤཱ་ས་ནྃ།། །། །། །། །། །། །། །། །། །། །།