67-1-1a ༼ས༽ ༄༅། ༈ །མདོ་སྡེ་སྣ་ཚོགས་ཀྱི་སྐོར་བཞུགས་སོ། ། (黃) 經藏第二十八部 67-1-1b ༄༅༅། །རྒྱ་གར་སྐད་དུ། ཨ་བྷིང་སྐྲ་མ་ན་སཱུ་ཏྲ། བོད་སྐད་དུ། མངོན་པར་ འབྱུང་བའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་ཞིག་ཉིད་ཀྱི་དབུ་ནི་རིན་ཆེན་ འོད་ལྡན་དང་། །བཙུན་མོ་པད་མ་ཁ་བྱེ་མ་རྙིས་མདངས་ལྡན་པས། །སློང་བ་དགའ་མཛད་སངས་ རྒྱས་གོ་འཕང་བརྙེས་གྱུར་ཅིང་། །ཆོས་རྣམས་སྟོན་མཛད་ཞི་བ་དེ་ལ་ཕྱག་འཚལ་ལོ། །གང་ ཞིག་རྙེད་པས་ངན་འགྲོའི་འཇིགས་ལས་འདས་གྱུར་ཅིང་། །སྲིད་པའི་འཆིང་བ་ཐམས་ ཅད་ཟད་བྱེད་ཞིར་གྱུར་ལ། །སྡུག་བསྔལ་མཐའ་མེད་འཁོར་བའི་རྒྱ་མཚོ་ལས་རྒལ་བའི། ། ཟམ་པ་གཅིག་པུ་བདེ་གཤེགས་ཆོས་ལ་ཕྱག་འཚལ་ལོ། །གང་ལ་ཡོན་ཏན་ཕུལ་བྱུང་ལ་ གནས་སྦྱིན་པའི་གནས། །མཆོད་པ་ཅུང་ཟད་བྱས་ཀྱང་རྒྱ་ཆེ་ཉིད་འགྱུར་བ། །བདེ་བར་ 67-1-2a གཤེགས་པས་རབ་བསྔགས་གང་ཟག་མཆོག་བརྒྱད་ཀྱིས། །རབ་བརྒྱན་འཕགས་པའི་དགེ་འདུན་དེ་ལ་ཕྱག་འཚལ་ལོ། །ཐུབ་གསུང་རྣམ་པར་བརྟགས་ན་དད་པ་མི་སྐྱེད་པ་འམ། ། ཕན་པ་མི་འབྱུང་གང་དེ་ཅི་ཡང་ཡོད་མིན་ལ། །ཚིག་བཏུ་བ་དང་འཛིན་པའི་ནུས་དང་རྣམ་བྲལ་བ། །རྣམ་པར་གཡེངས་ཕྱིར་འབྲས་སྩོལ་འདི་བདག་ཉུང་ཟད་ཅིག །ཇི་ལྟར་པད་མ་ཁ་བྱེའི་དབུས་གནས་ བུང་བ་ནི། །འཁོར་ཞིང་པད་མ་ལ་ནི་ཆུང་ཟད་སོགས་པར་བྱེད། །དེ་བཞིན་ཐུབ་པའི་ཞལ་གྱི་པད་མའི་ཚལ་ནང་ནས། །རང་ཡིད་རབ་ཏུ་དགའ་བྱེད་ཆུང་ཟད་བསྡུ་བར་བྱ། །ཐུབ་པའི་གསུང་ནི་མ་ལུས་ ཤིན་དུ་རྟོགས་དཀའ་བ། །དད་ལྡན་མི་ལ་ཉིན་རེའང་རྒྱས་པར་ཉེར་འགྲོ་སྟེ། །རྣམ་པར་དཔྱད་ན་ཚིགས་བཅད་ཕྱེད་མཐའང་མི་དཔོགས་ན། །རིན་ཆེན་མདོ་བརྒྱ་བསྡུ་བ་འདི་ནི་སྨོས་ཅི་དགོས། །ཕྱོགས་ གོ་རྣམས་སུ་སྙན་དང་གྲགས་པའི་སྣང་བས་ཁྱབ། །རབ་གསལ་ཞེས་བྱ་སའི་བདག་པོར་གྱུར་པ་ན། །བསོད་ནམས་སྟོབས་ཀྱིས་དགྲ་ལས་རྒྱལ་བས་རྒྱལ་ཕྲན་གྱིས། །བཏུད་པས་ནོར་བུའི་ཅོད་པན་འོད་ ཀྱིས་ཞལ་གཙང་བྱས། །གླང་པོའི་དབང་པོ་རྒྱགས་འཁྲིག་འདོད་ཆགས་ཀྱིས་ཆགས་པ། །འཕྲལ་དུ་བཅོས་པའི་ཐབས་མེད་ཉོན་མོངས་སྐབས་གྱུར་ལ། །གཟིགས་ནས་འགྲོ་བའི་ཆགས་སོགས་ཉེས་པ་ཞི་བཞེད་ པས། །ཐུགས་བརྟན་ཐུབ་དབང་གྱུར་པར་དེས་ནི་སྨོན་ལམ་བཏབ། །དེ་ནས་བརྩམས་ཏེ་སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་མི་གཡོ་བློ་གྲོས་རྣོན་པོ་རྣམས། །ཉིད་བདེའི་ལྟོས་མེད་ ཤིན་དུ་ཡུན་རིང་ཡང་དག་སྤེལ། །འགྲོ་ལ་ཕན་ཕྱིར་ཤིན་དུ་དཀའ་བ་བརྒྱ་ཕྲག་མཛད། །ཐུགས་རྗེ་ཆེར་ལྡན་དྲང་སྲོང་མཆོག་འདི་ཚེ་གཞན་དུ། །ཉིད་ཀྱིས་འགྲོ་ཕན་དོན་མཛད་མི་སྐྱོ་ཇི་སྙེད་དེ། །བརྗོད་ 67-1-2b པར་འདི་ན་ཤཱ་རིའི་བུས་ཀྱང་མི་ནུས་ན་འང་། །གང་དག་ཕྱིར་ནི་ཆུང་ཟད་ཡོངས་སུ་བརྗོད་པར་བྱ། །སྟག་མོ་ཤི་བའི་གླང་པོ་སྤྲེའུ་དཔྱད་དཀའ་ཐུབ་དབང་། །ཚངས་སོགས་སྐུ་ཚེ་བརྒྱ་ཕྲག་དུ་མར་དགེ་མཛད་ནས། ། དོན་ཀུན་སྒྲུབ་བརྩོན་བདག་ཉིད་ཆེན་པོ་ཚེ་གཅིག་ཐོགས། །བྱང་ཆུབ་སེམས་དཔའ་དགའ་ལྡན་གནས་སུ་སྐྱེ་བ་བཞེས། །དེར་བཞུགས་ནས་ནི་འགྲོ་བ་ཀུན་ལ་ལེགས་གཟིགས་ནས། །སྐྱབས་མེད་གཡོ་ཞིང་ཕོངས་ པ་དུ་མས་ཡོངས་ཁྱབ་ལ། །ཐུགས་རྗེ་ཆེན་པོས་ཐུགས་ནི་སྤྲོ་བ་བསྐྱེད་གྱུར་ཏེ། །གཞན་གྱི་དོན་མཛད་ཐུགས་དམ་ཉིད་ཀྱི་རྒྱུད་དགོངས་གྱུར། །དེ་བས་འདི་ནི་ཇི་ལྟར་མི་ཡུལ་ཉེར་གཤེགས་ཏེ། །སྐྱེ་དང་རྒ་ཤི་ ན་བའི་འཇིགས་པ་གཟིགས་ནས་ནི། །རབ་བྱུང་བློ་གྲོས་དེས་མཛད་བྱང་ཆུབ་ཡང་དག་བརྙེས། །དེ་བཞིན་ཆོས་སྟོན་མཛད་པ་བཤད་ཀྱིས་མཉན་པར་གྱིས། །དེ་ནས་དགའ་ལྡན་གྱི་གནས་ན་བཞུགས་ པའི་བྱང་ཆུབ་སེམས་དཔའ་བསྐལ་པ་མང་པོར་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་རྣམ་པ་དུ་མར་ཉེ་བར་བསགས་པས་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་པ། ཉོན་མོངས་པའི་ ཆུ་བོ་སྟོབས་དང་ལྡན་པས་ཤིན་དུ་ཆོད་པ་རྣམས་ལ་ཐུགས་རྗེས་ཡོངས་སུ་བསྐུལ་བ། གཞན་གྱི་དོན་མཛད་པའི་ཕྱིར་རྟག་ཏུ་བརྩོན་པར་མཛད་པ་དེ་ཐུགས་ལ་དགོངས་པ་འདི་ལྟ་བུ་མངོན་སུམ་དུ་མཛད་དེ། གང་ ངས་སྐྱེ་བ་མང་པོར་ཡོངས་སུ་འཁོར་བ་ན་རང་གི་ཤ་དང་ཁྲག་དང་མགོ་དང་མིག་དང་བུ་དང་ཆུང་མ་རྣམས་གཏོང་བ་དང་ཤིན་དུ་གཏོང་བས་ཡོངས་སུ་བཏང་བ་དང་། དཀའ་བའི་ཚུལ་ཁྲིམས་ལ་གནས་པ་དང་། གཞན་ གྱིས་སྦྱར་བའི་བསྙེན་བཀུར་མ་ཡིན་པ་སྣ་ཚོགས་པ་བཟོད་པར་བྱས་པ་དང་། རྟག་ཏུ་ལྷོད་པ་མེད་པའི་སྤྲོ་བ་དང་། འབྲས་བུ་དང་བཅས་པའི་ཏིང་ངེ་འཛིན་གྱི་བདེ་བ་ལ་མ་ཆགས་པ་དང་། ཡོད་པ་དང་ 67-1-3a མེད་པའི་དོན་ལ་རྣམ་པར་དཔྱོད་པ་དང་ལྡན་པས་གཞན་གྱི་དོན་ལ་བརྩོན་པའི་བློ་གྲོས་ཀྱིས་ཤིན་དུ་མི་བཟད་པའི་སྡུག་བསྔལ་གྱི་ཚོར་བ་རྣམ་པ་མང་པོས་སེམས་ལ་གདུངས་པའི་སྡུག་ཕངས་པའི་སྲོག་ཆགས་ རྣམས་ལ་མཆོག་ཏུ་སྙིང་རྗེ་བསྐྱེད་ནས་བྱམས་པའི་སྟོབས་དང་། ཟླ་འོད་དང་ཤི་བི་དང་གླང་པོ་དང་ཐམས་ཅད་སྒྲོལ་དང་བཟོད་པར་སྨྲ་བ་དང་སྤྲེའུ་ཡི་བདག་པོ་དང་མིག་བཟངས་དང་སྨན་ཆེན་པོ་ལ་སོགས་པ་སྐྱེས་པའི་ རབས་སྟོང་ཕྲག་སྙེད་ཏུ་སྨོན་ལམ་བྱས་ཤིང་བསགས་པ། ཨེ་མའོ་ཀྱེ་མ་བདག་གིས་འཇིག་རྟེན་ལོང་བ་འདྲེན་པ་མེད་པ། ཡོངས་སུ་འདྲེན་པ་མེད་པ། ཆོས་མ་ཡིན་པ། འདོད་ཆགས་ཀྱི་དབང་དུ་འགྲོ་བ། ལོག་པའི་ ཆོས་ཀྱིས་ཡོངས་སུ་ཁྱབ་པ། སེམས་ལ་མི་བཟད་པའི་ཆགས་པས་ཟིལ་གྱིས་ནོན་པ། ཁྲོ་བ་མང་བ། ལྟ་བ་ངན་པའི་ཚང་ཚིང་གིས་རྣམ་པར་བརླག་པ། ཕྲག་དོག་དང་སེར་སྣས་ཀུན་དུ་བཅིངས་པ། ལེགས་པར་ སྤྱོད་པ་ལ་འཇུག་པ་ལ་རྒྱབ་ཀྱིས་ཕྱོགས་ཤིང་ཉེས་པར་སྤྱོད་པ་ལ་ཀུན་དུ་གཞོལ་བར་གྱུར་པ་རྣམས་ལ་བདག་སངས་རྒྱས་སུ་གྱུར་ནས་སེམས་ཅན་མ་རྒལ་བ་རྣམས་ནི་བསྒྲལ་བར་བྱའོ། །མ་གྲོལ་བ་རྣམས་ནི་དགྲོལ་ བར་བྱའོ། །དབུགས་མ་ཕྱིན་པ་རྣམས་ནི་དབུགས་དབྱུང་བར་བྱའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ནི་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་ངས་ཡུན་རིང་དུ་མངོན་པར་འདོད་པ་ཡིན་ན་ད་ནི་དེ་བྱ་བའི་དུས་ལ་ བབ་པ་ཡིན་གྱིས། མ་ལ་བདག་གིས་འཇིག་རྟེན་གྱི་གནས་སྐབས་ཅི་ཞིག་ཡིན་པ་བལྟས་ན་གདུལ་བར་ནུས་སོ། །གདུལ་བར་ནུས་སོ་ཞེས་དེ་ལྟར་རྣམ་པར་དགོངས་ནས་འཇིག་རྟེན་འདི་དག་ཐམས་ཅད་ལ་གཟིགས་པ་ འཇུག་སྟེ། སུ་ནི་འགྲིབ། སུ་ནི་དགེ་བའི་ཆོས་རྣམས་ཀྱིས་འཕེལ། སུ་ནི་གནོད་པར་གྱུར། སུ་ནི་ཉམས་ཐག་པར་གྱུར། སུ་ནི་སྡུག་བསྔལ་བར་གྱུར། གང་ལ་ནི་ངས་མ་འཇིགས་ཤིག །མ་འཇིགས་ཤིག་ 67-1-3b ཅེས་མི་འཇིགས་པ་སྦྱིན་པས་དབུགས་དབྱུང་བར་བྱ། སུ་ནི་ངན་སོང་ལ་གཞོལ། སུ་ནི་ངན་སོང་ལ་འབབ། སུ་ནི་ངན་སོང་ལ་བབ། སུ་ནི་ངས་ངན་སོང་ལས་བཏོན་ཏེ། མཐོ་རིས་དང་ཐར་པའི་འབྲས་བུ་ལ་གཞག་ པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལ་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་དང་བྲལ་བ་རྣམས་ལ་འཕགས་པའི་ནོར་གྱི་དབང་ཕྱུག་གི་བདག་པོ་ལ་གཞག་པར་བྱ། གང་གི་དགེ་བའི་རྩ་བ་མ་བསྐྱེད་པ་དག་ནི་ བསྐྱེད་པར་བྱ། གང་གི་དགེ་བའི་རྩ་བ་བསྐྱེད་པ་དག་ནི་ཡོངས་སུ་སྨིན་པར་བྱ། གང་གི་ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་བྱ་ཞེས་ཡེ་ཤེས་ཀྱི་གཟིགས་པ་འཇུག་པར་མཛད་པ་ན་སྲོག་ཆགས་བརྒྱ་སྟོང་ དཔག་ཏུ་མེད་པ་ལ་ནི་དགེ་བའི་རྩ་བ་མ་བསྐྱེད་པར་བསྐྱེད་པར་འོས་པ་དང་། ལ་ལ་དགེ་བའི་རྩ་བ་མ་སྨིན་པ་ཡོངས་སུ་སྨིན་པར་ནུས་པ་དང་། ལ་ལ་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་བདེ་འགྲོར་འགྲོ་བར་གཞོལ་བ་དང་། ལ་ལ་འབྲས་བུ་དང་པོ་ཐོབ་པར་གཞོལ་བ་དང་། ལ་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་ཉིད་དང་རང་བྱང་ཆུབ་འཐོབ་པར་གཞོལ་བ་དང་། ལ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་པའི་སྐལ་བ་དང་ལྡན་པ་དང་། ལ་ལ་ནི་སྔོན་གྱི་སྨོན་ལམ་རྣམས་ཉེ་བར་བསགས་པས་རྐྱེན་ལ་རག་ལས་པ་གང་ཞིག་མ་ཐོས་པས་དམ་པའི་ཆོས་ལས་ཡོངས་སུ་ཉམས་པར་གྱུར་པར་གཟིགས་སོ། །གཟིགས་ནས་ ཀྱང་འདི་སྙམ་དུ་དགོངས་ཏེ། ཀྱེ་མའོ་བདག་གིས་ཡུན་རིང་པོ་ནས་ཡང་དག་པར་རྟོགས་པ་རྫོགས་པར་གྱུར་ཅིང་ངའི་ངལ་བ་འབྲས་བུ་དང་བཅས་པར་གྱུར་ཏོ་ཞེས་དགྱེས་ཤིང་ངས་བྱ་བ་ནི་བྱས་སོ། །ངས་ཁུར་བསྐུར་བར་ དཀའ་བ་ནི་མཐར་ཕྱིན་ཏེ། གང་ངའི་ཡོངས་སུ་དག་པའི་རྒྱུད་དང་ལྡན་པའི་ཞིང་དུ་གྱུར་ཅིང་གདུལ་བྱའི་སྐྱེ་བོ་རྣམས་ཡུན་རིང་པོར་མི་ཐོགས་པར་པད་མའི་ཚལ་ཡོངས་སུ་སྨིན་ཅིང་ཁ་བྱེ་ལ་མ་རིག་པའི་ཉི་མ་ཤར་བས་རྒྱས་ 67-1-4a པར་འགྱུར་བ་ལྟ་བུར་གྱུར་གྱིས་ཕྱི་བཤོལ་མི་བྱའོ། །འདིར་གནས་བཞིན་དུ་ཡང་དངོས་པོ་ཐམས་ཅད་རྫོགས་པར་བྱ་བར་ནུས་པ་མ་ཡིན་པས་ན་གཞེས་པའི་དུས་ནི་མ་ཡིན་གྱིས་མ་ལ་བདག་མིའི་འཇིག་རྟེན་ དུ་སོང་ལ་དེར་ཕྱིན་ནས་བརྩོན་འགྲུས་ཀྱི་གྲོགས་དང་། དེ་བཞིན་གཤེགས་པའི་བླ་ན་མེད་པའི་ཡེ་ཤེས་རྟོགས་པར་བྱས་ཏེ། འདི་རྣམས་སྐལ་བ་ཇི་ལྟ་བ་བཞིན་དུ་འདི་རྣམས་ཀྱི་དགེ་བའི་རྩ་བ་བསྐྱེད་ཅིང་ཡོངས་སུ་སྨིན་ལ་རྣམ་ པར་གྲོལ་བར་བྱ་ཞིང་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བའི་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བ། སྐྱབས་མེད་པ། ཡོངས་སུ་སྐྱོབ་པ་མེད་པའི་སྲོག་ཆགས་ རྣམས་དམ་པའི་ཆོས་བསྟན་པའི་ལག་པ་བརྐྱང་བས་གདོན་པར་བྱའོ། །ཐོག་མ་མེད་པའི་དུས་ནས་རྗེས་སུ་འབྲེལ་བའི་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་གི་མེས་ཀུན་དུ་གདུངས་པ་རྣམས་ལ་འཕགས་ པའི་ལམ་ཡན་ལག་བརྒྱད་པའི་ཆུའི་རྒྱུན་བླུགས་པས་སྡུག་བསྔལ་མ་ལུས་པ་བསལ་བར་བྱའོ་ཞེས་དེ་ལྟ་བུའི་ཐུགས་ལ་དགོངས་པ་ངེས་པར་བསྐྱེད་ནས། འཛམ་བུའི་གླིང་དུ་འཇུག་པར་མཛད་པ་ན་རིགས་དང་ཡུལ་ དང་དུས་དང་རྒྱུད་དང་བུད་མེད་དེ་གཟིགས་པ་རྣམ་པ་ལྔས་གཟིགས་པར་མཛད་དོ། །བྱང་ཆུབ་སེམས་དཔའ་རྣམས་རྒྱུ་གང་གིས་རིགས་ལ་གཟིགས་པར་མཛད་ཅེ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་ པ་ན་འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་རིགས་ཇི་ལྟ་བུ་ཞིག་ཏུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན། བྲམ་ཟེའི་རིགས་སམ། རྒྱལ་རིགས་སུ་ཡིན་ལ། དེ་ལ་རེས་འགའ་ནི་བྲམ་ཟེའི་རིགས་བཙུན་པར་ བཀུར། རེས་འགའ་ནི་རྒྱལ་རིགས་ཏེ། ད་ལྟ་ན་ནི་རྒྱལ་རིགས་བཙུན་པར་བཀུར་བར་གཟིགས་ནས། མ་ལ་བདག་ལ་གཞན་དག་བྱང་ཆུབ་སེམས་དཔས་རིགས་ངན་པར་ཉིང་མཚམས་སྦྱོར་བ་བླངས་སོ། །ཞེས་གཞི་འདིས་ 67-1-4b ཁ་ཟེར་བར་མི་འགྱུར་བར་བདག་གིས་རྒྱལ་རིགས་སུ་ཉིང་མཚམས་སྦྱོར་བ་བླང་བར་བྱའོ་སྙམ་མོ། །འདི་ལྟར་བྱང་ཆུབ་སེམས་དཔས་ཐོག་མ་མེད་པའི་དུས་ནས་སྨད་པར་མི་འགྱུར་བའི་ལས་བྱས་ཤིང་བསགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་བཤད་པ་འབྲས་བུ་མེད་པ་མ་ཡིན་པས་རྒྱུ་འདིས་ན་བྱང་ཆུབ་སེམས་དཔའ་རྣམས་རིགས་ལ་གཟིགས་པར་མཛད་དོ། །བྱང་ཆུབ་སེམས་དཔའ་རྣམས་རྒྱུ་གང་གིས་ཡུལ་ལ་ གཟིགས་པར་མཛད་ཅེ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ནི་འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཡུལ་ཇི་ལྟ་བུ་ཞིག་ཏུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན། འབྲས་དང་བུ་རམ་ཤིང་དང་བ་ ལང་དང་མ་ཧེ་ཕུན་སུམ་ཚོགས་པ། སློངས་མོ་པ་བརྒྱ་འདུ་བ། མཐའ་འཁོབ་ཀྱི་སྐྱེ་བོ་མེད་པ། དབུས་པའི་སྐྱེ་བོ་གནས་པ་གང་དུ་སྐྱེ་བོ་གཅིག་བཏུལ་བས་སྐྱེ་བོའི་ཚོགས་ཆེན་པོ་འདུལ་བར་འགྱུར་བའི་ཡུལ་གང་ཡིན་པ་ གཟིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། དབུས་ཀྱི་ཡུལ་འདི་ནི་བུ་རམ་ཤིང་གི་ཕྲེང་བ་དང་འབྲས་དང་བ་ལང་དང་མ་ཧེ་ཕུན་སུམ་ཚོགས་པ། སློངས་མོ་པ་བརྒྱ་འདུ་བ། མཐའ་འཁོབ་ཀྱི་སྐྱེ་བོ་མེད་པ། དབུས་པའི་སྐྱེ་བོ་གནས་པ། གང་དུ་སྐྱེ་བོ་གཅིག་བཏུལ་བས་སྐྱེ་བོའི་ཚོགས་ཆེན་པོ་བཏུལ་བར་འགྱུར་བ་ཡིན་གྱིས། མ་ལ་བདག་ལ་གཞན་དག་བྱང་ཆུབ་སེམས་དཔས་ཡུལ་མཐའ་འཁོབ་རྣམས་སུ་ཉིང་མཚམས་སྦྱོར་ བ་བླངས་སོ་ཞེས་གཞི་འདིས་ཁ་ཟེར་བར་མི་འགྱུར་བར་བདག་གིས་ཡུལ་དབུས་སུ་ཉིང་མཚམས་སྦྱོར་བ་བླང་བར་བྱའོ་སྙམ་མོ། །འདི་ལྟར་བྱང་ཆུབ་སེམས་དཔས་ཐོག་མ་མེད་པའི་དུས་ནས་སྨད་པར་མི་འགྱུར་བའི་ ལས་བྱས་ཤིང་བསགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་བཤད་པ་འབྲས་བུ་མེད་པ་མ་ཡིན་པས་རྒྱུ་འདིས་ན་བྱང་ཆུབ་སེམས་དཔའ་ཡུལ་ལ་གཟིགས་པར་མཛད་དོ། །བྱང་ཆུབ་སེམས་དཔའ་རྣམས་ 67-1-5a རྒྱུ་གང་གིས་ན་དུས་ལ་གཟིགས་པར་མཛད་ཅེ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ནི་འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་དུས་ཇི་ལྟ་བུ་ཞིག་ཏུ་འཛམ་བུའི་ གླིང་དུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན། སྐྱེ་དགུའི་ཚེ་ལོ་ཡར་སྐྱེ་བ་ན་བརྒྱད་ཁྲི་ཐུབ་པ་ཡན་ཆད་ཉིང་མཚམས་སྦྱོར་བ་མི་ལེན་ལ། མི་རྣམས་ཀྱི་ཚེ་ལོ་མར་འགྲིབ་པ་ན་བརྒྱ་ཐུབ་པ་མན་ཆད་ཉིང་མཚམས་སྦྱོར་བ་མི་ལེན་ནོ། ། བྱང་ཆུབ་སེམས་དཔའ་རྒྱུ་གང་གིས་མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ཡན་ཆད་ཉིང་མཚམས་སྦྱོར་བ་ལེན་པར་མི་མཛད་ཅེ་ན། མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་ཡིད་འབྱུང་བར་དཀའ་ཞིང་སྐྱོ་བར་བྱ་བར་ དཀའ་ལ་བླུན་ཞིང་དབང་པོ་རྟུལ་བ་དང་། བག་མེད་ཅིང་བདེ་བ་མང་བས་བདེན་པ་རྣམས་ཀྱི་སྣོད་ཏུ་མི་འགྱུར་བའི་ཕྱིར་རོ། །མར་འགྲིབ་པ་ལོ་བརྒྱ་མན་ཆད་ཏུ་ཡང་སྙིགས་མ་ལྔ་པོ་འདི་ལྟ་སྟེ་ཚེའི་སྙིགས་མ་དང་། ཉོན་ མོངས་པའི་སྙིགས་མ་དང་། སེམས་ཅན་གྱི་སྙིགས་མ་དང་། ལྟ་བའི་སྙིགས་མ་དང་། དུས་ཀྱི་སྙིགས་མ་ཤས་ཆེ་བ་ཡིན་པས་བདག་ལ་གཞན་དག་བྱང་ཆུབ་སེམས་དཔས་སྙིགས་མ་ལྔ་ཤས་ཆེ་བའི་དུས་སུ་ཉིང་མཚམས་ སྦྱོར་བ་བླངས་སོ་ཞེས་གཞི་འདིས་ཁ་ཟེར་བར་མི་འགྱུར་རོ། །འདི་ལྟར་བྱང་ཆུབ་སེམས་དཔས་ཐོག་མ་མེད་པའི་དུས་ནས་སྨད་པར་མི་འགྱུར་བའི་ལས་བྱས་ཤིང་བསགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ ནི་ཆོས་བཤད་པ་འབྲས་བུ་མེད་པ་མ་ཡིན་པས་རྒྱུ་འདིས་ན་བྱང་ཆུབ་སེམས་དཔའ་རྣམས་དུས་ལ་གཟིགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་རྒྱུ་གང་གིས་རྒྱུད་ལ་གཟིགས་པར་མཛད་ཅེ་ན། བྱང་ཆུབ་སེམས་ དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ནི་འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་རྒྱུད་ཅི་འདྲ་བ་ཞིག་ཏུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན། རིགས་གང་ཞིག་བཙུན་པར་བཀུར་ཞིང་མ་མེས་དང་། 67-1-5b ཕ་མེས་ཟུང་བདུན་གྱི་བར་དུ་སྤྱོད་པ་ལ་སྐྱོན་མེད་པར་གཟིགས་ནས། དེ་འདི་སྙམ་དུ་དགོངས་ཏེ་ཤཱཀྱའི་རིགས་རྒྱུད་འདི་ནི་བཙུན་པར་བཀུར་བ་ཡིན་ཞིང་མང་པོས་བཀུར་བ་ནས་བཟུང་སྟེ་སྤྱོད་པ་སྐྱོན་མེད་པ་ཡིན་ གྱིས། མ་ལ་བདག་ལ་གཞན་དག་བྱང་ཆུབ་སེམས་དཔས་རྒྱུད་ངན་པ་ལས་ཉིང་མཚམས་སྦྱོར་བ་བླངས་སོ་ཞེས་གཞི་འདིས་ཁ་ཟེར་བར་མི་འགྱུར་བར་བདག་གིས་རྒྱལ་པོ་ཟས་གཙང་མའི་རྒྱུད་ཏུ་ཉིང་མཚམས་སྦྱོར་བ་བླང་ ངོ་སྙམ་མོ། །འདི་ལྟར་བྱང་ཆུབ་སེམས་དཔས་ཐོག་མ་མེད་པའི་དུས་ནས་སྨད་པར་མི་འགྱུར་བའི་ལས་བྱས་ཤིང་བསགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་བཤད་པ་འབྲས་བུ་མེད་པ་མ་ཡིན་ པས་རྒྱུ་འདིས་ན་བྱང་ཆུབ་སེམས་དཔའ་རྒྱུད་ལ་གཟིགས་པར་མཛད་དོ། །བྱང་ཆུབ་སེམས་དཔའ་རྣམས་རྒྱུ་གང་གིས་བུད་མེད་ལ་གཟིགས་པར་མཛད་ཅེ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་ བཞུགས་པ་ནི་འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་བུད་མེད་ཅི་འདྲ་བ་ཞིག་གི་རུམ་དུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན་དེ་འདི་སྙམ་དུ་དགོངས་ཏེ། བུད་མེད་གང་ཞིག་གཟུགས་བཟང་མོ་དང་ ལྡན་པ། རིགས་དང་ལྡན་པ། རིགས་འཕེལ་བར་འགྱུར་བ། ཁྲོ་བག་ཅན་མ་ཡིན་པ། ཕྲ་མ་ཅན་མ་ཡིན་པ། ངག་རྩུབ་པ་མ་ཡིན་པ། དད་པ་དང་ལྡན་པ། རང་བཞིན་བཟང་བ། བསམ་པ་དགེ་བ། རྒྱུད་ཕུན་སུམ་ ཚོགས་པ། རིགས་མཐོ་བ། ཉེ་དུའི་རིགས་དང་ལྡན་པ། ཤེས་རབ་ཕུན་སུམ་ཚོགས་པ། གཏོང་བ་ཕུན་སུམ་ཚོགས་པ། མཚན་ཉིད་མི་གཡོ་བ། རང་བཞིན་བརྟན་ལ་རྒོད་བག་ཅན་མ་ཡིན་པ་ཁེངས་པ་མེད་ པ། བྱམས་པའི་སེམས་དང་ལྡན་པ། སྡུག་ཅིང་ཡིད་ཏུ་འོང་བ། འཇིག་རྟེན་ཐམས་ཅད་ལ་ཆོས་དང་ལྡན་པ། བུད་མེད་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ། སྔོན་གྱི་སངས་རྒྱས་རྣམས་ལ་ཨེ་མའོ་བདག་སངས་རྒྱས་ 67-1-6a ཀྱི་ཡུམ་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང་། བྱང་ཆུབ་སེམས་དཔའ་ཟླ་བ་བཅུ་རུམ་དུ་འཛིན་ནུས་པ་དང་རང་གི་དོན་ཡང་ཉམས་པར་མི་བྱེད་པ་ཡིན་པར་གཟིགས་སོ། །དེ་ནས་བྱང་ཆུབ་སེམས་ དཔའ་འདི་སྙམ་དུ་དགོངས་ཏེ། སྒྱུ་འཕྲུལ་ཆེན་མོ་འདི་ནི་མ་མེས་དང་ཕ་མེས་ཟུང་བདུན་གྱི་བར་དུ་སྤྱོད་པ་ལ་སྐྱོན་མེད་ཅིང་གཟུགས་དང་ལྡན་པ་དང་། རིགས་དང་ལྡན་པ་དང་། ཚུལ་དང་ལྡན་ཞེས་བྱ་བ་ནས་བུད་མེད་ཐམས་ ཅད་ཀྱི་མཆོག་ཏུ་གྱུར་ཅེས་བྱ་བའི་བར་གོང་མ་བཞིན་ཏེ། ཁྲོ་བག་ཅན་མ་ཡིན་པ་དང་། རིགས་འཕེལ་བར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་རུམ་དུ་ཟླ་བ་བཅུར་འཛིན་ནུས་པ་དང་། རང་གི་དོན་ཡང་མི་ཉམས་པ་ ཡིན་ལ་འདི་ལྟར་སྒྱུ་འཕྲུལ་ཆེན་མོས་སྔོན་སངས་རྒྱས་རྣམས་ལ་ཀྱེ་མ་བདག་སངས་རྒྱས་ཀྱི་ཡུམ་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ཡང་ཡིན་པས་བདག་ལ་གཞན་དག་བྱང་ཆུབ་སེམས་དཔས་མཚན་ངན་པ་དང་ལྡན་པའི་ བུད་མེད་ཀྱི་རུམ་དུ་ཉིང་མཚམས་སྦྱོར་བ་བླངས་སོ་ཞེས་ཁ་ཟེར་བར་མི་འགྱུར་རོ་སྙམ་མོ། །འདི་ལྟར་བྱང་ཆུབ་སེམས་དཔས་སྨད་པར་མི་འགྱུར་བའི་ལས་བྱས་ཤིང་བསགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་ རྣམས་ནི་ཆོས་བཤད་པ་འབྲས་བུ་མེད་པ་མ་ཡིན་པས་རྒྱུ་འདིས་ན་བྱང་ཆུབ་སེམས་དཔའ་བུད་མེད་རྣམས་ལ་གཟིགས་པར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་གཟིགས་པ་ལྔས་གཟིགས་ནས་དགའ་ལྡན་ན་སྤྱོད་ པའི་ལྷའི་རིས་རྣམས་ལ་གསུངས་པ། གྲོགས་པོ་དག་ཤེས་པར་གྱིས་ཤིག །ང་འཛམ་བུའི་གླིང་དུ་བབས་ནས་ཡུལ་དབུས་སུ་ཉིང་མཚམས་སྦྱོར་བ་ལེན་གྱིས་ཁྱེད་ཅག་ལས་གང་དག་བདུད་རྩི་དོན་དུ་གཉེར་བ་ཕལ་ ཆེར་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་དྲུག་པོ་འདི་ལྟ་སྟེ། མཉན་ཡོད་དང་སཱ་ཀེ་ཏ་དང་ཡངས་པ་ཅན་དང་ཙམ་པ་དང་རྒྱལ་པོའི་ཁབ་དང་བཱ་རཱ་ཎ་སཱིར་ཉིང་མཚམས་སྦྱོར་བ་ལོང་ཤིག །དེ་སྐད་ཅེས་བཀའ་སྩལ་པ་དང་། དགའ་ 67-1-6b ལྡན་གྱི་རིས་ཀྱི་ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་དཔའ་མཁྱེན་པར་མཛོད་ཅིག །ད་ལྟར་འཇིག་རྟེན་ནི་སྡིག་པས་གོས་པ། སྐྱེ་དགུ་ནི་མ་རུངས་པའི་བསམ་པ་ཅན། འཛམ་བུའི་གླིང་ན་རྟོག་གེ་པ་དྲུག་དང་། རྗེས་སུ་སྒྲོགས་པ་དྲུག་དང་། སྙོམས་པར་འཇུག་པ་དྲུག་གིས་དཀྲུགས་པ་ལགས་སོ། །དེ་ལ་རྟོག་གེ་པ་དྲུག་གང་ཞེ་ན། འདི་ལྟ་སྟེ། འོད་སྲུང་རྫོགས་བྱེད་དང་། ཀུན་དུ་རྒྱུ་གནག་ལྷས་ ཀྱི་བུ་དང་། སྨྲང་འདོན་གྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། མི་འཕམ་སྐྲའི་ལ་བ་ཅན་དང་། ཀཱ་ཏྱཱའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུའོ། །རྗེས་སུ་སྒྲོགས་པ་དྲུག་གང་ཞེ་ན། འདི་ལྟ་སྟེ། བྲམ་ཟེ་སྒྱུས་རྒལ་དང་། བྲམ་ཟེ་རྣས་རྡེག་དང་། བྲམ་ཟེ་བཟང་ལྡན་དང་། བྲམ་ཟེ་ཚངས་པའི་ཚེ་དང་། བྲམ་ཟེ་པད་མའི་སྙིང་པོ་དང་། བྲམ་ཟེ་དམར་པོའོ། །སྙོམས་པར་འཇུག་པ་དྲུག་གང་ཞེ་ན། འདི་ལྟ་སྟེ། རངས་བྱེད་ཀྱི་བུ་ལྷག་སྤྱོད་དང་། སྒྱུ་ རྩལ་ཤེས་ཀྱི་བུ་རིང་འཕུར་དང་། ཀུན་ཏུ་རྒྱུ་རབ་བཟང་དང་། བྲམ་ཟེའི་ཁྱེའུ་ཀུན་རྒྱལ་དང་། དྲང་སྲོང་ཉོན་མོངས་མེད་པ་དང་། ལྟེང་རྒྱས་འོད་སྲུང་རལ་པ་ཅན་ནོ། །འདིར་ནི་ཆོས་མཉན་པའི་སླད་དུ་བྱང་ཆུབ་སེམས་ དཔའ་ཁྱེད་ཀྱི་གདན་དཔག་ཚད་བཅུ་གཉིས་པ་བཤམ་པ་བགྱི་ཞིང་བདག་ཅག་འདི་སྙམ་དུ་བདག་ཅག་ལ་དགའ་ལྡན་གྱི་གནས་ན་བྱང་ཆུབ་སེམས་དཔའ་བཞུགས་པས་ཆོས་བཤད་དེ་ཆོས་དེ་བདག་ཅག་གིས་ཐོས་ནས་ཅི་ནས་ ཀྱང་བདག་ཅག་ཡུན་རིང་པོའི་དོན་དང་། སྨན་པ་དང་། བདེ་བར་འགྱུར་བ་དེ་ལྟ་དེ་ལྟར་བསྒྲུབ་པར་བགྱིད་པར་སེམས་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བྱང་ཆུབ་སེམས་དཔས་དགའ་ལྡན་གྱི་ལྷ་རྣམས་ལ་ འདི་སྐད་ཅེས་གསུངས་སོ། །གྲོགས་པོ་དག་དེའི་ཕྱིར་རོལ་མོའི་ཆ་སྤྱད་ཐམས་ཅད་བརྡུངས་ཤིག །དགའ་ལྡན་གྱི་རིས་ཀྱི་ལྷ་རྣམས་ཀྱིས་རོལ་མོའི་ཆ་སྤྱད་ཐམས་ཅད་བརྡུངས་པ་དང་། བྱང་ཆུབ་སེམས་དཔས་ཀྱང་དུང་བུས་ 67-1-7a ཏེ་གསུངས་པ། གྲོགས་པོ་དག་འདི་ལ་ལྷག་པར་སྒྲ་གང་ཆེ། བཅོམ་ལྡན་འདས་དུང་གི་སྒྲ་ལགས་སོ། །གྲོགས་པོ་དག་ཇི་ལྟར་དུང་གི་སྒྲས་རོལ་མོའི་ཆ་སྤྱད་ཐམས་ཅད་ཟིལ་གྱིས་མནན་ཏེ་གནས་པ་དེ་ བཞིན་དུ་ངས་ཀྱང་འཛམ་བུ་གླིང་དུ་སོང་ལ་རྟོག་གེ་པ་དྲུག་དང་། རྗེས་སུ་སྒྲོགས་པ་དྲུག་དང་། སྙོམས་པར་འཇུག་པ་དྲུག་ཟིལ་གྱིས་མནན་ནས་བདུད་རྩི་རྟོགས་པར་བྱ་སྟེ། བདུད་རྩིས་འགྲོ་བ་ཚིམ་པར་བྱའོ། །མི་རྟག་ པའི་དུང་བུད་པར་བྱའོ། །སྟོང་པ་ཉིད་ཀྱི་རྔ་བརྡུང་བར་བྱའོ། །བདག་མེད་པའི་སེང་གེའི་སྒྲ་བསྒྲག་པར་བྱའོ་ཞེས་གསུངས་ནས་ཚིགས་སུ་བཅད་དེ་ཡང་གསུངས་པ། སེང་གེ་གཅིག་གིས་གཅན་ཟན་ཚོགས་ནི་དུ་མ་ འཇོམས། །རྡོ་རྗེ་གཅིག་གིས་བྲག་གི་རྩེ་མོ་དུ་མ་འཇིག །བརྒྱ་བྱིན་གཅིག་གིས་ལྷ་མ་ཡིན་དཔང་དུ་མ་འཇོམས། །ཉི་མ་གཅིག་གིས་མུན་པ་དུ་མ་རྣམ་པར་སེལ། །གྲོགས་པོ་དག་ཁྱེད་ཅག་ལས་གང་བདུད་རྩི་དོན་ ཏུ་གཉེར་བ་དེ་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་དྲུག་ཏུ་ཉིང་མཚམས་སྦྱོར་བ་ལོང་ཤིག །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ་བྱང་ཆུབ་སེམས་དཔའ་འདི་ནི་བཙུན་མོ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་སུ་ ཉིང་མཚམས་སྦྱོར་བ་ལེན་པར་བཞེད་ཀྱིས་མ་ལ་དེ་ལ་བདག་གིས་གཟི་བརྗིད་བསྒྲུབ་པར་བྱ། ལྷུམས་ཀྱང་སྦྱང་བར་བྱའོ་སྙམ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་ལ་གཟི་བརྗིད་ བསྒྲུབས་ཤིང་ལྷུམས་ཀྱང་གཙང་མར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་རིགས་དང་། ཡུལ་དང་། དུས་དང་། རྒྱུད་དང་། བུད་མེད་ལ་གཟིགས་པ་སྟེ། གཟིགས་པ་ལྔས་ གཟིགས་ནས་ནམ་གྱི་གུང་ལ་གླང་པོ་ཆེར་བསྟན་ཏེ་དགའ་ལྡན་གྱི་ལྷའི་རིས་ནས་འཕོས་ནས་ཡུམ་གྱི་ལྷུམས་སུ་ཞུགས་སོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ་ཡུམ་ 67-1-7b གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་ས་ཆེན་པོ་འདི་ཤིན་དུ་གཡོས་པར་གྱུར་འཇིག་རྟེན་འདི་ཐམས་ཅད་སྣང་བ་རྒྱ་ཆེན་པོས་གསལ་བར་གྱུར་ཅིང་འཇིག་རྟེན་ན་འཇིག་རྟེན་གྱི་བར་གྱི་མུན་པ་མུན་གནག་སྨག་དུ་གྱུར་པ། གང་ དུ་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་དག་གིས་ཀྱང་འོད་ཀྱིས་སྣང་བར་མི་ནུས་པ་དེ་དག་ཀྱང་དེའི་ཚེ་སྣང་བ་ཆེན་པོས་གསལ་བར་གྱུར་ཏོ། །དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་རང་གི་ ལག་པ་བརྐྱང་བ་མི་མཐོང་བ་ལས། དེ་རྣམས་སྣང་བ་དེས་གཅིག་གིས་གཅིག་མཐོང་ནས་ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ། །ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ་ཞེས་བྱ་བར་ ཤེས་སོ། །ཇི་ལྟར་སྤྲིན་ནི་རྒྱ་ཆེན་ལེགས་འདུས་པ། །ཆུ་མང་བསགས་པ་རླུང་གིས་བསྐྱོད་པ་ལྟར། །དེ་བཞིན་བློ་ལྡན་དེ་ནི་ལྷུམས་འཇུག་པ། །སྟོན་ཀའི་སྤྲིན་རུམ་ཟླ་རྒྱས་ཇི་བཞིན་ནོ། །གང་ཚེ་རྩལ་ལྡན་མཉམ་མེད་ཉེར་ གཤེགས་ལ། །དེ་ཚེ་འཇིག་རྟེན་སོ་སོའི་གླིང་བར་ན། །མུན་གྱིས་ཁེབས་བསལ་ཕྱོགས་ཀུན་ཤིན་ཏུ་ནི། །གསལ་སྣང་བྱུང་གྱུར་འདི་འདིར་ཆོས་ཉིད་དོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་རིས་ནས་ འཕོས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་པར་མཛད་པ་དེ་ཉིད་ཀྱི་མཚན་མོ་བཙུན་མོ་སྒྱུ་འཕྲུལ་ཆེན་མོས་རྨི་ལམ་བཞི་མཐོང་སྟེ་གླང་པོ་ཆེའི་ཕྲུ་གུ་དཀར་པོ་ཞིག་བདག་གི་རུམ་གཡས་པ་དྲལ་ནས་ཞུགས་པ་དང་། སྟེང་གི་ནམ་ མཁའ་ལ་སྐྱིལ་མོ་དཀྲུང་གིས་འཆག་པ་དང་། སེང་གེའི་གདན་ལ་འདུག་ནས་སྐྱེ་བོའི་ཚོགས་ཆེན་པོ་ལ་ཆོས་སྟོན་པ་དང་། ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་བདག་ལ་ཕྱག་བྱེད་པའོ། །རྒྱལ་པོ་ཟས་གཙང་ མས་བཙུན་མོ་ལས་དེ་ཐོས་པ་དང་། མཚན་མཁན་རྣམས་ལ་རྨི་ལམ་འདི་ཇི་ལྟར་སྟོན་པ་ཡིན་དྲིས་པ་དང་། དེ་རྣམས་ཀྱིས་སྨྲས་པ། ལྷ་མཁྱེན་པར་མཛོད་ཅིག །གང་བཙུན་མོས་རྨི་ལམ་དུ་མཐོང་བ་གླང་པོ་ཆེའི་ཕྲུ་ 67-1-8a གུ་དཀར་པོ་ཞིག་བདག་གི་རུམ་གཡས་པ་དྲལ་ནས་ཞུགས་པ་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བའི་སྲས་བལྟམ་པར་འགྱུར་རོ། །སྟེང་གི་ནམ་མཁའ་ལ་འཆག་གོ་ཞེས་བྱ་བ་ནི་རྫུ་འཕྲུལ་ཆེ་བ་དང་མཐུ་ ཆེ་བར་འགྱུར་རོ། །སེང་གེའི་གདན་ལ་འདུག་སྟེ་ཆོས་སྟོན་ཏོ་ཞེས་བྱ་བ་ནི་དེ་ཡང་སེང་གེའི་གདན་ལ་བཞུགས་ཏེ་འཁོར་བཞི་ལ་ཆོས་སྟོན་པར་འགྱུར་རོ། །ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་བདག་ལ་ ཕྱག་བྱེད་དོ་ཞེས་བྱ་བ་ནས་གལ་ཏེ་དེ་རབ་ཏུ་བྱུང་བར་གྱུར་ན་ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མཆོད་ཅིང་རྗེད་ལ་མངོན་པར་བསྟོད་པར་འགྱུར་རོ། །ཆོས་ཉིད་ཀྱིས་གང་གི་ཚེ་བྱང་ཆུབ་སེམས་དཔའ་དགའ་ལྡན་ གྱི་ལྷའི་རིས་ནས་འཕོས་ཏེ་ཡུམ་གྱི་ལྷམས་ན་ཞུགས་པ་དེའི་ཚེ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་དེ་ལ་མི་འམ་མི་མ་ཡིན་པ་སུས་ཀྱང་འཚེ་བར་མི་འགྱུར་བར། ལྷའི་བུ་བཞི་ཡུམ་གྱི་སྲུངས་མར་འཇོག་པ་ནི་ ལག་ན་རལ་གྲི་དང་། ལག་ན་མདུང་དང་། ལག་ན་མདུང་ཐུང་དང་། ལག་ན་མདའ་བོ་ཆེའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལྷ་མཆོག་བཞི་ལ་བརྒྱ་བྱིན་གྱིས་སྨྲས་པ། །ཁྱེད་རྣམས་སོང་ལ་ལྷ་མི་རྣམས་ཀྱི་ནི། །ཤིན་ཏུ་ མཆོག་གྱུར་ཡུམ་དེ་ཇི་ལྟར་སུའང་། །གནོད་མི་བྱེད་པར་གུས་པས་ཡོངས་སུ་སྲུངས། །དེ་རྣམས་ཤིན་ཏུ་འབད་བྱས་དགའ་བ་དང་། །བརྒྱ་བྱིན་ལུང་ནི་སྤྱི་བོས་མནོས་ནས་སུ། །རྣམ་ཀུན་མདའ་མདུང་རལ་གྲི་ལག་ན་ ཐོགས། །བྱང་ཆུབ་སེམས་དཔའི་ཡུམ་ནི་སྲུང་བར་བྱེད། །གཡུལ་དུ་རྒྱལ་གྱུར་ལྷ་བཞིས་སྦས་པ་དང་། །དེ་ནི་ཉིན་མཚན་སྣ་ཚོགས་རྒྱན་འཆིང་ཞིང་། །ལྷ་མོ་རང་ཁྱིམ་ནང་ནས་རྣམ་རོལ་པ། །དགའ་བའི་ ཚལ་ན་སྤྱོད་པ་ལྟ་བུར་སྤྱོད། །དེ་ནས་དུས་གཞན་ཞིག་ན་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་འདི་ལྟ་བུའི་འདོད་པ་སྐྱེས་ཏེ། ཀྱེ་མའོ་ལྷ་བཙོན་ཐམས་ཅད་ཐར་བར་བགྱིའོ། །རྒྱལ་པོ་ཟས་གཙང་མས་ཀྱང་བཙུན་མོའི་ཚིག་ 67-1-8b མཉན་ནས་བཙོན་ཐམས་ཅད་ཐར་བར་བྱས་སོ། །དེ་ནས་དུས་གཞན་ཞིག་ན་བཙུན་མོ་འདོད་པ་སྐྱེས་པ། ཀྱེ་མའོ་ལྷས་གྲོང་ཁྱེར་གྱི་ཤར་ཕྱོགས་ཀྱི་དབུས་སུ་དམན་པ་དང་། ལོང་བ་དང་། བཀྲེན་པ་དང་། སྡུག་ཕོངས་ པ་དང་། སློངས་མོ་པ་རྣམས་ལ་སྦྱིན་པ་བྱིན་ལ་བསོད་ནམས་དག་བྱས་པ་དང་། ལྷོ་དང་། ནུབ་དང་། བྱང་དང་། སུམ་མདོའི་དབུས་སུ་དམན་པ་དང་། ལོང་བ་དང་། བཀྲེན་པ་དང་། སྡུག་ཕོངས་པ་དང་། སློངས་མོ་པ་རྣམས་ལ་ སྦྱིན་པ་བྱིན། བསོད་ནམས་ནི་བགྱིའོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་བཙུན་མོའི་ཚིག་མཉན་ནས་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་དམན་པ་དང་། ལོང་བ་དང་། བཀྲེན་པ་དང་། སྡུག་ཕོངས་པ་དང་། སློངས་མོ་པ་རྣམས་ ལ་ཇི་ལྟར་མངོན་པར་འདོད་པ་དང་། ཇི་ལྟར་བསླངས་པ་བཞིན་དུ་སྦྱིན་པ་ནི་བྱིན། བསོད་ནམས་ནི་བྱས་པ་དང་། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། སུམ་མདོའི་དབུས་སུ་དམན་པ་དང་། ལོང་བ་དང་། བཀྲེན་པ་དང་། སྡུག་ཕོངས་པ་དང་། སློངས་མོ་པ་རྣམས་གང་མངོན་པར་འདོད་པ་དང་། ཇི་ལྟར་བསླངས་པ་བཞིན་དུ་སྦྱིན་པ་ནི་བྱིན་བསོད་ནམས་ནི་བྱས་སོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་དགའ་ལྡན་གྱི་ལྷའི་རིས་ ནས་འཕོས་ཏེ་ཡུམ་གྱི་ལྷུམས་ན་བཞུགས་པ་ན་མཛོད་ཀྱི་ནང་དུ་རྫས་བཞག་པ་བཞིན་དུ་མངལ་གྱི་དྲི་མ་དང་། ཤ་མའི་དྲི་མ་དང་། ཁྲག་གི་དྲི་མ་དང་། མི་གཙང་བ་གང་ཡང་རུང་བ་སྣ་ཚོགས་ཀྱིས་མ་སྦགས་སོ། །དཔེར་ ན་ནོར་བུ་རིན་པོ་ཆེ་ཀ་ཤིའི་རས་ཀྱིས་མི་གོས་པ་དང་། ཀ་ཤིའི་རས་ཀྱང་ནོར་བུ་རིན་པོ་ཆེས་མི་གོས་པ་དེ་བཞིན་དུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ན་བཞུགས་པ་ན་མཛོད་ཀྱི་ནང་དུ་རྫས་བཞག་ པ་བཞིན་དུ་མངལ་གྱི་དྲི་མ་དང་། ཤ་མའི་དྲི་མ་དང་། ཁྲག་གི་དྲི་མ་དང་། མི་གཙང་བ་གང་ཡང་རུང་བ་སྣ་ཚོགས་ཀྱིས་མ་སྦགས་སོ། །ཇི་ལྟར་ནོར་བུ་ཚོན་ཤེལ་འོད་གསལ་དང་། །རབ་གཙང་ཀ་ཤིའི་རས་ཀྱང་ 67-1-9a གོས་པ་མེད། །དེ་བཞིན་ཐུབ་ཆེན་ལྷུམས་ན་བཞུགས་པ་ན། །མངལ་གྱི་དྲི་མ་ཅིས་ཀྱང་གོས་པ་མེད། །གང་གི་ཚེ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་རིས་ནས་འཕོས་ནས་ཡུམ་གྱི་ལྷུམས་ ན་བཞུགས་པ་དེའི་ཚེ་ཡུམ་གྱི་ལྷུམས་ན་དེ་ཐམས་ཅད་ཡོངས་སུ་རྫོགས་པས་བཞུགས་པ་མཐོང་ངོ་། །དཔེར་ན་ནོར་བུ་བཻ་དཱུརྱ་ཟུར་བརྒྱད་པ་བཟང་པོ། རིགས་དང་ལྡན་པ། དང་བ་གསལ་བ། དྲི་མ་མེད་པ། ཚོན་སྐུད་སྣ་ ལྔ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབ་རྒན་ལ་བརྒྱུས་ལ་དེ་སྐྱེས་བུ་མིག་དང་ལྡན་པས་མཐོང་ན་འདི་ནི་སྐུད་པའོ། །འདི་ནི་ནོར་བུའོ། །སྐུད་པ་འདི་ལ་ནོར་བུ་བརྒྱུས་པ་ཡིན་ནོ་ཞེས་ཤེས་ པ་དེ་བཞིན་དུ། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་དགའ་ལྡན་གྱི་གནས་ནས་འཕོས་ཏེ་ཡུམ་གྱི་ལྷུམས་ན་བཞུགས་པ་དེའི་ཚེ། དེའི་ཡུམ་གྱི་ལྷུམས་ན་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་ ལྷུམས་ཀྱི་ནང་ན་བཞུགས་པ་མཐོང་ངོ་། །ཇི་ལྟར་དྲི་མེད་ནོར་བུ་བཻ་དཱུརྱ། །འོད་གསལ་ལག་པར་བཞག་པ་སྣང་བ་ལྟར། །དེ་བཞིན་ཐུབ་ཆེན་ཡུམ་གྱི་ལྷུམས་བཞུགས་པ། །ཤེས་ཤིང་སེམས་པས་ཡུམ་ནི་ ཡང་དག་ལྟ། །ཆོས་ཉིད་ཀྱིས་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་དགའ་ལྡན་ནས་འཕོས་ནས་ཡུམ་གྱི་ལྷུམས་ན་བཞུགས་པ་དེའི་ཚེ། དེའི་ཡུམ་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་འཛིན་པས་ ལུས་ངལ་བ་འམ་ལུས་དུབ་པར་འགྱུར་བ་མེད་དོ། །ལས་ཀྱི་རྣམ་སྨིན་ཟད་པས་མཐོ་རིས་འཕོས། །གང་ཚེ་འདི་ནི་ལྷུམས་ཞུགས་བཞུགས་པ་ན། །དེའི་ཡུམ་ངལ་བས་འཛིན་པར་མི་བྱེད་པར། །དེ་ཚེ་གྱུར་ པ་འདིར་དེ་ཆོས་ཉིད་དོ། །ཆོས་ཉིད་ཀྱིས་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་དགའ་ལྡན་གྱི་གནས་ནས་འཕོས་ནས་ཡུམ་གྱི་ལྷུམས་ན་བཞུགས་པ་དེའི་ཚེ་ཡུམ་དེ་ཕན་ཆད་ཇི་སྲིད་འཚོའྀ་བར་དུ་བརྟུལ་ 67-1-9b ཞུགས་ལྔའི་གཞི་བླངས་པར་གྱུར་ཏེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་གོ། །མ་བྱིན་པར་ལེན་པ་དང་། མི་ཚངས་པ་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། སྦྱར་བའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་། སྦྱར་བའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་པར་བྱེད་དོ། །སྲོག་མི་གཅོད་དང་མ་བྱིན་མི་ལེན་དང་། །བརྫུན་ མི་སྨྲ་དང་ཆང་ལ་མི་བརྐམ་དང་། །འཁྲིག་པའི་མི་ཚངས་སྤྱོད་པ་སྤོང་བ་འདི། །འདི་ནི་དོན་གྲུབ་ཡུམ་གྱི་ཆོས་ཉིད་ཡིན། །ཆོས་ཉིད་ཀྱིས་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་དགའ་ལྡན་གྱི་གནས་ནས་འཕོས་ ནས་ཡུམ་གྱི་ལྷུམས་ན་བཞུགས་པ་དེའི་ཚེ་དེའི་ཡུམ་འདི་ལྟ་སྟེ། སྐྱེས་པ་རྣམས་ལ་འདོད་པ་དང་ལྡན་པའི་ཡིད་གཏོད་པ་མེད་དོ། །ཉོན་མོངས་རྣམས་ལ་ཆགས་པར་མི་འགྱུར་ཞིང་། །དེ་ནི་འདོད་རྒྱུས་སེམས་ གདུངས་མི་འགྱུར་ལ། །དེ་ཡུམ་འདོད་པའི་ཡོན་ཏན་ལྡན་པ་ཡི། །སྐྱེས་པ་རྣམས་ལ་སེམས་ནི་གཏོད་པ་མེད། །དེ་ནས་དུས་གཞན་ཞིག་ན་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་འདོད་པ་སྐྱེས་པ་ཀྱེ་མ་བདག་གིས་རྒྱ་མཚོ་ཆེན་ པོ་བཞིའི་ཆུ་བཏུང་ངོ་སྙམ་ནས་དེས་རྒྱལ་པོ་ཟས་གཙང་ལ་སྨྲས་པ་དང་། རྒྱལ་པོ་ཟས་གཙང་གིས་མཚན་མཁན་རྣམས་ལ་སྨྲས་པ། ཅིའི་ཕྱིར་བཙུན་མོ་འདི་ལྟ་བུའི་འདོད་པ་སྐྱེས། མཚན་མཁན་རྣམས་ཀྱིས་ལྷ་ བཙུན་མོ་ལ་སྲས་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་སྐུ་བརྒྱན་པ་ཞིག་བལྟམ་པར་འགྱུར་ཏེ་དེ་རབ་ཏུ་བྱུང་ནས་ཤེས་བྱའི་རྒྱ་མཚོ་མཐའ་དག་འཐུང་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །རྒྱལ་པོ་ཟས་གཙང་ གིས་སྨྲས་པ། གལ་ཏེ་འདི་ལ་མཚོ་ཆེན་པོའི་ཆུ་མ་བླུད་ན་ཅིར་འགྱུར། དེ་རྣམས་ཀྱིས་སྨྲས་པ། སྲས་ཡན་ལག་མ་ཚང་བ་ཞིག་བཙས་པར་འགྱུར་རོ། །རྒྱལ་པོས་སྨྲས་པ། ངའི་མིང་ཟས་གཙང་ཞེས་བྱ་བའི་བུ་ 67-1-10a ཡན་ལག་མ་ཚང་བར་བྱ་འམ། དེའི་ཚེ་གྲོང་ཁྱེར་སེར་སྐྱའི་གཞི་ན་ཀུན་ཏུ་རྒྱུ་མིག་དམར་ཞེས་བྱ་བ་མིག་འཕྲུལ་ལ་བྱང་བ་ཞིག་འདུག་པ་དེ་རྒྱལ་པོས་བཀུག་ནས་རྒྱ་མཚོ་ཆེན་པོ་ལས་ཆུ་མྱུར་བར་ ཁུག་ཤིག་ཅེས་བསྒོ་བ་དང་། དེས་དེ་ཉིད་ན་འདུག་བཞིན་དུ་རྒྱ་མཚོ་ཆེན་པོ་བཞིའི་ཆུ་དྲངས་ཏེ་དེ་རྣམས་ལ་བཙུན་མོ་འཐུང་དུ་བཅུག་པ་དང་། དེའི་འདོད་པ་སྐྱེས་པ་གང་ཡིན་པ་དེ་དང་བྲལ་བར་གྱུར་ཏོ། །དེ་ནས་དུས་གཞན་ ཞིག་ན་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་ཚུལ་འདི་ལྟ་བུའི་འདོད་པ་སྐྱེས་ཏེ། ཀྱེ་མའོ་བདག་ལུས་ལུམ་བི་ནཱིའི་ཚལ་དུ་ཞུགས་ལ་ཤིང་གི་རྩར་ཡལ་ཀའི་མཐར་འདུག་པར་བྱའོ་སྙམ་མོ། །དེ་ནས་རྒྱལ་པོ་ཟས་གཙང་མས་བཙུན་མོ་ སྒྱུ་འཕྲུལ་ཆེན་མོ་ཚུལ་དེ་ལྟ་བུའི་འདོད་པ་སྐྱེས་པར་རིག་ནས་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་ཁྱོགས་བཤམས་ཏེ་གླང་པོའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་ཏེ་དཔུང་ གི་ཚོགས་ཡན་ལག་བཞི་པ་གོ་བཀོན་ནས་སྐྱེ་བོའི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཏེ། བཙུན་མོ་སྒྱུ་འཕྲུལ་ཆེན་མོ་དང་ལྷན་ཅིག་ཏུ་ཆས་ནས་ལུམ་བི་ནཱིའི་ཚལ་དུ་ཕྱིན་ཏོ། །དེ་ནས་བཙུན་མོ་སྒྱུ་འཕྲུལ་ཆེན་ མོས་ལུམ་བི་ནཱིའི་ཚལ་མཐོང་བ་ན་སེམས་རྩེ་གཅིག་པར་གྱུར་པ་དང་། དེ་ཁྱོགས་ལས་བབས་ཏེ། ཤིང་མྱ་ངན་འཚང་མེ་ཏོག་ཡང་དག་པར་རྒྱས་པ་མཐོང་བས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ་དེ་དེར་སོང་ནས་མེ་ཏོག་དང་། འདབ་མའི་གཡུར་གྱིས་དུད་པའི་ཡལ་ག་ལ་འཇུས་ཏེ། བུད་མེད་རྒན་པས་བསྐོར་ནས་གནས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་སྲས་བལྟམ་པར་ཉེ་བར་ གནས་ཀྱིས་མ་ལ་བདག་གིས་བྱང་ཆུབ་སེམས་དཔའ་དེ་དང་པོ་བལྟམ་པ་ན་བླང་བར་བྱའོ། །དེ་ནས་ཡང་བསམས་པ། བཙུན་མོ་སྒྱུ་འཕྲུལ་ཆེན་མོ་ནི་ངོ་ཚ་ཤེས་པ་དང་ལྡན་པ་ཡིན་པས་བདག་གི་མདུན་དུ་བལྟམ་མི་ 67-1-10b ཕོད་ཀྱིས་ཐབས་ཤིག་བཤམ་པར་བྱའོ་སྙམ་ནས་ལྷའི་དབང་པོ་བརྒྱ་བྱིན་བུད་མེད་རྒན་མོ་ཞིག་གི་ཆ་བྱད་དུ་སྤྲུལ་ཏེ། དེས་གང་གིས་བུད་མེད་རྒན་མོ་དེ་རྣམས་ཕྱོགས་བཅུར་འབྲོས་པར་འགྱུར་བ་དེ་ལྟ་བུའི་རླུང་དང་ཆར་ དྲག་པོ་ཞིག་སྤྲུལ་ནས་དེ་རྣམས་བྲོས་པ་དང་། བདག་ཉིད་མ་མ་རྒན་མོའི་ཆ་བྱད་དུ་མངོན་པར་སྤྲུལ་ནས་བཙུན་མོ་སྒྱུ་འཕྲུལ་ཆེན་མོའི་མདུན་དུ་འདུག་གོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ནི་མཁྱེན་བཞིན་དུ་ ཡུམ་གྱི་ལྷུམས་སུ་འཇུག་པ་དང་། མཁྱེན་བཞིན་དུ་གནས་པ་དང་། མཁྱེན་བཞིན་དུ་འབྱུང་བ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་དགོངས་ཏེ་གང་བདག་སྐྱེས་བུ་ཐ་མལ་པ་བཞིན་དུ་མངལ་གྱི་ སྒོ་ནས་འབྱུང་བ་ནི་ཚུལ་དང་འཐུན་པ་མ་ཡིན་གྱིས་མ་ལ་བདག་གིས་ཡུམ་གྱི་དཀུ་གཡས་པ་བརྟོལ་ལ་འབྱུང་བར་བྱའོ་ཞེས་དེ་ནས་བྱང་ཆུབ་སེམས་དཔའ་ཡུམ་གྱི་དཀུ་གཡས་པ་བརྟོལ་ཏེ་བྱུང་བ་དང་། ལྷའི་དབང་པོ་ བརྒྱ་བྱིན་གྱིས་ལག་པ་གཉིས་ཀྱིས་བླངས་པ་དང་། བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ་བརྒྱ་བྱིན་འདི་བདག་གིས་བྱང་ཆུབ་སེམས་དཔའ་འདི་བླངས་སོ་ཞེས་དྲེགས་པ་སྐྱེ་བར་འགྱུར་བར་མཁྱེན་ནས་ ངོ་བོ་ཉིད་ཀྱི་རྡོ་རྗེའི་སྙིང་པོ་ཅན་གྱི་སྐུར་བྱིན་ཀྱིས་བརླབས་ཏེ་ལྷུམས་སུ་ནི་ཡུམ་འཛིན་པས་ཉོན་མོངས་པར་མ་གྱུར་ཅིག་སྙམ་དུ་དགོངས་ནས་ཡང་བར་མཛད་དེ་བཞུགས་པ་ཡིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་ བྱིན་གྱིས་འཛིན་པར་མ་ནུས་པ་དང་འདར་བར་གྱུར་ཏོ། །བྱང་ཆུབ་སེམས་དཔས་བཀའ་སྩལ་པ། ཀོའུ་ཤི་ཀ་ཐོང་ཐོང་། དེ་སྐད་ཅེས་བཀའ་སྩལ་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་ས་ལ་ བཞག་གོ། །བཞག་པ་ཙམ་གྱི་མོད་ལ་སུས་ཀྱང་མ་བཟུང་བར་ཕྱོགས་བཞིར་གཟིགས་ནས་གོམ་པ་བདུན་བདུན་བོར་ཞིང་ཚིག་དུ་ཡང་གསུང་བ། ཀཽ་ཤི་ཀ་ཕྱོགས་འདི་གང་ཡིན། བྱང་ཆུབ་སེམས་དཔའ་ཤར་ཕྱོགས་ 67-1-11a ལགས་སོ། །བྱང་ཆུབ་སེམས་དཔས་བཀའ་སྩལ་པ། ཀཽ་ཤི་ཀ་སེམས་ཅན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་བྱའོ། །ཕྱོགས་འདི་གང་ཡིན། ལྷོ་ཕྱོགས་ལགས་སོ། །འགྲོ་བ་ཐམས་ཅད་ཀྱི་ཡོན་གནས་སུ་གྱུར་པར་ བྱའོ། །ཕྱོགས་འདི་གང་ཡིན། བྱང་ཕྱོགས་ལགས་སོ། །སྲིད་པའི་རྒྱ་མཚོ་ལས་རྒལ་བར་བྱའོ། །ཕྱོགས་འདི་གང་ཡིན། ནུབ་ཕྱོགས་ལགས་སོ། །ངའི་སྐྱེ་བ་ཐ་མ་ནི་འདི་ཡིན་པར་འགྱུར་རོ། །སྐྱེ་འཆི་མཐར་བྱེད་དེ་ནི་བལྟམས་ པ་ན། །ས་ལ་གོམ་པ་བདུན་ནི་བཞུད་ནས་སུ། །འདི་ངའི་སྐྱེ་བ་ཐ་མར་གྱུར་ཡིན་ཞེས། །འཇིག་རྟེན་གསུམ་གྱི་བླ་མ་གཅིག་པུས་གསུངས། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ཡུམ་གྱི་ལྷུམས་ནས་བྱུང་བའིའི་ཚེ་ ས་ཆེན་པོ་འདི་ཤིན་ཏུ་གཡོས་པར་གྱུར། འཇིག་རྟེན་འདི་ཐམས་ཅད་སྣང་བ་རྒྱ་ཆེན་པོས་གསལ་བར་གྱུར་ཅིང་འཇིག་རྟེན་ན་འཇིག་རྟེན་གྱི་བར་གྱི་མུན་པ་མུན་གནག་སྨག་ཏུ་གྱུར་པ་གང་དུ་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་ མཐུ་ཆེ་བ་དག་གིས་ཀྱང་འོད་སྣང་བར་མི་ནུས་པ་དེ་དག་ཀྱང་དེའི་ཚེ་སྣང་བ་ཆེན་པོས་གསལ་བར་གྱུར་ཏོ། །དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་རང་གི་ལག་པ་བརྐྱང་བ་ཡང་མི་མཐོང་བ་ལས་དེ་རྣམས་སྣང་བ་དེས་སེམས་ཅན་གཅིག་གིས་ གཅིག་མཐོང་ནས། ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ། །ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ་ཞེས་བྱ་བར་ཤེས་སོ། །གང་ཚེ་རྣམ་འདྲེན་བལྟམ་པར་གྱུར་པ་ན། །དེ་ཚེ་ས་ནི་རིར་བཅས་ཤིན་ཏུ་ གཡོས། །གང་གིས་འཇིག་རྟེན་པར་ཡང་སྐད་ཅིག་གིས། །སྣང་བྱེད་འོད་གསལ་དེ་ཡང་བྱུང་བར་གྱུར། །དེ་ནས་རྒྱལ་པོ་ཟས་གཙང་མས་ས་གཡོས་པ་ཆེན་པོ་དང་སྣང་བ་རྒྱ་ཆེན་པོ་མཐོང་བ་དང་། བྱང་ཆུབ་སེམས་དཔའ་ལ་ བསྐོར་བ་བྱས་ཏེ་ཞབས་གཉིས་ལ་ཕྱག་བྱས་ནས་འདི་སྐད་ཅེས་སྨྲས་སོ། །འདི་ལྟ་བུའི་རྫུ་འཕྲུལ་ཆེ་བ་དང་མཐུ་ཆེ་བའི་བུ་སྐྱེས་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ། །ཆོས་ཉིད་ཀྱིས་གང་གི་ཚེ་བྱང་ཆུབ་སེམས་དཔའ་ 67-1-11b ཤཱཀྱ་ཐུབ་པ་ཡུམ་གྱི་ལྷུམས་ནས་བལྟམ་པ་ན་རལ་གྲི་ཤུབས་ནས་ཕྱུང་བ་བཞིན་དུ་མངལ་གྱི་དྲི་མ་དང་། ཤ་མའི་དྲི་མ་དང་། ཁྲག་གི་དྲི་མ་དང་། མི་གཙང་བ་གཞན་དང་གཞན་སྣ་ཚོགས་ཀྱིས་མ་གོས་སོ། །ཇི་ལྟར་འོད་གསལ་ ཚོན་ཤེལ་བཟང་པོ་དང་། །ཀ་ཤི་རབ་གཙང་ཕན་ཚུན་གོས་མི་འགྱུར། །དེ་བཞིན་ཐུབ་དེ་ལྷུམས་ནས་བྱུང་བ་ན། །གསེར་སྦྱངས་མེ་ཆེན་ནང་ནས་བཏོན་པ་འདྲ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ཡུམ་ གྱི་ལྷུམས་ནས་བལྟམ་པ་དེའི་ཚེ་དེའི་ཡུམ་མི་འདུག་མི་ཉལ་ཏེ་འགྲེང་བཞིན་དུ་རྒྱལ་རིགས་མ་དེས་རྒྱལ་རིགས་བལྟམ་པར་བྱེད་དོ། །དེ་ནི་མི་འདུག་ཉལ་བའང་མ་ཡིན་ཏེ། །ཡན་ལག་ལྔ་ལྡན་ཚུལ་ཁྲིམས་ཀྱིས་བརྒྱན་པས། ། དེ་ནི་འགྲེང་བཞིན་ཤིན་དུ་དགེ་བ་ཡི། །གཞོན་ནུ་དེ་འདིར་བརྒྱ་བྱིན་དག་གིས་བླངས། །ཆོས་ཉིད་ཀྱིས་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ཡུམ་གྱི་ལྷུམས་ནས་བལྟམ་པ་དེའི་ཚེ་དེའི་དབུའི་སྟེང་ནས་ལྷ་རྣམས་གདུགས་དཀར་ པོ་ནོར་བུའི་ཡུ་བ་ཅན་དག་འཛིན་ཏོ། །དྲི་མེད་ཟླ་བའི་དཀྱིལ་འཁོར་འོད་འདྲའི་གདུགས། །ལྷ་ཡི་གཙོ་བོས་དབུ་ཡི་སྟེང་ནས་འཛིན། །གདུབ་འཁོར་འོད་ཟེར་གྱིས་འབར་ལག་པ་དང་། །རྔ་ཡབ་བཟང་གིས་འདི་ལ་གཡོབ་ པར་བྱེད། །ཆོས་ཉིད་ཀྱིས་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་བལྟམ་པའི་མོད་ལ་བར་སྣང་ལས་ཆུ་བསིལ་བ་གཅིག་དང་། ཆུ་དྲོན་མོ་གཅིག་སྟེ། ཆུ་གཉིས་ཀྱི་རྒྱུན་སྤྱི་གཙུག་གི་སྟེང་དུ་འབབ་ཅིང་དེས་ བྱང་ཆུབ་སེམས་དཔའ་ཁྲུས་མཛད་དོ། །དྲི་མེད་རབ་དག་བསིལ་དང་དེ་བཞིན་དྲོའི། །ཆུ་ཡིས་རྐང་གཉིས་གཙོ་བོ་ཁྲུས་མཛད་དེ། །རིགས་རྒྱུད་གང་དུ་བྱང་ཆུབ་སེམས་དཔའ་འཁྲུངས། །ཀླུ་རྣམས་དེ་ལ་འང་མཆོད་པ་ བྱེད་པར་གྱུར། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་བལྟམ་པའི་མོད་ལ་སྐྲུན་པའི་ཡུམ་གྱི་མདུན་དུ་ཆུ་མིག་ཆེན་པོ་བྱུང་ནས་འབབས་པར་གྱུར་ཏེ་དེ་ལ་དེའི་ཡུམ་ཁྲུས་ཆུའི་བྱ་བ་བྱེད་དོ། །རྐང་གཉིས་གཙོ་བོ་ 67-1-12a གཞོན་ནུ་བལྟམ་པ་ན། །ལྷ་དེ་རྣམས་ནི་ཤིན་ཏུ་ཡིད་དགའ་བས། །དེར་ནི་ཆུ་བཟང་ཕྱུང་བར་གྱུར་པ་ལ། །དེ་ཡུམ་དེར་ནི་ཆུ་ཡིས་བྱ་བ་བྱེད། །ལྷ་ཡི་རོལ་མོ་ཤིན་ཏུ་སྒྲ་སྙན་རྣམས། །ཤིན་ཏུ་དགའ་བ་ མཆོག་ཏུ་རྡུང་བར་བྱེད། །དེ་རྣམས་གོས་དང་ཕྲེང་བ་འཐོར་བྱེད་ཅིང་། །གཞན་དག་རབ་ཏུ་འདུད་ཅིང་དེ་བཞིན་བསྟོད། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་བལྟམ་པའི་མདོ་ལ་ལྷས་བར་སྣང་ལས་ལྷའི་ཨུད་པ་ ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། ཨ་ག་རུའི་ཕྱེ་མ་དང་། རྒྱ་སྤོས་ཀྱི་ཕྱེ་མ་དང་། ཙན་དན་གྱི་ཕྱི་མ་དང་། ཏ་མ་ལའི་འདབ་མས་འཐོར་རོ། །ལྷའི་མེ་ཏོག་མན་དཱ་ར་བས་ཀྱང་འཐོར་རོ། །ལྷའི་སིལ་སྙན་ རྣམས་ཀྱང་སྒྲ་འབྱིན་ཏོ། །གོས་དག་ཀྱང་འཐོར་བར་བྱེད་དོ། །མཁས་པས་བཏུད་པའི་སངས་རྒྱས་བལྟམ་པ་ན། །དྲི་ཞིམ་དྲི་མཆོག་ཆར་ནི་ཕབ་པ་དང་། །དེ་དང་དེས་ན་རང་སྤོབས་ཚུལ་འཐུན་པའི། །རབ་དགའི་ སེམས་ཀྱིས་བསྟོད་པ་རྗོད་པར་བྱེད། །འདིས་ནི་བྱང་ཆུབ་མཆོག་དག་ཐོབ་འགྱུར་ཞིང་། །སྡུག་བསྔལ་ཟད་པའི་འགྲོ་ཕན་མཛད་གྱུར་ལ། །འགྲོ་བ་མི་ཤེས་རབ་རིབ་མིག་ལྡོངས་ལ། །སྨན་པ་མཆོག་འདི་མིག་ནི་རབ་ སྩོལ་འགྱུར། །འདི་ནི་རྨོངས་པས་མིག་ཁེབས་ལོང་བ་ཡི། །འགྲོ་བའི་སྒྲོན་མ་ཆེན་པོ་ཉིད་དུ་འགྱུར། །ལྟ་ངན་གྱིས་བརླག་ལོག་པའི་ལམ་ཞུགས་ལ། །མི་འཚོལ་དྲང་བའི་ལམ་ནི་སྟོན་པར་འགྱུར། །ངན་འགྲོའི་ ལམ་ནི་མ་ལུས་འགོག་འགྱུར་ཞིང་། །ལྷ་ཡི་གནས་ཀྱི་ས་ནི་འབྱེད་འགྱུར་ཞེས། །འོག་མིན་བར་ན་གནས་པའི་ལྷ་རྣམས་ནི། །ལྷ་ཡི་གནས་སུ་ཡང་ཡང་སྒྲོགས་པར་བྱེད། །གང་གི་ཚེ་བྱང་ཆུབ་སེམས་དཔའ་ ཤཱཀྱ་ཐུབ་པ་བལྟམ་པ་དེ་ཉིད་ཀྱི་ཚེ་མཉན་ཡོད་དུ་རྩིབས་ཀྱིས་འཕུར་ཚངས་བྱིན་བུ་བཙས་པ་ན་ཚངས་བྱིན་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་ཡུལ་གསལ་བ་གསལ་བ་བཞིན་དུ་སྣང་བས་དེ་ 67-1-12b བས་ན་འདིའི་མིང་གསལ་རྒྱལ་ཞེས་བྱ་བར་གདགས་སོ་ཞེས་བཏགས་སོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་རྒྱལ་པོ་པད་མ་ཆེན་པོ་བུ་བཙས་པ་ན་པད་མ་ཆེན་པོ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་འཇིག་རྟེན་ ཉི་མའི་གཟུགས་ཤར་བ་ལྟར་སྣང་ཞིང་གཟུགས་ཅན་མའི་བུ་ཡིན་པས་འདིའི་མིང་གཟུགས་ཅན་སྙིང་པོ་ཞེས་བྱ་བར་གདགས་སོ་ཞེས་བཏགས་སོ། །ཀོའུ་ཤམ་བི་ན་རྒྱལ་པོ་དམག་བརྒྱ་པ་བུ་བཙས་པ་ན་དམག་བརྒྱ་པ་འདི་ སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་འཇིག་རྟེན་ཉི་མ་ཤར་བ་ལྟར་སྣང་བར་གྱུར་པས་འདིའི་མིང་ཤར་བ་ཞེས་བྱ་བར་གདགས་སོ་ཞེས་བཏགས་སོ། །གྲོང་ཁྱེར་འཕགས་རྒྱལ་དུ་རྒྱལ་པོ་མུ་ཁྱུད་མཐའ་ཡས་བུ་བཙས་ པ་ན་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་འཇིག་རྟེན་སྒྲོན་མས་སྣང་བ་ལྟ་བུར་གྱུར་པས་འདིའི་མིང་རབ་སྣང་ཞེས་བྱ་བར་གདགས་སོ་ཞེས་བཏགས་ཏེ། དེ་ནི་དེ་ལྟ་མ་ཡིན་ནོ། །འོན་ཀྱང་དེ་ཐམས་ཅད་ནི་བྱང་ཆུབ་སེམས་ དཔའི་མཐུ་ཡིན་ནོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་བལྟམ་པ་དེ་ཉིད་ཀྱི་ཚེ་དགའ་བོ་ལ་སོགས་པ་ཤཱཀྱའི་གཞོན་ནུ་ལྔ་བརྒྱ་བཙས་པ་དང་། གྲགས་འཛིན་མ་ལ་སོགས་པ་ཤཱཀྱའི་གཞོན་ནུ་མ་ལྔ་བརྒྱ་བཙས་པ་ དང་། འདུན་པ་ལ་སོགས་པ་རིམ་གྲོ་པ་ལྔ་བརྒྱ་བཙས་པ་དང་། བསྔགས་ལྡན་ལ་སོགས་པ་རྟ་ལྔ་བརྒྱ་འབྲངས་སོ། །ལྷ་རྣམས་ཀྱིས་གཏེར་ལྔའི་ཁ་ཡང་ཉེ་བར་བསྟན་ཏོ། །ཁམས་ཀྱི་རྒྱལ་ཕྲན་རྣམས་དང་། མཁར་ གྱི་རྒྱལ་པོ་རྣམས་ཀྱིས་རབ་ཏུ་བཏུད་ཅིང་ཐམས་ཅད་ཀྱིས་ཀྱང་དཔྱ་ཕུལ་ལོ། །དེ་ནས་རྒྱལ་པོ་ཟས་གཙང་མ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་འདོད་པ་ཐམས་ཅད་གྲུབ་པས་ན་གཞོན་ནུ་འདིའི་མིང་དོན་ ཐམས་ཅད་གྲུབ་པ་ཞེས་བྱའོ་ཞེས་བྱང་ཆུབ་སེམས་དཔའ་ལ་ཐོག་མར་མཚན་བཏགས་སོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་བལྟམ་པའི་མོད་ལ་ཡབ་ཡུམ་གྱིས་མཚན་མཁན་དང་། ལྟས་མཁན་ 67-1-13a གྱི་བྲམ་ཟེ་རྣམས་ལ་ཉེ་བར་སྟོན་པ་ཡིན་པས། ཤེས་ལྡན་དག་ཅིག་གཞོན་ནུ་གང་དག་དང་ལྡན་ན་འགྲོ་བ་གཉིས་སུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ཏེ་གལ་ཏེ་ཁྱིམ་པ་ཁྱིམ་ན་གནས་པར་གྱུར་ན་འཁོར་ལོས་སྒྱུར་བའི་ རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་བ། ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ། རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་དག་འབྱུང་སྟེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་ནི་བློན་པོ་རིན་པོ་ཆེའོ། །བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་ པ་དེ་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པར་གནོད་པར་སྡོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་འདེབས་པ་མེད་པ། ཆོས་དང་འཐུན་པས་ལེགས་པར་ཕབ་སྟེ་གནས་པར་འགྱུར་རོ། །གལ་ཏེ་སྐྲ་དང་ ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བར་འཇིག་རྟེན་དུ་སྒྲ་རྣམ་ པར་གྲགས་པར་འགྱུར་བ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་ནས་ལྷ་མད་ལགས་ཏེ། གཞོན་ནུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ནི་འགྲོ་བ་གཉིས་སུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ཏེ་ཞེས་ བྱ་བ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བར་འཇིག་རྟེན་དུ་གདགས་པར་འགྱུར་ཞེས་བྱ་བའི་བར་དུ་སྟེ། སྔ་མ་བཞིན་དུ་འདི་ནི་འདིར་ཆོས་ཉིད་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། རྒྱལ་པོས་གཞོན་ནུ་བལྟམ་ནས་ སྐྱེས་བུ་ཡི། །མཚན་ཤེས་བྲམ་ཟེ་ལ་དྲིས་དེ་ཚེ་སྨྲས། །རྒྱལ་བུ་གལ་ཏེ་ཁྱིམ་ན་གནས་གྱུར་ན། །ངེས་པར་འདི་ནི་མི་དབང་དག་ཏུ་འགྱུར། །བརྟུལ་བར་ལྡན་ཞིང་རྒྱལ་པོ་གཞན་རྣམས་ཀྱི། །སྤྱི་ལ་དབང་བའི་འཁོར་ལོས་སྒྱུར་བར་འགྱུར། ། 67-1-13b འདི་ནི་གླིང་རྣམས་ཀུན་དུ་མངོན་རྒྱལ་བའི། །ཆོས་ཀྱི་རྒྱལ་སྲིད་དག་ནི་བྱེད་པར་འགྱུར། །རིན་ཆེན་གྱུར་པ་འདི་ནི་རིན་ཆེན་བདུན། །མི་མཆོག་བསོད་ནམས་ལས་ཀྱིས་འཐོབ་པར་འགྱུར། །གང་གི་མཐུ་ཡིས་ས་ནི་མ་ལུས་པ། ། འདི་ནི་ལུང་མི་གཅོག་པར་སྤྱོད་པར་འགྱུར། །གསེར་ལས་ལེགས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་མ་ཉམས་བཟང་། །དང་པོར་ས་ལ་རྣམ་པར་རྒྱལ་འགྱུར་གང་། །འཁོར་ལོ་དེ་འདིས་དང་པོར་ཐོབ་ པར་འགྱུར། །ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རྩེ་འདྲའི་གླང་པོའི་མཆོག །རྒྱལ་པོ་ལ་འོས་མཁའ་ལ་འགྲོ་བ་ཡི། །རིན་ཆེན་མཆོག་ནི་གཉིས་པ་འདིས་འཐོབ་འགྱུར། །ཐོ་རངས་དུས་སུ་ ཕྱོགས་ཀུན་མ་ལུས་པའི། །ས་རྣམས་བསྐོར་ནས་སླར་ནི་ལྡོག་གྱུར་གང་། །རྨ་བྱའི་མགྲིན་འདྲ་སྤུ་ནི་ཡིད་འོང་བའི། །རིན་ཆེན་རྟ་ནི་འདི་ཡིས་འཐོབ་པར་འགྱུར། །རིན་ཆེན་དྲི་མེད་བཻ་དཱུརྱ་རང་བཞིན། །ཀུན་ཏུ་དཔག་ཚད་ཙམ་དུ་ སྣང་བྱེད་པ། །དྲི་མེད་མཚན་མོ་ཅི་འདྲ་ཉིན་དེ་བཞིན། །རིན་ཆེན་མཆོག་ནི་བཞི་པ་འཐོབ་པར་འགྱུར། །གང་ཞིག་རེག་དྲི་གཟུགས་དང་མདངས་ལྡན་པའི། །བུད་མེད་དམ་པ་དྲེགས་ལྡན་རྣམས་ཀྱི་མཆོག །ལྷ་མོ་བཞིན་དུ་ཡོན་ ཏན་ཀུན་ལྡན་པ། །བུད་མེད་རིན་ཆེན་དེ་འདིར་འཐོབ་པར་འགྱུར། །གང་ཡང་འདི་ན་རྒྱལ་ལ་མུ་ཏིག་དང་། །གསེར་སོགས་ཤིན་ཏུ་མང་པོ་འབུལ་བ་ཡི། །ནོར་ལྡན་མཚུངས་པར་ནོར་མང་ཁྱིམ་བདག་ནི། །རིན་ཆེན་ཐོབ་ནས་ རྣམ་པར་སྤྱོད་པར་འགྱུར། །འགྲོ་དང་ཀུན་ཏུ་གནས་དང་རྣམ་ལྡོག་དང་། །མ་ལུས་དཔུང་ལ་མཁས་པར་བྱེད་པ་ཡི། །དཔའ་ལྡན་བདུན་པ་འབྱུང་བར་འགྱུར་བ་ནི། །མི་ཡི་རིན་ཆེན་བློན་པོ་ཞེས་བྱ་ཡིན། །དཔའ་ ཞིང་རྟུལ་ཕོད་ཡན་ལག་མཆོག་གཟུགས་ལྡན། །བུ་སྟོང་དག་ནི་འདི་ལ་འབྱུང་འགྱུར་ཞིང་། །གང་གི་གཟི་བརྗིད་ཤིན་ཏུ་སྟོབས་ཆེ་ཞིང་། །ས་བདག་གཞན་དག་འདུད་པར་བྱེད་པ་འབྱུང་། །གལ་ཏེ་ཁྱིམ་ནི་ཉེས་མང་གིས་ 67-1-14a དཀྲུགས་པ། །རབ་འབར་ཤིང་ནི་བྱ་ཡིས་སྤོང་བ་ལྟར། །ཉེ་བར་ཞི་ཕྱིར་ནགས་སུ་ངེས་སོང་ན། །དེ་འདིར་རིང་པོར་མི་ཐོགས་སངས་རྒྱས་འགྱུར། །ཁྱོད་ཀྱི་སྲས་འདི་དེང་ནི་འདི་འདྲ་བ། །གཞོན་ནུ་འགྲོ་བའི་རིན་ཆེན་ གཅིག་བལྟམ་པ། །འགྲོ་བ་གཉིས་ལས་གཞན་དུ་མི་འགྲོ་བ། །དེ་ལྟར་སྔགས་ཀྱི་ཚིག་ལས་མཐོང་བ་ལགས། །ཤེས་ལྡན་དག་གང་དག་དང་ལྡན་ན་འགྲོ་བ་གཉིས་སུ་འགྱུར་གྱི་གཞན་དུ་མ་ཡིན་ཞེས་བྱ་བ་ནས་སྔ་མ་བཞིན་དུ་ འཇིག་རྟེན་གྱི་སྒྲ་རྣམ་པར་གྲགས་པར་འགྱུར་ཞེས་བྱ་བའི་བར་གྱི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་པོ་ནི་གང་དག་ཡིན། ལྷ་གཞོན་ནུའི་ཞབས་ཤིན་ཏུ་གནས་པ་ལགས་སོ། །ཞབས་གཉིས་ཤིན་ཏུ་གནས་པ་ ཉིད་ཀྱིས་ས་ལ་མཉམ་པར་འབབ་སྟེ། ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །དེའི་ཞབས་ཀྱི་མཐིལ་གྱི་ངོས་གཉིས་ལ་འཁོར་ལོ་རྩིབས་སྟོང་པ་ལྟེ་བ་དང་མུ་ཁྱུད་དུ་བཅས་པ་རྣམ་པ་ ཐམས་ཅད་ཡོངས་སུ་རྫོགས་པ་མཆིས་ཏེ། ལྷ་འདི་གཞོན་ནུའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུའི་སོར་མོ་རིང་བ་དང་། ཞབས་ཀྱི་རྟིང་པ་ཡངས་པ་དང་། དེའི་ཕྱག་དང་ཞབས་འཇམ་ཞིང་ གཞོན་ཤ་ཆགས་པ་ལགས་ཏེ། ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་ནི་དཔེར་ན། ཤིང་བལ་གྱི་འདའ་བ་འམ། རས་བལ་གྱི་འདའ་བ་བཞིན་ནོ། །ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ལགས་ སོ། །ལྷ་གཞོན་ནུའི་ཕྱག་དང་ཞབས་དྲ་བར་འབྲེལ་པ་ལགས་ཏེ། དེའི་ཕྱག་དང་ཞབས་དྲ་བར་འབྲེལ་པ་ནི་དཔེར་ན་ངང་པའི་རྒྱལ་པོ་གཞོན་ནུ་བཞིན་ནོ། །ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། ། ལྷ་གཞོན་ནུའི་ཞབས་ལོང་མོའི་ཚིགས་མི་མངོན་པ་དང་། བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུ་དང་། སྐུ་མདུད་པ་དང་། སྐུ་བཞེངས་བཞིན་དུ་མ་བཏུད་པར་ཕྱག་པུས་མོའི་ལྷ་ང་གཉིས་སླེབས་ཤིང་རེག་པ་སྟེ། ལྷ་འདི་ནི་གཞོན་ནུའི་ 67-1-14b སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུ་ནི་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ལགས་ཏེ། དེའི་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ནི་དཔེར་ན་གླང་པོ་ཆེ་ཅང་ཤེས་ཀྱི་འམ། རྟ་ཅང་ཤེས་བྱུང་མ་ ཐག་གི་བཞིན་ནོ། །ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུའི་སྐུ་ཅི་སྲིད་པར་འདོམ་ཡང་དེ་སྲིད་ལ། འདོམ་ཅི་སྲིད་པར་སྐུ་ཡང་དེ་སྲིད་པས་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ ལགས་ཏེ། ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུའི་རོ་སྟོད་ཀྱི་སྤུ་རེ་རེ་ནས་སྐྱེ་ཞིང་དེའི་སྐུ་ལ་སྤུ་རེ་རེ་ནས་སྐྱེ་བ་ཡང་མཐིང་ཀ་ལ་གཡས་ཕྱོགས་སུ་འཁྱིལ་བར་སྐྱེ་ལགས་ཏེ། ལྷ་ འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུ་ནི་མདོག་གསེར་འདྲ་བ་དང་། འོད་འདོམ་གང་བ་དང་། ལྤགས་པ་སྲབ་ཅིང་མདོག་གསེར་གྱི་འདྲ་བ་ལགས་ཏེ། ལྤགས་པ་སྲབ་པ་ཉིད་ ཀྱིས་རྡུལ་དང་དྲི་མས་སྐུ་ལ་མི་གོས་པ་སྟེ། ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུའི་སྐུ་ནི་བདུན་མཐོ་བ་སྟེ་སྐུ་བདུན་མཐོ་བར་འཁྲུངས་པ་ནི་ཕྱག་གཉིས་དང་། ཞབས་ གཉིས་དང་། དཔུང་མགོ་གཉིས་དང་ལྟག་པ་ལགས་ཏེ། ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུ་ནི་ཐལ་གོང་རྒྱས་པ་དང་། སྐུ་རོ་སྟོད་སེང་གེའི་འདྲ་བ་དང་། སྐུ་དྲང་ཞིང་ཁོ་ལག་ཆེ་ བ་དང་། དཔུང་མགོ་ཤིན་ཏུ་ཟླུམ་པ་དང་། ཚེམས་བཞི་བཅུ་མངའ་བ་དང་། ཚེམས་མཉམ་པ་དང་། ཚེམས་ཐགས་བཟང་བ་དང་། མཆེ་བ་ཤིན་ཏུ་དཀར་བ་དང་། འགྲམ་པ་སེང་གེའི་འདྲ་བ་དང་། རོ་བྲོ་བའི་མཆོག་དང་ལྡན་པ་ལགས་ཏེ། ལྷ་འདི་ནི་ གཞོན་ནུའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུ་ནི་ལྗགས་ཤིན་ཏུ་རིང་ཞིང་སྲབ་པ་ལགས་ཏེ། ལྗགས་ཤིན་ཏུ་རིང་བ་ཉིད་དང་། སྲབ་པ་ཉིད་ཀྱི་ཕྱིར་ལྗགས་ཞལ་ནས་ཕྱང་བས་སྐྲ་མཚམས་ནས་ 67-1-15a བཟུང་སྟེ། ཞལ་གྱི་དཀྱིལ་འཁོར་ཐམས་ཅད་ཀྱི་བར་དུ་ཡོག་པར་མཛད་པ་སྟེ། ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུ་ནི་ཚངས་པའི་དབྱངས་དང་། ཀ་ལ་པིང་ཀའི་སྐད་ ལྟར་ཡིད་དུ་འོང་བ་དང་། རྔའི་དབྱངས་ཅན་ལགས་ཏེ། ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུའི་སྤྱན་མཐོན་མཐིང་ལ་བའི་རྫི་མ་ལྟ་བུ་དང་། གཙུག་ཏོར་དང་ལྡན་པ་དང་། སྨིན་ མཚམས་ཀྱི་མཛོད་སྤུ་དུང་ལྟར་དཀར་ཞིང་གཡས་སུ་འཁྱིལ་བ་ལགས་ཏེ། ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་འདི་དག་ནི་གང་དང་ལྡན་པའི་འགྲོ་བ་གཉིས་སུ་འགྱུར་གྱི་གཞན་དུ་ ནི་མ་ལགས་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ལགས་སོ། །བདག་ཉིད་ལེགས་བསྒོམས་སྐུ་ལ་ནི། །སྐུ་ཡི་ ཐ་མ་འཛིན་མཛད་པའི། །ཐུབ་པ་ཆེན་པོའི་མཚན་རྣམས་ནི། །དེ་ནི་བདག་གིས་བརྗོད་པར་བགྱི། །འདི་ཞབས་ཤིན་ཏུ་གནས་པ་སྟེ། །ས་ལ་མཉམ་པར་འབབ་པ་ཡིན། །འདི་ཞབས་ཕྱག་གི་མཐིལ་ལ་ནི། །འཁོར་ལོ་ ཤིན་ཏུ་དབྱིབས་ལེགས་སྐྱེས། །འདི་ཞབས་རྟིང་པ་ཡངས་པ་དང་། །དེ་ནི་སོར་མོ་རིང་ཞིང་མཛེས། །ཕྱག་ཞབས་དྲ་བར་འབྲེལ་པ་དང་། །ཤིང་བལ་ལྟ་བུར་འཇམ་པ་དང་། །འདིའི་ཞབས་ལོང་བུའི་ཚིགས་མི་མངོན། ། བྱིན་པ་ཨེ་ནེ་ཡ་དང་མཚུངས། །མི་མཆོག་སྐུ་ཡང་མ་བཏུད་པར། །ཕྱག་གིས་པུས་མོའི་ལྷ་ང་སླེབས། །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ། །ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །རོ་སྟོད་སྤུ་ནི་རེ་རེ་ནས། །སྐྱེ་ཞིང་དེ་སྤུ་གཡས་སུ་འཁྱིལ། མདོག་ནི་གསེར་སྦྱངས་འདྲ་བ་དང་། །ཀུན་ནས་འདོམ་གང་འོད་དང་ལྡན། །བཅོམ་ལྡན་དེ་ནི་ལྤགས་སྲབ་ཅིང་། །འདི་སྐུ་བདུན་ནི་མཐོ་བ་སྟེ། །བཅོམ་ལྡན་ཐལ་གོང་རྒྱས་པ་དང་། །སྐུ་སྟོད་སེང་གེ་འདྲ་བ་དང་། །སྐུ་དྲང་ཁོ་ལག་ཆེ་བ་ 67-1-15b དང་། །དཔུང་མགོ་ཤིན་ཏུ་ཟླུམ་པ་དང་། །བཅུ་ཕྲག་བཞིའི་ཚེམས་རྣམས་ནི། །ཡོངས་སུ་རྫོགས་ཤིང་མ་ཚང་མེད། །མཉམ་དང་ཐགས་བཟང་ཉིད་དུ་ནི། །དེ་ཡི་ཚེམས་ནི་ལེགས་པར་གནས། །རབ་དཀར་འགྲམ་པ་སེང་གེ་འདྲ། ། རོ་བྲོ་མཆོག་དང་ལྡན་པ་དང་། །ལྗགས་ནི་ཤིན་ཏུ་སྲབ་པ་དང་། །བཅོམ་ལྡན་ཚངས་པའི་དབྱངས་དང་ལྡན། །རྫི་མ་བ་འདྲ་སྤྱན་མཐོན་མཐིང་། །སྨྱིན་མའི་མཚམས་ཀྱི་མཛོད་སྤུ་ནི། །དུང་ལྟར་དཀར་ཞིང་གཡས་སུ་འཁྱིལ། །མཚན་ བཟང་སུམ་བཅུ་རྩ་གཉིས་འདི། །གང་ཞིག་ལ་ནི་འབྱུང་འགྱུར་བ། །དེ་ནི་འགྲོ་བ་གཉིས་འགྱུར་གྱི། །གསུམ་པར་འགྱུར་བ་མ་ལགས་སོ། །འདི་ནི་གལ་ཏེ་ཁྱིམ་གནས་ན། །འཁོར་ལོས་སྒྱུར་རྒྱལ་ཉིད་འགྱུར་ཏེ། །དྲན་ལྡན་བུ་ནི་ མང་བ་དང་། གནོད་པ་ཆུང་ཞིང་མཁས་པར་འགྱུར། །གལ་ཏེ་རབ་བྱུང་རྫོགས་སངས་རྒྱས། །གང་ཟག་མཉམ་པ་མེད་པར་འགྱུར། །བཤོས་དང་བཏུང་དང་ན་བཟའ་དང་། །གཟིམས་ཆ་རྣམས་ཀྱང་རྙེད་འགྱུར་ལ། །འདི་ཡི་འཁོར་ནི་མི་ ཕྱེད་ཅིང་། །ལུས་ཅན་ཀུན་གྱི་ཡིད་དུ་འོང་། །ལྷ་རྣམས་རྗེས་སུ་འབྲང་བ་དང་། །མི་རྣམས་ཀྱང་ནི་དེ་བཞིན་ཏེ། །ཆོས་ཀྱི་བདག་པོ་མཆོག་འགྱུར་ཞིང་། །མི་ཡུལ་དག་ཏུ་འང་དེ་བཞིན་འགྱུར། །མཉམ་པ་མེད་ཅིང་འདྲ་བ་མེད། །རྣམ་ འདྲེན་མཚུངས་པ་མེད་པར་འགྱུར། །ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་ཏེ། གང་དང་ལྡན་ན་འགྲོ་བ་གཉིས་སུ་འགྱུར་གྱི་གཞན་ནི་མ་ལགས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་ དཔའ་ཤཱཀྱ་ཐུབ་པ་བལྟམ་ནས་ཞག་བདུན་ལོན་པ་དང་། དེ་སྐྲུན་པའི་ཡུམ་ནོངས་པར་གྱུར་ཏེ། ནོངས་མ་ཐག་ཏུ་སུམ་བཅུ་རྩ་གསུམ་གྱི་ལྷའི་རིས་གྱ་ནོམ་པར་སྐྱེས་སོ། །དེ་ནས་རྒྱལ་པོ་ཟས་གཙང་མས་བྱང་ཆུབ་སེམས་དཔའ་མ་ མ་རྣམས་ལ་གཏད་ནས་མ་མ་ཁྱེད་ཀྱིས་གཞོན་ནུ་འདི་དུས་དུས་སུ་སྐུ་མཉེ་བྱོས་ཤིག །དུས་དུས་སུ་ཁྲུས་བྱོས་ཤིག །དུས་དུས་སུ་ཟས་བྱིན་ཅིག །དུས་དུས་སུ་ཡང་དག་པའི་བདེ་བས་བསྙེན་བཀུར་བྱོས་ཤིག །མ་མ་ 67-1-16a དགའ་བའི་ལག་པ་གཉིས་ཀྱིས་དེ་བླངས་ནས་དུས་དུས་སུ་སྐུ་མཉེ་བྱེད། དུས་དུས་སུ་ཁྲུས་བྱེད། དུས་དུས་སུ་ཟས་བྱིན། དུས་དུས་སུ་ཡང་དག་པའི་བདེ་བས་བསྙེན་བཀུར་བྱེད་དོ། །ཡང་དེའི་ཚེ་དྲི་ཤིན་ཏུ་ཡིད་དུ་འོང་ བའི་ངོ་བོ་གང་ཡིན་པ་དེ་རྣམས་བྱུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་ཡབ་ཟས་གཙང་ལ་ཕུལ་བ་དང་། རྒྱལ་པོ་ཟས་གཙང་གིས་དེ་བླངས་ཏེ་དགའ་བས་པང་དུ་བཞག་ནས་ཡང་དང་ཡང་དུ་རྟོག་ཅིང་དགའ་བ་སྐྱེད་དོ། །ཆོས་ཉིད་ ཀྱིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ནི་གཟུགས་བཟང་བ། མཛེས་པ། ལྟ་ན་སྡུག་པ། མིའི་ཁ་དོག་ལས་ཡང་དག་པར་འདས་ལ་ལྷའི་ཁ་དོག་མ་ཐོབ་པ། སྐྱེས་པ་དང་། བུད་མེད་རྣམས་ཀྱིས་བལྟས་པ་ན་ངོམས་མི་ཤེས་ཤིང་དགའ་ བ་འཐོབ་སྟེ། དཔེར་ན་འཛམ་བུའི་ཆུ་བོའི་གསེར་ལ་མགར་བ་མཁས་པས། རྒྱན་བརྡུངས་པ། ལ་བ་དཀར་པོ་སར་པའི་སྟེང་དུ་བཞག་ན་ཤིན་ཏུ་གསལ་ཞིང་འབར་ལ་རྣམ་པར་འཚེར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤཱཀྱ་ ཐུབ་པ་གཟུགས་བཟང་བ། མཛེས་པ་བལྟ་ན་སྡུག་པ། མིའི་ཁ་དོག་ལས་འདས་ཤིང་ལྷའི་ཁ་དོག་ནི་མ་ཐོབ་པ་ཡིན་ནོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་སྐྱེ་བོའི་ཚོགས་ཆེན་པོའི་སྙིང་དུ་སྡུག་པ་དང་ཡིད་དུ་འོང་ བར་འགྱུར་ཏོ། ཡང་འདི་སྐྱེ་བོའི་ཚོགས་ཆེན་པོས་དེ་ཕྲག་པ་ནས་ཕྲག་པར་སྤོང་བར་བྱེད་པ་ནི་དཔེར་ན་སྟོན་ཀའི་པད་མ་སྐྱེ་བོའི་ཚོགས་ཆེན་པོའི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བས་སྐྱེ་བོའི་ཚོགས་ཆེན་པོས་དེ་ལག་པ་ནས་ལག་པར་ བརྒྱུད་པར་བྱེད་པ་བཞིན་ཏེ་སྔ་མ་བཞིན་ནོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་བལྟམ་པའི་མོད་ནས་སྤྱན་མི་འཛུམས་པར་གཟུགས་རྣམས་ལ་ལྟ་སྟེ། དེ་སྤྱན་མི་འཛུམས་པ་ནི་དཔེར་ན་སུམ་བཅུ་རྩ་གསུམ་གྱི་ལྷ་ རྣམས་བཞིན་ནོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་བལྟམ་པའི་མོད་ནས་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ལྷའི་སྤྱན་དེས་དེ་ཉིན་དང་མཚན་དུ་དཔག་ཚད་གཅིག་ཁོ་ར་ཁོར་ཡུག་དུ་གཟིགས་སོ། ། 67-1-16b ལས་བཅས་ལས་བྱུང་དྲི་མེད་སྤྱན་གྱིས་ནི། །གཟུགས་ཆེན་པོ་དང་དེ་བཞིན་ཕྲ་རབ་རྣམས། །ཉིན་དང་མཚན་དུ་ཁོར་ཡུག་དཔག་ཚད་གཅིག །མདུན་ན་གནས་པ་བཞིན་དུ་འང་གཟིགས་པར་འགྱུར། །ཆོས་ཉིད་ཀྱིས་བྱང་ཆུབ་ སེམས་དཔའ་བལྟམ་པའི་མོད་ནས་གསུང་སྙན་ཅིང་འཇེབས་པ་དང་། གསུང་སྙན་པ་དང་། གསུང་ཡིད་དུ་འོང་བ་ཡིན་ཏེ། དཔེར་ན་གངས་ཅན་གྱི་བྱ་སྐད་སྙན་ཅིང་འཇེབས་པ་དང་། སྐད་སྙན་པ་དང་། ཡིད་དུ་འོང་བ་དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་བལྟམ་པའི་མོད་ནས་གསུང་སྙན་ཅིང་འཇེབས་པ་དང་། གསུང་སྙན་པ་དང་། གསུང་ཡིད་དུ་འོང་བ་ཡིན་ནོ། །རི་བོ་ཀུན་འཛིན་ལ་དྲང་སྲོང་ཉོན་མོངས་མེད་ཅེས་བྱ་བ་མངོན་པར་ཤེས་པ་ལྔ་དང་ལྡན་པ། བྱམས་པའི་ བདག་ཉིད་ཅན་སྙིང་རྗེ་དང་ལྡན་པ། སྐྱེ་དགུ་ལ་མཉེས་གཤིན་པ་ཞིག་གནས་ཏེ་དེ་ལ་ཚ་བོ་མིས་བྱིན་ཞེས་བྱ་བ་ཡོད་པ་དང་། དེ་དེའི་ཚེ་ཕུག་ཏུ་ཞུགས་ཏེ་བསམ་གཏན་བྱེད་པ་ན་བྱང་ཆུབ་སེམས་དཔའ་བལྟམ་སྟེ། འཇིག་རྟེན་ཐམས་ ཅད་སྣང་བ་རྒྱ་ཆེན་པོས་གསལ་བར་གྱུར་པའི་སྣང་བ་དེ་མཐོང་བ་དང་ཉོན་མོངས་མེད་ལ་སྨྲས་པ། མཁན་པོ་འདིར་ནི་ཉི་མ་ཐམས་ཅད་དག །ཅིག་ཅར་བྱུང་བར་གྱུར་ཏམ་ཅི། །འདི་ལྟར་རི་ནི་ཕུག་བཅས་པ། །འདི་ནི་འོད་ཀྱིས་གསལ་ བར་གྱུར། །ཉོན་མོངས་མེད་ཀྱིས་དེ་ལ་སྨྲས་པ། ཉི་མའི་འོད་ནི་རྒྱུན་ཏུ་རྣོ། །བུ་གཅིག་སྣང་བ་འདི་དག་ནི། །ཡན་ལག་རེག་ན་འོད་བསིལ་བས། །ངེས་པར་ཐུབ་པ་དེ་ཡི་འོད། །བྱང་ཆུབ་སེམས་དཔའ་འོད་ཅན་ནི། །ངེས་པར་ལྷུམས་ནས་ བལྟམ་གྱུར་ལ། །བལྟམས་ནས་སེམས་དཔའ་ཆེན་པོ་དེའི། །འོད་ཟེར་གསེར་དང་འདྲ་བ་ནི། །དྲི་མ་མེད་པ་འདི་དག་གིས། །འཇིག་རྟེན་གསུམ་ནི་སྣང་བྱས་ཡིན། །མིས་བྱིན་གྱིས་སྨྲས་པ། མཁན་པོ་བཞུད། ཅི་རེ་ཤིག་འཁོར་ལོས་སྒྱུར་ བའི་རྒྱལ་པོར་འགྱུར་རམ། འོན་ཏེ་བླ་ན་མེད་པའི་ཡེ་ཤེས་རྟོགས་པར་འགྱུར་བ་རང་ཉིད་ཀྱིས་བལྟ་བར་མཛོད་ཅིག །དྲང་སྲོང་ཉོན་མོངས་མེད་ཀྱིས་སྨྲས་པ། ད་ལྟར་ན་ནི་རྒྱལ་པོ་ཟས་གཙང་མའི་ཁྱིམ་ཉི་འོག་གི་རྒྱལ་པོ་དང་ 67-1-17a འཁོར་གྱི་རྒྱལ་པོ་དང་། ཚོང་པ་དང་། ཚོང་དཔོན་དང་། དེད་དཔོན་རྣམས་དང་། བྲམ་ཟེ་དང་། ཁྱིམ་བདག་བརྒྱ་སྟོང་དཔག་ཏུ་མེད་པས་ཀུན་ཏུ་ཁྱབ་ནས་འདུག་གིས་གང་གི་ཚེ་དེ་དབེན་པར་གྱུར་པ་དེའི་ཚེ་རྒྱལ་པོ་ཟས་གཙང་ མའི་གན་དུ་འགྲོ་བར་བྱའོ། །དེ་ནས་རྒྱལ་པོ་ཟས་གཙང་མ་འདི་སྙམ་དུ་ཀྱེ་མའོ་དྲང་སྲོང་ཉོན་མོངས་མེད་རྐང་གིས་སེར་སྐྱའི་གཞིར་འོངས་ན་ཅི་མ་རུང་སྙམ་དུ་སེམས་སོ། །དེ་ནས་དྲང་སྲོང་ཉོན་མོངས་མེད་སྟེང་གི་ནམ་མཁའ་ལ་མངོན་ པར་འཕགས་ནས་རྒྱལ་པོ་ཟས་གཙང་མའི་ཕོ་བྲང་སྒོར་ཕྱིན་པ་དང་། ཇི་ཙམ་ན་སྒོ་སྲུངས་ཀྱིས་རྒྱལ་པོ་ཟས་གཙང་མ་ལ་ལྷ་དགྱེས་པ་བསྐྱེད་དུ་གསོལ། དྲང་སྲོང་ཉོན་མོངས་མེད་འདིར་མཆིས་སོ་ཞེས་རིག་པར་བྱས་པ་དང་། རྒྱལ་པོ་ ཟས་གཙང་མས་ཐོས་ཏེ་དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བ་དང་། མཆོག་ཏུ་རངས་པ་བྱུང་ནས་མཆོག་ཏུ་གུས་པས་མཆོད་དེ་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང་ཆེན་པོ་ལེགས་པར་འོངས་སོ། །དགོས་པ་ཅི་ཞིག་ལ་འོངས། ཉོན་ མོངས་མེད་ཀྱིས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ནི་འདིར། །ཁྱེད་སྲས་བལྟ་བའི་ཕྱིར་མཆིས་ཏེ། །འཇིག་རྟེན་གཙོ་བོ་རྣམ་འདྲེན་པ། །ཐུབ་པ་དེ་ནི་མཐོང་བར་འཚལ། །རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་ནི་གཞོན་ནུ་ གཉིད་ལོག་གིས་སད་ཀྱི་བར་དུ་རེ་ཤིག་སྡོད་ཅིག །ཉོན་མོངས་མེད་ཀྱིས་སྨྲས་པ། རིགས་དང་ལྡན་པའི་རྟ་རྣམས་ནི། །མཚན་མོའི་བཞི་ཆ་ཉལ་བ་ལྟར། །དགོས་པ་དོན་གཉེར་རྣམས་ཀྱི་གཉིད། །མིག་ལ་ཡུན་རིང་མི་ གནས་སོ། །དེ་ནས་གཞོན་ནུ་ཤཱཀྱ་ཐུབ་པ་མ་མའི་པང་ན་འདུག་པ་དྲང་སྲོང་ཉོན་མོངས་མེད་ལ་བྱིན་པ་དང་། དྲང་སྲོང་ཉོན་མོངས་མེད་ཀྱིས་ལག་པ་གཉིས་ཀྱིས་བླངས་ནས་ཡུད་ཙམ་བརྟགས་ཏེ་སྨྲས་པ། ལྷ་གཞོན་ནུ་འདི་ མཚན་མཁན་རྣམས་ཀྱིས་ཇི་སྐད་ལུང་བསྟན། རྒྱལ་པོ་ཟས་གཙང་མས་སྨྲས་པ། རིན་པོ་ཆེ་སྣ་བདུན་དང་ལྡན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཟེར་རོ། །དེ་ནས་དྲང་སྲོང་ཉོན་མོངས་མེད་ཀྱིས་བྱང་ཆུབ་ 67-1-17b སེམས་དཔའ་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། ས་བདག་རྟོག་པ་པོ་རྣམས་བློ་འཁྲུལ་ཏེ། །རྩོད་པའི་དུས་ན་འཁོར་ལོས་སྒྱུར་མི་འབྱུང་། །བསོད་ནམས་མཆོག་གིས་ཆོས་ཀྱི་མཛོད་འདི་ནི། །ཉེས་ལས་རྣམ་པར་རྒྱལ་ ནས་སངས་རྒྱས་འགྱུར། །མཚན་མི་གསལ་དང་ལྡན་ན་མི་དབང་པོ། །གླིང་བཞི་རྣམས་ཀྱི་བདག་པོ་དབང་ཕྱུག་འགྱུར། །ཐུབ་དབང་མཚན་ནི་ཤིན་ཏུ་གསལ་བས་ན། །མི་མཆོག་སངས་རྒྱས་ཆོས་ཀྱི་འཁོར་ལོ་སྒྱུར། །དེ་ནས་དྲང་སྲོང་ ཉོན་མོངས་མེད་ཀྱིས་བདག་ཉིད་ཀྱི་ཚེའི་མཐའི་ངེས་པ་དང་། བྱང་ཆུབ་སེམས་དཔའི་མངོན་པར་བྱང་ཆུབ་པ་བརྟག་པ་ལ་ཞུགས་པ་དང་། བྱང་ཆུབ་སེམས་དཔའ་ལོ་ཉི་ཤུ་རྩ་དགུ་བཞེས་ནས། ཁབ་ནས་བྱུང་ནས་ལོ་དྲུག་ཏུ་དཀའ་ བ་སྤྱོད་པར་འགྱུར་ཏེ་དེ་ནས་བདུད་རྩི་རྟོགས་པར་འགྱུར་བར་མཐོང་ངོ་། །བདག་ནི་བར་སྐབས་དེར་འཆི་བའི་དུས་བྱེད་པར་མཐོང་ནས་དེ་མིག་མཆི་མས་གང་སྟེ་འདུག་པ་རྒྱལ་པོ་ཟས་གཙང་གིས་མཐོང་ནས་དངངས་ནས་ཚིགས་སུ་ བཅད་དེ་སྨྲས་པ། སྐྱེས་པ་བུད་མེད་རྣམས་ཀྱིས་མཐོང་བ་ན། །ངོམས་པར་མི་འགྱུར་དགའ་བ་ཐོབ་འགྱུར་བ། །ལུས་བཟང་དགེ་བྱེད་དེ་ནི་འདིར་མཐོང་ནས། །དྲང་སྲོང་ཆེན་པོ་ཅི་སླད་ངུ་བཞིན་གྱུར། །གང་ལས་བདག་གི་གཞོན་ནུ་ འཇིགས་པ་འམ། །ཚེ་ཟད་འགྱུར་བ་ཉེ་བར་མི་གནས་གྲང་། །དེ་ནི་མྱུར་དུ་ལེགས་པར་བདག་ལ་སྤྲོས། །ཁྱོད་ཀྱི་མཆི་མས་བདག་ནི་འདར་བར་གྱུར། །དྲང་སྲོང་ཉོན་མོངས་མེད་ཀྱིས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། གལ་ཏེ་ འདི་ཡི་སྟེང་དུ་ནམ་མཁའ་ལས། །རྡོ་རྗེ་སེར་དྲག་འཕངས་པ་བབ་གྱུར་ཀྱང་། །ཐུབ་པ་ཆེན་པོའི་སྐུ་ལ་བ་སྤུ་ནི། །ཉག་མ་གཅིག་ཀྱང་གཡོས་པར་མི་ནུས་སོ། །མེ་ཆེན་རླུང་གི་ཤུགས་ཀྱིས་བདས་པ་དང་། །མཚོན་ཆ་རྣོན་ པོ་ཤིན་དུ་མི་བཟད་དང་། །དྲག་པོའི་དུག་དང་སྦྲུལ་གྱི་དུག་རྣོན་ཡང་། །གཞོན་ནུ་ལ་བབ་སྐད་ཅིག་འཇིགས་མི་འགྱུར། །ཐུགས་རྗེ་ཉིད་ལ་གནས་གྱུར་གང་ལགས་པ། །འཇིགས་པས་ཉེན་པ་རྣམས་ལ་མི་འཇིགས་སྩོལ། །དེ་ནི་ 67-1-18a འཇིག་རྟེན་ཀུན་གྱི་འཇིགས་འཇོམས་ན། །མི་དབང་འདི་ལ་འཇིགས་པ་ག་ལ་འབྱུང་། །འཇིག་རྟེན་ན་ནི་བདག་ཉིད་ཆེ་རྣམས་ཀྱི། །གཙོར་གྱུར་བདག་ཉིད་ཆེན་པོ་གང་ཞིག་ལ། །ཚངས་བཅས་ལྷ་ཡང་རྟག་ཏུ་སྲུང་བྱེད་ པ། །མི་དབང་དེ་ལ་འཇིགས་པ་ག་ལ་འབྱུང་། །མི་དབང་བདག་གི་རྒུད་པ་མཐོང་ནས་ནི། །གང་ཕྱིར་ཞི་བ་མི་འཐོབ་པར་དུ་མདོ། །ཆོས་ཀྱི་མཆོག་མཛོད་འདི་དང་ཕྲད་ནས་ནི། །དོན་མ་ཐོབ་པར་བདག་ནི་འཆི་བར་འགྱུར། །གང་དག་སྨྲ་བ་ དམ་པ་མཚུངས་མེད་པ། །འདི་ཡི་ཆོས་ཐོས་འགྱུར་ཞིང་ཐོས་ནས་ཀྱང་། །རབ་ཏུ་ཞི་བའི་ཕ་རོལ་འགྲོ་དེ་དག །སྐྱེད་ཅིང་བསོད་ནམས་ལྡན་ལ་རིམས་ནད་བྲལ། །དེ་ནས་དྲང་སྲོང་ཉོན་མོངས་མེད་བྱང་ཆུབ་སེམས་དཔའ་ལ་རེག་པའི་ མཐུས་དེའི་རྫུ་འཕྲུལ་ཉམས་སོ། །ཉམས་པ་དང་ཉོན་མོངས་མེད་ཀྱིས་སྨྲས་པ། རྐང་ཁོ་ནས་གྲོང་ཁྱེར་ནས་ཕྱིར་འབྱུང་བར་བྱའོ། །དེ་ནས་རྒྱལ་པོ་ཟས་གཙང་མས་ཐོས་པ་དང་གྲོང་ཁྱེར་ཐམས་ཅད་རྡོ་བ་དང་། གསེག་མ་དང་། གྱོ་མོ་རྣམས་ བསལ་ནས་སྤོས་དང་། ཕྱེ་མས་ཁྱབ་པར་བྱེད་དུ་བཅུག་གོ། །དེ་ནས་དྲང་སྲོང་ཉོན་མོངས་མེད་འབྱོར་པ་ཆེན་པོས་གྲོང་ཁྱེར་ནས་བྱུང་སྟེ། རིམ་གྱིས་རི་བོ་ཀུན་འཛིན་དུ་ཕྱིན་པ་དང་མི་སྦྱིན་ལ་སྨྲས་པ། ངས་གཞོན་ནུ་མཐོང་སྟེ། བླ་ན་མེད་པའི་ ཡེ་ཤེས་རྟོགས་པར་འགྱུར་ན་ངས་ནི་དེ་སླེབ་པར་མི་འགྱུར་ཏེ་ང་ནི་བར་སྐབས་སུ་དུས་བྱེད་པར་འགྱུར་གྱིས་ཁྱོད་ནི་དེའི་ཐད་དུ་རབ་ཏུ་བྱུང་ལ། ང་རྒྱལ་དང་དྲེགས་པ་ངེས་པར་བཅོམ་པར་གྱུར་པ་དང་། ཚངས་པར་སྤྱོད་པ་ལ་སྤྱད་ པར་བྱ་སྟེ། རིགས་ཀྱིས་དྲེགས་པར་མི་བྱ། རུས་ཀྱིས་དྲེགས་པར་མི་བྱ། རིགས་རྒྱུད་ཀྱིས་དྲེགས་པར་མི་བྱ་སྟེ། ཁྱོད་ཀྱིས་ཀྱང་ཡུན་རིང་པོ་མི་ཐོགས་པར་བདུད་རྩི་འཐོབ་པར་འགྱུར་གྱིས་ཞེས་སྨྲས་ནས་ཡང་ཚིགས་ སུ་བཅད་དེ་སྨྲས་པ། དེ་བཞིན་གཤེགས་པ་ཚོལ་འདོད་ན། །ཤར་ཕྱོགས་སུ་ནི་ཁྱོད་འདུག་དང་། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །རྙེད་པར་དཀའ་བ་མཐོང་བར་འགྱུར། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་ཟས་ 67-1-18b གཙང་མས་གཞོན་ནུ་མ་མའི་པང་ན་འདུག་པ་ལ་ཡང་དང་ཡང་དུ་ལྟ་ཞིང་ངའི་བུ་ཅི་འདྲ་བ་དེ་ལྟ་བུ་ནི་སའི་སྟེང་ན་སུ་ལ་ཡང་མེད་དོ་སྙམ་དུ་སེམས་ཤིང་ཤིན་དུ་དགའ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་འཁྲུངས་ནས་ རིང་པོར་མ་ལོན་པར་མ་མའི་པང་དུ་བཞུགས་ནས། གསེར་གྱི་གཞོང་པར་འབྲས་དང་ཤར་བསྲེས་པའི་ཆན་གསོལ་བ་ན་དེ་མ་མས་བཀག་ཀྱང་མ་ཐུབ་པར་མང་པོར་གསོལ་ནས་དབྲོག་པར་བརྩམས་པ་དང་། དབྲོག་མ་ནུས་ནས་དེས་ རྒྱལ་པོ་ཟས་གཙང་ལ་སྦྲན་པ་དང་། རྒྱལ་པོ་བཙུན་མོ་དང་ལྷན་ཅིག་གིས་དབྲོག་པར་བརྩམས་པ་དང་དེས་ཀྱང་མ་ནུས་སོ། །དེ་ནས་རྒྱལ་པོ་བློན་པོ་རྣམས་དང་སེར་སྐྱ་ན་གནས་པའི་སྐྱེ་བོའི་ཚོགས་རྣམས་ལ་བསྒོ་ན་དེ་རྣམས་ཀྱིས་ ཀྱང་དབྲོག་པར་མ་ནུས་སོ། །དེ་ནས་གླང་པོ་ཆེ་ལྔ་བརྒྱ་ལ་བཏགས་པ་དང་། བྱང་ཆུབ་སེམས་དཔས་བསམས་པ། འདི་རྣམས་ཀྱིས་བདག་གི་སྟོབས་ཉམས་ན་མི་རུང་གིས་མ་ལ་བདག་གིས་འཛུབ་མོ་བཀུག་པས་གསེར་གྱི་གཞོང་པ་ ནས་གཟུང་ངོ་སྙམ་ནས་དེས་འཛུབ་མོ་བཀུག་པས་གསེར་གྱི་གཞོང་པ་བཟུང་ནས་དྲངས་པ་དང་། གླང་པོ་ཆེ་ལྔ་བརྒྱ་པོ་དེ་དག་ཁ་ཕྱིར་བསྒྱུར་ཏེ་དྲངས་ནས་དེ་དག་གིས་ཀྱང་གསེར་གྱི་གཞོང་པ་དབྲོག་པར་མ་ནུས་སོ། །རྒྱལ་པོ་ཟས་གཙང་ གིས་བསམས་པ། ཇི་ལྟར་བྱང་ཆུབ་སེམས་དཔའི་ལག་པ་གཡོན་པས་གླང་པོ་ཆེ་ལྔ་བརྒྱ་དྲངས་པ་དང་སྦྱར་ན་གདོན་མི་ཟ་བར་ལག་པ་གཉིས་ཀྱིས་ནི་གླང་པོ་ཆེ་སྟོང་ཐུབ་ཀྱིས་དེ་བས་ན་གཞོན་ནུའི་མིང་གླང་པོ་ཆེ་སྟོང་གི་སྟོབས་ ཅན་ཞེས་གདགས་སོ་ཞེས་བཏགས་སོ། །གྲོང་ཁྱེར་སེར་སྐྱའི་གཞི་ན་གནོད་སྦྱིན་ཤཱཀྱ་འཕེལ་ཞེས་བྱ་བ་ཞིག་གཉུག་མར་གནས་སོ། །ཤཱཀྱ་རྣམས་ཀྱིས་ཀུན་དུ་སྤྱོད་པ་ནི་ཤཱཀྱ་སུ་ཡང་རུང་བ་ལ་ཁྱེའུ་འམ། བུ་མོ་བཙས་པ་ གང་ཡིན་པ་དེ་གནོད་སྦྱིན་ཤཱཀྱ་འཕེལ་གྱི་རྐང་པ་ལ་ཕྱག་འཚལ་དུ་གཞུག་པའི་ཕྱིར་འཁྲིད་པ་ཡིན་པས་རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེང་ལ་གཞོན་ནུ་གནོད་སྦྱིན་ཤཱཀྱ་འཕེལ་གྱི་རྐང་པ་ལ་ཕྱག་འཚལ་དུ་ 67-1-19a ཆུག་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་གླང་པོ་ཆེ་ལ་བསྐྱོན་ཏེ་དཔུང་གི་ཚོགས་དཔག་ཏུ་མེད་པས་ཡོངས་སུ་བསྐོར་ཏེ་གྲོང་ཁྱེར་སེར་སྐྱའི་གཞིར་འཇུག་པར་བརྩམས་པ་དང་། གྲོང་ཁྱེར་སེར་སྐྱའི་གཞི་སྒྲ་བཅུ་གཉིས་དང་ བྲལ་བར་གྱུར་ཅིང་བྱང་ཆུབ་སེམས་དཔའ་དེ་ནང་དུ་ཞུགས་པ་ན་ཐུབ་པ་བཞིན་དུ་གནས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཟས་གཙང་མས་བསམས་པ། གྲོང་ཁྱེར་འདི་ལྟ་སྟེ། གླང་པོ་ཆེའི་སྒྲ་དང་། རྟའི་སྒྲ་དང་། ཤིང་རྟའི་སྒྲ་དང་། དཔུང་བུ་ ཆུང་གི་སྒྲ་དང་། དུང་གི་སྒྲ་དང་། རྔ་བོ་ཆེའི་སྒྲ་དང་། བེ་དེའི་སྒྲ་དང་། རྭ་དུང་གི་སྒྲ་དང་། གར་གྱི་སྒྲ་དང་། གླུའི་སྒྲ་དང་། རོལ་མོའི་སྒྲ་དང་། སྦྱིན་པ་ནི་བྱིན། བསོད་ནམས་ནི་གྱིས། བསྙེན་གནས་ལ་ནི་ཉེ་བར་གནས། །ཚུལ་ཁྲིམས་ཡང་དག་པར་ བླངས་ཏེ་གནོམས་ཤིག་ཅེས་བྱ་བའི་སྒྲ་སྟེ་སྒྲ་བཅུ་གཉིས་དང་བྲལ་ཞིང་གཞོན་ནུ་དེ་ནང་དུ་ཞུགས་པ་ན་ཐུབ་པ་བཞིན་དུ་ཞི་བར་གནས་པས་གཞོན་ནུའི་མིང་ཤཱཀྱ་ཐུབ་པ་ཞེས་གདགས་སོ་ཞེས་བྱང་ཆུབ་སེམས་དཔའི་མིང་ཤཱཀྱ་ཐུབ་པ་ ཞེས་བྱ་བར་བཏགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་གནོད་སྦྱིན་ཤཱཀྱ་འཕེལ་གྱི་གན་དུ་ཁྱེར་བ་དང་། གནོད་སྦྱིན་ཤཱཀྱ་འཕེལ་གྱིས་བྱང་ཆུབ་སེམས་དཔའ་གནས་དང་ཉེ་བར་ཕྱིན་པ་མཐོང་ངོ་། །མཐོང་ནས་ཀྱང་ཕྱིར་བྱུང་ནས་ལུས་ ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་རྐང་པ་གཉིས་ལ་གཏུགས་ཏེ་ཕྱག་བྱས་སོ། །དེ་མཐོང་བ་དང་། རྒྱལ་པོ་ཟས་གཙང་མས་སྨྲས་པ། ལྷས་ཀྱང་རྐང་པ་གཉིས་ལ་གཏུགས་པས་འདི་ནི་ལྷའི་ཡང་ལྷ་ཡིན་པས་གཞོན་ནུའི་མིང་ལྷའི་ཡང་ ལྷ་ཞེས་བྱའོ་ཞེས་བྱང་ཆུབ་སེམས་དཔའི་མིང་ལྷའི་ཡང་ལྷ་ཞེས་བྱ་བར་བཏགས་སོ། །དེ་ནས་དེའི་ཚེ་རྒྱལ་པོ་ཟས་གཙང་གིས་དགོངས་པའི་ཆེད་ལ་འདུག་ནས་དོན་ཟབ་མོའི་ཚིག་དང་ཡི་གེ་དག་ཤེས་རབ་ཀྱིས་སོ་སོར་འབྱེད་པར་བྱེད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་འཁོར་ལྔ་བརྒྱ་དང་ཡི་གེའི་སློབ་དཔོན་སྲིན་བུ་གོ་ཆ་ལ་ཡི་གེ་སློབ་པར་བཏང་ནས་ཡི་གེའི་སློབ་དཔོན་སྲིན་བུ་གོ་ཆས་བྱང་ཆུབ་སེམས་དཔའ་ལ་ཡི་གེར་བྲིས་ནས་ཕོག་པ་དང་། བྱང་ཆུབ་སེམས་ 67-1-19b དཔས་སྨྲས་པ། འདི་ནི་ངས་ཤེས་སོ། །དེ་ནས་དེས་ཡི་གེ་གཉིས་དང་གསུམ་ནས་དེ་བཞིན་དུ་ལྔ་བརྒྱའི་བར་བྲིས་ནས་ཕོག་པ་དང་། བྱང་ཆུབ་སེམས་དཔས་སྨྲས་པ། འདི་དག་ཐམས་ཅད་ཀྱང་ངས་ཤེས་ཀྱིས་གཞན་དག་སྨྲོས་ཤིག ། སྲིན་བུ་གོ་ཆས་སྨྲས་པ། འཇིག་རྟེན་ན་ནི་ཡི་གེ་འདི་ཙམ་སྤྱོད་ཀྱི་གཞན་ནི་བདག་གིས་མ་འཚལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་ཡི་གེ་བྲིས་ཏེ་སྲིན་བུ་གོ་ཆ་ལ་བྱིན་ནས་གསུངས་པ། ཡི་གེ་འདི་མིང་ཅི་ཡིན་སྨྲོས་ཤིག །དེས་ སྨྲས་པ་མ་འཚལ་ཏོ། །བྱང་ཆུབ་སེམས་དཔས་གསུངས་པ། འཇིག་རྟེན་དུ་གཉིས་ཤིག་བྱུང་ནས་མངོན་པར་འགྱུར་ཏེ་བྱང་ཆུབ་སེམས་དཔའ་དང་འཁོར་ལོས་སྒྱུར་བའོ། །ནམ་མཁའི་ངོས་ལ་གནས་པའི་ཚངས་པས་སྨྲས་པ། སྲིན་བུ་གོ་ཆ་བྱང་ཆུབ་སེམས་དཔས་ཇི་སྐད་གསུངས་པ་དེ་དེ་བཞིན་ཏེ། ཡི་གེ་འདི་ནི་འཇིག་རྟེན་དུ་གཉིས་ཤིག་བྱུང་ན་མངོན་པར་འགྱུར་ཏེ་བྱང་ཆུབ་སེམས་དཔའ་འམ། འཁོར་ལོས་སྒྱུར་བའི་རྒྱལ་པོའོ། །བྱང་ཆུབ་སེམས་ དཔས་ཡི་གེ་དེ་ཚངས་པའི་དབྱངས་ཀྱིས་བླངས་པ། ནམ་མཁའི་ངོས་ལ་གནས་པའི་ཚངས་པས་དབང་བྱས་པས་ཚངས་པའི་ཡི་གེ་ཞེས་བྱ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡི་གེའི་མཐར་ཕྱིན་པ་དང་འཁོར་ལྔ་བརྒྱ་ དང་བཅས་པར་བཟང་ལེན་དང་། ལྷར་བཅས་ཞེས་བྱ་བ་འཕོང་གི་སློབ་དཔོན་གྱི་གནས་དུ་འཕོང་གི་གནས་སུ་གཏད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་གནས་ལྔ་པོ་རྒྱང་ནས་ཕོག་པ་དང་། སྒྲ་གྲག་པར་ཕོག་པ་དང་། གནད་དུ་ཕོག་པ་དང་། མི་འཆོར་བར་ཕོག་པ་དང་། ཚབས་ཆེ་བ་ལ་བྱང་བར་གྱུར་ཏོ། །དེ་ནས་བཟང་ལེན་དང་། ལྷར་བཅས་འདི་སྙམ་དུ་སེམས་ཏེ་བྱང་ཆུབ་སེམས་དཔའ་འདི་ནི་སྙིང་རྗེ་ཅན་ཡིན་པས་བསླབ་པར་བྱ་བ་ཐམས་ཅད་བསླབ་ཀྱི་ལྷ་སྦྱིན་འདི་ ནི་གདུག་པ་ཡིན་པས་འཇིག་རྟེན་ཐམས་ཅད་དུ་གནོད་པར་འགྱུར་ན་མི་རུང་གིས་འདི་ལ་གནད་དུ་བསྣུན་པར་བསླབ་པར་མི་བྱའོ་སྙམ་མོ། །དེ་ནས་དུས་གཞན་ཞིག་ན་ལྷ་སྦྱིན་གྱིས་ངང་པ་ལྕགས་མདས་བསྣུན་པ་དང་། བྱང་ཆུབ་སེམས་ 67-1-20a དཔའ་སྟེང་གི་ཁང་བཟངས་ཀྱི་གཞི་ལ་བཞུགས་པ་དེའི་པང་པར་དེ་ལྷུང་ངོ་། །དེ་ནས་བྱང་ཆུབ་སེམས་དཔས་བཟུང་ནས་མདའ་ཕྱུང་སྟེ་སྨན་གྱིས་བྱུགས་པས་སོས་སོ། །ལྷ་སྦྱིན་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་ ངང་པ་འདི་ནི་ངས་ཡོངས་སུ་བཟུང་བ་ཡིན་གྱིས་བསྐུར་ཅིག །བྱང་ཆུབ་སེམས་དཔས་སྨྲས་པ། ངས་ཆེས་སྔར་ཡོངས་སུ་བཟུང་སྟེ་གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ཁོ་ནའི་ཚེ་ཡོངས་སུ་ བཟུང་ངོ་། །དེར་བྱང་ཆུབ་སེམས་དཔའ་ལ་ལྷ་སྦྱིན་གནོད་སེམས་དང་། བཟོད་པ་མ་ཡིན་པ་དང་། ཕེབས་པ་མ་ཡིན་པ་བྱུང་བར་གྱུར་ཏོ། །དེ་ནས་ལྷ་སྦྱིན་ལ་སོགས་པ་ཤཱཀྱའི་གཞོན་ནུ་ལྔ་བརྒྱ་བྱུང་བ་དང་། ལྷ་སྦྱིན་གྱིས་རས་ ཀྱིས་བཅིངས་ནས་ཤཱཀྱའི་གཞོན་ནུ་ལྔ་བརྒྱ་བསྒྱེལ་ཏོ། །ཅི་ཙམ་ན་བྱང་ཆུབ་སེམས་དཔའ་ཕྱོགས་དེར་བཞུད་པ་དང་། ལྷ་སྦྱིན་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་ཅི་ལ་སྡོད། བྱང་ཆུབ་སེམས་དཔས་ཀྱང་རས་བཅིངས་ཏེ་ ཤཱཀྱའི་གཞོན་ནུ་ལྔ་བརྒྱ་བསྒྱེལ་ཏོ། །དེ་ནས་ལྷ་སྦྱིན་རས་ཀྱིས་བཅིངས་པ་བྱང་ཆུབ་སེམས་དཔས་ཀྱང་བཟུང་སྟེ་རྐང་པ་གྱེན་དུ་བསྟན་ནས་གན་རྒྱལ་དུ་བསྒྱེལ་པ་དང་། དེར་ཡང་བྱང་ཆུབ་སེམས་དཔའ་ལ་ལྷ་སྦྱིན་གནོད་སེམས་དང་། མི་བཟོད་པ་དང་། བག་མི་ཕེབས་པའི་སེམས་གཉིས་པ་བསྐྱེད་པར་གྱུར་ཏོ། །དེ་ནས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་མདའ་གཞུ་ཐོགས་ཏེ་ཕྱི་རོལ་དུ་བྱུང་ནས་ཏ་ལ་ལ་ཚབས་བྱེད་པ་ལ་ཞུགས་པ་དང་། ལ་ལས་ནི་ཏ་ལ་གཅིག་ཕིགས་སོ། ། ལ་ལས་ནི་གཉིས་སོ། །ལྷ་སྦྱིན་གྱིས་ནི་གསུམ་མོ། །བྱང་ཆུབ་སེམས་དཔས་ལྕགས་མདའ་འཕངས་པ་དང་ཤིང་ཏ་ལ་བདུན་ཕིགས་པ་ལས་ཇི་སྲིད་རླུང་གིས་བསྐྱོད་དེ་ཐམས་ཅད་འགྱེལ་བའི་བར་དུ་རྒྱ་ཆེར་སྦྱར་རོ། །དེ་ནས་ གཙང་མའི་ལྷ་རྣམས་ཀྱིས་འབབ་ཆུ་རོ་ཧི་ཏ་ཀའི་འགྲམ་ན་ཤིང་དགེ་བའི་སྙིང་པོ་ཞེས་བྱ་བ་ཉི་མ་གཅིག་ཅིང་ཁྲུ་བརྒྱར་སྐྱེ་བ་མཚན་མོ་ནི་སེན་མོས་ཀྱང་གཅད་དུ་རུང་ལ་ཉིན་པར་ནི་མཚོན་གྱིས་ཀྱང་གཅད་པར་མི་ནུས་པ་ 67-1-20b ཞིག་ཡོད་པ་དང་། གནས་གཙང་མ་པའི་ལྷ་རྣམས་ཀྱིས་གང་གིས་ཤིང་དགེ་བའི་སྙིང་པོ་རྩ་བ་སྟེང་དུ་བཏོན་ནས་རོ་ཧི་ཏ་ཀའི་ནང་དུ་བཅུག་པ་དེ་ལྟ་བུའི་རླུང་དང་ཆར་དྲག་ཅིག་སྤྲུལ་ཏོ། །དེ་རྒྱལ་པོ་ཟས་གཙང་མ་དང་། ལེགས་པར་རབ་ སད་ཀྱིས་ཐོས་ནས་ཤིང་འདིར་གྲོང་ཁྱེར་བརླག་པར་མ་གྱུར་ཏམ་སྙམ་ནས་སྲོག་ཆགས་བརྒྱ་སྟོང་དཔག་ཏུ་མེད་པ་དང་། ཤིང་དགེ་བའི་སྙིང་པོ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། འཁོར་བརྒྱ་སྟོང་དཔག་ཏུ་མེད་པས་དྲངས་སུ་ཟིན་ཀྱང་ཅི་ ཙམ་དུ་བསྐྱོད་པར་ཡང་མ་ནུས་སོ། །འཆར་ཀས་སྨྲས་པ། ལྷ་བྱང་ཆུབ་སེམས་དཔའ་སྦྲོན་ཅིག །རྒྱལ་པོས་སྨྲས་པ། ཁོ་བོས་གཞོན་ནུ་ལ་བཀའ་སྩོལ་བར་མི་ནུས་སོ། །འཆར་ཀས་སྨྲས་པ། ཁྱེད་རྣམས་ཀྱིས་ཅ་ཅོའི་སྒྲ་གསང་ མཐོན་པོ་སྒྲོགས་ཤིག །ཅི་ནས་ཀྱང་ངས་བྱང་ཆུབ་སེམས་དཔའ་གཤེགས་པར་བྱའོ། །དེ་ནས་སྐྱེ་བོའི་ཚོགས་དེ་རྣམས་ཀྱིས་སྒྲ་གསང་མཐོན་པོ་དང་ཆེན་པོས་ཅ་ཅོའི་སྒྲ་བསྒྲགས་སོ། །འཆར་ཀ་བྱང་ཆུབ་སེམས་དཔའི་ཐད་དུ་སོང་ བ་དང་། བྱང་ཆུབ་སེམས་དཔས་སྨྲས་པ། འཆར་ཀ་ཅ་ཅོའི་སྒྲ་འདི་ཅི་ཞིག་ཡིན། འཆར་ཀས་རྣམ་པ་དེ་དག་རྒྱ་ཆེར་གསོལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་གསུངས་པ། གལ་ཏེ་དེ་ལྟར་ན་འབྱིན་དུ་འདེང་། དེ་ནས་འཆར་ཀ་དང་། བྱང་ ཆུབ་སེམས་དཔའ་ཆས་པ་དང་། ཅི་ཙམ་ན་ཁུང་ནས་སྦྲུལ་གདུག་པ་ཞིག་བྱུང་ངོ་། །འཆར་ཀས་བྱང་ཆུབ་སེམས་དཔའ་ཟིན་པར་གྱུར་དུ་འོང་ངོ་ཞེས་རལ་གྲི་རྣོན་པོས་རྐེད་པ་བཅད་པ་དང་། སྦྲུལ་གྱི་དུག་གི་དབུགས་ཀྱིས་འཆར་ཀ་ལ་ཕོག་ སྟེ་དེ་ནག་པོར་གྱུར་ནས་དེའི་མིང་ཡང་འཆར་ཀ་ནག་པོ་ཞེས་བྱ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཤིང་དགེ་བའི་སྙིང་པོ་གང་ན་བ་དེར་བཞུད་དེ་ཕྱིན་པ་དང་། ལྷ་སྦྱིན་ལ་གསུངས་པ། ཁྱོད་ཀྱི་སྟོབས་ཅི་ཙམ་པ་བལྟ་ཡིས་བསྐྱོད་ ཅིག །ལྷ་སྦྱིན་གྱིས་འབད་དེ་ཅུང་ཟད་ཅིག་བསྒུལ་ཏོ། །དགའ་བོས་ནི་ཅུང་ཟད་དྲངས་སོ། །ཇི་ཙམ་ན་བྱང་ཆུབ་སེམས་དཔའ་སྟོབས་ཀྱི་ཉམ་སད་པར་མཛད་ཅིང་ཤིང་དགེ་བའི་སྙིང་པོ་ཕྱག་གིས་བླངས་ཏེ་འབབ་ཆུ་རོ་ཧི་ཏ་ཀའི་འགྲམ་ནས་ 67-1-21a འཕངས་ཏེ་བྱང་ཆུབ་སེམས་དཔས་གསུངས་པ། ཤེས་ལྡན་དག་ཤིང་དགེ་བའི་སྙིང་པོ་འདི་ནི་བསིལ་བའི་རང་བཞིན་ཡིན་པས་མཁྲིས་པའི་ནད་དང་། ཤུ་བ་དང་། ཕོལ་མིག་བྱུང་བ་ལ་བྱུགས་ན་ཞི་བར་འགྱུར་གྱིས་དུམ་བུར་ བྱོས་ལ་ཁྱེར་ཏེ་རང་རང་གི་ཁྱིམ་དུ་ཞོག་ཤིག །ཡང་ཡངས་པ་ཅན་དུ་གླང་པོ་ཆེ་རིན་པོ་ཆེ་ཞིག་སྐྱེས་པ་དང་། དེ་ནས་ཡངས་པ་ཅན་གྱི་ལིད་ཙ་བི་རྣམས་གླང་པོ་ཆེ་མཚན་དང་ལྡན་པ་ཞིག་རྙེད་ནས་དེ་རྣམས་གྱིས་བསམས་པ། རྒྱལ་པོ་ ཟས་གཙང་གི་སྲས་མཚན་མཁན་རྣམས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ལུང་བསྟན་པ་དེའི་མཐུས་གླང་པོ་ཆེ་རིན་པོ་ཆེ་འདི་བྱུང་གིས་དོང་ལ་དེ་ཁོ་ན་ལ་དབུལ་ལོ་སྙམ་མོ། །དེ་རྣམས་ཀྱིས་གླང་པོ་ཆེ་དེ་རྒྱན་ཐམས་ ཅད་ཀྱིས་བརྒྱན་ནས་ཁྲིད་དེ་དོང་བ་ལས་རིམ་གྱིས་སེར་སྐྱའི་གཞིར་རྒྱལ་པོའི་ཕོ་བྲང་གི་སྒོར་གླང་པོ་ཆེའི་དམ་པ་བཞག་ནས་སྡོད་པ་དང་། མ་སྟེས་ཏེ་གདུག་པའི་ལས་ཅན་ལྷ་སྦྱིན་ཕྱིར་བྱུང་བ་དེས་གླང་པོ་ཆེའི་དམ་པ་དེ་དེ་ལྟར་རྒྱན་གྱིས་ བརྒྱན་པར་མཐོང་ནས་དེ་དེས་ཕྲག་དོག་ཆེན་པོ་སྐྱེས་ཏེ་དེ་ཕྲག་དོག་དང་མི་བཟོད་པ་སྐྱེས་པས་དྲིས་པ། གླང་པོ་ཆེའི་དམ་པ་འདི་སུའི་ཡིན། དེ་རྣམས་ཀྱིས་སྨྲས་པ། གཞོན་ནུ་ཤཱཀྱ་ཐུབ་པ་མཚན་མཁན་རྣམས་ཀྱིས་འཁོར་ལོས་སྒྱུར་ བའི་རྒྱལ་པོར་ལུང་བསྟན་པ་དེ་ལ་ཡངས་པ་ཅན་གྱི་ཚོགས་རྣམས་ཀྱིས་གླང་པོ་རིན་པོ་ཆེ་འདི་སྐྱེས་སུ་ཕུལ་ལོ། །ལྷ་སྦྱིན་ལྷག་པར་མི་བཟོད་པ་སྐྱེས་ནས་སྨྲས་པ། རེ་ཤིག་དེ་འཁོར་ལོས་སྒྱུར་བར་མ་གྱུར་པར་ཇེ་ཁྱེད་ཅག་གླང་པོ་རིན་པོ་ ཆེ་འབུལ་ལམ་ཞེས་སྨྲས་ནས་ཐལ་ལྕག་གིས་གླང་པོ་ཆེ་བསད་དོ། །ཇི་ཙམ་ན་ཕྱོགས་དེར་དགའ་བོ་འོངས་པ་དེས་དེ་མཐོང་ནས་དྲིས་པ། ཤེས་ལྡན་དག་གླང་པོ་ཆེ་བཟང་པོ་འདི་སུས་བསད། དེ་རྣམས་ཀྱིས་སྨྲས་པ། ལྷ་སྦྱིན་གྱིས་སོ། ། དེས་བསམས་པ་གདོན་མི་ཟ་བར་འདི་ལ་ལྷ་སྦྱིན་གྱི་མཐུ་སད་ཀྱིས་མ་ལ་བདག་གིས་ཀྱང་འདི་ལ་མཐུ་སད་པར་བྱའོ་སྙམ་ནས་མཇུག་མ་ནས་བཟུང་སྟེ་གོམ་པ་བདུན་དུ་བོར་རོ། །ཇི་ཙམ་ན་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ཕྱིར་བྱུང་བ་ 67-1-21b དེས་དེ་གཟིགས་ནས་དྲིས་པ། གླང་པོ་ཆེ་འདི་གང་ནས་འོངས། དེ་རྣམས་ཀྱིས་ཇི་ལྟར་གྱུར་པ་སྨྲས་སོ། །སུས་བསད། ལྷ་སྦྱིན་གྱིས་སོ། །མགྲོན་རྣམས་ལ་མགྲོན་གྱི་མཆོད་པ་བྱ་བ་ཡིན་ནམ་ལེགས་པ་ཞིག་བྱས་སོ། །ཕྱོགས་གང་དུ་བསད། ཕ་བིར་རོ། །འདིར་སུས་དྲུད། དགའ་བོས་སོ། །དེས་དགོངས་པ་འདིར་གདོན་མི་ཟ་བར་དེ་གཉིས་ཀྱིས་འདི་ལ་མཐུ་སད་ཀྱིས་མ་ལ་ངས་ཀྱང་འདི་ལ་མཐུ་སད་པར་བྱའོ་སྙམ་དུ་དགོངས་ནས་མཇུག་མ་ནས་བཟུང་སྟེ་ར་བའི་ཁར་འཕངས་པ་ལས་ར་བ་རིམ་པ་ བདུན་དང་། འོབས་རིམ་པ་བདུན་ལས་འདས་ཏེ་བོར་རོ། །དེ་ལྷུང་བས་གཤོང་བཏོད་པ་གླང་པོ་ཆེའི་གཤོང་གླང་པོ་ཆེའི་གཤོང་ཞེས་བྱ་བར་གྱུར་ཏོ། །འདིར་སྨྲས་པ། ལྷ་སྦྱིན་གྱིས་ནི་གླང་ཆེན་དབང་པོ་བསད། །དགའ་བོས་དེ་ནི་གོམ་པ་བདུན་དུ་དྲུད། །བྱང་ ཆུབ་སེམས་དཔས་ཕྱག་གིས་བར་སྣང་ལ། །རྡོ་བ་བཞིན་དུ་ཕྱི་རོལ་རྒྱང་རིང་འཕངས། །མཚན་མཁན་རྣམས་ཀྱིས་ལུང་བསྟན་པ། གལ་ཏེ་གཞོན་ནུ་ལོ་བཅུ་གཉིས་ཀྱི་བར་དུ་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །དེ་ནས་རྒྱལ་ པོ་ཟས་གཙང་མ་འདི་སྙམ་དུ་སེམས་ཏེ། མ་ལ་བདག་གིས་འདི་ལ་འདོད་པའི་ཡོན་ཏན་ལྔ་ཕལ་པོ་ཆེ་བྱིན་ན་དེ་ལྟ་ན་ནི་དེ་རྣམས་ལ་དགའ་བས་རབ་ཏུ་འབྱུང་བར་མི་འགྱུར་རོ་སྙམ་ནས་རྒྱལ་པོ་ཟས་གཙང་གིས་བྱང་ཆུབ་སེམས་དཔའི་མདུན་དུ་གོས་དང་། རྒྱན་གྱི་ཕུང་པོ་གཞག་ནས་སྨྲས་པ། དེང་ཁྱེད་ཀྱིས་ཤཱཀྱའི་བུ་མོ་རྣམས་ལ་རྒྱན་དང་གོས་རྣམས་བྱིན་ཅིག །དེ་ནས་རྒྱལ་པོ་ཟས་གཙང་གིས་སེར་སྐྱའི་གྲོང་ཁྱེར་དུ་དེང་གཞོན་ནུ་གོས་དང་རྒྱན་རྣམས་སྟེར་བར་འགྱུར་གྱིས་ཤཱཀྱའི་བུ་མོ་ཐམས་ཅད་ ཤོག་ཤིག་ཅེས་དྲིལ་སྒྲོག་དུ་བཅུག་གོ། །དེ་ནས་ཤཱཀྱའི་གཞོན་ནུ་མ་ལྔ་བརྒྱ་འོངས་པ་དང་། ཐམས་ཅད་ལ་བྱང་ཆུབ་སེམས་དཔས་གོས་དང་རྒྱན་རྣམས་བྱིན་ནོ། །དེ་ནས་ཤཱཀྱ་དབྱིག་པ་ཅན་ལ་གྲགས་འཛིན་མ་ཞེས་བྱ་བའི་བུ་མོ་ཡོད་པ་དང་། དེས་དེ་ལ་སྨྲས་པ། ཁྱེད་ལ་ཡང་གཞོན་ནུ་གོས་དང་རྒྱན་རྣམས་སྟེར་བར་འགྱུར་གྱིས་སོང་། དེ་ནས་གྲགས་འཛིན་མ་ཅི་བདག་ལ་བྱང་ཆུབ་སེམས་དཔའ་ལས་གཞན་སུ་ཞིག་ཁྱོར་འགྱུར་སྙམ་དུ་བསམས་ནས་བྱང་ཆུབ་སེམས་དཔའི་ཐད་ 67-1-22a དུ་སོང་བ་དང་། ཅི་ཙམ་ན་གོས་དང་རྒྱན་ཐམས་ཅད་བྱིན་ཟིན་ནས་ཅི་ཡང་མ་ལུས་པ་དང་། དེས་བྱང་ཆུབ་སེམས་དཔའི་མགུལ་ན་ཤིན་དུ་མཛེས་ཤིང་རིན་ཆེ་བའི་མུ་ཏིག་ཕྲེང་གཅིག་ལུས་པ་མཐོང་ནས་དེ་དེ་ལ་དགའ་བས་ བག་འཁུམས་པ་མེད་པར་རང་ཉིད་ཀྱིས་བཀྲོལ་ཏེ་རང་གི་མགུལ་དུ་བཏགས་ནས་བྱང་ཆུབ་སེམས་དཔའི་ཐད་ནས་སོང་ངོ་། །དེ་ནས་རྒྱལ་པོ་ཟས་གཙང་འདི་སྙམ་དུ་སེམས་ཏེ་བུ་མོ་འདི་ཕེབས་ཤིང་བརྟན་པ་ལས་ན་འདིས་གཞོན་ནུའི་ཐུགས་དང་ བསྟུན་པར་ནུས་ཀྱིས་འདི་བླང་བར་བྱའོ་སྙམ་དུ་བསམས་ནས་གྲགས་འཛིན་མ་བུད་མེད་ཀྱི་འཁོར་ཉི་ཁྲི་དང་བྱང་ཆུབ་སེམས་དཔའི་བཙུན་མོར་བླངས་སོ། །རྒྱལ་པོ་ཟས་གཙང་མས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། སོང་ལས་ཀྱི་མཐའ་ ཅི་ཙམ་པ་ལ་ལྟོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་རྒྱལ་པོ་ཟས་གཙང་མས་བསྒོ་བ་གསན་ཏེ་ཤིང་རྟ་བཟང་པོ་ལ་ཞུགས་ནས་ཕྱི་རོལ་དུ་གཤེགས་ཏེ་ཡབ་རྒྱལ་པོ་ཟས་གཙང་མའི་ལས་ཀྱི་མཐའ་གཟིགས་ཤིང་བྱང་ཆུབ་སེམས་ དཔའ་ལས་ཀྱི་མཐའ་ལ་ཞུགས་པ་རྣམས་ཀྱི་གན་དུ་བྱོན་པ་དང་། གཤོལ་ལྔ་བརྒྱ་དང་ཞིང་རྨེད་ཅིང་ཞིང་པའི་མི་དེ་རྣམས་ཀྱིས་ཀྱང་གཤོལ་གནོན་ཅིང་འདྲེན་པས་སྟོབས་ཉེ་བར་ཉམས་པ་མགོ་ལུས་རྡུལ་གྱིས་ཡོག་པ་དང་། རླུང་དང་ཐན་པས་ལུས་ ལ་གདུངས་པས་ལུས་རྩུབ་ཅིང་མདོག་ངན་པ། རྐང་པ་དང་། ལག་པ་གས་པ་དང་། དེངས་ཤིང་དྲི་མ་ཅན་གྱི་གོས་གྱོན་པ། རྐང་པ་དྲི་མ་ཅན། ལྟོགས་པ་དང་སྐོམ་པས་མདོག་ངན་ཞིང་། ལྐོག་མ་དང་། མཁུར་བ་དང་། མིག་གི་ལོགས་སྐམས་པ་དང་། གླང་དེ་རྣམས་ཀྱང་རྨོན་པ་ལྕགས་གཟེར་རྣོན་པོ་ཅན་གྱིས་ལུས་དྲལ་བས་རྒྱབ་དང་། མཇུག་དོའི་ཕྱོགས་ཁྲག་གིས་གཡོག་པ། ལྟོགས་པ་དང་སྐོམ་པས་དབུགས་བརྩེགས་ཤིང་སྙིང་ཁའི་ཕྱོགས་ནས་དབུགས་བརྩེགས་པ་རིང་དུ་འདྲེན་ལ་ གཉའ་ཤིང་གིས་མནན་པའི་རྨ་ལས་རྣག་ཁྲག་འཛག་པ་ལ་སྦྲང་བུ་དང་། འབུའི་ཚོགས་ཀྱིས་ཟ་བ། ཐོང་ལྕགས་ཀྱིས་རྐང་པ་ལ་རྨ་བྱུང་ཞིང་ཁ་དང་སྣ་ནས་ཁ་ཆུ་དང་སྣ་ཆུ་འཛག་པ་ལ་སྦྲང་མ་དང་། ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་ཀྱིས་ 67-1-22b ཡོག་པ་རྣམས་གཟིགས་སོ། །གཟིགས་ནས་ཀྱང་ཐོག་མ་མེད་པའི་དུས་ནས་བསོད་ནམས་བསྐྱེད་ཅིང་བསགས་པའི་ཐུགས་རྗེས་ཀུན་ནས་བསྐྱོད་པའི་ཐུགས་ཀྱིས་ཞིང་པ་རྣམས་ལ་འདི་སྐད་ཅེས་གསུངས་སོ། །ཤེས་ལྡན་དག་ཁྱེད་ སུའི་ཡིན། དེ་རྣམས་ཀྱིས་གསོལ་པ། བྱང་ཆུབ་སེམས་དཔའི་ལགས་སོ། །དེས་གསུངས་པ། ཤེས་ལྡན་དག་ཁྱེད་དེང་ཕན་ཅད་བྲན་དུ་མི་བྱ། མངག་གཞུག་པར་མི་བྱ། རང་དབང་ཅན་གར་དགའ་བར་འགྲོ་བར་བྱས། བདེ་བ་ལ་ རེག་པར་གནས་ཤིག །རྨོན་པ་རྣམས་ཀྱང་བཀྲོལ་ནས་གསུངས་པ། ཁྱེད་ཅག་ཀྱང་དེང་ཕན་ཅད་རྩྭ་མཆོག་མ་ཉམས་པ་ཟ་ཞིང་ཆུ་མ་རྡུལ་མ་བརྙོགས་ཤིང་དང་བ་དག་ལ་འཐུང་ཤིག །ཁྱེད་ལ་ཕྱོགས་བཞི་ནས་ཀྱང་རླུང་བསིལ་བ་ལྡང་ བར་གྱུར་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་ཡིད་བྱུང་བ་དེ་ཉིད་ཀྱིས་ཡབ་ཤཱཀྱ་ཟས་གཙང་གི་ཞིང་བླས་ཀྱི་མཐའ་ལ་གཟིགས་ནས་སྣུམ་ཞིང་སྔོ་ལ་འདབ་མ་མཐུག་ཅིང་གྲིབ་མ་བཟང་པོ་དང་ལྡན་པའི་འཛམ་བུའི་ཤིང་གི་གྲིབ་མ་གང་ན་བ་ དེར་གཤེགས་ཏེ་བྱོན་ནས་ཤིང་འཛམ་བུའི་གྲིབ་མ་ལ་བཞུགས་ཏེ། འདོད་པ་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་ཤིང་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཟག་པ་མེད་ པ་དང་འདྲ་བའི་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་སོ། །སྐྱེ་བོའི་ཚོགས་ཆེན་པོ་ཡང་བྱང་ཆུབ་སེམས་དཔའ་སྤངས་ཏེ་མི་འགྲོ་བར་ཤིང་གཞན་རྣམས་ཀྱི་དྲུང་ན་སྡོད་དོ། །རྒྱལ་པོ་ཟས་གཙང་གིས་བསམས་པ། བྱང་ཆུབ་སེམས་ དཔའ་རིང་ཞིག་ཐོགས་ཏེ་འདི་ལྟར་དྲོའི་དུས་ལས་ཡོལ་གྱིས་བལྟར་འགྲོའོ་ཞེས་དེ་ཤིང་རྟར་ཞུགས་ནས་ཞིང་པའི་གྲོང་དུ་སོང་སྟེ་ཕན་ཚུན་དུ་བྱང་ཆུབ་སེམས་དཔའ་ཚོལ་ཞིང་ཤིང་འཛམ་བུའི་དྲུང་དུ་ཕྱིན་ཏོ། །དེའི་ཚེ་ཉི་མའི་གུང་ཡོལ་ནས་ ཤིང་གཞན་རྣམས་ཀྱི་གྲིབ་མ་ཤར་ཕྱོགས་སུ་གཞོལ། ཤར་ཕྱོགས་སུ་འབབ། ཤར་ཕྱོགས་སུ་བབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་མཐུས་ཤིང་འཛམ་བུའི་གྲིབ་མ་ནི་བྱང་ཆུབ་སེམས་དཔའི་སྐུ་མི་གཏོང་ངོ་། །རྒྱལ་པོ་ཟས་ 67-1-23a གཙང་གིས་ཉི་མའི་གུང་ཡོལ་ནས་ཤིང་གཞན་རྣམས་ཀྱི་གྲིབ་མ་ནི་ཤར་ཕྱོགས་སུ་གཞོལ། ཤར་ཕྱོགས་སུ་འབབ། ཤར་ཕྱོགས་སུ་བབ་པར་གྱུར་ན། ཤིང་འཛམ་བུའི་གྲིབ་མ་ནི་བྱང་ཆུབ་སེམས་དཔའི་སྐུ་མི་གཏོང་བ་ མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། གཞོན་ནུ་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། འདི་ལྟར་ད་ཉི་མའི་གུང་ཡོལ་ནས་ཤིང་གཞན་རྣམས་ཀྱི་གྲིབ་མ་ནི་ཤར་ཕྱོགས་སུ་གཞོལ། ཤར་ཕྱོགས་སུ་འབབ། ཤར་ཕྱོགས་སུ་བབ་ པར་གྱུར་ན། ཤིང་འཛམ་བུའི་གྲིབ་མ་ནི་བྱང་ཆུབ་སེམས་དཔའི་སྐུ་མི་གཏོང་བ་ངོ་མཚར་ཆེའོ་སྙམ་མོ། །དེ་ནས་དགའ་བའི་སྟིང་སྟང་བྱས་ཏེ་བྱང་ཆུབ་སེམས་དཔའི་ཞབས་གཉིས་ལ་གཏུགས་ནས་ཚིགས་སུ་བཅད་དེ་སྨྲས་པ། ཇི་ ལྟར་བལྟམ་ཚེ་ས་ནི་གཡོས་པ་ལྟར། །འཛམ་བུའི་གྲིབ་མ་ཁྱོད་སྐུ་མི་གཏོང་བ། །བློ་ཆེན་ཁྱོད་ཀྱི་ཡ་མཚན་གཉིས་འདི་སྟེ། །ཀུན་གཟིགས་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དེ་ལས་བཞེངས་ ནས་ཤིང་རྟར་ཞུགས་པ་དང་། ཇི་ཙམ་ན་གཏེར་སྐྱོང་བ་སྐྲ་དང་ཁ་སྤུ་དང་སེན་མོ་རིང་བ་གཏེར་ཐོགས་ཏེ་བྱང་ཆུབ་སེམས་དཔའ་གང་ན་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་གཏེར་འདི་རྣམས་བཞེས་ཤིག ། བྱང་ཆུབ་སེམས་དཔས་གསུངས་པ། འདི་གང་གི་ལྷ་སྐྱེས་བུ་གང་ཞིག་དུས་ལས་འདས་པ་དེ་རྣམས་ཀྱི་ལགས་སོ། །བྱང་ཆུབ་སེམས་དཔས་གསུངས་པ། འདི་རྣམས་ཀྱིས་ཆོག་གིས་རེ་ཤིག་དེ་རྣམས་ཀྱི་བླུན་པོ་ཡོངས་སུ་གཟུང་བ་ བྱས་ནས་ཅི་ཞིག་བྱས་ཁྱེད་ང་ལ་དགོས་པ་མེད་ཀྱིས་སོང་ཤིག །ཚིགས་སུ་བཅད་པས་ཀྱང་གསུངས་པ། གང་གིས་ང་ལ་འཆི་བའི་གཏམ་སྨྲས་པ། །དེ་དག་ཀྱང་ཤི་གཏམ་དུ་གྱུར་པ་ཡིན། །བདག་ཀྱང་ཤི་ནས་རིང་པོར་མི་ཐོགས་པར། ། གཞན་དག་གི་ཡང་གཏམ་དུ་འགྱུར་བར་འོང་། །དེ་རྣམས་ཀྱིས་ཡང་སྒྲ་ཕྱུང་བ། གཞོན་ནུ་གལ་ཏེ་མི་བཞེས་ན་བདག་ཅག་རྒྱ་མཚོ་ཆེན་པོར་འཇུག་གོ། །བྱང་ཆུབ་སེམས་དཔས་ཅི་བདེ་བར་ཞུགས་ཤིག་ཅེས་གསུངས་པ་དང་། 67-1-23b དེ་རྣམས་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་སོ། །དེ་ནས་གནས་གཙང་མའི་རིས་ཀྱི་ལྷ་རྣམས་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་རྒྱུའི་སྟོབས་ཅན་ཡིན་མོད་ཀྱི་འོན་ཀྱང་རྐྱེན་བསྒྲུབ་པར་ བྱ་དགོས་ཏེ་འདི་ལྟར་རྒྱུའི་སྟོབས་ཆེན་པོ་ཡང་རྐྱེན་གྱི་སྟོབས་ལ་ལྟོས་སོ་སྙམ་ནས་བྱང་ཆུབ་སེམས་དཔའ་དུར་ཁྲོད་ཀྱི་ནང་ནས་གཤེགས་པ་ན། ལྷ་རྣམས་ཀྱིས་མི་རོ་རྣམ་པར་སྔོས་པ་དང་། རྣམ་པར་རྣགས་པ་དང་། རྣམ་པར་ འབུས་གཞིགས་པ་དང་། རྣམ་པར་བམ་པ་དང་། རྣམ་པར་ཟོས་པ་ཞིག་བསྟན་པ་དང་། བྱང་ཆུབ་སེམས་དཔས་གཟིགས་ནས་སྐྱོ་བ་འཁྲུངས་སོ། །དེ་ནས་རྒྱལ་པོ་ཟས་གཙང་མས་བྱང་ཆུབ་སེམས་དཔའ་ལམ་གཞན་ནས་གྲོང་ ཁྱེར་སེར་སྐྱའི་གཞིར་འཇུག་པར་བྱས་སོ། །དེ་ནས་གྲོང་ཁྱེར་སེར་སྐྱའི་གཞིའི་བུད་མེད་ཀྱི་ཚོགས་སྐར་ཁུང་དང་། སྐར་ཁུང་དྲ་བ་ཅན་དང་། བ་གམ་དག་ན་བྱང་ཆུབ་སེམས་དཔའ་ལ་ལྟ་ཞིང་འདུག་པ་དང་། ཤཱཀྱ་དུས་ལེགས་ཀྱི་བུ་མོ་ས་ འཚོ་མ་ཞེས་བྱ་བ་སྟེང་གི་ཁང་བཟངས་ཀྱི་གཞི་ལ་འདུག་པ་བྱང་ཆུབ་སེམས་དཔའ་ལ་རྟོག་པ་ན་རྐང་པའི་མཐེ་བོས་ས་ལ་བརྐོས་ཏེ་ཁྲག་བྱུང་ཡང་མ་ཚོར་རོ། །བྱང་ཆུབ་སེམས་དཔའ་ཡང་ས་འཚོ་མ་ལ་གཟིགས་པ་ན་ཕྱག་གཡས་ཀྱིས་ མདའ་ཕྱི་མར་རླགས་སོ། །ཁ་ལོ་བས་ལྕགས་མདའ་ཕུལ་བ་དང་དེ་ཡང་ཕྱི་མར་རླགས་སོ། །དེ་ནས་རྒྱལ་པོ་ཟས་གཙང་མ་འདི་སྙམ་དུ་སེམས་ཏེ། འདིས་ནི་གཞོན་ནུའི་ཐུགས་དང་བསྟུན་པར་ནུས་སོ་སྙམ་མོ། །དེ་ནས་ཁ་ལོ་བསྒྱུར་བས་ ཤིང་རྟ་དྲངས་པ་དང་། ཤཱཀྱ་དྲིལ་བུ་སྒྲའི་བུ་མོ་རི་དགས་སྐྱེས་ཞེས་བྱ་བས་བྱང་ཆུབ་སེམས་དཔའ་ཤིང་རྟར་ཞུགས་ཏེ་བྱོན་པ་མཐོང་བ་དང་། ཡང་སྟེང་གི་ཁང་བཟངས་ཀྱི་གཞི་ལ་འདུག་ནས་ཚིགས་སུ་བཅད་དེ་སྨྲས་པ། ཀྱེ་མ་འདི་ཡི་ ཡུམ་བདེ་ཞིང་། །ཡབ་ཀྱང་ཤིན་ཏུ་བདེ་བ་ཡིན། །ཀྱེ་མ་གང་གི་ཁྱིམ་ཐབ་གྱུར། །བུད་མེད་དེ་ཡང་མྱ་ངན་འདས། །སྐྱེས་མཆོག་བསམ་གཏན་པ་དེ་ཡིས། །མྱ་ངན་འདས་པའི་སྒྲ་གསན་ནས། །མྱ་ངན་འདས་པ་ཞི་ཉིད་དུ། །མཁྱེན་ 67-1-24a ནས་དེ་ལ་ཐུགས་དགྱེས་གྱུར། །དེ་ནས་བྱང་ཆུབ་སེམས་དཔས་མྱ་ངན་ལས་འདས་པའི་སྒྲ་གསན་པས་རི་དགས་སྐྱེས་ལ་དགྱེས་ཏེ་མགུལ་ནས་མུ་ཏིག་ཕྲེང་ཅིག་ཕོག་སྟེ། འཕངས་ནས་ཤིང་རྟ་དེ་ལ་བསམ་གཏན་ ལ་སྙོམས་པར་ཞུགས་པར་མཛད་དོ། །ཕྲེང་བ་དེ་ཡང་དེའི་མགུལ་དུ་འཁྲིས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཟས་གཙང་མ་འདི་སྙམ་དུ་སེམས་ཏེ། འདིས་ནི་བྱང་ཆུབ་སེམས་དཔའི་ཐུགས་དང་བསྟུན་པར་ནུས་སོ་སྙམ་ནས་ ས་འཚོ་མ་བུད་མེད་ཉི་ཁྲིས་བསྐོར་བ་དང་། རི་དགས་སྐྱེས་ཀྱང་བུད་མེད་ཉི་ཁྲིས་བསྐོར་བ་བྱང་ཆུབ་སེམས་དཔའི་བཙུན་མོར་བླངས་སོ། །དེ་ལྟར་ན་གྲགས་འཛིན་མ་དང་། ས་འཚོ་མ་དང་། རི་དགས་སྐྱེས་ལ་སོགས་པ་བཙུན་ མོ་སྟོང་ཕྲག་དྲུག་བཅུ་བྱུང་བར་གྱུར་ཏོ། །མཚན་མཁན་རྣམས་ཀྱིས་གལ་ཏེ་བྱང་ཆུབ་སེམས་དཔའ་ལོ་བདུན་གྱི་བར་དུ་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ནས་རྒྱལ་པོ་ ཟས་གཙང་མ་འདི་སྙམ་དུ་སེམས་ཏེ་མ་ལ་བདག་གིས་བྱང་ཆུབ་སེམས་དཔའ་ལ་འདོད་པའི་ཡོན་ཏན་ལྔ་ལས་ཕལ་པོ་ཆེ་ཞིག་སྦྱིན་པར་བྱའོ་སྙམ་ནས་ཕལ་པོ་ཆེ་བྱིན་ནོ། །མཚན་མཁན་གྱིས་གལ་ཏེ་བྱང་ཆུབ་སེམས་དཔའ་ཟླ་བ་ བདུན་གྱི་བར་དུ་རབ་ཏུ་མ་བྱུང་ན་གདོན་མི་ཟ་བར་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ནས་རྒྱལ་པོ་ཟས་གཙང་མས་བྱང་ཆུབ་སེམས་དཔའ་ལ་འདོད་པའི་ཡོན་ཏན་ལྔ་ཤིན་དུ་ཡང་མང་དུ་བྱིན་ཏེ་འདི་ ལྟར་ཡང་འདི་ལ་མངོན་པར་དགའ་བས་རབ་ཏུ་འབྱུང་བར་མི་འགྱུར་རོ་སྙམ་མོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་བསྐྱེད་མོས་ཚལ་གྱི་གཞིར་གཤེགས་གཞེད་པར་གྱུར་པ་དེའི་ཚེ་ཁ་ལོ་སྒྱུར་བ་ལ། ཀྱེ་ཁ་ལོ་སྒྱུར་བ་རེ་ཤིག་ བཞོན་པ་བཟང་པོ་མྱུར་བར་ཤོམས་ཤིག་དང་། དེར་ཞུགས་ནས་བསྐྱེད་མོས་ཚལ་གྱི་གཞིར་འགྲོའོ་ཞེས་གསུང་བར་འགྱུར་བས་དེ་ནས་བྱང་ཆུབ་སེམས་དཔས་ཁ་ལོ་སྒྱུར་བ་ལ་བསྒོ་བ། ཀྱེ་ཁ་ལོ་སྒྱུར་བ་རེ་ཤིག་བཞོན་པ་བཟང་ 67-1-24b པོ་མྱུར་དུ་ཤོམས་ཤིག་དང་དེར་ཞུགས་ནས་བསྐྱེད་མོས་ཚལ་གྱི་གཞིར་འགྲོའོ། །ལྷ་བཀའ་བཞིན་འཚལ་ཞེས་ཁ་ལོ་སྒྱུར་བས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པའི་ལྟར་མཉན་ནས་བཞོན་པ་བཟང་པོ་མྱུར་དུ་བཤམས་ཏེ་བྱང་ ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ག་ན་བ་དེར་སོང་ནས་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་བཅིབས་པ་བཟང་པོ་བཤམས་ལགས་ཀྱིས། ལྷ་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་བཞོན་པ་བཟང་པོར་ཞུགས་ནས་བསྐྱེད་མོས་ཚལ་གྱི་གཞིར་བྱུང་བ་དང་། བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པས་མི་རྒས་འཁོགས་གཏུགས་པ། སྒུར་པོ་ཕྱམ་དགུ་པོ་ལྟར་ཀྱར་ཀྱོར་ཅན་ མདུན་ནས་མཁར་བ་ལ་བརྟེན་ཅིང་ལུས་འདར་ཞིང་འགྲོ་བ་དེའི་སྐྲ་སེ་བ། ཇི་ལྟར་ཡང་མི་གཞན་དག་དང་མི་འདྲ་བ་ཞིག་གཟིགས་སོ། །གཟིགས་ནས་ཀྱང་ཁ་ལོ་སྒྱུར་བ་ལ་གསུངས་པ། ཁ་ལོ་སྒྱུར་བ་མི་རྒས་འཁོགས་གཏུགས་པ་སྒུར་ ཕྱམ་དགུ་པོ་ལྟར་ཀྱར་ཀྱོར་ཅན་མདུན་ནས་མཁར་བ་ལ་བརྟེན་ཅིང་ལུས་འདར་ཞིང་འགྲོ་བ་དེའི་སྐྲ་སེ་བ། ཇི་ལྟར་ཡང་མི་གཞན་དག་དང་མི་འདྲ་བ་འདི་ཅི་ཡིན། ལྷ་མི་འདི་ནི་རྒས་པ་ཞེས་བགྱིའོ། །ཁ་ལོ་སྒྱུར་བ་རྒས་པ་ཞེས་བྱ་བ་འདི་ ཅི་ཡིན། ལྷ་མི་འདི་རིང་པོར་མི་ཐོགས་པ་ཁོ་ནར་འགུམ་པར་འགྱུར་བས་དེ་རྒས་པ་ཞེས་བགྱིའོ། །ཁ་ལོ་སྒྱུར་བ་ང་ཡང་རྒ་བའི་ཆོས་དང་། རྒ་བའི་ཆོས་ཉིད་ལས་མ་འདས་སམ། ལྷ་ཡང་རྒ་བའི་ཆོས་དང་རྒ་བའི་ཆོས་ཉིད་ལས་མ་ འདས་སོ། །ཁ་ལོ་སྒྱུར་བ་དེའི་ཕྱིར་ཤིང་རྟ་ཕྱིར་སྒྱུར་ཅིག །ཕོ་བྲང་ཉིད་དུ་འདོང་ངོ་། །འདི་ལྟར་ང་ཕོ་བྲང་དུ་ཕྱིན་ནས་ང་རྒ་བ་ལས་མ་འདས་སོ་ཞེས་གྲག་པའི་དོན་དེ་ཉིད་བསམ་པར་བྱའོ། །ཁ་ལོ་སྒྱུར་བས་ཤིང་རྟ་ཕྱིར་སྒྱུར་ནས་ཕོ་བྲང་ ཉིད་དུ་ཆས་ཏེ་དེར་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ཕོ་བྲང་གི་ནང་དུ་བྱོན་ནས་ང་ཡང་རྒས་པ་ལས་མ་འདས་པ་ལྟ་ཞིག་ཅེས་མི་དགྱེས་ཤིང་ཐུགས་ངན་དགོངས་སོ། །འདིར་སྨྲས་པ། དར་ཡོལ་རྒས་ཤིང་སྒུར་ལ་མགོ་སྐྱ་བ། ། 67-1-25a ལག་ན་མཁར་བ་ཐོགས་པའི་མི་གཟིགས་ནས། །འདི་བདག་རྒས་ལས་མ་འདས་ཤེས་གྲག་ཅེས། །དེ་ནས་མི་དགྱེས་ཐུགས་ངན་དགོངས་པར་མཛད། །དེ་ནས་རྒྱལ་པོ་ཟས་གཙང་གིས་ཁ་ལོ་སྒྱུར་བ་ལ་སྨྲས་པ། ཁ་ལོ་སྒྱུར་བ་ཅི་གཞོན་ནུ་ཡིད་དགའ་བ་དང་མགུ་བས་བསྐྱེད་མོས་ཚལ་གྱི་གཞིར་བྱུང་ངམ། བསྐྱེད་མོས་ཚལ་ལ་མངོན་པར་དགའ་འམ། ལྷ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ལྷ་གཞོན་ནུ་བསྐྱེད་མོས་ཚལ་གྱི་གཞིར་གཤེགས་ པ་ན། མི་རྒས་འཁོགས་གཏུགས་པ་སྒུར་པོ་ཕྱམ་དགུ་པོ་ལྟར་ཀྱར་ཀྱོར་ཅན་མདུན་ནས་འཁར་བ་ལ་བརྟེན་ཅིང་ལུས་འདར་ཞིང་མཆི་ལ་དེའི་སྐྲ་སེ་བ། ཇི་ལྟར་ཡང་མི་གཞན་དག་དང་མི་འདྲ་བ་ཞིག་གཟིགས་སོ། །གཟིགས་ནས་ཀྱང་ བདག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁ་ལོ་སྒྱུར་བ་མི་རྒས་འཁོགས་གཏུགས་པ་སྒུར་པོ་ཕྱམ་དགུ་པོ་ལྟར་ཀྱར་ཀྱོར་ཅན་མདུན་ནས་མཁར་བ་ལ་བརྟེན་ཅིང་ལུས་འདར་ཞིང་འགྲོ་ལ་དེའི་སྐྲ་ས་བ། ཇི་ལྟར་ཡང་མི་གཞན་དག་དང་ མི་འདྲ་བ་འདི་ཅི་ཡིན། དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ། །ལྷ་འདི་ནི་རྒས་པ་ཞེས་བགྱིའོ། །དེས་འདི་སྐད་ཅེས་གསུངས་ཏེ། ཁ་ལོ་སྒྱུར་བ་རྒས་པ་ཞེས་བྱ་བ་འདི་ཅི་ཡིན། དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ ཏོ། །ལྷ་མི་འདི་རིང་པོ་མི་ཐོགས་པ་ཁོ་ནར་འགུམ་པར་འགྱུར་བས་ལྷ་དེ་ནི་རྒས་པ་ཞིས་བགྱིའོ། །དེས་འདི་སྐད་ཅེས་གསུངས་ཏེ། ཁ་ལོ་སྒྱུར་བ་ང་ཡང་རྒ་བའི་ཆོས་དང་རྒ་བའི་ཆོས་ཉིད་ལས་མ་འདས་སམ། དེ་ལ་བདག་གིས་འདི་ སྐད་ཅེས་གསོལ་ཏོ། །ལྷ་ཡང་རྒ་བའི་ཆོས་དང་། རྒ་བའི་ཆོས་ཉིད་ལས་མ་འདས་སོ། །དེས་འདི་སྐད་ཅེས་གསུངས་ཏེ། ཁ་ལོ་སྒྱུར་བ་དེའི་ཕྱིར་ཤིང་རྟ་ཕྱིར་སྒྱུར་ཅིག །ཕོ་བྲང་ཉིད་དུ་འདོང་ངོ་། །འདི་ལྟར་ཕོ་བྲང་དུ་ཕྱིན་ནས་ང་རྒ་བ་ལས་མ་ འདས་སོ་ཞེས་གྲག་པའི་དོན་དེ་ཉིད་བསམ་པར་བྱའོ། །ལྷ་གཞོན་ནུ་དེ་ཕོ་བྲང་གི་ནང་དུ་གཤེགས་ཏེ། དེ་ནས་རྒ་བ་ལས་མ་འདས་པ་ལྟ་ཞིག་ཅེས་མི་དགྱེས་ཤིང་ཐུགས་ངན་དགོངས་སོ། །དེ་ནས་རྒྱལ་པོ་ཟས་གཙང་མ་འདི་སྙམ་དུ་ 67-1-25b སེམས་ཏེ། མཚན་མཁན་དང་ལྟས་མཁན་གྱི་བྲམ་ཟེ་དེ་རྣམས་ཀྱིས་ཚིག་ཡང་དག་པར་བདེན་པར་མི་འགྱུར་གྲང་། གཞོན་ནུ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་འགྱུར་ དུ་འོང་གིས་མ་ལ་བདག་གིས་གཞོན་ནུ་ལ་འདོད་པའི་ཡོན་ཏན་ལྔ་ལས་ཕལ་པོ་ཆེ་ཞིག་བྱིན་ལ་ཅི་ནས་ཀྱང་འདི་ལ་དགའ་ཞིང་རབ་ཏུ་འབྱུང་བར་མི་འགྱུར་བར་བྱའོ་སྙམ་མོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ ལ་འདོད་པའི་ཡོན་ཏན་ལྔ་ལས་ཕལ་པོ་ཆེ་བྱིན་ཏེ་ཅི་ནས་ཀྱང་འདི་ལ་དགའ་ཞིང་རབ་ཏུ་འབྱུང་བར་མི་འགྱུར་བར་བྱས་སོ། །འདིར་སྨྲས་པ། ཁ་ལོ་སྒྱུར་བའི་ཚིག་དེ་ཐོས་པ་དང་། །གཞོན་ནུ་ལ་ནི་ཡབ་དེ་དོགས་བཞིན་དུ། །དེ་ཚེ་སླར་དགའ་ ནགས་སུ་མིའི་འགྲོའི་ཕྱིར། །འདོད་པའི་ཡོན་ཏན་ལྔར་བཅས་མང་དུ་བྱིན། །དེ་ནས་ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་བསྐྱེད་མོས་ཚལ་གྱི་གཞིར་གཤེགས་པར་བཞེད་པར་གྱུར་པ་དེའི་ཚེ་ཁ་ལོ་སྒྱུར་བ་ལ་ཀྱེ་ཁ་ལོ་སྒྱུར་བ་རེ་ཤིག་ བཞོན་པ་བཟང་པོ་མྱུར་དུ་ཤོམས་ཤིག་དང་དེ་ལ་ང་ཞོན་ནས་བསྐྱེད་མོས་ཚལ་གྱི་གཞིར་འགྲོའོ་ཞེས་གསུང་བར་འགྱུར་བས་དེ་ནས་བྱང་ཆུབ་སེམས་དཔས་ཁ་ལོ་སྒྱུར་བ་ལ་གསུངས་པ། ཀྱེ་ཁ་ལོ་སྒྱུར་བ་རེ་ཤིག་བཞོན་པ་བཟང་པོ་ མྱུར་དུ་ཤོམས་ཤིག །དེ་ལ་ང་ཞོན་ནས་བསྐྱེད་མོས་ཚལ་གྱི་གཞིར་གཤེགས་སོ། །ལྷ་བཀའ་བཞིན་འཚལ་ལོ་ཞེས་ཁ་ལོ་སྒྱུར་བས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པའི་ལྟར་མཉན་ནས་བཞོན་པ་བཟང་པོ་བཤམས་ཏེ། བྱང་ཆུབ་ སེམས་དཔའ་ཤཱཀྱ་ཐུབ་པ་གང་ན་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་བཅིབས་པ་བཟང་པོ་བཤམས་ལགས་ན། ལྷ་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་བྱང་ ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་བཞོན་པ་བཟང་པོར་ཞུགས་ནས་བསྐྱེད་མོས་ཚལ་གྱི་གཞིར་བྱུང་བ་དང་། བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པས་མི་སྐྱ་བོ་རྦབ་རྦབ་མོ་རིད་པ་ཉམ་ཆུང་བ་དབང་པོ་ཉམས་པ། སྐྱེ་བོ་མང་པོའི་མིག་གིས་ 67-1-26a ལྟ་མི་ཕོད་པ་ཞིག་གཟིགས་སོ། །གཟིགས་ནས་ཀྱང་ཁ་ལོ་སྒྱུར་བ་ལ་གསུངས་པ། ཁ་ལོ་སྒྱུར་བ་མི་སྐྱ་བོ་རྦབ་རྦབ་པོ་རིད་པ་ཉམ་ཆུང་བ་དབང་པོ་ཉམས་པ། སྐྱེ་བོ་མང་པོའི་མིག་གིས་ལྟ་མི་ཕོད་པ་འདི་ཅི་ཡིན། ལྷ་འདི་ ནི་བྲོ་ནད་ཀྱིས་ཐེབས་པ་ཞེས་བགྱིའོ། །ཁ་ལོ་སྒྱུར་བ་ནད་ཀྱིས་ཐེབས་པ་ཞེས་བྱ་བ་འདི་ཅི་ཡིན། ལྷ་མི་འདི་གང་གིས་འགུམ་པར་འགྱུར་བའི་གནས་དེ་མཆིས་ཏེ། ལྷ་འདི་ནི་བྲོས་ཐེབས་པ་ཞེས་བགྱིའོ། །ཁ་ལོ་སྒྱུར་བ་ང་ཡང་ནད་ཀྱི་ཆོས་དང་ནད་ཀྱི་ ཆོས་ཉིད་ལས་མ་འདས་སམ། ལྷ་ཡང་སྙུན་གྱི་ཆོས་དང་སྙུན་གྱི་ཆོས་ཉིད་ལས་མ་འདས་སོ། །ཁོ་ལོ་སྒྱུར་བ་དེའི་ཕྱིར་ཤིང་རྟ་ཕྱིར་སྒྱུར་ཅིག །ཕོ་བྲང་ཉིད་དུ་འདོང་ངོ་། །འདི་ལྟར་ཕོ་བྲང་དུ་ཕྱིན་ནས་ང་ནད་ལས་མ་འདས་པ་ཞེས་བྱ་བའི་ དོན་དེ་ཉིད་བསམ་པར་བྱའོ། །ཁ་ལོ་སྒྱུར་བས་ཤིང་རྟ་ཕྱིར་བསྒྱུར་ནས་ཕོ་བྲང་ཉིད་དུ་ཆས་ཏེ། དེར་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ཕོ་བྲང་གི་ནང་དུ་གཤེགས་ནས་བདག་ཀྱང་ནད་ལས་མ་འདས་པ་ལྟ་ཞིག་ཅེས་མི་དགྱེས་ཤིང་ཐུགས་ ངན་དགོངས་སོ། །འདིར་སྨྲས་པ། མི་ནི་ལུས་རིད་སྐྱ་བོ་རྦབ་རྦབ་པོ། །རང་དབང་མེད་པའི་ནད་ཐེབས་འདིར་གཟིགས་ནས། །ནད་ལས་བདག་མ་འདས་པ་ལྟ་ཞིག་ཅེས། །དེ་ནས་མི་དགྱེས་ཐུགས་ངན་དགོངས་པར་མཛད། །དེ་ནས་རྒྱལ་པོ་ ཟས་གཙང་གིས་ཁ་ལོ་སྒྱུར་བ་ལ་སྨྲས་པ། ཁ་ལོ་སྒྱུར་བ་ཅི་གཞོན་ནུ་ཡིད་དགའ་བ་དང་མགུ་བས་བསྐྱེད་མོས་ཚལ་གྱི་གཞིར་བྱུང་ངམ། །བསྐྱེད་མོས་ཚལ་ལ་མངོན་པར་དགའ་བར་གྱུར་ཏམ། །ལྷ་མ་ལགས་སོ། །དེ་ཅིའི་སླད་དུ་ ཞེ་ན། ལྷ་གཞོན་ནུ་བསྐྱེད་མོས་ཚལ་གྱི་གཞིར་བྱུང་བ་ན། མི་སྐྱ་བོ་རྦབ་རྦབ་པོ་རིད་པ་ཉམ་ཆུང་བ་དབང་པོ་ཉམས་པ། །སྐྱེ་བོ་མང་པོའི་མིག་གིས་ལྟ་མི་ཕོད་པ་ཞིག་གཟིགས་སོ། །གཟིགས་ནས་ཀྱང་བདག་ལ་བཀའ་སྩལ་པ། ཁ་ལོ་སྒྱུར་བ་མི་སྐྱ་བོ་རྦབ་རྦབ་པོ་ཉིད་པ་ཉམ་ཆུང་བ་དབང་པོ་ཉམས་པ། སྐྱེ་བོ་མང་པོའི་མིག་གིས་ལྟ་མི་ཕོད་པ་འདི་ཅི་ཡིན། དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ། །ལྷ་འདི་ནི་བྲོ་ནད་ཀྱིས་ཐེབས་པ་ཞེས་བགྱིའོ། །དེས་ 67-1-26b འདི་སྐད་ཅེས་གསུངས་ཏེ། ཁ་ལོ་སྒྱུར་བ་ནད་ཀྱིས་ཐེབས་པ་ཞེས་བྱ་བ་འདི་ཅི་ཡིན། དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ། །མི་འདི་གང་གནོད་པ་འདིས་འགུམ་པའི་གནས་མཆིས་ཏེ། ལྷ་དེ་ནི་བྲོས་ ཐེབས་པ་ཞེས་བགྱིའོ། །དེས་འདི་སྐད་ཅེས་གསུངས་ཏེ། ཁ་ལོ་སྒྱུར་བ་ང་ཡང་ནད་ཀྱི་ཆོས་དང་ནད་ཀྱི་ཆོས་ཉིད་ལས་མ་འདས་སམ། དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ། །ལྷ་ཡང་སྙུན་གྱི་ཆོས་དང་སྙུན་གྱི་ཆོས་ཉིད་ལས་ མ་འདས་སོ། །དེས་འདི་སྐད་ཅེས་གསུངས་ཏེ། ཁ་ལོ་སྒྱུར་བ་དེའི་ཕྱིར་ཤིང་རྟ་ཕྱིར་བསྒྱུར་ཅིག །ཕོ་བྲང་ཉིད་དུ་འདོང་ངོ་། །འདི་ལྟར་ང་ཕོ་བྲང་ཉིད་དུ་ཕྱིན་ནས་ང་ནད་ལས་མ་འདས་ཞེས་གྲག་པའི་དོན་དེ་ཉིད་བསམ་པར་བྱའོ། །གཞོན་ནུ་དེ་ ཕོ་བྲང་གི་ནང་དུ་གཤེགས་ནས་ང་ཡང་ནད་ལས་མ་འདས་པ་ལྟ་ཞིག་ཅེས་མི་དགྱེས་ཤིང་ཐུགས་ངན་དགོངས་སོ། །དེ་ནས་རྒྱལ་པོ་ཟས་གཙང་མ་འདི་སྙམ་དུ་སེམས་ཏེ་མཚན་མཁན་དང་ལྟས་མཁན་གྱི་བྲམ་ཟེ་དེ་རྣམས་ཀྱི་ཚིག་ཡང་ དག་པར་བདེན་པར་མི་འགྱུར་གྲང་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །འདིར་སྨྲས་པ། དེ་ཚེ་དགའ་ནས་བདག་ངོར་མི་གཞུག་ཕྱིར། །གཟུགས་དང་སྒྲ་དང་དྲི་དང་རོ་རྣམས་དང་། །རེག་བྱ་ཡིད་དུ་འོང་བ་གཙོ་རྣམས་ཀྱི། །འདོད་པའི་ཡོན་ ཏན་ལྔ་པོ་ཡང་བྱིན་ནོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་བསྐྱེད་མོས་ཚལ་ཀྱི་གཞིར་གཤེགས་པར་བཞེད་པར་གྱུར་པ་དེའི་ཚེ། ཁ་ལོ་སྒྱུར་བ་ལ་བཀའ་སྩལ་པ་ལ་སོགས་པ་སྔ་མ་བཞིན་ཏེ། བྱང་ཆུབ་སེམས་དཔའ་ ཤཱཀྱ་ཐུབ་པས་རས་ཁོད་སྣ་ཚོགས་ལས་བྱས་པའི་བླ་རེ་བྲེས་པ་དང་། ཁྱོགས་ཁྱེར་བ་དང་། མདུན་ནས་མེ་སྒྲོན་ཐོགས་པ་དང་། སྐྱེ་བོའི་ཚོགས་ཆེན་པོ་མདུན་ནས་འགྲོ་བ་དང་། བུད་མེད་སྐྲ་བཤིག་པ་རྣམས་ངུ་ཞིང་རྗེས་བཞིན་དུ་འབྲང་ བ་ཞིག་གཟིགས་སོ། །བཟིགས་ནས་ཀྱང་ཁ་ལོ་སྒྱུར་བ་ལ་གསུངས་པ། ཁ་ལོ་སྒྱུར་བ་རས་ཁ་དོག་སྣ་ཚོགས་ལས་བྱས་པའི་བླ་རེ་བྲེས་པ་དང་། ཁྱོགས་ཁྱེར་བ་དང་། མདུན་ནས་མེ་སྒྲོན་ཐོགས་པ་དང་། སྐྱེ་བོའི་ཚོགས་ཆེན་པོ་མདུན་ནས་ 67-1-27a འགྲོ་བ་དང་། བུད་མེད་སྐྲ་བཤིག་པ་རྣམས་ངུ་ཞིང་རྗེས་བཞིན་དུ་འབྲང་བ་འདི་ཅི་ཡིན། ལྷ་འདི་ནི་གུམ་པ་ཞེས་བགྱིའོ། །ཁ་ལོ་སྒྱུར་བ་ཤི་བ་ཞེས་བྱ་བ་འདི་ཅི་ཡིན། ལྷ་མི་འདིས་སླན་ཆད་སྡུག་པའི་ཕ་མ་མི་མཐོང་ ཞིང་བུ་ཕོ་དང་། བུ་མོ་དང་། བྲན་མོ་དང་། ལས་བགྱིད་པ་དང་། །ཞོ་ཤས་འཚོ་བའི་མི་རྣམས་ཀྱང་མ་ལགས་ལ་དེ་དག་གིས་ཀྱང་སླན་ཆད་འདི་མི་མཐོང་བས་ལྷ་འདི་ནི་གུམ་པ་ཞེས་བགྱིའོ། །ཁ་ལོ་སྒྱུར་བ་ང་ཡང་འཆི་བའི་ཆོས་དང་འཆི་བའི་ ཆོས་ཉིད་ལས་མ་འདས་སམ། ལྷ་ཡང་འཆི་བའི་ཆོས་དང་འཆི་བའི་ཆོས་ཉིད་ལས་མ་འདས་སོ། །ཁ་ལོ་སྒྱུར་བ་དེའི་ཕྱིར་ཤིང་རྟ་ཕྱིར་སྒྱུར་ཅིག །ཕོ་བྲང་ཉིད་དུ་འདོང་ངོ་། །འདི་ལྟར་ང་ཕོ་བྲང་དུ་ཕྱིན་ནས་ང་འཆི་བ་ལས་མ་འདས་ཞེས་ གྲག་པའི་དོན་དེ་ཉིད་བསམ་པར་བྱའོ། །ཁ་ལོ་སྒྱུར་བས་ཤིང་རྟ་ཕྱིར་བསྒྱུར་ནས་ཕོ་བྲང་ཉིད་དུ་ཆས་ཏེ་དེར་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ཕོ་བྲང་གི་ནང་དུ་གཤེགས་ནས་བདག་ཀྱང་འཆི་བ་ལས་མ་འདས་པ་ལྟ་ཞིག་ཅེས་ མི་དགྱེས་ཤིང་ཐུགས་ངན་དགོངས་སོ། །འདིར་སྨྲས་པ། ཚེ་ཟད་པ་ཡིས་འདུ་ཤེས་བྲལ་གྱུར་ཅིང་། །སེམས་མེད་མི་ཡི་རོ་ཞིག་གཟིགས་ནས་ནི། །འཆི་ལས་བདག་མ་འདས་པ་ལྟ་ཞིག་ཅེས། །དེ་ནས་མི་དགྱེས་ཐུགས་ངན་ དགོངས་པར་མཛད། །དེ་ནས་རྒྱལ་པོ་ཟས་གཙང་གིས་ཁ་ལོ་སྒྱུར་བ་ལ་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །འདིར་སྨྲས་པ། གྲོང་ཁྱེར་དམ་པ་དཔལ་ལྡན་ཡིད་འོང་དེར། །ལྷ་ཡི་ལྷར་གྱུར་སྒྲོན་མ་དང་མཚུངས་པ། ། འདོད་པའི་ཡོན་ཏན་ལྔ་པོས་ཀུན་དགྱེས་པ། །མིག་སྟོང་དགའ་བའི་ཚལ་ན་གནས་པ་བཞིན། །དེ་ནས་གནས་གཙང་མའི་རིས་ཀྱི་ལྷ་རྣམས་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་ནི་རྒྱུའི་སྟོབས་ཅན་ཡིན་མོད་ཀྱི་འོན་ཀྱང་ རྐྱེན་བསྒྲུབ་པར་བྱ་དགོས་ཏེ་འདི་ལྟར་རྒྱུའི་སྟོབས་ཆེན་པོ་ཡང་རྐྱེན་ཀྱི་སྟོབས་ལ་ལྟོས་སོ་སྙམ་ནས་དེ་རྣམས་ཀྱིས་མི་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་གྱོན་པ། ལག་པ་ན་ལྷུང་བཟེད་ཐོགས་པ་ཞིག་ཁྱིམ་ནས་ཁྱིམ་དང་། ཁང་པ་ནས་ 67-1-27b ཁང་པར་རྒྱུ་ཞིང་འགྲོ་བ་ཞིག་སྤྲུལ་ཏོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་བསྐྱེད་མོས་ཚལ་གྱི་གཞིར་གཤེགས་པར་བཞེད་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །བསྐྱེད་མོས་ཚལ་གྱི་གཞིར་བྱུང་བ་དང་། བྱང་ ཆུབ་སེམས་དཔའ་ཤཱཀྱ་ཐུབ་པས་མི་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་གྱོན་པ་ལག་པ་ན་ལྷུང་བཟེད་ཐོགས་པ་ཞིག་ཁྱིམ་ནས་ཁྱིམ་དང་། ཁང་པ་ནས་ཁང་པར་རྒྱུ་ཞིང་འགྲོ་བ་ཞིག་གཟིགས་སོ། །གཟིགས་ནས་ཀྱང་ཁ་ལོ་སྒྱུར་བ་ལ་གསུངས་པ། ཁ་ལོ་སྒྱུར་བ་མི་སྐྲ་བྲེགས་ཤིང་ལག་པ་ན་ལྷུང་བཟེད་ཐོགས་ནས་ཁྱིམ་ནས་ཁྱིམ་དང་། ཁང་པ་ནས་ཁང་པར་རྒྱུ་ཞིང་འགྲོ་བ་འདིའི་གོས་ཀྱང་ཁ་དོག་མི་མཚུངས་ཏེ་ཇི་ལྟར་ཡང་མི་གཞན་དག་གི་དང་མི་འདྲ་བ་ཅི་ཡིན། ལྷ་དེ་ནི་རབ་ཏུ་བྱུང་བ་ ཞེས་བགྱིའོ། །ཁ་ལོ་སྒྱུར་བ་རབ་ཏུ་བྱུང་བ་ཞེས་བྱ་བ་འདི་ཅི་ཡིན། ལྷ་རབ་ཏུ་བྱུང་བ་དེ་ནི་དུལ་བ་ལེགས་པ་དང་། ཡང་དག་པར་སྡོམ་པ་ལེགས་པ་དང་། དོན་སྤྱོད་པ་ལེགས་པ་དང་། ཆོས་སྤྱོད་པ་ལེགས་པ་དང་། དགེ་བ་སྤྱོད་པ་ལེགས་ པ་དང་། དགེ་ལེགས་སྤྱོད་པ་ལེགས་པར་རིག་ནས་སྐྲ་དང་། ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་སྟེ། ལྷ་འདི་ནི་རབ་ཏུ་བྱུང་བ་ཞེས་བགྱིའོ། །ཁ་ལོ་སྒྱུར་བ་དེའི་ཕྱིར་ཤིང་རྟ་ འདི་རབ་ཏུ་བྱུང་བ་གང་ན་བ་དེ་ལོགས་སུ་སྒྱུར་ཅིག །ལྷ་བཀའ་བཞིན་འཚལ་ཞེས་ཁ་ལོ་སྒྱུར་བས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པའི་ལྟར་མཉན་ནས་ཤིང་རྟ་དེ་རབ་ཏུ་བྱུང་བ་གང་ན་བ་དེར་བསྒྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ ཤཱཀྱ་ཐུབ་པས་རབ་ཏུ་བྱུང་བ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མི་ཁྱོད་ཅིའི་ཕྱིར་སྐྲ་བྲེགས་ཤིང་ལག་པ་ན་ལྷུང་བཟེད་ཐོགས་ནས་ཁྱིམ་ནས་ཁྱིམ་དང་། ཁང་པ་ནས་ཁང་པར་རྒྱུ་ཞིང་འགྲོ་ལ་ཁྱོད་ཀྱི་གོས་ཀྱང་ཁ་དོག་མི་ མཚུངས་ཏེ་ཇི་ལྟར་ཡང་མི་གཞན་དག་གི་དང་མི་འདྲ་བ་ཡིན། དེས་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་བདག་ནི་རབ་ཏུ་བྱུང་བ་ཞེས་བགྱིའོ། །ཀྱེ་མི་ཁྱོད་ཇི་ལྟར་ན་རབ་ཏུ་བྱུང་བ་ཞེས་བྱ། གཞོན་ནུ་བདག་གིས་དུལ་བ་ལེགས་པ་དང་། ཡང་ 67-1-28a དག་པར་སྡོམ་པ་ལེགས་པ་དང་། དོན་སྤྱོད་པ་ལེགས་པ་དང་། ཆོས་སྤྱོད་པ་ལེགས་པ་དང་། དགེ་བ་སྤྱོད་པ་ལེགས་པ་དང་། དགེ་ལེགས་སྤྱོད་པ་ལེགས་པར་རིག་ནས། སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་བགོས་ ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་ལྟར་ན་བདག་རབ་ཏུ་བྱུང་བ་ཞེས་བྱའོ། །ཀྱེ་མི་ཁྱོད་ཀྱིས་དུལ་བ་ལེགས་པ་དང་། ཡང་དག་པར་སྡོམ་པ་ལེགས་པ་དང་། དོན་སྤྱོད་པ་ལེགས་པ་དང་། ཆོས་སྤྱོད་ པ་ལེགས་པ་དང་། དགེ་བ་སྤྱོད་པ་ལེགས་པ་དང་། དགེ་ལེགས་སྤྱོད་པ་ལེགས་པར་རིག་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ལེགས་སོ། །དེ་ནས་བྱང་ ཆུབ་སེམས་དཔའ་ཤཱཀྱ་ཐུབ་པས་ཁ་ལོ་སྒྱུར་བ་ལ་གསུངས་པ། ཁ་ལོ་སྒྱུར་བ་དེའི་ཕྱིར་ཤིང་རྟ་ཕྱིར་སྒྱུར་ཅིག །ཕོ་བྲང་ཉིད་དུ་འདོང་ངོ་། །འདི་ལྟར་ང་ཕོ་བྲང་ཉིད་དུ་ཕྱིན་ནས་དོན་འདི་ཁོ་ན་བསམ་པར་བྱའོ། །ཁ་ལོ་སྒྱུར་བས་ཤིང་རྟ་ཕྱིར་ སྒྱུར་ནས་ཕོ་བྲང་ཉིད་དུ་ཆས་ཏེ། དེར་ཕོ་བྲང་དུ་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ཀྱེ་མའོ་བདག་ནི་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ བར་བྱའོ་སྙམ་པའི་དོན་དེ་ཉིད་དགོངས་སོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་ཁ་ལོ་སྒྱུར་བ་ལ་སྨྲས་པ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོས་རྨི་ལམ་རྨིས་པ་དབང་པོའི་ཏོག་ལྷུང་བ་དང་། ཤཱཀྱ་རྣམས་ཕྱག་ དར་གྱིས་ཁེངས་པ་དང་། ས་ལྡོག་པ་དང་། དཔལ་ཁྱིམ་ནས་བྱུང་བ་དང་། ཕྱི་རོལ་ན་སྐད་ཅིག་ཅིང་ངུ་ཞིང་དགོད་པ་ལ་བདག་ཉིད་ལྟ་བ་དང་། ཉི་མ་གང་ནས་ཤར་བ་དེ་ཉིད་ནས་ནུབ་པའོ། །བྱང་ཆུབ་སེམས་དཔས་དེ་གསན་པ་དང་། དགོངས་པ་ང་ནི་ཤཱཀྱ་རྣམས་ཀྱི་དབང་པོའི་ཏོག་གི་གནས་ཡིན་པ་དང་། ང་གྲོང་ཁྱེར་ནས་འབྱུང་ན་དཔལ་འབྱུང་བར་འགྱུར་རོ། །རྒྱལ་པོ་ཟས་གཙང་མས་ཀྱང་རྨི་ལམ་རྨིས་པ་དཔལ་གྱི་མལ་ཁྲི་ཆག་པ་དང་། ཕའི་རྒྱུད་ཆད་པའོ། ། 67-1-28b བྱང་ཆུབ་སེམས་དཔས་དེ་གསན་པ་དང་། དེ་དེ་བཞིན་ཏེ། ང་ནི་གྲགས་འཛིན་མའི་དཔལ་གྱི་གནས་སུ་གྱུར་པ་དང་། ཟས་གཙང་མའི་ཕའི་རིགས་རྒྱུད་ཀྱི་གནས་སུ་གྱུར་པས་ང་རབ་ཏུ་བྱུང་ན་ཤཱཀྱ་རྣམས་ཀྱི་རིགས་རྒྱུད་ཆད་ པར་འགྱུར་རོ། །མཚན་མཁན་རྣམས་ཀྱིས་རྒྱལ་པོ་ཟས་གཙང་མའི་མདུན་དུ་གལ་ཏེ་གཞོན་ནུ་ཞག་བདུན་གྱི་བར་དུ་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ལུང་བསྟན་ཏོ། །འདི་སྐད་ཅེས་ཀྱང་སྨྲས་སོ། །གལ་ཏེ་ དེའི་བཟང་པོ་གཟིགས་བཞེད་ན། །དེ་སླད་དགུང་བདུན་བར་དུ་སྲུངས་ཤིག་དང་། །མི་དབང་གདུགས་ནི་བདལ་བར་གྱུར་པ་ལྟའི། །རིན་ཆེན་སྣ་བདུན་འབྱུང་བར་ཐེ་ཙོམ་མེད། །ཁྱོད་སྲས་རིན་ཆེན་བདུན་པོ་ཡི། །དབང་ཕྱུག་གི་ནི་རྒྱལ་ པོར་འགྱུར། །རྒྱ་མཚོ་ལ་ནི་ཐུག་པའི་ས། །ཆད་པ་མེད་པས་སྐྱོང་བར་འགྱུར། །འོན་ཏེ་ས་ནི་སྤངས་ནས་སུ། །བསྙེངས་མེད་ནགས་སུ་བཞུད་ན་ནི། །ཐམས་ཅད་མཁྱེན་པ་ཐོབ་གྱུར་ནས། །འགྲོ་བ་སྒྲོལ་བ་མཛད་པར་འགྱུར། །ཞེས་ ཐོས་སོ། །ཐོས་ནས་ཀྱང་ཟས་གཙང་དང་། ཟས་དཀར་དང་། བྲེ་བོ་ཟས་དང་། བདུད་རྩི་ཟས་བཞི་ལྷན་ཅིག་གཅིག་ཏུ་ཚོགས་ནས་གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག་མཚན་མཁན་དང་ལྟས་མཁན་གྱི་བྲམ་ཟེ་རྣམས་ཀྱིས་ བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ལ་གལ་ཏེ་ཞག་བདུན་གྱི་བར་དུ་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ལུང་བསྟན་ཀྱིས་དེ་ལྟ་བས་ན་བདག་ཅག་གིས་བྱང་ཆུབ་སེམས་དཔའ་ཞག་བདུན་གྱི་བར་དུ་ བསྒྲིམས་ཏེ་བསྲུང་བར་བྱ་ཞིང་གྲོང་ཁྱེར་ཡང་ལེགས་པར་བསྲུང་བར་བྱའོ། །དེ་ནས་དེ་རྣམས་ཀྱིས་སེར་སྐྱའི་གཞིའི་གྲོང་ཁྱེར་ར་བ་རིམ་པ་བདུན་དང་། འོབས་རིམ་པ་བདུན་གྱིས་བསྐོར་ནས་གྲོང་ཁྱེར་གྱི་སྒོ་འཕར་ལྕགས་ ལས་བྱས་ཤིང་སྒོ་འཕར་རྣམས་ལ་དྲིལ་བུ་ཤིན་དུ་སྒྲ་གསལ་བ་བཏགས་ཏེ། སྒོ་ཕྱེ་ན་དེའི་སྒྲས་དཔག་ཚད་གཅིག་ཁོར་ཡུག་ཏུ་གྲག་པར་འགྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁང་བཟངས་ཀྱི་གཞི་ན་བུད་མེད་ཡིད་འཕྲོག་ 67-1-29a པ། གཟུགས་བཟང་བ་རྣམས་དང་གར་དང་། གླུ་དང་། རོལ་མོ་རྣམས་ཀྱི་སྤྱོད་པས་བསྙེན་བཀུར་བྱེད་དུ་བཅུག་གོ། །སྐས་ཤིན་དུ་ཆེ་བ་རོ་མི་རུང་བ་མི་ལྔ་བརྒྱས་བཏེག་པ་བྱས་སོ། །ཆིབས་བསྔགས་ལྡན་ གྱི་ས་ཕྱོགས་ནི་ཟངས་མའི་གླེགས་བུས་གཡོགས་ཤིང་གསེར་གྱི་སིལ་དཀྲོལ་གྱི་དྲ་བ་བཏགས་པས་བསྐོར་ཏོ། །བྱང་ཆུབ་སེམས་དཔའ་ནི་སྟེང་གི་ཁང་བཟངས་ཀྱི་གཞི་སྐྱེས་པ་མེད་པར་ཞུགས་ནས། པི་བང་དང་། གླིང་བུ་དང་། ཁར་རྔ་དང་། སྒྲ་སྙན་ལ་སོགས་པ་རོལ་མོའི་ཆ་བྱད་དག་ཉེ་བར་ལེན་ཅིང་འབྱོར་པ་ཆེན་པོས་བཞུགས་སོ། །མཚན་མོ་ནི་རྒྱལ་པོ་ཟས་གཙང་ཡང་དཔུང་གི་ཚོགས་ཡན་ལག་བཞི་དང་ཤར་སྒོའི་ཕྱི་རོལ་ན་འདུག་ གོ། །ལྷོ་ཕྱོགས་ན་ནི་བྲེ་བོ་ཟས་སོ། །ནུབ་ཕྱོགས་ན་ནི་ཟས་དཀར་རོ། །བྱང་ཕྱོགས་ན་ནི་བདུད་རྩི་ཟས་སོ། །གྲོང་ཁྱེར་གྱི་དབུས་ཀྱི་འདྲམ་པོ་བྱེད་པ་ནི་ཤཱཀྱ་མིང་ཆེན་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པའོ། །དེ་ཤར་ སྒོར་སོང་ནས་སྨྲས་པ། སུ་ཞིག་མེལ་ཙེ་བྱེད། སུ་ཞིག་མེལ་ཙེ་བྱེད། རྒྱལ་པོ་ཟས་གཙང་གིས་སྨྲས་པ། ཁོ་བོ་མེལ་ཙེ་བྱེད་དོ། །ལྷ་མེལ་ཙེ་མཛོད་ཅིག །མེལ་ཙེ་མཛད་དང་ཁྱོད་ལ་ལེགས་པར་འགྱུར་ཞེས་སྨྲས་ཏེ་ ཚིགས་སུ་བཅད་དེ་སྨྲས་པ། འཇིག་རྟེན་གཉིད་ལོག་རོ་དང་མཚུངས། །གཉིད་ལོག་བདུད་ཀྱི་དབང་དུ་སོང་། །འདི་ནི་མི་ཉལ་རྟག་ཏུ་མཁས། །དེ་བས་མ་ཉལ་མེལ་ཙེ་བྱོས། །ལྷོ་སྒོར་སོང་ནས་སྨྲས་པ། སུ་ཞིག་མེལ་ཙེ་བྱེད། སུ་ཞིག་མེལ་ཙེ་བྱེད། བྲེ་བོ་ཟས་ཀྱིས་སྨྲས་པ། ཁོ་བོ་མེལ་ཙེ་བྱེད་དོ། །ལྷ་མེལ་ཙེ་མཛོད་ཅིག །མེལ་ཙེ་མཛད་དང་། ཁྱོད་ལ་ལེགས་པར་འགྱུར་རོ་ཞེས་སྨྲས་ནས་ཚིགས་སུ་བཅད་དེ་སྨྲས་པ། འཇིག་རྟེན་གཉིད་ལོག་རོ་ དང་མཚུངས། །གཉིད་ལོག་བདུད་ཀྱི་དབང་དུ་སོང་། །གཉིད་ལོག་འཆི་བདག་དབང་དུ་སོང་། །དེ་བས་མ་ཉལ་མེལ་ཙེ་བྱོས། །ནུབ་སྒོར་སོང་ནས་སྨྲས་པ། སུ་ཞིག་མེལ་ཙེ་བྱེད། སུ་ཞིག་མེལ་ཙེ་བྱེད། ཟས་དཀར་ཀྱིས་སྨྲས་པ། 67-1-29b ཁོ་བོ་མེལ་ཙེ་བྱེད་དོ། །ལྷ་མེལ་ཙེ་མཛོད་ཅིག །མེལ་ཙེ་མཛད་དང་ཁྱོད་ལ་ལེགས་པར་འགྱུར་རོ་ཞེས་སྨྲས་ནས་ཚིགས་སུ་བཅད་དེ་སྨྲས་པ། གཉིད་ལོག་པ་ནི་རྟག་ཏུ་མྱོས། །མྱོས་འགྱུར་བྲེ་བོས་འཐུངས་པ་ཉལ། །དགོན་པ་ནགས་ སུ་ཉལ་བ་འདྲས། །དེ་བས་མ་ཉལ་མེལ་ཙེ་བྱོས། །བྱང་སྒོར་སོང་ནས་སྨྲས་པ། སུ་ཞིག་མེལ་ཙེ་བྱེད། སུ་ཞིག་མེལ་ཙེ་བྱེད། བདུད་རྩི་ཟས་ཀྱིས་སྨྲས་པ། ཁོ་བོ་མེལ་ཙེ་བྱེད་དོ། །ལྷ་མེལ་ཙེ་མཛོད་ཅིག །མེལ་ཙེ་མཛད་དང་ཁྱོད་ལ་ ལེགས་པར་འགྱུར་རོ་ཞེས་སྨྲས་ནས་ཚིགས་སུ་བཅད་དེ་སྨྲས་པ། རི་ཉལ་རི་སུལ་ཉལ་བ་བཞིན། །རྒྱ་མཚོའི་ཆུར་ནི་ཉལ་བ་དང་། ལྗོན་ཤིང་རྩེ་ལ་ཉལ་བ་བཞིན། །དེ་བས་མ་ཉལ་མེལ་ཙེ་བྱོས། །དབུས་ཀྱི་བཞི་མདོ་དང་། སུམ་མདོ་ དག་ཏུ་སོང་ནས་སྨྲས་པ། སུ་ཞིག་མེལ་ཙེ་བྱེད། སུ་ཞིག་མེལ་ཙེ་བྱེད། སྲུངས་མ་རྣམས་ཀྱིས་སྨྲས་པ། བདག་ཅག་མེལ་ཙེ་བགྱིད་དོ། །མེལ་ཙེ་བྱོས་ཤིག །མེལ་ཙེ་བྱས་དང་ལེགས་པར་འགྱུར་རོ། །ཞེས་སྨྲས་ནས་ཚིགས་སུ་ བཅད་དེ་སྨྲས་པ། ཆོས་སྤྱོད་ཆོས་མ་ཡིན་མ་སྤྱོད། །བདེན་པར་སྨྲོས་ཤིག་བརྫུན་མ་སྨྲ། །མུན་པ་ཆེན་པོར་འཇུག་པར་འགྱུར། །དེ་བས་མ་ཉལ་མེལ་ཙེ་བྱོས། །དེ་ནས་ནམ་ནངས་ནས་ཤཱཀྱ་མིང་ཆེན་གྱིས་རྒྱལ་པོ་ཟས་གཙང་ལ་སྨྲས་ པ། ལྷ་དགུང་སངས་ལགས་ཏེ། དགུང་བདུན་ལ་དགུང་གཅིག་ནི་ཐལ་དགུང་དྲུག་ནི་ལུས་སོ། །རྒྱལ་པོ་ཟས་གཙང་གིས་སྨྲས་པ། ལེགས་ཀྱིས་ཞག་དྲུག་འདས་ནས་གཞོན་ནུ་འཁོར་ལོས་སྒྱུར་བར་གྱུར་ན་བདག་ཅག་ནམ་མཁའི་ངོས་ལ་རྒྱུ་ ཞིང་གླིང་གཞིར་ཕྱི་བཞིན་འདོང་ངོ་། །དེ་བཞིན་དུ་དགུང་གཅིག་ལུས་སོ་ཞེས་བྱ་བའི་བར་དུའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། མི་དབང་ཤཱཀྱ་སྲས་པོ་ཐུབ་པ་འདི། །བདག་ཉིད་ཆེན་པོ་ཕ་རོལ་ཕྱིན་དྲུག་རྫོགས། །ཐུགས་ རྣམས་དགྱེས་པར་མཛད་པ་དཀའ་ཐུབ་ཚལ། །འཕགས་པ་དགྱེས་པ་ནགས་སུ་གཤེགས་པར་བཞེད། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། བདག་ལ་གཞན་དག་གཞོན་ནུ་ཤཱཀྱ་ཐུབ་པ་ནི་སྐྱེས་པ་མ་ཡིན་ཏེ། གང་ 67-1-30a གི་ཕྱིར་གྲགས་འཛིན་མ་དང་། ས་འཚོ་མ་དང་། རི་དགས་སྐྱེས་དང་། བུད་མེད་དྲུག་ཁྲི་སྤངས་ནས་རབ་ཏུ་འབྱུང་ངོ་ཞེས་གཞི་དེ་ལས་ཁ་ཟེར་བར་འགྱུར་དུ་འོང་གིས་མ་ལ་བདག་གིས་གྲགས་འཛིན་མ་དང་ལྷན་ཅིག་དགའ་ མགུར་སྤྱད་པར་བྱའོ་སྙམ་ནས་དེས་གྲགས་འཛིན་མ་དང་ལྷན་ཅིག་དགའ་མགུར་སྤྱད་པ་དང་གྲགས་འཛིན་མ་སེམས་ཅན་དང་ལྡན་པར་གྱུར་ནས། དེ་འདི་སྙམ་དུ་སེམས་ཏེ། ནམ་ནངས་ནས་བྱང་ཆུབ་སེམས་དཔའི་སྙན་དུ་གསོལ་ལོ་སྙམ་ མོ། །དེ་ནས་བྱང་ཆུབ་སེམས་དཔའ་དེའི་ཚེ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་པས་ཚིགས་སུ་བཅད་ཏེ་གསུངས་པ། བུད་མེད་དང་བདག་ཁྱིམ་ཉལ་བའི། །ཐ་མ་དེང་གི་འདི་ཡིན་ཏེ། །ཕྱིན་ཅད་ཁྱིམ་དུ་བུད་མེད་དང་། །ང་ནི་ལྷན་ཅིག་མི་ གནས་སོ། །དེ་ནས་བུད་མེད་དེ་རྣམས་གར་དང་། གླུ་དང་། རོལ་མོས་ངལ་ཞིང་ལྕི་ལ་དུབ་ནས་ཁ་ནས་ཁ་ཆུ་འཛག་ཅིང་སྐྲ་ཞིག་ལ་གོས་དང་ལག་པ་དག་ལྷུག་པར་བཏང་ནས་བླ་བའི་ཚིག་བྱུང་རྒྱལ་དུ་རྡོལ་ཞིང་གཉིད་ལོག་གོ། །བྱང་ ཆུབ་སེམས་དཔས་བུད་མེད་དེ་དག་ཐམས་ཅད་ཁ་ནས་ཁ་ཆུ་འཛག་ཅིང་སྐྲ་ཞིག་ལ་གོས་དང་ལག་པ་དག་ལྷུག་པར་བཏང་ནས། བླ་བའི་ཚིག་བྱུང་རྒྱལ་དུ་རྡོལ་ཞིང་གཉིད་ལོག་པ་གཟིགས་སོ། །གཟིགས་ནས་ཀྱང་བཙུན་མོའི་འཁོར་ ལ་དུར་ཁྲོད་ཀྱི་འདུ་ཤེས་སྐྱེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སྐྱོ་བ་འཁྲུངས་པ་དང་ཚིགས་སུ་བཅད་དེ་གསུངས་པ། རླུང་གི་ཤུགས་ཀྱིས་པད་མའི་ཚལ་ལྟར་ས་གཞི་འདིར། །ལག་པ་དག་དང་རྐང་པ་བརྐྱང་ནས་འགྱེལ་འགྱུར་ཏེ། ། སྐྲ་རྣམས་ཞིག་ཅིང་མདོམས་དང་རྐུབ་ཀྱི་ཕྱོགས་སྣང་བ། །ཤཱཀྱའི་སྲས་ཀྱིས་གཟིགས་ནས་རང་བཞིན་སྐྱོ་བར་འགྱུར། །ཚུལ་དང་བྲལ་བའི་བུད་མེད་ན་ཆུང་ཚོགས་འདི་དག །དུར་ཁྲོད་འཇིགས་སུ་རུང་བའི་རང་བཞིན་འདྲར་མཐོང་ནས། ། སེམས་ཅན་བྱིས་པའི་སྤྱོད་ཡུལ་ལ་ནི་དེང་དགའ་ན། །སེམས་དང་བློ་གྲོས་དྲན་དང་བྲལ་བ་ཡིན་ནམ་ཅི། །འདོད་པ་ཐ་ཆད་འདམ་དང་མདའ་མདུང་དུག་མེ་འདྲ། །རྨི་ལམ་ལྟ་བུ་ཡིན་ཏེ་ཚྭ་ཆུའི་རོ་དང་མཚུངས། །འདོད་པ་ཕུང་བྱེད་རྩོད་ 67-1-30b དང་སྡིག་པའི་རྒྱུར་གྱུར་པ། །མཐའ་ངན་སྦྲུལ་ཀྱི་ཁ་འདྲ་བདག་གིས་སྤང་བར་བྱ། །དེ་ནས་བྱང་ཆུབ་སེམས་དཔའ་གཟིམས་མལ་ཆེན་པོ་ལ་གཟིམས་པ་ན། མཚན་མོ་དེ་ཉིད་ལ་རྨི་ལམ་ལྔ་རྨིས་པ་ས་ཆེན་པོ་ཉིད་གཟིམས་མལ་ དུ་བྱས་ཤིང་རི་རབ་རིའི་རྒྱལ་པོ་དབུ་རྟེན་དུ་བཅུག །ཕྱག་གཡོན་པ་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་འཇུག །ཕྱག་གཡས་པ་ནུབ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་འཇུག །ཞབས་གཉིས་རྒྱ་མཚོ་ཆེན་པོར་འཇུག་པ་དང་། འགྲེང་ བ་ཞེས་བྱ་བའི་རྩའི་རིགས་ལྟེ་བ་ནས་བྱུང་ནས་ནམ་མཁའི་བར་དུ་འཕགས་ཏེ་འདུག་པ་དང་། བྱ་ཀུན་ནས་དཀར་ལ་མགོ་ནག་པ་རྣམས་ཀྱིས་ཞབས་གཉིས་ལ་གཏུག་ནས་པུས་མོའི་ལྷ་ང་ལ་ཐུག་པའི་བར་དུ་ལྟ་བ་དང་། བྱ་སྣ་ཚོགས་ ཕྱོགས་བཞི་ནས་འོངས་ནས་མདུན་དུ་ཁ་དོག་གཅིག་ཏུ་འདུག་པ་དང་། མི་གཙང་བའི་རོའི་སྟེང་ནས་བདག་ཉིད་མི་གཙང་བས་མ་གོས་པར་འཆག་པའོ། །དེ་ལྟ་བུ་རྨིས་ནས་ཀྱང་ཐུགས་དགྱེས་ཏེ་དགོངས་པ་ངའི་རྨི་ལམ་འདི་འདྲ་བ་ རྨིས་པས་རིང་པོ་མི་ཐོགས་པ་ཁོ་ནར་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ་སྙམ་མོ། །གྲགས་འཛིན་མས་ཀྱང་རྨི་ལམ་དུ་མཐོང་བ་བདག་གི་སོ་ཀུན་ལྷགས་པ་དང་། དུང་གི་དཔུང་པ་ཆག་པ་དང་། ཟླ་བ་ས་ལ་ལྷུང་བ་དང་། སྐར་མ་ རྣམས་ནི་ངུ་བའོ། །གྲགས་འཛིན་མས་ཀྱང་རྨི་ལམ་རྨིས་པ་དེ་བྱང་ཆུབ་སེམས་དཔའ་ལ་གསོལ་པ་དང་། བྱང་ཆུབ་སེམས་དཔས་གསུངས་པ། ཁྱོད་ཀྱི་སོ་ནི་ཁ་ནང་གནས། །ཟླ་བ་འདི་ནི་མཁར་གནས་ཀྱིས། །ཡིད་ཀྱི་གདུང་བ་ བསལ་ནས་ནི། །དོགས་མེད་བདེ་བར་གཉིད་ལོག་ཅིག །དེ་ནས་གྲགས་འཛིན་མ་འདི་སྙམ་དུ་སེམས་ཏེ། རྨི་ལམ་འཇིགས་པ་རྨིས་པ་ན། །བདག་ཡིད་དོགས་དང་བཅས་པར་འགྱུར། །དེང་གི་མཚན་མོ་སྡུག་པ་དང་། །འབྲལ་བ་ དག་ཏུ་མི་འགྱུར་གྲང་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་ཇི་ལྟར་རྒྱུའི་སྟོབས་ཅན་ཡིན་མོད་ཀྱི་འོན་ཀྱང་རྐྱེན་གྱིས་བསྒྲུབ་པར་བྱ་དགོས་ཏེ། འདི་ལྟར་རྒྱུའི་སྟོབས་ཆེན་པོ་ 67-1-31a ཡང་རྐྱེན་ཀྱི་སྟོབས་ལ་ལྟས་སོ་སྙམ་ནས་བྱང་ཆུབ་སེམས་དཔའ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། ཁང་བཟངས་ཀྱི་གཞི་ལ་འདུག་སྟེ་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ། །ནགས་ཀྱི་སྤྲེའུ་ནི་སྤྱོད་ཡུལ་ རྒྱུ་འདྲ་ཞིང་། །ཡན་པར་འདུག་པའི་རྟེའུ་དང་འདྲ་བའི་ཐུགས། །གལ་ཏེ་འདོད་པའི་ཡོན་ཏན་ལས་བཟློག་ན། །དེ་ལས་ཤིན་ཏུ་གསལ་བའི་སྣང་བ་གཟིགས། །བློ་གྲོས་བཟང་པོ་བཞེངས་ཤིག་བཞེངས། །ས་ནི་སྤངས་ཏེ་བཞུད་ མཛོད་ལ། །ཐམས་ཅད་མཁྱེན་ཉིད་བརྙེས་ནས་ནི། །འགྲོ་བ་དག་ནི་བསྒྲལ་བར་མཛོད། །བྱང་ཆུབ་སེམས་དཔས་གསུངས་པ་ནི། །ཀཽ་ཤི་ཀ་མ་མཐོང་ངམ། ང་ནི་རི་དགས་བདག་པོ་རྒྱས་བསྐོར་ལྟར། །མི་ནི་མཐུ་ལྡན་གཞུ་མཚོན་རལ་ གྲི་ཐོགས། །རྟ་གླང་ཤིང་རྟ་དཔུང་ཚོགས་མང་པོ་ཡིས། །གྲོང་ཁྱེར་སེར་སྐྱ་ཀུན་ནས་ཡོངས་སུ་བསྐོར། །ཟས་གཙང་ལ་སོགས་ཤཱཀྱའི་ཚོགས་འདི་དག །གླང་ཆེན་རྟ་ཞོན་ལེགས་པར་གོ་བགོས་ལུས། །མི་སྡུག་སྣ་ཚོགས་ ལག་ན་མཚོན་ཐོགས་ཏེ། །ཁྱམས་དང་རྟ་བབས་ཁང་བཟངས་གཞི་ནང་གནས། །ཕོ་བྲང་དང་ནི་ཁྱིམ་སྒོ་དང་། །དེ་བཞིན་གྲོང་ཁྱེར་སྒོ་དག་ཀྱང་། །བཅད་ནས་གཏན་པ་དམ་བཅུག་སྟེ། །དེ་བཞིན་ཀུན་ནས་བསྲུངས་པར་གྱུར། ། རུ་དུང་པ་ཊ་ཏ་སྒྲ་རྔ་སྒྲ་ཡིས། །ཁྱམས་དང་རྟ་བབས་ཁང་བཟངས་ནང་གནས་ཤིང་། །གླང་ཆེན་རྟ་དམག་འབད་པའི་སྐྱེ་བོའི་ཚོགས། །རྒྱུན་ཏུ་ང་མི་གཏང་ཕྱིར་སྲུང་བར་བྱེད། །བརྒྱ་བྱིན་གྱིས་གསོལ་པ། དེས་པ་མར་མེ་མཛད་ཀྱིས་ ལུང་བསྟན་དང་། །སྡུག་བསྔལ་གྱིས་གདུངས་འཇིག་རྟེན་འདི་དང་ཡང་། །ཁྱོད་ཀྱི་སྔོན་གྱི་དམ་བཅས་དགོངས་མཛོད་ལ། །ཁབ་དག་སྤངས་ཏེ་ངེས་པར་འབྱུང་བར་མཛོད། །ཇི་ལྟར་ཁྱོད་ནི་བགེགས་མེད་པར། །དེང་ཉིད་ནགས་སུ་ གཤེགས་འགྱུར་བ། །བདག་ཅག་ཚངས་སོགས་བཅས་པ་ཡི། །ལྷ་རྣམས་ཀྱིས་ནི་དེ་བཞིན་བགྱི། །བྱང་ཆུབ་སེམས་དཔས་ལེགས་སོ་ཞེས་གསུངས་ནས་ཐུགས་དགྱེས་པར་གྱུར་ཏོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ 67-1-31b གཉིད་ཀྱིས་མྱོས་པར་བྱས་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལྔས་རྩེན་ལ་བསྒོ་བ། གྲོགས་པོ་བྱང་ཆུབ་སེམས་དཔའ་སྟེང་གི་ཁང་བཟངས་ནས་བབས་ཀྱིས་སྐས་ལོང་ཤིག །དེས་སྐས་བླངས་པ་ལ་བྱང་ཆུབ་སེམས་དཔའ་ བབས་པ་དང་དེ་ནས་བརྒྱ་བྱིན་གྱིས་བརྡ་བྱས་མ་ཐག་ཏུ་ཞབས་འབྲིང་བ་འདུན་པ་གང་ན་བ་དེར་གཤེགས་ན་ཇི་ཙམ་ན་འདུན་པ་གཉིད་སྟུག་པོས་ནོན་པར་གཟིགས་ནས་བྱང་ཆུབ་སེམས་དཔས་བསྒྲིམས་ཏེ་བསླང་ནས་ཚིགས་སུ་ བཅད་པའི་དབྱངས་ཀྱིས་གསུངས་པ། འདུན་པ་ལོངས་ཀྱེ་ཁྱིམ་ནས་མྱུར་བར་ནི། །ང་ཡི་རྟ་ཕོ་རིན་ཆེན་བསྔགས་ལྡན་ལོང་། །སྔོན་གྱི་རྒྱལ་བས་ལོངས་སྤྱད་དཀའ་ཐུབ་ཚལ། །ཐུབ་རྣམས་དགྱེས་པ་མཛད་པར་ང་ གཤེགས་སོ། །འདུན་པ་གཉིད་ལོག་པའི་མིག་ཕྱེ་ནས་སྨྲས་པ། ལྷ་ཁྱོད་བསྐྱེད་མོས་ཚལ་གྱི་དུས་མ་བབ། །དེས་པ་ཁྱོད་དང་འགའ་ཡང་འཁོན་མ་མཆིས། །ཁྱོད་ལ་དགྲ་བོ་སུ་ཡང་མ་མཆིས་ན། །དགུང་ཕྱེད་ཁྱོད་ལ་ བཅིབས་པ་ཅི་ཞིག་བགྱི། །བྱང་ཆུབ་སེམས་དཔས་བཀའ་སྩལ་པ། འདུན་པ་ཁྱོད་ཀྱིས་ལན་འགའ་ཡང་། །ང་ཡི་ཚིག་ནི་མ་བཅག་ན། །ང་ཡི་དེང་དུས་ཐ་མ་ལ། །ང་ཡི་ཚིག་འདི་མ་གཅག་ཤིག །འདུན་པས་གསོལ་པ། གཞོན་ནུ་མཚན་མོ་འདི་ནི་འཇིགས་པ་དང་འཇིགས་སུ་རུང་བ་མཆིས་པས་བདག་བཅིབས་པ་མི་ལེན་ནོ། །བྱང་ཆུབ་སེམས་དཔས་དགོངས་པ། ལན་དང་ཡང་ལན་གྱིས་གདོན་མི་ཟ་བར་སྐྱེ་བོ་སད་པར་འགྱུར་གྱིས་བདག་ཉིད་ སོང་ལ་རྟའི་རྒྱལ་པོ་བསྔགས་ལྡན་སྟ་གོན་བྱའོ་སྙམ་ནས་དེ་ནས་ཉིད་ཀྱིས་ཕོ་བྲང་གི་སྒོ་ཕྱེ་ནས་རྟའི་རྒྱལ་པོ་བསྔགས་ལྡན་བཟུང་བར་བརྩམས་པ་ན་འཇིང་ཀྱོག་བྱེད་ལ་ཕར་བྲོས་ཚུར་བྲོས་ཤིང་འདུག་ཏུ་མི་བཏུབ་བོ། དེ་ནས་བྱང་ཆུབ་སེམས་དཔའི་ཕྱག་བསོད་ནམས་བརྒྱ་ཕྲག་དུ་མས་བསྐྱེད་པ་འཁོར་ལོ་དང་། བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་པ་མངའ་བ། སྐྲག་པ་རྣམས་དབུགས་འབྱིན་པར་མཛད་པས་མགོ་ལ་བྱུགས་ནས་ 67-1-32a གསུངས་པ། བསྔགས་ལྡན་ཐ་མ་ཡི་ནི་ཁུར་ལོང་སྟེ། །དཀའ་ཐུབ་ནགས་སུ་མ་ཐོགས་ང་སྐྱོལ་ཅིག །བྱང་ཆུབ་ཐོབ་ནས་མྱུར་དུ་འགྲོ་བ་ཀུན། །བསམ་གཏན་རྣམ་ཐར་ཆར་གྱིས་ཚིམ་པར་བྱ། །ཆོས་ཉིད་ ཀྱིས་དུད་འགྲོ་ཡང་གདམས་ན་ཕྱི་ལང་མི་བྱེད་པས་རྟའི་རྒྱལ་པོ་བསྔགས་ལྡན་མི་གཡོ་བར་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་ཐུགས་དགྱེས་པ་སྐྱེས་ཏེ་རྟའི་རྒྱལ་པོ་བསྔགས་ལྡན་བསྟད་དོ། །ཇི་ཙམ་ན་ཤཱཀྱ་མིང་ཆེན་ འདྲམ་པོ་བྱེད་པ་སྐྱེ་བོ་ཉུལ་ཞིང་ཕྱོགས་དེར་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་གཤེགས་པར་ཆས་པ་མཐོང་ངོ་། །དེ་ནས་སྐད་འཛེར་ཅིང་མིག་འཆི་མས་གང་བས་སྨྲས་པ། གཞོན་ནུ་འདི་ཅི་མཛད། མིང་ཆེན་འགྲོའོ་ གཞོན་ནུ་འདི་ནི་རིགས་པ་མ་ལགས་སོ། །བྱང་ཆུབ་སེམས་དཔས་གསུངས་པ། མིང་ཆེན་འདི་ཉིད་རིགས་པ་ཡིན་ཏེ། གང་གི་ཕྱིར་ངས་བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་བརྒྱ་སྟོང་དུ་མས་སེམས་ཅན་རྣམས་ ཀྱི་དོན་ཏུ་བྱང་ཆུབ་ཡང་དག་པར་བསྒྲུབས་པ་དེས་ན་ད་ང་ཅི་ཁྱིམ་ན་འདུག་ཕོད་དམ། འདི་ནི་ངེས་ཏེ་དཀའ་ཐུབ་ཀྱི་ཚལ་དུ་འགྲོའོ། །གང་ཞིག་འབར་བའི་ཁྱིམ་ཆེན་ལས། །མཁས་རྣམས་མྱུར་དུ་འབྱུང་བ་ལ། །ཁགས་ ལེགས་མིན་སྨྲ་བར་མི་འོས་ཀྱི། །དེ་ནི་བསྔགས་པར་འོས་ཉིད་ཡིན། །དེ་བཞིན་རྒ་ནད་འཆི་བ་ཡིས། །རབ་འབར་སྲིད་པའི་གཟེབ་ལས་ནི། །འབྱུང་བར་འདོད་གྱུར་གང་ཡིན་ལ། །འདིར་ནི་མི་རིགས་ཅི་ཞིག་མཐོང་། ། དེ་ལྟར་གསུང་དྲག་པོས་སྤྱོས་པ་དང་། མིང་ཆེན་གདོང་ལས་མཆི་མ་ཆར་བཞིན་དུ་འབབ་ཅིང་ཆོ་ངེ་འདེབས་པ་ལ་ཞུགས་ཏེ་ཀྱི་ཧུད། དེང་དུ་རྒྱལ་པོ་ཟས་གཙང་དང་། །ཤཱཀྱ་དག་ནི་ཐམས་ཅད་ཀྱིས། །ཡང་དང་ཡང་དུ་ བསམས་པ་ཡི། །རེ་བ་འབྲས་བུ་མེད་པར་གྱུར། །དེང་དུ་རྒྱལ་པོ་ཟས་གཙང་ནི། །སྲས་ཀྱི་མྱ་ངན་གྱིས་གདུངས་པ། །ལག་བསྒྲེང་བཞིན་དུ་སྡུག་བསྔལ་ཞིང་། །མི་བཟད་སྒྲ་ནི་འབྱིན་པར་འགྱུར། །ས་མཚོ་གྲགས་འཛིན་ 67-1-32b རི་དགས་སྐྱེས། །དེ་བཞིན་བཙུན་མོའི་འཁོར་རྒྱས་པ་འང་། །དོན་གྲུབ་དང་ནི་བྲལ་བ་ཡིས། །ཤིན་དུ་སྡུག་བསྔལ་མྱོང་བར་འགྱུར། །ཞེས་སྨྲས་ནས། དེ་དངངས་པས་གྲགས་འཛིན་མ་བསླང་སྟེ་སྨྲས་པ། དོན་གྲུབ་འདི་ནི་ ཤེས་གྱུར་གྱིས། །ཁྱིམ་ཐབ་སྡུག་བསྔལ་གྱིས་གདུངས་ནས། །སྡུག་བསྔལ་ཉམས་ཐག་དུ་མ་འོང་། །ཁྱིམ་ཐབ་སྡུག་པ་དེ་ཟློག་ཤིག །ཁྱེད་ཀྱི་ཁྱིམ་ཐབ་གཤེགས་གྱུར་འདི་ནི་མཐོང་དཀའ་སྟེ། །ཁྱོད་ཀྱིས་འདི་ལྟོས་ཁྱིམ་ ཐབ་མཐོང་བའི་ཐ་མ་ཡིན། །ཀྱི་ཧུད་ཕོངས་པ་བདག་གིས་མཚན་མོ་ཁུས་བཏབ་ཀྱང་། །སུས་ཀྱང་ལན་མ་སྟེར་བས་བདག་གིས་མ་ཉེས་སོ། །དེས་ནི་དེ་ལྟར་ཁུས་བཏབ་ཀྱང་། །འདི་ལྟར་ལྷ་རྣམས་བྱིན་བརླབས་ཀྱིས། །དགོན་པར་ འོ་དོད་བོས་པ་བཞིན། །འགའ་ཡང་སད་པར་མ་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། གང་བདག་གིས་ཡབ་ལ་མ་བལྟས་པར་འགྲོ་བ་ནི་ངའི་ཚུལ་དང་འཐུན་པ་མ་ཡིན་ནོ་སྙམ་ནས་རྒྱལ་པོ་ཟས་གཙང་མ་ གང་ན་བ་དེར་གཤེགས་ཏེ་བྱོན་པ་དང་། རྒྱལ་པོ་ཟས་གཙང་མ་གཉིད་ཀྱིས་ནོན་པར་གྱུར་ཏོ། །དེ་ནས་འདི་སྙམ་དུ་དགོངས་ཏེ་ཇི་ལྟར་ང་འཇིག་རྟེན་ཐམས་ཅད་ཀྱི་ཕར་གྱུར་ཅིང་འཇིག་རྟེན་གྱི་བླ་མ་དང་། འཇིག་རྟེན་གྱི་ཐུ་བོ་ཡིན་མོད་གྱི་ དེ་ལྟར་ན་ཡང་ཕ་དང་མ་ནི་སྐྱེས་བུའི་སློབ་དཔོན་དུ་གྱུར་པ་དང་། ལྷར་གྱུར་པ་དང་། ཚངས་པར་གྱུར་པ་ཡིན་ཞིང་ཤིན་དུ་ཕན་པ་བྱེད་པ་ཡིན་ནོ་སྙམ་དུ་དགོངས་ནས་ཡབ་ཀྱི་ཞབས་གཉིས་ལ་བཏུད་ཏེ་བསྐོར་བ་ལན་གསུམ་མཛད་ནས་ འདི་སྐད་ཅེས་གསུངས་སོ། །བདག་ཀྱང་ཡིད་ལ་བརྩེར་ལྡན་ཞིང་། །བདག་ཀྱང་ཉེ་དུ་རྣམས་ལ་དགའ། །འོན་ཀྱང་འཁོར་བ་རང་བཞིན་ངན། །འདི་མཐོང་ནས་ནི་མཆི་བ་ལགས། །གལ་ཏེ་རྒ་ནད་འཆི་བ་དང་། །སྡུག་པའི་གཉེན་བྲལ་ ལས་བྱུང་བའི། །གནོད་བྱེད་སྡུག་བསྔལ་མ་མཆིས་ན། །ཁྱོད་ནི་སྤོང་བར་སུ་ཞིག་བྱེད། །གང་ཕྱིར་མི་འདོད་བཞིན་དུ་ནི། །རབ་ཆེ་གཉེན་གྱི་དཀྱིལ་འཁོར་དང་། །མཛའ་བཤེས་ཆུང་མ་དབང་ཕྱུག་རྣམས། །ཡུན་མི་རིང་བར་ 67-1-33a འཁོར་བར་འགྱུར། །དེ་བས་མ་ཆགས་ཡིད་ཀྱིས་ནི། །འཁོར་བ་ལས་ནི་རྣམ་གྲོལ་ཕྱིར། །བརྩེར་ལྡན་ཉེ་དུ་སྤངས་ནས་ནི། །སྐྱེ་བོ་མེད་ནགས་བསྟེན་པ་ལགས། །ལུས་ཅན་འདུ་བ་ངེས་པར་ནི། །མཐར་ནི་འབྲལ་ འགྱུར་ཉིད་ལགས་པས། །བདག་ནི་རྗེས་སུ་དགོངས་ནས་ནི། །རྨོངས་པས་ཐུགས་ངན་མ་མཛད་ཅིག །ཅེས་གསུངས་ནས་ཆས་སོ། །དེ་ནས་མིང་ཆེན་གྱིས་རྒྱལ་པོ་ཟས་གཙང་མ་བསླང་སྟེ་སྨྲས་པ། དོན་གྲུབ་འདི་ནི་བཞུད་ལགས་ ཀྱིས། །ས་བདག་དེ་ནི་ཟློག་པར་མཛོད། །སྲས་ཀྱི་མྱ་ངན་གྱིས་ཐེབས་ནས། །སྡུག་བསྔལ་གྱིས་གདུངས་བཤུམས་འགྱུར་མཆི། །མ་སྟེས་ཏེ་དེ་ཡང་གཉིད་མ་སད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་མྱུ་གུ་དང་། མང་ཀུ་ར་དང་། འོད་ཟེར་ཅན་དང་། ལོ་མ་གྱོན་པ་སྟེ་བཞི་ལ་སྨྲས་པ། གྲོགས་པོ་དག་ཁྱེད་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་གདེག་པར་ནུས་སམ། དེ་རྣམས་ཀྱིས་སྨྲས་པ། ཤིན་ཏུ་ཡང་ནུས་ལགས་སོ། །ཁྱེད་རྣམས་ལ་ སྟོབས་ཅི་ཙམ་ཡོད། མྱུ་གུས་སྨྲས་པ། བདག་གིས་ནི་ས་ལ་རི་ཇི་སྙེད་ཡོད་པ་གཅིག་ཏུ་ཐོགས་ཏེ་ཉམ་ང་བ་ཆུང་ངུས་འགྲོ་ནུས་པ་དེ་ཙམ་གྱི་སྟོབས་ཡོད་དོ། །མང་ཀུ་རས་སྨྲས་པ། བདག་གིས་ཀྱང་ས་ལ་ཆུ་ཇི་སྙེད་ཡོད་པ་དེ་ ཐམས་ཅད་ཕྲག་པ་གཅིག་ཏུ་ཐོགས་ནས་འགྲོ་ནུས་སོ། །འོད་ཟེར་ཅན་གྱིས་སྨྲས་པ། བདག་གིས་ཀྱང་ས་ལ་རྡུལ་ཇི་སྙེད་ཡོད་པ་དེ་ཐམས་ཅད་ཕྲག་པར་ཐོགས་ཏེ་ཉམ་ང་བ་ཆུང་ངུས་འགྲོ་ནུས་སོ། །ལོ་མ་གྱོན་པས་སྨྲས་པ། བདག་ གིས་ཀྱང་ས་ལ་རྩྭ་དང་ཤིང་དང་ཡལ་ག་དང་ལོ་མ་ཇི་སྙེད་པ་དེ་ཐམས་ཅད་ཕྲག་པ་གཅིག་ཏུ་ཐོགས་ཏེ་ཉམ་ང་བ་ཆུང་ངུས་འགྲོ་ནུས་སོ། །བརྒྱ་བྱིན་གྱིས་སྨྲས་པ། གྲོགས་པོ་དག་སྟོབས་འདི་དང་ལྡན་ན། བྱང་ཆུབ་སེམས་དཔའ་གདེག་ པར་ནུས་ཀྱིས་དེ་ནས་མྱུ་གུ་དང་། མང་ཀུ་ར་དང་། འོད་ཟེར་ཅན་དང་། ལོ་མ་གྱོན་པ་སྟེ། བཞིས་ཆིབས་རིན་པོ་ཆེ་བསྔགས་ལྡན་ཁྱེར་ཏེ། བྱང་ཆུབ་སེམས་དཔའ་གང་ན་བ་དེར་སོང་སྟེ་ཕྱིན་ནས་སྨྲས་པ། བྱང་ཆུབ་སེམས་ 67-1-33b དཔའ་ཅི་ལ་བཞུགས། དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ་འདི་རྣམས་ནི་བདག་ཅག་གིས་བྱང་ཆུབ་སེམས་དཔའ་བཏེག་སྟེ། བར་སྣང་ལ་ཁྱེར་རོ་ཞེས་དྲེགས་པ་སྐྱེ་བར་འགྱུར་རོ་སྙམ་ནས་བྱང་ཆུབ་སེམས་དཔའ་ རྡོ་རྗེའི་སྐུར་བྱིན་ཀྱིས་བརླབས་པ་དང་། དེ་རྣམས་ཀྱིས་བསྒུལ་བར་ཡང་མ་ནུས་ནས་ངོ་མཚར་སྐྱེས་ཏེ་གསོལ་པ། གཞོན་ནུ་བདག་ཅག་གིས་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོབས་འདི་འདྲ་བ་མངའ་བར་མ་འཚལ་ཏོ། །དེ་ནས་བྱང་ ཆུབ་སེམས་དཔའ་ཆིབས་རིན་པོ་ཆེ་བསྔགས་ལྡན་ལ་བཅིབས་ཏེ་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་མཐུ་དང་ལྷ་རྣམས་ཀྱི་ལྷའི་མཐུས་ཆིབས་རིན་པོ་ཆེ་བསྔགས་ལྡན་དང་འདུན་པ་སྟེང་གི་ནམ་མཁའ་ལ་ འཕགས་སོ། །དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱང་ལྷ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ནས་བྱང་ཆུབ་སེམས་དཔའ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་བསྐོར་ཅིང་དོང་སྟེ་གཡས་ ཕྱོགས་ནས་གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱང་སྤྱོད་ལམ་ཞི་བ་དང་། གཡོན་ཕྱོགས་ནས་འདོད་པ་ན་སྤྱོད་པ་རྣམས་ཀྱིས་རྒྱལ་མཚན་དང་བ་དན་བསྒྲེང་ནས་ལྷའི་རོལ་མོའི་ཁྱད་པར་སྣ་ཚོགས་དང་། མདུན་ནས་བརྒྱ་བྱིན་དང་ ཚངས་པ་ལ་སོགས་པ་རང་གི་སྤྱོད་ལམ་གྱིས་དོང་ངོ་། །ནམ་མཁའི་ངོས་ལ་གནས་པའི་ལྷ་བརྒྱ་སྟོང་དུ་མས་ནི་བྱང་ཆུབ་སེམས་དཔའི་སྟེང་ནས་ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་རྣམས་ཀྱིས་ གཏོར་རོ། །ཨ་ག་རུའི་ཕྱེ་མ་དང་། ཙན་དན་གྱི་ཕྱེ་མ་དང་། ཏ་མ་ལའི་འདབ་མའི་ཕྱེ་མ་དང་། །ལྷའི་མེ་ཏོག་མན་དཱ་ར་བས་ཀྱང་གཏོར་ཏོ། །ལྷའི་རོལ་མོའི་ཆ་སྤྱད་སྣ་ཚོགས་ཀྱང་བརྡུངས་སོ། །གོས་རྣམས་ཀྱང་གཏོར་རོ། །འདིར་སྨྲས་ པ། མཁའ་ལ་ལྷ་རྣམས་ག་ཞའི་སྒྲ་ཆེན་འབྱིན་བྱེད་ལ། །དགའ་བའི་ཡིད་ཀྱིས་གོས་ཀྱི་གཡབ་མོ་འདེབས་བྱེད་ཅིང་། །ཁ་ཅིག་བྱང་ཆུབ་སེམས་དཔའ་ལ་ནི་བསྟོད་བྱེད་དེ། །ནམ་མཁའ་ལ་ནི་རོལ་མོ་བརྒྱ་ཕྲག་སྒྱུར་བར་ 67-1-34a བྱེད། །ཁ་ཅིག་དག་ནི་སྒོ་རྣམས་འབྱེད་བྱེད་ཅིང་། །མེ་ཏོག་མན་དཱ་ར་བས་འཐོར་བར་བྱེད། །ཁ་ཅིག་དག་ནི་བཅིབས་པའི་རྐང་འཛིན་ཅིང་། །བདེ་བར་གཤེགས་ལ་རྟོག་ཅིང་རྗེས་བཞིན་འབྲང་། །ཁ་ཅིག་ དག་ཀྱང་གཡས་ནས་རྗེས་བཞིན་འབྲང་། །གཡོན་ནས་འགྲོ་བ་དག་ཀྱང་རྗེས་བཞིན་འབྲང་། །བརྒྱ་བྱིན་དེ་བཞིན་ཚངས་པར་བཅས་པ་དང་། །ལུས་ངན་བདག་ཉིད་ཤུལ་ནི་མཚོན་པར་བྱེད། །ཟླ་བ་ཉ་བ་རྒྱུ་སྐར་ཚོགས་ཀྱིས་ལྟར། ། བདག་ཉིད་ཆེན་པོ་ལྷ་ཚོགས་མདུན་བདར་ནས། །དཀའ་ཐུབ་ནགས་ནི་ཐུབ་རྣམས་དགྱེས་བྱེད་པ། །འཕགས་པ་དགྱེས་པའི་ནགས་སུ་ཐུགས་དགྱེས་གཤེགས། །དེ་ནས་བྱང་ཆུབ་སེམས་དཔས་བསྔགས་ལྡན་ལ་དབུགས་དབྱུང་ བའི་ཕྱིར་གསུངས་པ། མ་སྐྱོ་མ་སྐྱོ་སྟོབས་ནི་གཟུང་བར་བགྱིས། །འགྲོ་དོན་དལ་བ་གཅིག་ནི་འདིར་རིང་ལོང་། །མི་རིང་བྱང་ཆུབ་ཐོབ་ནས་འགྲོ་བ་རྣམས། །བསམ་གཏན་རྣམ་ཐར་གྱིས་ཚིམ་བྱེད་པར་བྱ། །བྱང་ཆུབ་སེམས་དཔའ་ དཔག་ཚད་བཅུ་གཉིས་སུ་བཞུད་ནས་ནང་པར་གྲོང་ཁྱེར་དཔེ་མེད་དུ་བྱོན་ཏོ། །དེ་ནས་ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་བྱུང་ནས་འདི་སླར་ཡང་རང་གི་གྲོང་ཁྱེར་དུ་འཇུག་པར་མི་འགྱུར་རམ་སྙམ་པ་ལ་སྐུ་ཐམས་ཅད་ཀྱི་གཡས་ཕྱོགས་སུ་ གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་ནས། སངས་རྒྱས་རྣམས་ཀྱིས་བསྟན་པ་ཡི། །ལམ་གྱི་མཆོག་ནི་མ་ཐོབ་པར། །གྲོང་ཁྱེར་སེར་སྐྱའི་གཞིར་ནི་སླར། །ང་ནི་འཇུག་པར་མི་བྱའོ། །ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་ དཔའི་ཞབས་ལ་བསྐོར་བ་ལན་གསུམ་བྱས་ནས་རང་གི་གནས་སུ་སོང་ངོ་། །བྱང་ཆུབ་སེམས་དཔས་ཆིབས་ལས་བབས་ཏེ་རྒྱན་བཀྲོལ་ནས་འདུན་པ་ལ་བཀའ་སྩལ་པ། འདུན་པ་རྒྱན་དང་རྟ་ཁྱེར་ལ་སླར་སོང་ཤིག །འདིར་སྨྲས་པ། ཁ་ལོ་སྒྱུར་ཁྱོད་ང་ཡི་རྟ་འདི་དང་། །རྒྱན་འདི་རྣམས་ཀྱང་གཉེན་པ་དག་ལ་བྱིན། །ང་ནི་འདོད་པ་རྒྱ་ཆེན་སྤངས་ནས་སུ། །ད་ལྟ་འདི་ཉིད་དུ་ནི་རབ་འབྱུང་བྱ། །འདོད་པ་འདི་ནི་སྤུ་གྲིའི་སོ་འདྲ་ཞིང་། །མེ་འོབས་འབར་དང་མཚུངས་ 67-1-34b ཤིང་མཐའ་ངན་པ། །འཇིག་རྟེན་ཕན་ཕྱིར་སྙིང་རྗེས་ང་སྤངས་ཏེ། །དགོན་པར་སོང་ནས་ཁྱིམ་དུ་ཕྱིར་མི་ལྡོག །དེ་ནས་འདུན་པ་གདོང་ལ་མཆི་མ་ཆར་བཞིན་འབབ་པས་བྱང་ཆུབ་སེམས་དཔའ་ལ་གསོལ་པ། སེང་གེ་སྟག་གིས་གཏམས་པ་ དང་། ཕྱུགས་རྫིས་གཏམས་པའི་ནགས་ཚལ་དུ། །འབའ་ཞིག་སྐུ་གཉེན་དང་བྲལ་བས། །འཕགས་པ་ཇི་ལྟར་སྤྱོད་པར་འགྱུར། །བྱང་ཆུབ་སེམས་དཔས་གསུངས་པ། སྐྱེ་དགུ་འདི་ནི་སྐྱེ་ན་གཅིག་པུ་སྐྱེ། །དེ་བཞིན་འཆི་ ན་འང་གཅིག་པུ་འཆི་བར་འགྱུར། །འདི་ནི་གཅིག་པུས་སྡུག་བསྔལ་མྱོང་འགྱུར་གྱི། །འཁོར་བ་ལ་ནི་གྲོགས་ཡོད་མ་ཡིན་ནོ། །འདུན་པས་གསོལ་པ། ཀྱི་ཧུད་གཞོན་ནུས་སྡུག་བསྔལ་མ་གཟིགས་ཏེ། །ཞབས་འཇམ་གླང་ ཆེན་རྟ་ལ་ཆིབས་གོམས་པ། །ས་གཞི་རྩྭ་དང་རྡོ་བས་གཏམས་རྩུབ་པར། །ཇི་ལྟར་ཞབས་ཀྱིས་གཤེགས་ཤིང་ནགས་སུ་རྒྱུ། །བྱང་ཆུབ་སེམས་དཔས་གསུངས་པ། འཆི་བདག་འཇིགས་པ་དེ་ནི་ལན་འགའ་ཡང་། ། སྐྱིད་ལ་མེད་མིན་བདེ་བར་གོམས་ལ་མིན། །མགོན་བཅས་ལ་མིན་རིགས་བཙུན་ལ་མ་ཡིན། །དཔའ་དང་བཙུན་མིན་སྐྱེ་བོ་དགའ་ལ་མིན། །རྒ་བས་འཆི་བདག་འཇིགས་པ་དག །བསྐྱེད་ནས་འོང་བར་འགྱུར་ཞེས་གྲག །དོན་མ་ བྱས་ཤིང་མ་བརྩམས་པར། །འཆི་བར་ཡང་ནི་འགྲོ་བར་འགྱུར། འདུན་པས་གསོལ་པ། རྒྱལ་པོ་བགྲེས་པོ་ནི་སྲས་ཀྱི་མྱ་ངན་གྱིས་འགྲོངས་པར་འགྱུར་རོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཚོགས་ བསགས་པའི་ཕྱིར་འདུན་པའི་ཚིག་ཐུགས་ལ་མ་བབ་བོ། །དེ་ནས་བྱང་ཆུབ་སེམས་དཔས་ཨུད་པ་ལ་སྔོན་པོ་འདྲ་བའི་རལ་གྲི་ཤུབས་ནས་ཕྱུང་ནས་གཙུག་ཕུད་བྲེགས་ཏེ། སྟེང་གི་ནམ་མཁའ་ལ་བོར་བ་དང་། ལྷ་ རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བླངས་ནས་བཀུར་སྟི་ཆེན་པོ་བྱས་ཏེ་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་ཁྱེར་ནས་གཙུག་ཕུད་ཀྱི་མཆོད་པ་ཆེན་པོ་བཙུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ 67-1-35a ཏེ་གཞོན་ནུ་ནི་རྒྱལ་རིགས་ཀྱི་མངོན་པའི་ང་རྒྱལ་གྱིས་འདི་བཟློག་པར་མི་ནུས་སོ་སྙམ་ནས་དགའ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་འདུན་པ་ལ་གསུངས་པ། ཁྱོད་ཀྱིས་བསྔགས་ལྡན་ཕོ་བྲང་ གི་ནང་དུ་མ་དཀྲི་ཤིག །དེ་སྐད་ཅེས་གསུངས་པ་དང་། འདུན་པ་སྐད་འཛེར་ཅིང་མིག་མཆི་མས་གང་ནས་རྟའི་རྒྱལ་པོ་བསྔགས་ལྡན་ཁྲིད་དེ་ཡང་དང་ཡང་དུ་བྱང་ཆུབ་སེམས་དཔའ་ལ་ལྟ་ཞིང་སོང་སྟེ་སེར་སྐྱའི་ གཞིར་ཕྱིན་པ་དང་དེར་ཅ་ཅོ་སྐྱེས་ཏེ་ཇི་ཙམ་ན་རྒྱལ་པོ་ཟས་གཙང་མ་ལ་སྨྲས་པ། ལྷ་གཞོན་ནུ་བྱོན་གྱིས་དགྱེས་པ་བསྐྱེད་དུ་གསོལ། གྲོང་ཁྱེར་སེར་སྐྱའི་གཞིར་ཡང་སྒྲ་གསང་ཆེན་པོ་བསྒྲགས་སོ། །རྟའི་རྒྱལ་པོ་ བསྔགས་ལྡན་ཕོ་བྲང་གི་ནང་དུ་ཞུགས་པ་དང་། བཙུན་མོའི་ཚོགས་ཐམས་ཅད་ཀྱིས་བསྔགས་ལྡན་གྱི་མགུལ་དུ་འཇུས་ཏེ་ངུ་བར་བརྩམས་སོ། །བསྔགས་ལྡན་ཡང་དབུགས་ཁོང་དུ་སོང་སྟེ་དེ་ཉིད་དུ་དུས་བྱས་སོ། །ཤི་ནས་ དེ་སྒྲ་ཅན་གྱི་བྲམ་ཟེ་ལས་དྲུག་ལ་བརྩོན་པ་ཞིག་གི་རིགས་སུ་ཉིང་མཚམས་སྦྱོར་བ་བླངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རིམ་གྱིས་དྲང་སྲོང་ངན་སྤོང་གི་བསྟི་གནས་སུ་གཤེགས་པ་དང་། དེའི་ཚེ་དྲང་སྲོང་ངན་སྤོང་གི་བུ་ ལག་པ་འགྲམ་པ་ལ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པ་དེ་ལྟ་བུ་དེ་བྱང་ཆུབ་སེམས་དཔས་གཟིགས་ནས་གསུངས་པ། དྲང་སྲོང་ཆེན་པོ་ཅིའི་ཕྱིར་ལག་པ་འགྲམ་པ་ལ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག །དེས་ གསོལ་པ། བདག་གི་བསྟི་གནས་འདི་ན་ཤིང་ཏ་ལ་རྣམས་གསེར་གྱི་ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཆགས་པ་ལས་དེ་རྣམས་སྔ་མཁོ་བཞིན་དུ་མ་གྱུར་ཏོ། །བྱང་ཆུབ་སེམས་དཔས་གསུངས་པ། དྲང་སྲོང་ཆེན་པོ་གང་གི་ མཐུས་བསྟི་གནས་འདི་ན་ཤིང་ཏ་ལ་རྣམས་གསེར་གྱི་ལོ་མ་དང་། མེ་ཏོག་དང་། འབྲས་བུར་ལྡན་པ་དེ་རྒ་བ་དང་ན་བ་དང་འཆི་བ་ཡང་དག་པར་མཐོང་ནས་ཡིད་བྱུང་སྟེ་དཀའ་ཐུབ་ཀྱི་ནགས་སུ་གནས་པས་སོ། །གལ་ཏེ་དེས་རྒ་བ་དང་། 67-1-35b ན་བ་དང་། འཆི་བ་ཡང་དག་པར་མཐོང་ནས་ཡིད་བྱུང་སྟེ་དཀའ་ཐུབ་ཀྱི་ནགས་སུ་གནས་པར་མ་གྱུར་ན་བསྐྱེད་མོས་ཚལ་འདི་དེའི་ཡིན་པ་ཞིག །དེ་སྐད་ཅེས་གསུངས་པ་དང་། དྲང་སྲོང་ངན་སྤོང་གི་བུས་བྱང་ཆུབ་སེམས་དཔའ་ལ་ བརྟག་པར་བརྩམས་སོ། །དེ་ནས་གཟུགས་བཟང་ཞིང་ཞི་བའི་ཆ་བྱད་དུ་མཐོང་ནས་ཡུན་རིང་དུ་བརྟགས་ཏེ་ངོ་མཚར་སྐྱེས་ནས་གསོལ་པ། ཀྱེ་རབ་ཏུ་བྱུང་བ་དེ་ཁྱོད་ཁོ་ན་མ་ལགས་གྲང་། བྱང་ཆུབ་སེམས་དཔས་གསུངས་པ། དྲང་སྲོང་ཆེན་པོ་དེ་ལྟར་ངེས་སོ། །དེ་ནས་དྲང་སྲོང་གི་བུ་ཡ་མཚན་སྐྱེས་པའི་མིག་དགྲད་དེ་བལྟས་ནས་བྱང་ཆུབ་སེམས་དཔའ་ཐོག་མར་གདན་ལ་སྤྱན་དྲངས་ཏེ། མེ་ཏོག་དང་། འབྲས་བུ་བསྟོབས་སོ། །གྲོང་ཁྱེར་དཔེ་མེད་ན་ཁྱིམ་ བདག་ཕྱུག་པ་དང་། ནོར་མང་བ་ལ་ལོངས་སྤྱོད་ཆེ་བ་ཞེས་བྱ་བ་ནས་དེ་ལ་ཁྱེའུ་བཅུ་བཙས་སོ་ཞེས་བྱ་བའི་བར་དུ་སྟེ། དེ་དག་ཐམས་ཅད་ཀྱང་རབ་ཏུ་བྱུང་ནས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ། །ཇི་ཙམ་ན་ བདག་ཉིད་ཆེན་པོ་དེ་རྣམས་ལ་མ་རྒན་མོས་ཤ་ནའི་གོས་དག་ཅིག་བྱིན་པ་དང་། དེ་རྣམས་ཀྱིས་སྨྲས་པ། ཡུམ་མཁྱེན་པར་མཛོད་ཅིག །རྒྱལ་པོ་ཟས་གཙང་གི་སྲས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་རྒ་བ་དང་། ན་བ་ དང་། ཤི་བ་མཐོང་ནས་ཀུན་དུ་སྐྱོ་བའི་ཡིད་ཀྱིས་ནགས་སུ་སོང་ནས་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བས་ན་བདག་ཅག་རྣམས་སངས་རྒྱས་ཀྱི་ཞིང་དུ་གནས་ པར་མི་ནུས་པས་ན་བདག་ཅག་ཡོངས་སུ་མྱ་ངན་ལས་འདའོ། །ཤ་ནའི་གོས་འདི་ཟས་གཙང་མའི་སྲས་ལ་ཁྱེད་ཀྱིས་ཕུལ་ཅིག །བདག་ཉིད་ཆེན་པོ་དེ་ནི་བླ་ན་མེད་པའི་ཡེ་ཤེས་ཐུགས་སུ་ཆུད་པར་འགྱུར་ལ་ཁྱེད་ཀྱིས་ ཀྱང་འབྲས་བུ་ཆེན་པོ་འཐོབ་པར་འགྱུར་རོ་ཞེས་སྨྲས་ནས་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱས་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་ 67-1-36a སུ་མྱ་ངན་ལས་འདས་སོ། །རྒན་མོ་དེས་ཀྱང་འཆི་ཀར་གོས་དེ་དག་བུ་མོ་ལ་གཏད་ནས་ཇི་ལྟར་གྱུར་པ་རྣམས་སྨྲས་སོ། །དེའི་བུ་མོ་དེ་ཡང་ནད་ཀྱིས་ཐེབས་ཏེ་འཆི་བར་ཤེས་ནས་དེས་ཀྱང་ཤིང་དྲུང་ཞིག་ཏུ་བཞག་ནས་ཤིང་དེ་ ལ་གནས་པའི་ལྷ་གང་ཡིན་པ་དེ་ལ་ཁྱོད་ཀྱིས་འདི་དག་རྒྱལ་པོ་ཟས་གཙང་གི་སྲས་ལ་ཕུལ་ཅིག་ཅེས་གསོལ་བ་བཏབ་བོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཤེས་པ་མཐོང་བ་ནི་འོག་ཏུ་འཇུག་པ་ཡིན་པས་དེས་དེ་དག་ཤེས་ནས་ བླངས་ཏེ། དེ་ནས་རྔོན་པ་རྒས་འཁོགས་པ་ལྟ་བུ་ཞིག་ཏུ་བདག་ཉིད་མངོན་པར་སྤྲུལ་ནས་དེ་དག་བགོས་ཏེ། ལག་པ་ལ་མདའ་གཞུ་ཐོགས་ནས་བྱང་ཆུབ་སེམས་དཔའ་གཤེགས་པའི་ལམ་དཀར་བསྡད་པ་དང་། བྱང་ཆུབ་སེམས་དཔའ་ ཡང་རིམ་གྱིས་ལམ་དེར་བྱོན་ནས་རྔོན་པ་ལག་ན་མདའ་གཞུ་ཐོགས་ཤིང་གོས་ངུར་སྨྲིག་གྱོན་པ་ཞིག་གཟིགས་སོ། །གཟིགས་ནས་ཀྱང་མི་དེ་ལ་གསུངས་པ། ཀྱེ་ནང་རྗེ་ཤ་ནའི་གོས་འོ་ནི་དག་ནི་རབ་ཏུ་བྱུང་བ་ལ་འཚམ་པ་ཡིན་གྱིས་ཀ་ཤི་ ཀའི་རས་ཕྲན་འདི་དག་ཁྱེར་ལ་འོ་ནི་དག་ང་ལ་བྱིན་ཅིག །དེས་གསོལ་པ། གཞོན་ནུ་བདག་ལ་གཞན་དག་ཁྱོད་ཀྱིས་རྒྱལ་བུ་གཞོན་ནུ་བཀྲོངས་ནས་ཀ་ཤི་ཀའི་རས་ཕྲན་གྱི་གོས་འདི་དག་བླངས་སོ་ཞེས་གཞི་དེས། གཡར་འཆི་བར་ འགྱུར་ལགས་པས་བདག་འདི་དག་མི་འབུལ་ལོ། །བྱང་ཆུབ་སེམས་དཔའ་གསུངས་པ། ཀྱེ་ནང་རྗེ་ང་ནི་མཐུ་ཇི་ལྟ་བུ་དང་ལྡན་པ་འཇིག་རྟེན་ཐམས་ཅད་ཀྱིས་ཤེས་ཏེ་སུ་ཞིག་གིས་ང་བཀྲོངས་པར་ནུས། ཁྱོད་ཀྱིས་ང་བཀྲོངས་པར་སུ་ ཞིག་ཡིད་ཆེས་ཀྱིས་བག་ཚ་བ་མེད་པར་བྱིན་ཅིག །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའི་ཞབས་གཉིས་ལ་གཏུགས་ནས་ཤ་ནའི་གོས་དག་ཕུལ་ཏེ་ཀ་ཤི་ཀའི་རས་ཕྲན་རྣམས་བླངས་སོ། །བྱང་ཆུབ་ སེམས་དཔའི་སྐུ་དང་ཤ་ནའི་གོས་དག་འཚམ་པར་མ་གྱུར་པ་དང་། དེ་འདི་སྙམ་དུ་དགོངས་ཏེ་ཀྱེ་མའོ་ཤ་ནའི་གོས་རྣམས་བདག་གི་སྐུ་དང་འཚམ་པར་གྱུར་ཅིག་སྙམ་ནས་ཚིག་སྨྲས་མ་ཐག་ཏུ་ཤ་ནའི་གོས་དེ་དག་འདི་ལྟར་བྱང་ 67-1-36b ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་མཐུ་དང་། ལྷ་རྣམས་ཀྱི་ལྷའི་མཐུས་བྱང་ཆུབ་སེམས་དཔའི་སྐུ་དང་འཚམ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། ད་ནི་བདག་རབ་ཏུ་བྱུང་ ཟིན་ཀྱིས་འགྲོ་བ་རྣམས་རྗེས་སུ་གཟུང་བར་བྱའོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་མཐར་གྱིས་རྒྱུ་ཞིང་གཤེགས་པ་དང་རྒྱལ་པོའི་ཁབ་ཏུ་བྱོན་ཏོ། །བྱང་ཆུབ་སེམས་དཔའ་བཟོའི་གནས་དང་། ལས་ཀྱི་གནས་དེ་དང་དེ་རྣམས་ ལ་མཁས་པ་ཡིན་པས་དེས་ཤིང་ཀ་ར་བི་རའི་ལོ་མ་ལས་ལྷུང་བཟེད་བྱས་ནས་སྤྱོད་ལམ་ཞི་བས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོ་སྟེང་གི་ཁང་བཟངས་ཀྱི་གཞི་ན་འདུག་པ་དེས་ འགྲོ་བ་དང་། ལྡོག་པ་དང་། ལྟ་བ་དང་། རྣམ་པར་ལྟ་བ་དང་། བསྐུམ་པ་དང་། བརྐྱང་བ་དང་། ཆོས་གོས་སྣམ་སྦྱར་དང་། ལྷུང་བཟེད་ཐོགས་པ་མཛེས་པས་བསོད་སྙོམས་སྤྱོད་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། རྒྱལ་པོའི་ཁབ་ན་རབ་ཏུ་བྱུང་བ་ཇི་སྙེད་ཅིག་གནས་པ་ལ་རབ་ཏུ་བྱུང་བ་འདིའི་སྤྱོད་ལམ་དེ་ལྟ་བུ་ནི་འགའ་ཡང་མེད་དོ་སྙམ་མོ། །འདིར་སྨྲས་པ། ཇི་ལྟར་མིག་ཅན་འགྲོ་བ་ལྟར། །རབ་ཏུ་བྱུང་བ་བསྒྲགས་པར་བྱས། །འདིས་ནི་བརྟག་ པར་མཛད་ནས་སུ། །རབ་ཏུ་བྱུང་བ་ཡང་དག་བཞེད། །ཁྱིམ་གནས་འདི་ནི་སྡུག་བསྔལ་ཏེ། །འདི་ནི་རྡུལ་གྱི་གནས་ཡིན་ཞིང་། །རབ་ཏུ་བྱུང་བ་བར་སྣང་ལྟར། །མཁྱེན་ནས་དེ་ཚེ་རབ་ཏུ་བྱུང་། །རབ་ཏུ་བྱུང་ནས་སྐུ་ཡིས་ནི། །སྡིག་པའི་ ལས་ནི་སྤངས་པ་དང་། གསུང་གི་སྡིག་པ་སྤངས་ནས་ནི། །འཚོ་བ་ཀུན་ནས་དག་པར་མཛད། །དེ་ནས་མ་ག་དྷཱ་ཡི་ནི། །གྲོང་མཆོག་རྒྱལ་པོའི་ཁབ་གཤེགས་ནས། །མགོན་པོ་ཤེས་བཞིན་དྲན་ལྡན་པ། །བསོད་སྙོམས་ཕྱིར་ ནི་གཤེགས་པ་དེར། །བཟོ་སྦྱངས་མ་ག་དྷཱའི་བདག །ཁང་བཟངས་འདི་ན་འདུག་པས་མཐོང་། །མཐོང་ནས་སེམས་དང་དེ་ནས་ནི། །བློན་པོ་རྣམས་ལ་འདི་སྐད་སྨྲས། །མཚན་མཆོག་གིས་ནི་རྒྱས་གྱུར་ཅིང་། །ཁོ་ 67-1-37a ལག་ཕུན་སུམ་ཚོགས་པ་དང་། །གཉའ་ཤིང་གང་དུ་ལྟ་བ་ཡི། །འདི་ལ་ཤེས་ལྡན་དག་ལྟོས་ཤིག །སྤྱན་མི་འདྲེག་ལ་ཡིད་གཞུངས་ཤིང་། །དམན་པའི་རིགས་ལས་མ་འཁྲུངས་འདི། །གང་དུ་གནས་པར་ གཤེགས་འགྱུར་བ། །རྒྱལ་པོས་ཕོ་ཉ་རྗེས་བཞིན་བཏང་། །དེ་ནས་ཕོ་ཉ་ལ་བསྒོ་བ། །དགེ་སློང་དེ་ནི་གར་འགྲོ་ཞིང་། །གང་དུ་གནས་ནི་བཏབ་པ་ཡི། །རྗེས་བཞིན་དུ་ནི་འབྲང་བར་གྱིས། །དེ་ནི་བསོད་སྙོམས་ གཤེགས་པ་ན། །སྒོ་དྲུག་ལེགས་པར་བསྡམས་ནས་ནི། །ཤེས་བཞིན་དྲན་དང་ལྡན་པ་ཡིས། །ལྷུང་བཟེད་མྱུར་དུ་གང་བར་མཛད། །བསོད་སྙོམས་སྤྱད་པ་བྱས་ནས་ཀྱང་། །ཐུབ་པ་གྲོང་ཁྱེར་ཕྱིར་བྱུང་ནས། ། སྐྱ་བསེང་ལ་ནི་མངོན་གཤེགས་ཏེ། །དེ་ལ་གནས་ནི་བཏབ་པར་གྱུར། །གནས་བཏབ་པ་ནི་ཤེས་ནས་ཀྱང་། །ཕོ་ཉ་གཅིག་གིས་བསྡད་བྱས་ནས། །གཞན་ནི་མྱུར་དུ་སླར་ལོག་སྟེ། །རྒྱལ་པོ་ལ་ནི་ཚིག་ སྨྲས་པ། །རྒྱལ་པོ་ཆེན་པོ་དགེ་སློང་དེ། །སེང་གེ་འམ་སྟག་གི་ཕྲུ་གུ་དག །རི་སུལ་དག་ན་གནས་པ་ལྟར། །སྐྱ་བསེང་གི་ནི་སྟེང་ན་གནས། །ཕོ་ཉ་རྣམས་ཀྱི་ཚིག་ཐོས་ནས། །ས་བདག་ཤིང་རྟར་ཞུགས་ནས་ནི། །དེ་ནི་ བློན་པོས་ཡོངས་བསྐོར་ནས། །མྱུར་བ་ཁོ་ནར་དོང་བར་གྱུར། །བཞོན་པས་བགྲོད་པའི་སར་ཞོན་ཏེ། །དེ་ནི་བཞོན་པ་ལ་བབས་ནས། །རྐང་གིས་ཉེ་བར་སོང་བས་ནི། །དེ་ནས་དེ་བཞིན་གཤེགས་པ་མཐོང་། །རྒྱལ་པོ་ འདུག་ནས་དགྱེས་པ་དང་། །མགུ་བར་འགྱུར་བའི་གཏམ་གསོལ་ནས། །དེ་ནི་མ་ཁེངས་མི་བརླང་བར། །དོན་འདི་དག་ནི་རབ་སྨྲས་སོ། །དགེ་སློང་ལང་ཚོ་དང་པོ་ལ། །བབ་པར་ཡང་དག་གནས་གྱུར་ཅིང་། །འདི་འདྲ་གཟི་བརྗིད་ལྡན་ པ་ལ། །བསོད་སྙོམས་སྤྱོད་པར་མཛེས་མ་ལགས། །ཁང་པ་ཉམས་དགའ་དག་དང་ནི། །བུད་མེད་རྒྱན་གྱིས་བརྒྱན་པ་དང་། །ལོངས་སྤྱོད་མཆོག་ནི་ཁྱོད་གསོལ་ན། །ཉིད་ཀྱི་གདུང་ནི་ཞུ་ཡིས་གསུངས། །རྒྱལ་པོ་གངས་རི་ཉེ་བ་ན། ། 67-1-37b ཡུལ་གྱི་ལྗོངས་ནི་ནོར་དག་དང་། །འབྲུ་དག་གིས་ནི་གང་གྱུར་པ། །ཀོ་ས་ལ་ཞེས་གྲགས་པ་ཡོད། །བུ་རམ་ཤིང་པ་ཉི་མའི་རུས། །ཤཱཀྱ་དག་ནི་དེ་ན་གནས། །རྒྱལ་པོ་ང་ནི་རྒྱལ་རིགས་ཏེ། །ང་ནི་འདོད་པའི་དོན་མི་གཉེར། །ས་འདི་ རི་དང་བཅས་ཤིང་རྒྱ་མཚོར་བཅས། །རིན་ཆེན་ཀུན་དང་ལྡན་པ་འབྱོར་གྱུར་ཀྱང་། །མི་ནི་ནམས་ཀྱང་ངོམས་པར་མི་འགྱུར་ཏེ། །སོ་ག་ཚ་དུས་ཤིང་གི་མི་བཞིན་ནོ། །འདོད་པ་རྣམས་ནི་ཤ་ཁོན་འབྲེལ་ཅེས་གསུངས། །མི་དབང་རྒལ་བར་ དཀའ་ཞིང་འདམ་རྫབ་འདྲང་། །སྡུག་བསྔལ་དང་ནི་མྱ་ངན་འཇིགས་པ་ཡི། །རྩ་བའི་གཙོ་སྟེ་བློ་ངན་རྣམས་ཀྱིས་བསྟེན། །རྒྱལ་པོ་ངས་ནི་བྱུང་མ་ཐག་ཏུ་ཡང་། །འདོད་པ་རྣམས་ལ་མི་དགའི་བློ་བསྐྱེད་ན། །འཇིགས་བྱེད་ཆོས་ཀྱི་དགྲ་བོར་གྱུར་པ་དག ། བོར་བ་དེ་གོ་སླར་ཡང་ཅི་ལྟར་བླང་། །རྩེ་མོ་སྣ་ཚོགས་ཡངས་པར་གྱུར་པ་ཡི། །ལྷུན་པོ་གངས་ཅན་རླུང་གིས་བསྐྱོད་སྲིད་ཀྱི། །ང་ཡི་བློ་ནི་ཐར་པ་ལ་རྟེན་པ། །འདོད་པའི་ཤུགས་ཀྱིས་བསྐྱོད་པར་མི་ནུས་སོ། །འཇིག་རྟེན་འདི་ནི་འདོད་པར་བྱིང་གྱུར་ ནས། །འཁོར་བའི་འཁོར་ལོས་ཡོངས་སུ་འཁྱམ་པ་ལ། །མི་དབང་ང་སྐྱབས་ཡིན་ཏེ་གཞན་མེད་པས། །འཇིགས་པ་ཆེ་ལས་དེ་ནི་ཐར་བར་བྱ། །འདོད་པ་རྣམས་ཀྱི་ཉེས་དམིགས་མཁྱེན། །མྱ་ངན་འདས་པ་ཞི་བ་གཟིགས། །སྤང་ཕྱིར་ གང་དུ་ང་ཡི་ཡིད། །དགའ་བ་དག་ཏུ་འགྲོ་བར་བྱ། །རྒྱལ་པོ་གཟུགས་ཅན་སྙིང་པོས་གསོལ་པ། ཀྱེ་རབ་ཏུ་བྱུང་བ་བརྟུལ་ཞུགས་འདིས་ཅི་ཞིག་དོན་དུ་གཉེར། དེས་གསུངས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་བོ། །རྒྱལ་པོས་གསོལ་པ། ཀྱེ་རབ་ཏུ་བྱུང་བ་གང་གི་ཚེ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་དེའི་ཚེ་བདག་ལ་ཡང་དགོངས་ཤིག །བྱང་ཆུབ་སེམས་ དཔས་གསུངས་པ། དེ་བཞིན་དུ་བསམ་པར་བྱའོ་ཞེས་གསུངས་ནས་རྒྱལ་པོའི་ཁབ་ནས་བྱུང་སྟེ་བྱ་རྒོད་ཀྱི་ཕུང་པོའི་རི་དང་ཧ་ཅང་ཡང་མི་རིང་བར་དྲང་སྲོང་རྣམས་ཀྱི་སྟིང་གནས་དེར་གཤེགས་སོ། །དེ་ནས་སྤྱོད་པ་དང་ 67-1-38a གནས་པས་བསམ་གཏན་ལ་བརྩོན་པར་གནས་ཏེ། དེ་རྣམས་གང་གི་ཚེ་རྐང་པ་གཅིག་གིས་ཉིན་ཐུན་གཅིག་འགྲེང་བ་དེའི་ཚེ་བྱང་ཆུབ་སེམས་དཔའ་ཐུན་གཉིས་སུ་བཞུགས་སོ། །གལ་ཏེ་དེ་རྣམས་གདུང་བ་ལྔའི་ སྦྱོར་བས་ཉིན་ཐུན་གཅིག་འདུག་པ་དེའི་ཚེ། བྱང་ཆུབ་སེམས་དཔས་ཀྱང་སྦྱོར་བ་དེས་ཐུན་གཉིས་སུ་བཞུགས་སོ། །དེ་ནས་དེ་རྣམས་ཡ་མཚན་སྐྱེས་ནས་དགེ་སྦྱོང་འདི་ནི་ཆེན་པོ་ཞིག་གོ་ཞེས་སྨྲས་པ། དགེ་སྦྱོང་ཆེན་པོ་ དགེ་སྦྱོང་ཆེན་པོ་ཞེས་བྱ་བར་གྱུར་ཏོ། །བྱང་ཆུབ་སེམས་དཔས་དེ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་བརྟུལ་ཞུགས་འདིས་ཅི་ཞིག་དོན་དུ་གཉེར། །དེ་ན་ཁ་ཅིག་གིས་གསོལ་པ། བརྒྱ་བྱིན་ཉིད་དོ། །ཁ་ཅིག་གིས་གསོལ་པ། བདག་ཅག་ནི་ཚངས་པ་ཉིད་དོ། །ཁ་ཅིག་གིས་གསོལ་པ། བདག་ཅག་ནི་བདུད་ཉིད་དོ། །བྱང་ཆུབ་སེམས་དཔས་དགོངས་པ། དྲང་སྲོང་འདི་དག་ནི་སླར་ཡང་ལྟུང་བ་ལམ་ལོག་པར་ཞུགས་པའོ། །ལམ་འདི་ནི་ཤེས་པར་ནུས་པ་མ་ཡིན། མཐོང་ བར་ནུས་པ་མ་ཡིན། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་ནུས་པ་མ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔས་ལམ་དེ་ཉིད་ནུས་པ་མེད་པར་མཁྱེན་ནས། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་གང་ན་བ་དེར་གཤེགས་ཏེ་བྱོན་པ་ དང་། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ལ་འདི་སྐད་ཅེས་གསུངས་སོ། །རིང་འཕུར་གལ་ཏེ་ཁྱོད་ལ་མི་བདེ་བ་མེད་ན་ཁྱོད་ཀྱི་དྲུང་དུ་ཁོ་བོ་ཚངས་པར་སྤྱོད་པ་སྤྱད་དོ། །དེས་སྨྲས་པ། ཚེ་དང་ལྡན་པ་གཽ་ཏ་མ་བདག་ལ་མི་བདེ་བ་མེད་ཀྱིས་ཅི་བདེ་བ་ ཁོ་ནར་བཞུགས་ཤིག །བྱང་ཆུབ་སེམས་དཔས་གསུངས་པ། རིང་འཕུར་ཁྱོད་ཀྱིས་ཆོས་ཇི་སྙེད་ཅིག་རང་གི་མངོན་པར་ཤེས་པས་རྟོགས་པར་གྱུར། དེས་གསོལ་པ། ཚེ་དང་ལྡན་པ་གཽ་ཏ་མ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུའོ། ། དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དད་པ་དེ་ལ་ནི་ང་ཡང་དད་ལ། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ལ་བརྩོན་འགྲུས་དང་དྲན་པ་དང་། ཏིང་ངེ་འཛིན་དང་ཤེས་རབ་ཡོད་པ་ལྟར་ 67-1-38b བདག་ལ་ཡང་བརྩོན་འགྲུས་དང་དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཡོད་པས་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་གྱིས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་ཆོས་དེ་སྙེད་མངོན་སུམ་དུ་བྱས་ཏེ། ཅིའི་ཕྱིར་བདག་གིས་ཀྱང་ཆོས་འདི་ དག་མངོན་སུམ་དུ་མི་བྱ་སྙམ་ནས་དེ་ནས་བྱང་ཆུབ་སེམས་དཔས་ཆོས་དེ་རྣམས་ཁོ་ན་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་དང་། མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་དང་། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་ཕྱིར་དང་། གཅིག་པུ་ དབེན་པ་བག་ཡོད་པ་བརྟུལ་བ་དང་ལྡན་པ། བདག་ཉིད་གཏོད་པར་གནས་ཏེ། གཅིག་པུ་དབེན་པ་བག་ཡོད་པ། བརྟུལ་བ་དང་ལྡན་པ། བདག་ཉིད་གཏོད་པར་གནས་པ་ན་རིང་པོ་མི་ཐོགས་པ་ཁོ་ནར་ཆོས་དེ་དག་མངོན་སུམ་དུ་མཛད་པར་ གྱུར་ཏོ། །ཆོས་དེ་མངོན་སུམ་དུ་མཛད་ནས་ཡང་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་གང་ན་བ་དེར་གཤེགས་ཏེ་བྱོན་ནས་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ལ་འདི་སྐད་ཅེས་གསུངས་སོ། །རིང་འཕུར་ཁྱོད་ཀྱིས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་ཆོས་ འདི་དག་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་སམ་དེས་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གཽ་ཏ་མ་མད་དེ་བདག་གིས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་ཆོས་དེ་དག་མངོན་སུམ་དུ་བྱས་སོ། །བྱང་ཆུབ་སེམས་དཔས་ གསུངས་པ། ཚེ་དང་ལྡན་པ་རིང་འཕུར་བདག་གིས་ཀྱང་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་ཆོས་དེ་དག་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་སོ། །ཚེ་དང་ལྡན་པ་གཽ་ཏ་མ་དེ་ལྟར་ན་ཁྱོད་ཀྱི་ཇི་ཙམ་པ་བདག་གི་ཡང་དེ་ཙམ་ལ། བདག་གི་ཇི་ཙམ་པ་ཁྱོད་ཀྱི་ཡང་དེ་ཙམ་པས་དོན་འདི་ལ་འོ་སྐོལ་མཚུངས་ཤིང་མཉམ་སྟེ་འདྲ་བར་ཐོས་ཀྱིས་ཚུར་སྤྱོན། འོ་སྐོལ་གཉིས་གས་འཁོར་འདི་ཡོངས་སུ་དྲང་བར་བགྱིའོ། །དེ་ནས་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ བྱང་ཆུབ་སེམས་དཔའི་ཐོག་མའི་སློབ་དཔོན་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ལ་རྗེད་པའི་དམ་པས་རྗེད་ཅིང་མཆོད་པའི་དམ་པས་མཆོད་དོ། །དེའི་རྟོགས་པ་དག་ལ་ཡང་དགའ་བ་དང་། མགུ་བར་གྱུར་ཏོ། དེ་ནས་བྱང་ཆུབ་ 67-1-39a སེམས་དཔའ་འདི་སྙམ་དུ་དགོངས་ཏེ། ལམ་འདི་ནི་ཤེས་པར་ནུས་པ་མ་ཡིན། མཐོང་བར་ནུས་པ་མ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་ནུས་པ་མ་ཡིན་ནོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་ དཔས་ལམ་དེ་ནུས་པ་མེད་པར་རིག་ནས། རངས་བྱེད་ཀྱི་བུ་ལྷག་སྤྱོད་གང་ན་བ་དེར་གཤེགས་ཏེ་བྱོན་ནས་རངས་བྱེད་ཀྱི་བུ་ལྷག་སྤྱོད་ལ་འདི་སྐད་ཅེས་གསུངས་སོ། །ལྷག་སྤྱོད་གལ་ཏེ་ཁྱོད་ལ་མི་བདེ་བ་མེད་ན་ཁྱོད་ཀྱི་དྲུང་དུ་ཚངས་པར་སྤྱོད་པ་ སྤྱད་དོ། །དེས་གསོལ་པ། ཚེ་དང་ལྡན་པ་གཽ་ཏ་མ་བདག་ལ་མི་བདེ་བ་མེད་ཀྱིས་ཁྱོད་ཅི་བདེ་བ་ཁོ་ནར་བཞུགས་ཤིག །ཁྱོད་ཀྱིས་ཆོས་ཇི་སྙེད་ཅིག་མངོན་སུམ་དུ་བྱས། ཚེ་དང་ལྡན་པ་གཽ་ཏ་མ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ དུའོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། རངས་བྱེད་ཀྱི་བུ་ལྷག་སྤྱོད་དད་པ་ལ་ནི་བདག་ཀྱང་དད་ལ། རངས་བྱེད་ཀྱི་བུ་ལྷག་སྤྱོད་བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཡོད་པ་ལྟ་བུའི་བརྩོན་འགྲུས་ དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ནི་བདག་ལ་ཡོད་ན་རངས་བྱེད་ཀྱི་བུ་ལྷག་སྤྱོད་ཀྱིས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་ཆོས་འདི་སྙེད་ཅིག་མངོན་སུམ་དུ་བྱས་ན་བདག་གིས་ཀྱང་ཆོས་འདི་དག་ཅིའི་ཕྱིར་མངོན་སུམ་ དུ་མི་བྱ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔས་ཆོས་དེ་རྣམས་ཁོ་ན་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་དང་། མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་དང་། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་ཕྱིར་གཅིག་པུ་དབེན་པ། བག་ཡོད་པ་རྟུན་པ་དང་ལྡན་པ། བདག་ཉིད་གཏོད་པར་གནས་ཏེ། གཅིག་པུ་དབེན་པར་བག་ཡོད་པར་གནས་པ་ན་རིང་པོ་མ་ཐོགས་པ་ཁོ་ནར་ཆོས་དེ་མངོན་སུམ་དུ་མཛད་པར་གྱུར་ཏོ། །ཆོས་དེ་མངོན་སུམ་དུ་མཛད་ནས་རངས་བྱེད་ ཀྱི་བུ་ལྷག་སྤྱོད་གང་ན་བ་དེར་གཤེགས་ཏེ་བྱོན་པ་དང་། རངས་བྱེད་ཀྱི་བུ་ལྷག་སྤྱོད་ལ་འདི་སྐད་ཅེས་གསུངས་སོ། །ལྷག་སྤྱོད་ཁྱོད་ཀྱིས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་ཆོས་འདི་དག་རང་གིས་མངོན་སུམ་ 67-1-39b དུ་བྱས་སམ། ཚེ་དང་ལྡན་པ་གཽ་ཏ་མ་མད་ལགས་ཏེ། བདག་གིས་འདུ་ཤེས་མེད་འདུ་ཤེས་མེད་མྱིན་སྐྱེ་མཆེད་ཀྱི་བར་ཀྱི་ཆོས་འདི་དག་མངོན་སུམ་དུ་བགྱིས་སོ། །བྱང་ཆུབ་སེམས་དཔས་གསུངས་པ། ཚེ་དང་ལྡན་པ་ལྷག་སྤྱོད་ བདག་གིས་ཀྱང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་ཆོས་འདི་དག་རང་གིས་མངོན་སུམ་དུ་བྱས་སོ། །ཚེ་དང་ལྡན་པ་གཽ་ཏ་མ་དེ་ལྟར་ན་ཁྱོད་ཀྱི་ཇི་ཙམ་པ་བདག་གི་ཡང་དེ་ཙམ་ལ། བདག་གི་ཇི་ཙམ་པ་ཁྱོད་ཀྱི་ཡང་དེ་ཙམ་ པས་དོན་འདི་ལ་འོ་སྐོལ་མཚུངས་ཤིང་མཉམ་སྟེ་འདྲ་བར་ཐོས་ཀྱིས་ཚུར་སྤྱོན། འོ་སྐོལ་གཉི་གས་ཚོགས་འདི་ཡོངས་སུ་དྲང་བར་བགྱིའོ། །དེ་ནས་རངས་བྱེད་ཀྱི་བུ་ལྷག་སྤྱོད་བྱང་ཆུབ་སེམས་དཔའི་ཐོག་མའི་སློབ་དཔོན་གྱིས་བྱང་ཆུབ་ སེམས་དཔའ་ལ་རྗེད་པ་དམ་པས་རྗེད་ཅིང་མཆོད་པའི་དམ་པས་མཆོད་དོ། །དེའི་ཤེས་པ་རྣམས་ལ་ཡང་དགའ་བ་དང་མགུ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་འདི་སྙམ་དུ་དགོངས་ཏེ། ལམ་འདི་ནི་ཤེས་པར་ནུས་པ་མ་ཡིན། མཐོང་བར་ནུས་པ་མ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་ནུས་པ་མ་ཡིན་ནོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔས་ལམ་དེ་ཡང་ནུས་པ་མེད་པར་རིག་ནས་གཤེགས་སོ། །དེ་ནས་སྒྱུ་རྩལ་ཤེས་ཀྱི་བུ་ རིང་འཕུར་གྱི་འཁོར་གསུམ་དང་། རངས་བྱེད་ཀྱི་བུ་ལྷག་སྤྱོད་ཀྱི་འཁོར་གཉིས་ཏེ་དྲང་སྲོང་ལྔ་བྱང་ཆུབ་སེམས་དཔའི་རྗེས་སུ་འབྲངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ལྔ་པོ་དང་ལྷན་ཅིག་གང་གཱའི་ལྷོ་ཕྱོགས་ན་ལྟེང་རྒྱས་འོད་སྲུང་གི་སྡེའི་ གྲོང་རྡལ་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ་བྱོན་ནས་དེ་ཕན་ཚུན་འཆག་པ་ན་ཕྱོགས་དགའ་དགའ་ལྟར་འདུག་པ། ནགས་ཚང་ཚིང་མཛེས་པ། ཆུ་ཀླུང་ནཻ་རཉྫ་ནཱ་བསིལ་བར་འབབ་པ། གསེ་གུ་ཅན་འཇུག་ངོགས་བདེ་ཞིང་མཐའ་ རྒྱ་ཆེ་ལ་གསིང་མ་སྔོན་པོ་དང་། ཤིང་སྣ་ཚོགས་ཀྱིས་བརྒྱན་པ་དགའ་དགའ་ལྟར་འདུག་པ་ཞིག་གཟིགས་སོ། །གཟིགས་ནས་ཀྱང་འདི་སྙམ་དུ་དགོངས་ཏེ། ཀྱེ་མའོ་ས་ཕྱོགས་འདི་ནི་དགའ་དགའ་ལྟར་འདུག་པ་ནགས་ 67-1-40a ཚང་ཚིང་མཛེས་པ། ཆུ་ཀླུང་ནཻ་རཉྫ་ནཱ་བསིལ་བར་འབབ་པ། གསེ་གུ་ཅན་འཇུག་ངོགས་བདེ་ཞིང་མཐའ་རྒྱ་ཆེ་ལ་གསིང་མ་སྔོན་པོ་དང་། ཤིང་སྣ་ཚོགས་ཀྱིས་བརྒྱན་པ་དགའ་དགའ་ལྟར་འདུག་པ་ཞིག་སྟེ། ཀྱེ་མ་སྤོང་བ་དོན་དུ་གཉེར་བའི་རིགས་ཀྱི་བུས་ནགས་ཁྲོད་འདིར་བརྟེན་ན་སྤོང་བ་བྱ་བར་ནུས་སོ། །བདག་སྤོང་བ་དོན་དུ་གཉེར་བ་ཡིན་པས། མ་ལ་བདག་གིས་ཀྱང་ནགས་ཁྲོད་འདིར་རྟེན་ལ་སྤོང་བར་བྱའོ་སྙམ་མོ། །དེ་ནས་ བྱང་ཆུབ་སེམས་དཔའ་ནགས་ཁྲོད་དུ་ཞུགས་ཏེ་ཤིང་གི་དྲུང་དུ་ཞུགས་ནས། ཚེམས་ལ་ཚེམས་གཏད། ལྗགས་རྐན་ལ་བཅར་ནས། ཐུགས་ཀྱིས་ཐུགས་མངོན་དུ་བཟུང་། མངོན་དུ་བསྡམས། ཤིན་དུ་མངོན་དུ་བསྡམས་སོ། ། དེ་ཐུགས་ཀྱིས་ཐུགས་མངོན་ཏུ་བཟུང་། མངོན་དུ་བསྡམས་ཤིན་དུ་མངོན་དུ་བསྡམས་པས། བ་སྤུའི་ཁུང་བུ་ཐམས་ཅད་ནས་རྔུལ་བྱུང་བར་གྱུར་ཏེ། དཔེར་ན་མི་སྟོབས་དང་ལྡན་པས་མི་སྟོབས་ཤིན་དུ་ཆུང་བ་ཞིག་ཕྱིན་ག་ ལོག་ཏུ་བཟུང་། མངོན་དུ་བསྡམས། ཤིན་དུ་མངོན་དུ་བསྡམས་ན་དེའི་བ་སྤུའི་ཁུང་བུ་ཐམས་ཅད་ནས་རྔུལ་བྱུང་བ་དེ་བཞིན་དུ་དེའི་ཚེ། བྱང་ཆུབ་སེམས་དཔའ་ཚེམས་ལ་ཚེམས་གཏད། ལྗགས་རྐན་ལ་བཅར་ཏེ། ཐུགས་ཀྱིས་ ཐུགས་མངོན་དུ་བཟུང་། མངོན་དུ་བསྡམས། ཤིན་དུ་མངོན་དུ་བསྡམས་པ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་གིས་རྣམ་པར་བམ་པའི་བསམ་གཏན་ དག་ལ་སྙོམས་པར་འཇུག་པར་བྱའོ་སྙམ་མོ། །དེས་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་པར་བརྩམས་ཏེ། དེས་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན། ཞལ་དང་ ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་སོ། །དེའི་ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་པ་དང་། རླུང་ཐམས་ཅད་སྤྱི་བོའི་ནང་དུ་སོང་ནས་དེའི་དབུའི་ཚོར་བ་ཤིན་དུ་མི་བཟད་པ་སྐྱེས་སོ། ། 67-1-40b དཔེར་ན་མི་སྟོབས་དང་ལྡན་པས་མི་སྟོབས་ཤིན་དུ་ཆུང་བའི་སྤྱི་བོར་ལྕགས་ཀྱི་ཕུར་པ་རྣོན་པོ་བཏབ་ན། དེའི་མགོ་ལ་མགོའི་ཚོར་བ་ཤིན་དུ་མི་བཟད་པ་སྐྱེ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམ་པར་བམ་པའི་བསམ་ གཏན་དག་ལ་སྙོམས་པར་ཞུགས་པ་ན། དབུ་ལ་དབུའི་ཚོར་བ་ཤིན་དུ་མི་བཟད་པ་སྐྱེས་ཀྱང་དེ་ཞུམ་པ་མ་ཡིན་གྱི། བརྩོན་འགྲུས་བརྩམས་པ་ཡིན། སྐུ་མ་སྦྱངས་པ་མ་ཡིན་གྱི་སྦྱངས་པ་ཡིན། རྨུགས་པ་མ་ཡིན་གྱི་དྲན་པ་ཉེ་བར་ གཞག་པ་ཡིན་ཏེ། སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྡུག་བསྔལ་དྲག་པོ་མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བའི་ཚོར་བ་དེ་ལྟ་བུ་ཉམས་སུ་མྱོང་ཡང་འདི་ལྟར་སྐུ་བསྒོམས་པ་ཡིན་པའི་ ཕྱིར་ཐུགས་ཡོངས་སུ་གཏུགས་ཏེ་མི་གནས་སོ། །དེ་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་གིས་ལྷག་པར་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་པར་བྱའོ་སྙམ་མོ། །དེས་ལྷག་པར་རྣམ་པར་བམ་པའི་བསམ་ གཏན་དག་ལ་སྙོམས་པར་འཇུག་པར་བརྩམས་ཏེ། དེ་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན། ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་། འབྱུང་བ་བགགས་སོ། །དེའི་ཞལ་དང་ཤངས་ནས་དབུགས་ རྔུབ་པ་དང་། འབྱུང་བ་བགགས་པས་རླུང་ཐམས་ཅད་སྙན་གཉིས་ཀྱི་བུ་ག་ནས་རྒྱུས་པར་གྱུར་ཏོ། །དཔེར་ན་མགར་བས་སྦུད་པ་བུས་ན་རླུང་ཐམས་ཅད་ཀྱི་རྒྱུན་གྲྭ་གཉིས་ཀྱི་བུ་ག་ནས་རྒྱུ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན། རླུང་ཐམས་ཅད་ཀྱི་རྒྱུན་སྙན་གཉིས་ཀྱི་བུ་ག་ནས་རྒྱུས་པར་གྱུར་ཀྱང་དེ་ཞུམ་པ་མ་ཡིན་གྱི། བརྩོན་འགྲུས་བརྩམས་པ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་སྔ་ མ་བཞིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་གིས་ལྷག་པར་ཡང་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་པར་བྱའོ་སྙམ་མོ། །དེས་ལྷག་པར་རྣམ་པར་བམ་པའི་བསམ་ 67-1-41a གཏན་དག་ལ་སྙོམས་པར་འཇུག་པར་བརྩམས་ཏེ། དེ་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན། ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་སོ། །དེའི་ཞལ་དང་ཤངས་ནས་ དབུགས་རྔུབ་པ་དང་འབྱུང་བ་བགགས་པས་ཕྱལ་གྱི་ནང་ཐམས་ཅད་རྒྱས་པར་གྱུར། ཤིན་ཏུ་རྒྱས་པར་གྱུར་ཏེ། དཔེར་ན་མགར་བ་མཁས་པའི་སྦུད་པ་བུས་ན་གང་བར་གྱུར། ཤིན་དུ་གང་བར་གྱུར་པ་དེ་བཞིན་དུ་དེའི་ཚེ། བྱང་ཆུབ་སེམས་ དཔའ་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན་ཕྱལ་གྱི་ནང་ཐམས་ཅད་རྒྱས་པར་གྱུར། ཤིན་དུ་རྒྱས་པར་གྱུར་ཀྱང་དེ་ཞུམ་པ་མ་ཡིན་གྱི། བརྩོན་འགྲུས་བརྩམས་པ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་ བཞིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་གིས་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་པར་བྱའོ་སྙམ་མོ། །དེས་ལྷག་པར་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་ པར་འཇུག་པར་བརྩམས་ཏེ། དེ་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན། ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་སོ། །དེའི་ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་པ་ དང་། དེའི་ཚེ་དབུ་ལ་དབུའི་ཚོར་བ་ཤིན་དུ་མི་བཟད་པ་སྐྱེས་སོ། །དཔེར་ན་མི་སྟོབས་དང་ལྡན་པས་མི་སྟོབས་ཤིན་དུ་ཆུང་བའི་མགོ་ཕྲེང་བས་ཡང་ནས་ཡང་དུ་བཅིངས་ན། དེའི་མགོ་ལ་མགོའི་ཚོར་བ་ཤིན་དུ་མི་བཟད་པ་སྐྱེ་བ་དེ་བཞིན་དུ་ དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན། དབུ་ལ་དབུའི་ཚོར་བ་བཞིན་དུ་མི་བཟད་པ་སྐྱེས་ཀྱང་དེ་ཞུམ་པ་མ་ཡིན་གྱི་བརྩོན་འགྲུས་བརྩམས་པ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ ནོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་གིས་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་པར་བྱའོ་སྙམ་མོ། །དེ་ལྷག་པར་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་པར་ 67-1-41b བརྩམས་ཏེ། དེས་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན་ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་སོ། །དེའི་ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་པ་དང་། དེའི་ཚེ་ཁོང་ དུ་ཁོང་གི་ཚོར་བ་མི་ཟད་པ་སྐྱེས་སོ། །དཔེར་ན་བ་ལང་གི་ཤན་པ་མཁས་པ་འམ། བ་ལང་གི་ཤན་པའི་སློབ་མ་མཁས་པས་བ་ལང་བསད་པའི་གྲི་རྣོན་པོས་བ་ལང་གི་ལྟོ་དྲལ་ན་དེའི་ཁོང་དུ་ཁོང་གི་ཚོར་བ་ཤིན་དུ་མི་བཟད་པ་སྐྱེ་བ་དེ་བཞིན་དུ་ དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན་ཁོང་དུ་ཁོང་གི་ཚོར་བ་ཤིན་དུ་མི་བཟད་པ་སྐྱེས་ཀྱང་དེ་ཞུམ་པ་མ་ཡིན་གྱི་བརྩོན་འགྲུས་བརྩམས་པ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། དེ་ནས་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་དགོངས་ཏེ་མ་ལ་བདག་གིས་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་པར་བྱའོ་སྙམ་མོ། །དེ་ལྷག་པར་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་པར་བརྩམས་ ཏེ། དེས་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན་ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་སོ། །དེའི་ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་པ་ན་དེའི་ཚེ་སྐུ་ལ་སྐུའི་ གདུང་བ་ཤིན་དུ་མི་བཟད་པ་སྐྱེས་སོ། །དཔེར་ན་མི་ཤིན་དུ་སྟོབས་དང་ལྡན་པ་གཉིས་ཀྱིས་མི་སྟོབས་ཤིན་དུ་ཆུང་བ་ཞིག་ཕྱིན་ག་ལོག་དུ་བཟུང་སྟེ་མེ་དོང་གི་ནང་དུ་སྦྱངས་ན། དེའི་ལུས་ལ་ལུས་ཀྱི་གདུང་བ་ཤིན་དུ་མི་བཟད་པ་སྐྱེ་བ་དེ་ བཞིན་དུ་དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན་སྐུ་ལ་སྐུའི་གདུང་བ་ཤིན་དུ་མི་བཟད་པ་སྐྱེས་ཀྱང་དེ་ཞུམ་པ་མ་ཡིན་གྱི་བརྩོན་འགྲུས་བརྩམས་པ་ཡིན་ཞེས་བྱ་བ་ལ་སོགས་ པ་ནི་སྔ་མ་བཞིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་གིས་ཐམས་ཅད་ཀྱི་ཐམས་ཅད་དུ་ཟས་མི་བཟའ་བ་བསྒྲུབ་པར་བྱའོ་སྙམ་མོ། །དེ་ནས་ལྷ་རབ་ཏུ་མང་པོའི་སེམས་ཀྱིས་བྱང་ཆུབ་ 67-1-42a སེམས་དཔའི་ཐུགས་ཤེས་ནས་བྱང་ཆུབ་སེམས་དཔའ་གང་ན་བ་དེར་དོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་གལ་ཏེ་ཁྱོད་མིའི་ཁ་ཟས་ཀྱིས་མཛེམ་པར་མཛད། ངོ་ཚ་བར་ མཛད། སྨོད་པར་མཛད་ན། བདག་ཅག་གིས་ཁྱོད་ཀྱི་བ་སྤུའི་ཁུང་བུ་ཐམས་ཅད་ནས་ལྷའི་མདངས་བསྒྲུབ་པར་བགྱིས་ཁྱོད་ཀྱིས་བདག་གིར་མཛོད་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། གལ་ཏེ་བདག་གིས་མི་ འི་ཁ་ཟས་མི་བཟའ་བར་དམ་བཅས་ལ་བདག་གི་བ་སྤུའི་ཁུང་བུ་ཐམས་ཅད་དུ་ལྷ་རྣམས་ཀྱིས་ལྷའི་མདངས་བསྒྲུབས་ནས་དེ་བདག་གིར་བྱེད་པ་ནི་བདག་གི་བརྫུན་ཡིན་ལ། བདག་གི་བརྫུན་གང་ཡིན་པ་དེ་ནི་བདག་གི་ལོག་པ་ཡིན་ནོ། ། བདག་གི་ལོག་པ་གང་ཡིན་པ་དེའི་རྐྱེན་ཀྱིས་ནི་འདི་ན་སེམས་ཅན་ཁ་ཅིག་ལུས་ཞིག་སྟེ་ཤི་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་གྱིས་མ་ལ་བདག་གིས་ལྷ་རྣམས་ཀྱི་ཚིག་ནི་ཐམས་ ཅད་དུ་སྤངས་ལ་ཁ་ཟས་ཉུང་བ་དང་ཅུང་ཟད་ཆང་ཆུང་བཟའ་བ་འམ་ཡང་ན་མོན་སྲན་སྡེའུ་ཡི་ཁུ་བ་འམ། འོན་ཏེ་རྒྱ་སྲན་གྱི་ཁུ་བ་འམ། ཡང་ན་ཧ་རེ་ནུ་ཀའི་འབྲས་བུའི་ཁུ་བ་བཏུང་ངོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔས་དེའི་ཚེ་ལྷ་ རྣམས་ཀྱི་ཚིག་ཐམས་ཅད་ཀྱི་ཐམས་ཅད་དུ་སྤངས་ནས་ཞལ་ཟས་ཉུང་བ་དང་། ཆུང་བ་དང་། ཅུང་ཟད་དང་། ཆང་ཆུང་གསོལ་བ་འམ། ཡང་ན་མོན་སྲན་སྡེའུ་ཡི་ཁུ་བ་འམ། འོན་ཏེ་རྒྱ་སྲན་གྱི་ཁུ་བ་འམ། ཡང་ན་ཧ་རེ་ནུ་ཀའི་འབྲས་བུའི་ཁུ་ བ་གསོལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞལ་ཟས་ཉུང་བ་དང་། ཆུང་བ་དང་། ཅུང་ཟད་དང་། ཆང་ཆུང་གསོལ་བ་ན། ཡན་ལག་དང་། ཉིང་ལག་ཐམས་ཅད་ཀུན་དུ་ཞུམ་སྟེ། སྐམ་ཞིང་སྐུ་དཔལ་ཆུང་བར་གྱུར་ཏོ། །དཔེར་ན་ སྡུམ་བུ་ཨ་སི་ཏའི་སྡོང་བུ་དང་། ཀ་ལི་ཀའི་སྡོང་བུ་འཇུམ། ཀུན་དུ་འཇུམ་པས་ཤ་ཆུང་ཞིང་སྐམས་པར་གྱུར་པ་དེ་བཞིན་དུ་དེའི་ཚེ་བྱང་ཆུབ་སེམས་དཔའ་ཞལ་ཟས་ཉུང་བ་དང་། ཆུང་བ་དང་། ཅུང་ཟད་དང་། ཆང་ཆུང་གསོལ་ 67-1-42b བ་ན། ཡན་ལག་དང་། ཉིང་ལག་ཐམས་ཅད་ཞུམ། ཀུན་དུ་ཞུམ་སྟེ། སྐེམ་ཞིང་སྐུ་དཔལ་ཆུང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དེའི་ཚེ་ཞལ་ཟས་ཉུང་བ་དང་། ཆུང་བ་དང་། ཅུང་ཟད་དང་། ཆང་ཆུང་གསོལ་བ་ན། དབུ་ལ་ དབུའི་ལྤགས་པ་རྙིངས་ཀུན་དུ་རྙེངས་ཏེ། འཁུམས་ཤིང་འབར་འབུར་དུ་གྱུར་ཏོ། །དཔེར་ན་ཀུ་བ་རྩ་བ་ནས་བཅད་ན། རྙིས་ཀུན་ཏུ་རྙིས་པས་འཁུམས་ལ་འབར་འབུར་དུ་གྱུར་པ་དེ་བཞིན་དུ་དེའི་ཚེ་བྱང་ཆུབ་སེམས་དཔའ་ཞལ་ཟས་ ཉུང་བ་དང་། ཆུང་བ་དང་། ཅུང་ཟད་དང་། ཆང་ཆུང་གསོལ་བ་ན། དབུ་ལ་དབུའི་པགས་པ་རྙིས་ཀུན་དུ་རྙིས་ཏེ། འཁུམས་ཤིང་འབར་འབུར་དུ་གྱུར་ཀྱང་དེ་ཞུམ་པ་མ་ཡིན་ཏེ། བརྩོན་འགྲུས་བརྩམས་པ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་ སྔ་མ་བཞིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་དགོངས་ཏེ། ཞལ་ཟས་ཉུང་བ་དང་། ཆུང་བ་དང་། ཅུང་ཟད་དང་། ཆང་ཆུང་གསོལ་བ་ན། སྤྱན་གཉིས་ཀྱི་སྤྱན་གྱི་འབྲས་བུ་ཕུག་དུ་སོང་ཞིང་ཤིན་དུ་ཕུག་དུ་སོང་སྟེ་ཟབ་ པ་ཤིན་དུ་ཟབ་པར་རིང་དུ་སོང་བས་ཕྱུང་བ་ལྟ་བུར་སྣང་ངོ་། །དཔེར་ན་ཁྲོན་པ་ཟབ་མོའི་ཆུར་སྐར་མའི་གཟུགས་བརྙན་ཕུག་དུ་སོང་ཞིང་ཤིན་དུ་ཕུག་ཏུ་སོང་སྟེ། ཟབ་པ་ཤིན་དུ་ཟབ་པར་རིང་དུ་སོང་བར་གཏམ་དུ་བྱ་བ་དེ་བཞིན་དུ་དེའི་ ཚེ་བྱང་ཆུབ་སེམས་དཔའ་ཞལ་ཟས་ཉུང་བ་དང་། ཆུང་བ་དང་། ཅུང་ཟད་དང་། ཆང་ཆུང་གསོལ་བ་ན། སྤྱན་གཉིས་ཀྱི་སྤྱན་གྱི་འབྲས་བུ་ཕུག་དུ་སོང་། ཤིན་དུ་ཕུག་ཏུ་སོང་སྟེ། ཟབ་པ་ཤིན་དུ་ཟབ་པར་རིང་དུ་སོང་བས་ཕྱུང་བ་ ལྟ་བུར་སྣང་ཡང་དེ་ཞུམ་པ་མ་ཡིན་གྱི་བརྩོན་འགྲུས་བརྩམས་པ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞལ་ཟས་ཉུང་བ་དང་། ཆུང་བ་དང་། ཅུང་ཟད་དང་། ཆང་ཆུང་གསོལ་བ་ན། དེའི་ ཚེ་རྩིབ་མའི་བར་མཐོ་དམན་ཅན་དུ་གྱུར་ཏེ། དཔེར་ན་རྩྭ་ཁང་ལོ་གཉིས་སམ་གསུམ་ལོན་པའི་ཕྱམ་དགུ་བོ་མཐོ་དམན་དུ་གྱུར་པ་དེ་བཞིན་དུ། དེའི་ཚེ་བྱང་ཆུབ་སེམས་དཔའ་ཞལ་ཟས་ཉུང་དང་། ཆུང་བ་དང་། ཅུང་ཟད་དང་། 67-1-43a ཆང་ཆུང་གསོལ་བ་ན། རྩིབ་མའི་བར་མཐོ་དམན་ཅན་དུ་གྱུར་ཀྱང་དེ་ཞུམ་པ་མ་ཡིན་གྱི་བརྩོན་འགྲུས་བརྩམས་པ་ཡིན་ཞེས་བྱ་བ་ལ་སོགས་པ་རྣམས་ནི་སྔ་མ་བཞིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞལ་ ཟས་ཉུང་བ་དང་། ཆུང་བ་དང་། ཅུང་ཟད་དང་། ཆང་ཆུང་གསོལ་བ་ན། སྒལ་པའི་ཚིགས་འདི་ལྟ་སྟེ། སྐྲའི་ལན་བུ་ལྟ་བུར་གྱུར་ཏོ། །མཇུག་དོ་ནི་འདི་ལྟ་སྟེ། རྔ་མོའི་རྐང་པ་ལྟ་བུར་གྱུར་ཏོ། །དེ་ལན་དགའ་ལྡང་བར་འདོད་ན་ཁ་སྦུབ་ དུ་འགྱེལ་ལ། ལན་འགའ་འདུག་པར་འདོད་ན་གན་རྐྱལ་དུ་འགྱེལ་ལོ། །དེ་ལ་རོ་སྟོད་ལ་བརྟེན་ནས་རོ་སྨད་འཇོག་པར་བྱེད། རོ་སྨད་ལ་བརྟེན་ནས་རོ་སྟོད་འཇོག་པར་བྱེད་དོ། །དེ་ཕྱག་གཉིས་ཀྱིས་སྐུ་ལ་བྱུགས་ཏེ། དེའི་ཕྱག་གཉིས་ ཀྱིས་སྐུ་ལ་བྱུགས་ཡོངས་སུ་བྱུགས་པ་དེའི་ཚེ་བ་སྤུ་རྣམས་དྲུང་རུལ་བས་ས་ལ་ལྷགས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་དགོངས་ཏེ་ལམ་འདི་ཡང་ཤེས་པར་ནུས་པ་མ་ཡིན། མཐོང་བར་ནུས་ པ་མ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་ནུས་པ་མ་ཡིན་ནོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་གིས་ཏིལ་འབྲུ་གཅིག་གིས་ཟས་བཟའ་བར་བྱའོ་ ཞེས་ཏེ་དེས་ཏིལ་འབྲུ་གཅིག་གི་ཟས་གསོལ་ཏོ། །དེ་ཏིལ་འབྲུ་གཅིག་གི་ཟས་གསོལ་བ་ན་ཡན་ལག་དང་ཉིང་ལག་ཐམས་ཅད་ཞུམ་ཀུན་དུ་ཞུམ་སྟེ་སྐེམ་ཞིང་སྐུ་དབལ་ཆུང་བར་གྱུར་ཏོ། །ཏིལ་འབྲུ་གཅིག་གིས་ཇི་ ལྟ་བར་འབྲས་བུ་གཅིག་དང་། སྲན་ཀོ་ལ་འབྲུ་གཅིག་དང་། རྒྱ་སྲན་འབྲུ་གཅིག་དང་མོན་སྲན་གྲེའུ་འབྲུ་གཅིག་དང་། མོན་སྲན་སྡེའུ་འབྲུ་གཅིག་དང་། རྩྭའི་གདིང་བ་ལ་མནལ་བར་མཛད་དོ། །རྒྱལ་པོ་ཟས་གཙང་གིས་དཀའ་ བ་ལ་སྤྱོད་པའི་གནས་སྐབས་དེ་ཐོས་ནས་ཉི་མ་རེ་རེ་ཞིང་རྟོག་པ་ཉིས་བརྒྱ་ལྔ་བཅུ་གཏོང་བར་བྱེད་དོ། །རྒྱལ་པོ་ལེགས་པར་རབ་སད་ཀྱིས་ཀྱང་ཉིས་བརྒྱ་ལྔ་བཅུའོ། །དེ་དག་ཉི་མ་རེ་རེ་ཞིང་དེ་གཉིས་ལ་མྱུར་བ་མྱུར་བར་གཏམ་སྐྱེལ་ 67-1-43b བར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་འདི་འདྲ་བའི་དཀའ་བ་སྤྱོད་དེ། །ཏིལ་འབྲུ་གཅིག་དང་། འབྲས་འབྲུ་གཅིག་དང་། སྲན་གོ་ལ་འབྲུ་གཅིག་དང་། རྒྱ་སྲན་འབྲུ་གཅིག་དང་། མོན་སྲན་གྲེའུ་འབྲུ་གཅིག་དང་། མོན་སྲན་སྡེའུ་ འབྲུ་གཅིག་གི་ཟས་གསོལ་ཞིང་རྩྭའི་གདིང་བ་ལ་མནལ་ཏོ་ཞེས་སྨྲའོ། །དེ་རྒྱལ་པོ་ཟས་གཙང་གིས་ཐོས་ནས་བུའི་མྱ་ངན་གྱིས་ནོན་པས་ལྷག་པར་ཡང་ཀར་ན་ཤ་མིག་མཆི་མས་བརྣངས་ཏེ་གདུངས་ནས་བཙུན་མོའི་འཁོར་དང་བཅས་ པར་རྩྭའི་གདིང་བ་ལ་ཉལ་བར་བྱེད་དོ། །གྲགས་འཛིན་མས་ཀྱང་དེ་ཐོས་པ་དང་། ཁྱིམ་ཐབ་ཀྱི་མྱ་ངན་གྱིས་ནོན་ཏོ། །ཏིལ་འབྲུ་གཅིག་ཟ་བ་དང་། དེའི་རུམ་མི་བདེ་བ་དེ་ཉིད་དུ་ཞུ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་ དུ་དགོངས་ཏེ་ལམ་འདི་ཡང་ཤེས་པར་ནུས་པ་མ་ཡིན། མཐོང་བར་ནུས་པ་མ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་ནུས་པ་མ་ཡིན་ནོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་དགོངས་ཏེ། །མ་ལ་བདག་ གིས་ཁ་ཟས་ཤིན་དུ་ངན་པ་བཟའ་བར་བྱའོ་སྙམ་སྟེ་དེས་ཁ་ཟས་ཤིན་དུ་ངན་པ་གསོལ་བར་མཛད་དོ། །དེ་ལ་ཟས་ཕལ་པ་ནི་འདི་ཡིན་ཏེ་བེའུ་བྱུང་ནས་རིང་པོ་མ་ལོན་པའི་འོ་མ་འཐུང་བ་གང་ཡིན་པ་དེ་རྣམས་ཀྱི་གཅིན་དང་ལྕི་བ་ཡིན་ནོ། ། དེ་ཇི་སྲིད་དེའི་སྐུ་ལས་མདངས་དེ་ཡལ་བར་མ་གྱུར་པ་དེ་སྲིད་དུ་ཟས་གཉིས་པ་མི་གསོལ་ཏོ། ཡལ་ནས་ཁ་ཟས་ཕྱི་མ་གསོལ་བར་མཛད་དོ། །དུར་ཁྲོད་ཆེན་པོར་གཤེགས་ནས་ཀྱང་མི་རོ་དབུ་རྟེན་དུ་བཅུག་ཞབས་ལ་ཞབས་ བཞག་སྟེ། སྣང་བའི་འདུ་ཤེས་དང་དྲན་པ་དང་ཤེས་བཞིན་དང་ལྡན་པའི་འདུ་ཤེས་ཡིད་ལ་མཛད་པས་གློ་གཡས་པས་མནལ་བར་མཛད་དོ། །དེའི་ཚེ་གྲོང་ཁྱེར་གྱི་གཞོན་ནུ་རྣམས་དང་། གྲོང་ཁྱེར་གྱི་གཞོན་ནུ་མ་རྣམས་ལྷགས་ ནས་ཤིང་བུས་དེའི་སྙན་གཉིས་ཀྱི་བུ་གར་འཛུགས་པར་བྱེད་རྣ་བ་གཉིས་ཀ་ནས་འདྲེན་པར་བྱེད་ཅིང་འདི་སྐད་ཅེས་ཀྱེ་ཕྱག་དར་ཁྲོད་ཀྱི་ཤ་ཟ་བ་ལ་ལྟོས། ཀྱེ་ཕྱག་དར་ཁྲོད་ཀྱི་ཤ་ཟ་བ་ལ་ལྟོས་ཞེས་སྨྲ་བར་ཡང་བྱེད་དོ། །དེའི་ཚེ་ཕྱག་ 67-1-44a དར་དང་བོང་རྡོག་དང་། གསེག་མས་ཀྱང་འཐོར་བར་བྱེད་དོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་ནི་གྲོང་ཁྱེར་གྱི་གཞོན་ནུ་རྣམས་སམ། གྲོང་ཁྱེར་གྱི་གཞོན་ནུ་མ་དེ་རྣམས་ལ་ངན་སེམས་སྐྱེད་པ་འམ་སྡིག་པའི་ཚིག་ འབྱུང་བར་མི་དགོངས་སོ། །བྱང་ཆུབ་སེམས་དཔའ་དཀའ་ཐུབ་ཆེན་པོ་ལ་དཀའ་བ་སྤྱོད་པས་ན། དགེ་སྦྱོང་ཆེན་པོ་དགེ་སྦྱོང་ཆེན་པོ་ཞེས་མཚན་དུ་གྱུར་ཏེ། དེ་ལྟར་ལོ་དྲུག་གི་བར་དུ་དཀའ་ཐུབ་སྤྱད་པར་མཛད་དོ། །དེ་ནས་ལྷ་གསུམ་ཞིག་ བྱང་ཆུབ་སེམས་དཔའ་གང་ན་བ་དེར་ལྷགས་ཏེ། དེ་ནས་ལྷ་གཅིག་གིས་འདི་སྐད་ཅེས་སྨྲས་སོ། །དགེ་སྦྱོང་གཽ་ཏ་མ་ནི་ནག་པོ་ཞིག་གོ། །གཉིས་པས་འདི་སྐད་ཅེས་སྨྲས་སོ། །འདི་ནི་ནག་པོ་མ་ཡིན་གྱིས། འོན་ཀྱང་སྔོ་བསངས་ཞིག་ གོ། །གསུམ་པས་འདི་སྐད་ཅེས་སྨྲས་སོ། །འདི་ནི་ནག་པོ་ཡང་མ་ཡིན། སྔོ་བསངས་ཀྱང་མ་ཡིན་གྱི་དམར་སྨུག་ཞིག་གོ། །བྱང་ཆུབ་སེམས་དཔའི་སྐུ་མདོག་བཟང་པོར་སྣང་བ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་ནུབ་པར་གྱུར་ཏོ། །དེ་ནས་ དེའི་ཚེ་བྱང་ཆུབ་སེམས་དཔའ་ལ་སྔོན་མ་གསན་པའི་དཔེ་གསུམ་ཞིག་གསན་པ་འདི་ལྟ་སྟེ། ཤིང་རློན་པ་ཆུ་ཅན་ཞིག་ཆུ་ནས་ཕྱུང་སྟེ། ཉེ་བར་སྐམ་ལ་བཞག་པ་དང་། དེ་ནས་མི་མེ་དོན་དུ་གཉེར་བ་མེ་ཚོལ་བ་ཞིག་འདིར་འོངས་ནས་ དེས་དེ་ལ་གཙུབ་སྟན་བྱས་ཏེ། གཙུབ་ཤིང་བཞག་ནས་གཙུབས་ན་འདི་ལྟར་ཤིང་དེ་རློན་པ་ཆུ་ཅན་ཡིན་པའི་ཕྱིར་མེ་འབྱུང་བ་དང་འབར་དུ་མི་བཏུབ་པ་དེ་བཞིན་དུ་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་འདོད་པ་རྣམས་ལ་ལུས་དང་སེམས་ཀྱིས་ ཐག་སྲིང་བར་མི་གནས་ཀྱི་དེ་རྣམས་ཀྱི་འདོད་པ་ལ་འདུན་པ་དང་། འདོད་པ་ལ་ཆགས་པ་དང་། འདོད་པ་ལ་དགའ་བ་དང་། འདོད་པ་ལ་ཞེན་པ་དང་། འདོད་པ་ལ་འཆུམས་པ་དང་། འདོད་པ་ལ་ལྷག་པར་ཞེན་པ་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་ སེམས་ཡོངས་སུ་གཏུགས་ཏེ་གནས་པ་མ་ཡིན་པས་ལུས་དང་སེམས་ཀྱིས་ཐག་སྲིང་བར་མི་གནས་པ་རྣམས་ཀྱི་ནི་དེ་དང་འདྲའོ། །དེ་རྣམས་བདག་ཉིད་གནོད་པའི་སྡུག་བསྔལ་མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བ་ཚོར་བ་དེ་ལྟ་ 67-1-44b བུ་ཉམས་སུ་མྱོང་མོད་ཀྱི་འོན་ཀྱང་དེ་རྣམས་ཀྱིས་ཤེས་པར་ནུས་པ་མ་ཡིན། མཐོང་བར་ནུས་པ་མ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་ནུས་པ་མ་ཡིན་ཏེ། དེ་ལ་འདི་ནི་དེའི་ཚེ་བྱང་ཆུབ་སེམས་དཔའ་ལ་སྔོན་མ་ གསན་པའི་དཔེ་སྣང་བ་དང་པོ་ཡིན་ནོ། །དཔེར་ན་ཤིང་རློན་པ་ཆུ་ཅན་ཞིག་ཆུ་ནས་ཕྱུང་སྟེ་ཉེ་བར་སྐམ་ལ་བཞག་པ་དང་། དེ་ནས་མི་མེ་དོན་དུ་གཉེར་བ་མེ་ཚོལ་བ་ཞིག་འོངས་ནས་དེ་ལ་དེས་གཙུབ་སྟན་བྱས་ཏེ་གཙུབ་ཤིང་བཞག་ནས་གཙུབས་ ན་འདི་ལྟར་ཤིང་དེ་རློན་པ་ཆུ་ཅན་ཡིན་པའི་ཕྱིར་མེ་འབྱུང་བ་དང་འབར་དུ་མི་བཏུབ་པ་དེ་བཞིན་དུ་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་འདོད་པ་རྣམས་ལ་ལུས་ཀྱིས་སྤོང་བར་གནས་ཀྱི་སེམས་ཀྱིས་མ་ཡིན་པ་དེ་རྣམས་ཀྱི་འདོད་པ་ལ་འདུན་པ་དང་། འདོད་ པ་ལ་ཆགས་པ་དང་། འདོད་པ་ལ་དགའ་བ་དང་། འདོད་པ་ལ་ཞེན་པ་དང་། འདོད་པ་ལ་འཆུམས་པ་དང་། འདོད་པ་ལ་ལྷག་པར་ཞེན་པ་གང་ཡིན་པ་དེ་རྣམས་ཀྱི་སེམས་ཡོངས་སུ་གཏུགས་ཏེ་གནས་པ་ཡིན་ནོ། །དེ་རྣམས་བདག་ཉིད་ལ་གནོད་ པའི་སྡུག་བསྔལ་མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བའི་ཚོར་བ་དེ་ལྟ་བུ་ཉམས་སུ་མྱོང་མོད་ཀྱི་འོན་ཀྱང་དེ་རྣམས་ཤེས་པར་ནུས་པ་མ་ཡིན། མཐོང་བར་ནུས་པ་མ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་ནུས་པ་མ་ ཡིན་ཏེ། དེ་ལ་འདི་ནི་དེའི་ཚེ་བྱང་ཆུབ་སེམས་དཔའ་ལ་སྔོན་མ་གསན་པའི་དཔེ་སྣང་བ་གཉིས་པ་ཡིན་ནོ། །འདི་ལྟ་སྟེ། ཤིང་སྐམ་ཁོང་སྟོང་ཆུ་མེད་པ་ཞིག་ཆུ་དང་ཐག་རིང་པོར་སྐམ་ལ་བཞག་པ་དང་། དེ་ནས་མི་མེ་དོན་དུ་གཉེར་བ་མེ་ ཚོལ་བ་ཞིག་འོངས་ནས་དེས་དེ་གཙུབ་སྟན་བྱས་ཏེ། གཙུབ་ཤིང་བཞག་ནས་གཙུབས་ན་ཡང་འདི་ལྟར་ཤིང་དེ་སྐམ་ཞིང་ཁོང་སྟོང་ཡིན་པའི་ཕྱིར་མེ་འབྱུང་བ་དང་འབར་དུ་བཏུབ་པ་དེ་བཞིན་དུ། དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་འདོད་པ་རྣམས་ ལ་ལུས་དང་། སེམས་ཀྱིས་ཐག་བསྲིང་བར་གནས་པ་དེ་རྣམས་ཀྱི་འདོད་པ་རྣམས་ལ་འདོད་པ་ལ་འདུན་པ་དང་། འདོད་པ་ལ་ཆགས་པ་དང་། འདོད་པ་ལ་དགའ་བ་དང་། འདོད་པ་ལ་ཞེན་པ་དང་། འདོད་པ་ལ་འཆུམས་པ་དང་། འདོད་ 67-1-45a པ་ལ་ལྷག་པར་ཞེན་པ་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་སེམས་ཡོངས་སུ་གཏུགས་ཏེ་དེ་མི་གནས་པ་ཡིན་ནོ། །དེ་རྣམས་བདག་ཉིད་ལ་གནོད་པའི་སྡུག་བསྔལ་མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བའི་ཚོར་བ་ དེ་ལྟ་བུ་ཉམས་སུ་མྱོང་མོད་ཀྱི་འོན་ཀྱང་དེ་རྣམས་ཀྱིས་ཤེས་པར་ནུས། མཐོང་བར་ནུས། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་ནུས་ཏེ། དེ་ལ་འདི་ནི་དེའི་ཚེ་བྱང་ཆུབ་སེམས་དཔའ་ལ་སྔོན་མ་གསན་པའི་དཔེ་ སྣང་བ་གསུམ་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། གང་སུ་དག་སྡུག་བསྔལ་སྤོང་བར་བརྩོན་པར་གནས་པ་དེ་ཐམས་ཅད་ནི་འདི་ཙམ་དུ་ཟད་དེ། དེ་ལས་ལྷག་པ་ཡང་མེད། དེའི་གོང་ན་ཡང་མེད་ན་ལམ་འདི་ ཡང་ཤེས་པར་ནུས་པ་མ་ཡིན། མཐོང་བར་ནུས་པ་མ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་ནུས་པ་མ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ་ཤེས་པར་ནུས་པ་དང་། མཐོང་བར་ནུས་ པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་ནུས་པའི་ལམ་དེ་གང་ཡིན་སྙམ་ན་དེ་འདི་སྙམ་དུ་དགོངས་ཏེ། བདག་ཡབ་ཤཱཀྱ་ཟས་གཙང་གི་ཁྱིམ་ན་གནས་པའི་ཚེ་ཞིང་ལས་ཀྱི་མཐའི་དྲུང་དུ་སོང་ནས་ཤིང་འཛམ་བུའི་ གྲིབ་མ་ལ་འདུག་སྟེ་འདོད་པ་ལ་དབེན་པ། སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་ཤིང་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་པ་དེ་ མངོན་པར་དྲན་ཏེ། དེ་ནི་ལམ་ཡིན། དེ་ནི་བསྒྲུབ་པ་ཡིན། ཤེས་པར་ནུས་པ་ཡིན། མཐོང་བར་ནུས་པ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་ནུས་པ་ཡིན་ན། དེ་ལ་བདག་གིས་བསྐྱེད་དུ་ཡང་འདི་ལྟར་རིད་ཅིང་ ཉམ་ཆུང་ལ་ཞན་པས་སླ་བ་མ་ཡིན་ཏེ་མ་ལ་བདག་གིས་ཅི་བདེར་དབུགས་རྔུབ་པ་དང་། ཅི་བདེར་དབུགས་དབྱུང་བ་དང་། ཅི་བདེར་འབྲས་ཅན་དང་། ཟན་དྲོན་གྱི་ཁ་ཟས་རགས་པ་བཟའ་ཞིང་ལུས་མར་སར་དང་ཏིལ་མར་གྱིས་བྱུགས་ 67-1-45b ལ་ཆུ་འཇམ་པོས་ལུས་བཀྲུ་བར་བྱའོ་སྙམ་སྟེ། དེ་ཅི་བདེར་དབུགས་རྔུབ་པ་དང་། ཅི་བདེར་དབུགས་འབྱུང་བ་དང་། ཅི་བདེར་འབྲས་ཅན་དང་། ཟན་དྲོན་གྱི་ཞལ་ཟས་རགས་པ་གསོལ་ཞིང་སྐུ་ཏིལ་མར་དང་མར་གྱི་བྱུགས་ནས་ཆུ་འཇམ་ པོས་སྐུ་འཁྲུ་བར་མཛད་དོ། །དེ་ནས་རིམ་གྲོ་བ་དེ་རྣམས་འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག་དགེ་སྦྱོང་གཽ་ཏ་མ་འདི་ནི་སྡོམ་པ་ལྷོད་པ། བྱ་བ་མང་པ་མང་པོས་འཚོ་བ་སྤོང་བ་ཉམས་པར་གྱུར་པ་ཡིན་ཏེ། འདི་ད་ལྟར་འབྲས་ཆན་དང་ ཟན་དྲོན་གྱི་ཁ་ཟས་མང་དུ་ཟ་ལ་ལུས་ཞུན་མར་དང་། ཏིལ་མར་གྱི་བྱུགས་ནས་ཆུ་འཇམ་པོས་ལུས་ཁྲུས་བྱེད་དེ་འདིས་ད་ནི་ཅུང་ཟད་ཀྱང་ཐོབ་པར་མི་ནུས་སོ་སྙམ་དུ་བསམས་ནས་བྱང་ཆུབ་སེམས་དཔའ་བོར་ཏེ་དོང་བ་ལས་རིམས་ཀྱིས་བཱ་ར་ཎ་ སཱིར་ཕྱིན་ནས་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རིམས་ཀྱིས་ལས་ཀྱི་སྟོབས་དང་མཐུ་དང་། བརྩོན་འགྲུས་ཡང་དག་པར་བསྐྱེད་ནས་རིམ་གྱིས་སྡེ་ཅན་གྱི་གྲོང་ཁྱེར་དུ་གཤེགས་སོ། །དེ་ནི་གྲོང་ཁྱེར་སྡེ་ ཅན་ཞེས་བྱ་བ་ནཻ་རཉྫ་ནཱའི་ཆུ་བོའི་འགྲམ་ན་བཞུགས་པ་དང་། བྲམ་ཟེ་ལྷ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྔོན་གྱི་གྲོགས་བཤེས་སུ་གྱུར་པ་དེ་སྡེ་ཅན་གྱི་གྲོང་ཁྱེར་ན་གནས་པ་དང་། དེས་བྱང་ཆུབ་སེམས་དཔའ་དཀའ་བ་སྤྱོད་ པ་མཛད་པ་མཐོང་ནས། གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མ་གཉིས་ལ་སྨྲས་པ། ཁྱེད་གཉིས་ཀྱིས་རྒྱལ་པོ་ཟས་གཙང་མའི་སྲས་མཚན་མཁན་གྱིས་གལ་ཏེ་རབ་ཏུ་བྱུང་བར་མ་གྱུར་ན་འཁོར་ལོས་སྒྱུར་བའི་རྒྱལ་ པོར་འགྱུར་རོ་ཞེས་ལུང་བསྟན་པ་དེ་ཐོས་སམ། དེ་གཉིས་ཀྱིས་སྨྲས་པ། བདག་ཅག་རྣམས་ཀྱིས་ཀྱང་གལ་ཏེ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ན་བདག་ཅག་དེའི་བཙུན་མོར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ལགས་སོ། ། བྲམ་ཟེ་ལྷས་སྨྲས་པ། བདག་ཉིད་ཆེན་པོ་དེ་ནི་དཀའ་ཐུབ་ཀྱིས་ལུས་གདུངས་པས་སྤོང་བ་ལས་བཞེངས་ན་ཁྱེད་གཉིས་ཀྱིས་དེ་ལ་ཐོག་མ་ཁོ་ནར་བསོད་སྙོམས་ཕུལ་ཅིག་དང་། དེ་ཁྱེད་ཅག་གཉིས་ཀྱི་ཡུན་རིང་པོའི་ཕན་པ་དང་ 67-1-46a བདེ་བའི་དོན་དུ་འགྱུར་རོ། །དེ་ནས་བུ་མོ་དགའ་མོ་དང་། དགའ་སྟོབས་མས་ཐོས་པ་དང་། བ་སྟོང་བཞོས་སོ། །བཞོས་ནས་ཀྱང་བ་ལྔ་བརྒྱ་ལ་བླུད་དོ། །བ་ལྔ་བརྒྱ་བཞོས་ནས་ཉིས་བརྒྱ་ལྔ་བཅུ་ལ་བླུད་དོ། །ཉིས་བརྒྱ་ ལྔ་བཅུ་བཞོས་ནས་ཀྱང་བརྒྱ་ལ་བླུད་དོ། །བརྒྱ་བཞོས་ནས་ལྔ་བཅུ་ལ་བླུད་དོ། །ལྔ་བཅུ་བཞོས་ནས་ཉི་ཤུ་ལ་བླུད་དོ། །ཉི་ཤུ་བཞོས་ཏེ་མེ་སྤར་ནས་ཤེལ་ལས་བྱས་པའི་སྣོད་ཀྱི་ནང་དུ་བླུགས་ནས་འོ་ཐུག་བསྐོལ་བར་བརྩམས་ པ་ན། བྲམ་ཟེ་རྣམས་ཀྱིས་བསམས་པ། འདིར་ངེས་པར་བག་མ་ལེན་ཏམ་བག་མ་གཏོང་བར་འགྱུར་རོ་སྙམ་ནས་བྲམ་ཟེ་མང་པོ་འདུས་པར་གྱུར་པ་དང་། འོ་ཐུག་སྟོང་དུ་བསྒྲེས་པ་བསྐོལ་བ་ན་བུམ་པ་བཟང་པོ་དང་། དཔལ་ བེའུ་དང་། གཡུང་དྲུང་འཁྱིལ་པའི་མཚན་མ་དག་བྱུང་བ་སྣང་བ་དང་། ཀུན་ཏུ་རྒྱུ་ཉེ་འགྲོ་ཞེས་བྱ་བས་མཐོང་ནས་བསམས་པ། འོ་མའི་ཐུག་པ་འདི་སུས་འཐུངས་པ་དེས་ནི་བླ་ན་མེད་པའི་ཡེ་ཤེས་འཐོབ་པར་འགྱུར་གྱིས་མ་ ལ་བདག་གིས་བསླང་ངོ་སྙམ་མོ། །དེ་ནས་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་དཀའ་ཐུབ་ཀྱིས་སྐུ་ལུས་ཉམས་ཆུང་ཞིང་སྐུ་ལ་སྦྲིབས་པ་དང་། སྐྱེམས་པས་ཉེན་པ་ཡིན་ལ་བྱང་ཆུབ་སེམས་ དཔའ་འོ་ཐུག་གསོལ་ན་བླ་ན་མེད་པའི་ཡེ་ཤེས་ཐུགས་སུ་ཆུད་པར་འགྱུར་ན། བྲམ་ཟེ་འདི་དག་ནི་རང་བཞིན་གྱིས་བརྐམ་པ་དག་འདིར་འདུས་པར་གྱུར་པས་གལ་ཏེ་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱེད་པར་འགྱུར་རོ་སྙམ་ནས། རི་ སྤོས་ཀྱི་ངད་ལྡང་ནས་ལྷའི་སྨན་བླངས་ཏེ་དེ་ཤིན་དུ་གཟུགས་བཟང་བའི་བྲམ་ཟེ་ཞིག་དུ་མངོན་པར་སྤྲུལ་ནས་འོ་ཐུག་དེ་སྐོལ་བའི་སྟེང་དུ་འདུག་སྟེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དེར་སྨན་མཐུ་བསྐྱེད་པ་ཞེས་བྱ་བ་བླུགས་སོ། །དེ་ ནས་དགའ་མོ་དང་། དགའ་སྟོབས་མས་འོ་ཐུག་སྦྲང་རྩི་ལྟར་མངར་བ་སྟོང་དུ་བསྒྲེས་པ་བསྐོལ་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཉིད་རྒྱལ་པོ་ཟས་གཙང་མའི་སྲས་དེ་ཡིན་ནམ། བརྒྱ་བྱིན་གྱིས་སྨྲས་པ་ 67-1-46b དེ་ནི་ངའི་མཁན་པོ་ཡིན་ཏེ་ང་ནི་དེའི་སློབ་མ་ཡིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གིས་འོ་ཐུག་སྦྲང་རྩི་ལྟར་མངར་བ་སྟོང་དུ་བསྒྲེས་པ་བླངས་སོ། །བླངས་ནས་ཀྱང་དགའ་མོ་དང་། དགའ་སྟོབས་མ་གཉིས་ལ་སྨྲས་པ། སྦྱིན་ པ་འདིས་ཁྱེད་གཉིས་ཅི་ཞིག་དོན་དུ་གཉེར་གང་གི་དོན་དུ་ཡོན་བསྔོ་བར་བྱ། དེ་གཉིས་ཀྱིས་སྨྲས་པ། གསོལ་པ་ཕུལ་བའི་བསོད་ནམས་ཅི་མཆིས་པས། །གྲགས་དང་ལྡན་པ་དོན་རྣམས་ཀུན་གྲུབ་པ། །མི་ཡི་མཆོག་གྱུར་བློ་ མཆོག་ལྡན་པ་དེའི། །དོན་ཀུན་མྱུར་དུ་ཤིན་དུ་གྲུབ་གྱུར་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་ཆུ་ཀླུང་ནཻ་རཉྫ་ནཱར་ཞུགས་ནས་སྐུ་ཁྲུས་མཛད་དེ། རྒལ་བར་བཞེད་པ་དང་། སྐུ་ཉམ་ཆུང་བ་ཉིད་ཀྱིས་རྒལ་བར་མ་སྤྱོད་ པ་ན་ལྷ་རྣམས་ཀྱིས་ཨརྫུ་ནའི་ཡལ་ག་བཏུད་པ་དང་དེ་ལ་འཇུས་ནས་བྱང་ཆུབ་སེམས་དཔའ་རྒལ་བར་མཛད་དེ་ཆོས་གོས་བནབས་ནས་ཆུ་ཀླུང་ནཻ་རཉྫ་ནཱའི་འགྲམ་ན་བཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་ བྱིན་གྱིས་བྱང་ཆུབ་སེམས་དཔའ་བདེ་བར་བཞུགས་པར་རིག་ནས་འོ་ཐུག་སྦྲང་རྩི་ལྟར་མངར་བ་སྟོང་དུ་བསྒྲེས་པ་ཡོལ་གོར་བླུགས་ཏེ། བྱང་ཆུབ་སེམས་དཔའ་ལ་བསྟབས་སོ། །བྱང་ཆུབ་སེམས་དཔས་ཀྱང་གསོལ་ནས་ཡོན་ བསྔོ་བར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆུ་ཀླུང་ནཻ་རཉྫ་ནཱའི་འགྲམ་ན་ཕན་ཚུན་དུ་བཞུགས་པའི་ས་བཙལ་བ་དང་། ཅི་ཙམ་ན་རི་བྲག་ཆེན་པོ་མེ་ཏོག་དང་། འབྲས་བུ་སྣ་ཚོགས་དང་ལྡན་པ་ཞིག་གཟིགས་ནས་དེ་དེ་ལ་ འཛེགས་ཏེ་ཕྱོགས་སུ་དབེན་ཞིང་གསལ་བའི་ས་ཕྱོགས་སུ་སྐྱིལ་མོ་དཀྲུང་བཅས་ཏེ་བཞུགས་སོ། །བཞུགས་མ་ཐག་ཏུ་རི་དེ་ཉིད་དུ་རྙིལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ་འདིར་རྒྱུ་ཅི་ཞིག་ཡོད་ན་རི་རྙིལ་བར་ གྱུར། ཅི་ང་འོང་བ་ལ་ལྷ་རྣམས་མངོན་པར་མི་དགའ་འམ་འོན་ཏེ་བགེགས་འགའ་ཞིག་འབྱུང་བར་འགྱུར་སྙམ་མོ། །ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་ཐུགས་ཤེས་ནས་གསོལ་པ། བྱང་ཆུབ་སེམས་དཔའ་ས་ཐམས་ཅད་ 67-1-47a ཀྱིས་གཟུང་བར་རྔོ་མི་ཐོག་པ་ནི་གཉིས་ཏེ། དགེ་བའི་རྩ་བ་གང་ལགས་པ་དང་། དགེ་བའི་རྩ་བ་སྦྱངས་པ་གང་ལགས་པ་སྟེ། ཁྱོད་ནི་དགེ་བའི་རྩ་བ་སྦྱངས་པ་ལགས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ གནས་མ་ལགས་ཏེ། འོན་ཀྱང་མདུན་དུ་བཞུད་ཅིག་དང་དེ་ན་རྡོ་རྗེའི་གདན་མཆིས་ཏེ། དེར་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་བཞུགས་ནས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་གྱུར་ཅིང་ ཐོབ་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ལྷས་ལམ་བསྟན་པ་བཞིན་གཤེགས་པ་ན་དེའི་ཞབས་བཞག་སར་པད་མ་དག་བྱུང་བར་གྱུར་ཏོ། །རྒྱ་མཚོ་ཆེན་པོ་བཞི་ལས་ཀྱང་ཆུ་བབ་ནས་པད་མའི་རྫིང་དག་བྱུང་བར་གྱུར་ཏོ། །གོམ་པ་ བོར་ནས་མནན་པ་ན་ས་ཆེན་པོ་འདི་ཁར་བའི་སྣོད་བཞིན་དུ་སྒྲ་འབྱིན་པར་བརྩམས་སོ། །བྱ་ཙ་ཤ་དང་། རི་དགས་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་ལ་སྐོར་བ་བྱེད་དོ། །རླུང་གཏོང་བའི་ལྷའི་བུ་རྣམས་ཀྱིས་ཀྱང་དལ་བུ་དལ་བུས་རླུང་ གཏོང་བར་བྱེད་དོ། །ཆར་པ་འབེབས་པའི་ལྷའི་བུ་རྣམས་ཀྱིས་ཀྱང་ཆར་པ་ཅུང་ཟད་འབེབས་པར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། ང་ལ་འདི་འདྲ་བའི་མཚན་མ་བཟང་པོ་བྱུང་བར་གྱུར་པས་དེང་ཉིད་བདག་ གིས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ་སྙམ་མོ། །ཆུ་ཀླུང་ནཻ་རཉྫ་ནཱའི་འགྲམ་ན་ཀླུའི་རྒྱལ་པོ་དུས་ཅན་ཞེས་བྱ་བ་ལོང་བ་ཞིག་གནས་ཏེ། དེར་དེའི་ལས་ཀྱི་རྣམ་པར་སྨྱིན་པ་ལས་སྐྱེས་པའི་གནས་ཞིག་བྱུང་བར་གྱུར་ཏེ། སངས་རྒྱས་བྱུང་བ་ན་མིག་ཐོབ་པར་གྱུར་ལ། ཡོངས་སུ་མྱ་ངན་ལས་འདས་པ་ན་སླར་ལོང་བར་འགྱུར་རོ། །དེ་སའི་སྒྲ་གྲག་པས་གནས་ནས་བྱུང་བ་དང་རྒྱང་རིང་པོ་ཁོ་ན་ནས་བྱང་ཆུབ་སེམས་དཔའ་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་ གཉིས་ཀྱིས་ཀུན་ནས་བརྒྱན་ལ། དཔེ་བྱད་བཟང་པོ་བརྒྱད་བཅུས་སྤྲས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་ཟེར་དང་། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ནས་མཛེས་པ་མཐོང་ངོ་། ། 67-1-47b མཐོང་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་པར་བརྩམས་པ། དགའ་བའི་དབྱངས་ཀྱིས་ཀུན་གང་བའི། །ས་ཡི་སྒྲ་ནི་ཐོས་ནས་ཀྱང་། །ཀླུ་ཡི་གནས་ནས་བྱུང་ནས་སུ། །ཕྱོགས་ཀུན་ དུ་ཡང་ལྟ་བར་བྱེད། །བྲང་གིས་འགྲོ་བའི་གཙོ་བོ་སྟེ། །ཀླུ་ཡི་རྒྱལ་པོ་མཐུ་ཆེན་གྱིས། །ནཻ་རཉྫ་ནཱའི་ངོགས་སུ་ནི། །འཇིག་རྟེན་འདྲེན་པ་གཤེགས་པ་མཐོང་། །སངས་རྒྱས་འབྱུང་བའི་མཐུ་ཡིས་ནི། །ཀླུ་ཡིས་མིག་ནི་ཐོབ་གྱུར་ཏེ། ། སེམས་ནི་དགའ་ཞིང་ཡིད་མགུ་ནས། །དེས་ནི་འདི་སྐད་ཅེས་གསོལ་ཏོ། །བདག་གིས་སྔོན་ནི་མཐོང་བ་ཡིན། །སངས་རྒྱས་མཐུ་ཆེན་དེ་རྣམས་དང་། །ཐུབ་པ་ཁྱོད་ནི་མཐོང་གྱུར་ན། །དེ་དང་ཐ་དད་དབྱེར་མ་མཆིས། །ཐུབ་པ་ ཇི་ལྟར་ཐོག་མར་ནི། །གཡས་པའི་ཞབས་ནི་འདེགས་པ་ལགས། །ཁྱོད་ནི་སངས་རྒྱས་དེང་གྱུར་ནས། །འཇིག་རྟེན་གྱི་ནི་ཡོན་གནས་འགྱུར། །ཇི་ལྟར་ཆོས་གོས་མནབས་པ་དང་། །ནཻ་རཉྫ་ནཱའི་ཆུ་བསིལ་ལ། །ཇི་ལྟ་བུར་ནི་འཇུག་ པ་ལས། །དེ་རིང་ཁྱོད་ནི་སངས་རྒྱས་འགྱུར། །ཇི་ལྟར་རབ་བརྟན་འགྲོས་སུ་གཤེགས་པ་དང་། །བ་ལང་ཁྱུ་མཆོག་འགྱིང་བ་ལྟར་གཤེགས་པས། །སྐྱེས་བུ་ཁྱུ་མཆོག་ཆོས་འཛིན་རྣམས་ཀྱི་མཆོག །དེང་འདིར་ཁྱོད་ནི་སངས་རྒྱས་ མཆོག་འགྱུར་རོ། །ཇི་ལྟར་མཁའ་ལ་ཙ་ཤ་བརྒྱ་ཕྲག་གིས། །ཁྱོད་སྐུ་རྒྱ་ཆེན་རྒྱ་ཆེན་མཛད་དེ་ལ། །ལྡིང་ཞིང་སྐོར་བར་བགྱིད་པར་གྱུར་པ་ལས། །མི་མཆོག་དེང་ནི་སངས་རྒྱས་མཆོག་འགྱུར་རོ། །ཇི་ལྟར་དྲི་ཞིམ་རླུང་ནི་ལྡང་བ་དང་། རི་དགས་བྱ་ཡི་ཚོགས་ཀྱང་མི་སྐྲག་ལ། །ལྗོན་ཤིང་རླུང་གིས་གཡོས་པར་མ་གྱུར་པས། །མི་མཆོག་དེང་ནི་སངས་རྒྱས་མཆོག་འགྱུར་རོ། །ཇི་ལྟར་བཙུན་པ་ཁྱོད་ཀྱི་ཞལ་གྱི་འོད། །དྲི་མེད་གསེར་འོད་འབར་བ་འདྲ་བ་དེ། །རྣམ་པར་ མཛེས་ཤིང་ཁ་དོག་ལྡན་པས་ན། །མི་མཆོག་དེང་ནི་སངས་རྒྱས་མཆོག་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀླུའི་རྒྱལ་པོ་དུས་ཅན་གྱིས་ཡང་དག་པར་བསྟོད་ནས་རྡོ་རྗེའི་གདན་ལོགས་སུ་གཤེགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ 67-1-48a འདི་སྙམ་དུ་དགོངས་ཏེ་རྩྭའི་གདིང་བ་ལ་འདུག་པར་བྱའོ་སྙམ་པ་དང་། དེ་ལ་རྩྭའི་དགོངས་པ་བྱུང་བར་ལྷའི་དབང་པོ་བརྒྱ་བྱིན་གྱི་སེམས་ཀྱིས་བྱང་ཆུབ་སེམས་དཔའི་དགོངས་པ་ཤེས་ནས་རི་སྤོས་ཀྱི་ངད་ལྡང་ལས་ཤིང་བལ་གྱི་ འདབ་མ་ལྟར་རེག་ན་བདེ་བའི་རྩྭ་ཁུར་ཅིག་བླངས་ནས་རྩྭ་འཚོང་བཀྲ་ཤིས་ཀྱི་ཆ་བྱད་དུ་བདག་ཉིད་མངོན་པར་སྤྲུལ་ཏེ་བྱང་ཆུབ་སེམས་དཔའི་སྤྱན་སྔ་ན་སྡོད་དོ། །བྱང་ཆུབ་སེམས་དཔས་གསུངས་པ། བཞིན་བཟངས་རྩྭའོ་ནི་དག་ང་ལ་ཕུལ་ ཅིག །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའི་ཞབས་གཉིས་ལ་གཏུགས་ནས་གུས་པ་དང་བཅས་པས་ཕུལ་ལོ། །བྱང་ཆུབ་སེམས་དཔའ་རྩྭ་འཚོང་བཀྲ་ཤིས་ལས་རྩྭ་བཞེས་ཏེ་ལྷ་དང་མི་རྣམས་ཀྱི་ཡིད་སྡུད་ པར་བྱེད་པའི་སྤྱོད་ལམ་གྱི་འགྲོ་བ་རྣམས་དད་པར་མཛད་ཅིང་ལྷ་རྣམས་ཀྱིས་བསྟན་པའི་ལམ་ནས་བྱང་ཆུབ་ཀྱི་སྙིང་པོ་གང་ན་བ་དེར་གཤེགས་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་ལོའི་ལྟེ་བ་ལྟ་བུའི་རྡོ་རྗེ་ འི་གདན་ལ་བརྟན་ཞིང་ངེས་པས་ཉིད་ཀྱིས་རྩྭ་རྣམས་མ་འཁྲུགས་པ་དང་། སྟུག་སྲབ་མེད་པར་བཀྲམ་ནས་ཐུགས་བསྐྱེད་ཅིང་ཚིག་ཏུ་ཡང་གསུང་བ། ཇི་སྲིད་སྡུག་བསྔལ་ཀུན་གྱི་མཐའི། །ཟག་ཟད་ཡང་དག་མ་ཐོབ་པ། །དེ་སྲིད་སྲོག་ ནི་མཐར་གྱུར་ཀྱང་། །སྐྱིལ་དཀྲུང་འདི་ནི་གཞིག་མི་བྱ། །ཞེས་གསུངས་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་གདན་ལ་འཛེགས་ཏེ་བྲང་གིས་འགྲོའི་རྒྱལ་པོ་གཉིད་ལོག་པའི་ལུས་བསྐྱིལ་བ་ལྟ་བུའི་སྐྱིལ་མོ་དཀྲུང་བཅས་ནས་སྐུ་དྲངས་པོར་ བསྲང་དྲན་པ་མངོན་དུ་བཞག་ནས་བཞུགས་སོ། །བཞུགས་པའི་མོད་ཁོ་ན་ལ་བདུད་སྡིག་ཅན་གྱི་གནས་གཡོས་པར་གྱུར་ཏོ། །དེ་ནས་བདུད་སྡིག་ཅན་འདི་སྙམ་དུ་སེམས་ཏེ་ཅིའི་ཕྱིར་ངའི་གནས་གཡོས་སྙམ་པ་དང་། ཅི་ཙམ་ན་བྱང་ཆུབ་ སེམས་དཔའ་རྡོ་རྗེའི་གདན་ལ་བཞུགས་པ་མཐོང་ངོ་། །དེ་ནས་བདུད་སྡིག་ཅན་འདི་སྙམ་དུ་སེམས་ཏེ། ཤཱཀྱ་ཟས་གཙང་གི་བུ་རྡོ་རྗེའི་གདན་ལ་འདུག་གིས་ཇི་ཙམ་བདག་གི་ཡུལ་ལས་མ་འདས་ཀྱི་བར་དུ་དེ་ལ་བགེགས་བྱའོ་སྙམ་དུ་ 67-1-48b བསམས་ནས་ཕྲིན་ཡིག་སྐྱེལ་བ་སྐྲ་གྱེན་དུ་འགྲེང་ལ་ཤ་ནའི་སྨད་གཡོགས་བགོས་པ་ཞིག་གི་ཁ་དོག་ཏུ་མངོན་པར་སྤྲུལ་ནས་བྱང་ཆུབ་སེམས་དཔའ་གང་ན་བ་དེར་སོང་སྟེ་ཕྱིན་ནས་རྟགས་པར་སྨྲས་པ། གྲོང་ཁྱེར་སེར་སྐྱའི་གཞི་ ནི་ལྷ་སྦྱིན་གྱིས་མནན། ཕོ་བྲང་ནི་བཅོམ། ཤཱཀྱ་རྣམས་ནི་ཁ་བཏག་ན། ཁྱོད་ཅིའི་ཕྱིར་གནས་བཏབ་སྟེ་འདུག །དེ་ནས་བྱང་ཆུབ་སེམས་དཔའ་ལ་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་གསུམ་སྐྱེས་པ་འདི་ལྟ་སྟེ། འདོད་པའི་རྣམ་ པར་རྟོག་པ་དང་། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པའོ། །དེ་ལ་འདོད་པའི་རྣམ་པར་རྟོག་པ་ནི་གྲགས་འཛིན་མ་དང་། རི་དགས་སྐྱེས་དང་། ས་འཚོ་མ་ལའོ། །གནོད་སེམས་ཀྱི་རྣམ་པར་ རྟོག་པ་ནི་ལྷ་སྦྱིན་ལའོ། །རྣམ་པར་འཚེ་བའི་རྣམ་པར་རྟོག་པ་ནི་དེའི་རྗེས་སུ་འཚོ་བའི་ཤཱཀྱ་རྣམས་ལའོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། ཅིའི་ཕྱིར་བདག་ལ་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་གསུམ་ སྐྱེས་སྙམ་ན། ཇི་ཙམ་ན་བདུད་སྡིག་ཅན་འདི་ལྟ་སྟེ། དཀྲུག་པའི་ལས་ཀྱི་ཕྱིར་ཉེ་བར་འོངས་པ་གཟིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དགེ་བའི་རྣམ་པར་རྟོག་པ་གསུམ་སྐྱེས་ཏེ། འདི་ལྟ་སྟེ་ངེས་པར་འབྱུང་བའི་རྣམ་པར་རྟོག་ པ་དང་། གནོད་སེམས་མེད་པའི་རྣམ་པར་རྟོག་པ་དང་། རྣམ་པར་མི་འཚེ་བའི་རྣམ་པར་རྟོག་པའོ། །ཡང་བདུད་ཀྱིས་སྨྲས་པ། ཁྱོད་ཅིའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག །བྱང་ཆུབ་སེམས་དཔས་བཀའ་སྩལ་པ། བླ་ན་མེད་པའི་ ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རོ། །བདུད་ཀྱིས་སྨྲས་པ། ཁྱོད་ཀྱིས་བླ་ན་མེད་པའི་ཡེ་ཤེས་ག་ལ་ཐོབ། བྱང་ཆུབ་སེམས་དཔས་བཀའ་སྩལ་པ། སྡིག་ཅན་ཁྱོད་ཀྱིས་རེ་ཤིག་མཆོད་སྦྱིན་གཅིག་བྱས་པས་ཀྱང་འདོད་པའི་ ཁམས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པར་གྱུར་ན་ངས་བསྐལ་པ་གྲངས་མེད་པ་གསུམ་དུ་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བྱས་ཤིང་སེམས་ཅན་རྣམས་ཀྱི་ཕྱིར་མགོ་དང་། ལག་པ་དང་། རྐང་པ་དང་། མིག་དང་། 67-1-49a ཤ་དང་། ཁྲག་དང་། བུ་དང་། ཆུང་མ་དང་། དབྱིག་དང་། གསེར་ལ་སོགས་པ་ཡོངས་སུ་བཏང་ནས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་བ་ལྟ་སྨྲོས་ཀྱང་ཅི་དགོས་ཏེ་ངས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་མི་འགྱུར་བ་ དེ་སྲིད་རེ་སྐན། དེ་སྐད་ཅེས་བཀའ་སྩལ་པ་དང་བདུད་ཀྱིས་སྨྲས་པ། རེ་ཤིག་ཇི་ལྟར་བདག་གི་མཆོད་སྦྱིན་གཅིག་གིས་འདོད་པའི་ཁམས་ཀྱི་དབང་ཕྱུག་ཐོབ་པར་འགྱུར་བའི་དབང་ནི་ཁྱོད་ཡིན་ན། ཇི་ལྟར་བླ་ན་མེད་པའི་ཡེ་ཤེས་ཐོབ་ པར་བྱ་བའི་ཕྱིར་བསྐལ་པ་གྲངས་མེད་པ་གསུམ་དུ་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་བྱས་ཤིང་སེམས་ཅན་རྣམས་ཀྱི་ཕྱིར་མགོ་དང་། ལག་པ་དང་། རྐང་པ་དང་། མིག་དང་། ཤ་དང་། ཁྲག་དང་། བུ་དང་། ཆུང་མ་དང་། དབྱིག་དང་། གསེར་ལ་སོགས་པ་ཡོངས་སུ་བཏང་བར་ཁྱོད་ལ་དཔང་སུ་ཡོད། དེ་ནས་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཀྱི་ཕྱག་འཁོར་ལོ་དང་། བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་པ་དང་། དྲ་བས་འབྲེལ་པ་དང་། བསོད་ནམས་བརྒྱ་ཕྲག་དུ་མས་བསྐྱེད་པ། སྐྲག་པ་རྣམས་ལ་དབུགས་འབྱིན་པར་མཛད་པས་ས་ལ་རེག་པར་མཛད་ནས་ངས་བསྐལ་པ་གྲངས་མེད་པ་གསུམ་དུ་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་བྱས་ཤིང་ སེམས་ཅན་རྣམས་ཀྱི་ཕྱིར་མགོ་དང་། ལག་པ་དང་། རྐང་པ་དང་། མིག་དང་། ཤ་དང་། ཁྲག་དང་། བུ་དང་། ཆུང་མ་དང་། དབྱིག་དང་། གསེར་ལ་སོགས་པ་ཡོངས་སུ་བཏང་བའི་ངའི་དཔང་ནི་ས་འདི་ཡིན་ནོ། །དེ་ནས་སའི་ལྷས་ས་ བརྟོལ་ནས་ཐལ་མོ་སྦྱར་ཏེ་སྐད་ཕྱུང་བ། སྡིག་ཅན་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་དེ་བཞིན་ཡིན་ནོ་ཞེས་དེ་སྐད་ཅེས་སྨྲས་པ་དང་། བདུད་སྡིག་ཅན་ཅང་མི་སྨྲ་བར་གྱུར་ཏེ་ཞུམ་ཞུམ་པོར་གྱུར། བག་འཁུམས་ པར་གྱུར། སྤྱི་བོ་སྨད་ནས་སྤོབས་པ་མེད་ལ་སེམས་ཁོངས་སུ་ཆུད་ཅིང་འདུག་པར་གྱུར་ཏོ། །དེ་ནས་བདུད་སྡིག་ཅན་འདི་སྙམ་དུ་སེམས་ཏེ། བདག་གིས་ཟས་གཙང་གི་བུ་ལ་དེ་ལྟར་བྱས་ཀྱང་གླགས་མ་རྙེད་ཀྱིས། མ་ལ་ 67-1-49b བདག་གིས་ཡང་བགེགས་ཤིག་བྱའོ་སྙམ་ནས་དཔུང་མཆོག་དང་ལྡན་པ་བྱེ་བ་ཕྲག་སུམ་བཅུ་རྩ་དྲུག་པོ་གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། ར་དང་། རི་དགས་དང་། མ་ཧེ་དང་། ཕག་དང་། ཁྱི་དང་། འུག་པ་དང་། ནེའུ་ལེ་དང་། སྤྲེའུ་ དང་། ཝ་ལ་སོགས་པ་འདྲ་བ། རལ་གྲི་དང་། མདའ་བོ་ཆེ་དང་། མཚོན་རྩེ་གཅིག་པ་དང་། འཁོར་ལོ་དང་། མདུང་ཐུང་དང་། གཞུ་དང་། ཞགས་པ་དང་། དགྲ་སྟ་དང་། ལྕགས་ཀྱི་དབྱུག་པ་ལ་སོགས་ཏེ་མཚོན་ཆ་རྣམས་ འཕྱར་བ་འཇིགས་སུ་རུང་བ་རྣམས་དང་ལྷན་ཅིག་བྱང་ཆུབ་སེམས་དཔའ་ཀུན་ནས་ཡོངས་སུ་བསྐོར་ནས་གནས་ཤིང་བདུད་སྡིག་ཅན་རང་ཉིད་གཞུ་རྣ་དྲུང་དུ་བཀང་ནས་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་གཟུགས་རྣམ་པ་དུ་ མ་ཅན། མཚོན་ཆ་རྣམ་པ་སྣ་ཚོགས་མང་པོ་དང་ཆས་པ་དེ་རྣམས་གཟིགས་ནས་དགོངས་པ་རེ་ཤིག་སྐྱེས་པ་ཕལ་པ་ཞིག་དང་ལྷན་ཅིག་འཐབ་པར་རྩོམ་ན་ཡང་། དེའི་གཉེན་པོའི་ཕྱོགས་ལ་སྦྱོར་བར་བྱེད་ན་འདོད་པའི་ཁམས་ཀྱི་ དབང་ཕྱུག་འདི་ལ་ལྟ་སྨོས་ཀྱང་ཅི་དགོས་ཀྱིས། མ་ལ་བདག་གིས་གཉེན་པོའི་ཕྱོགས་ལ་སྦྱར་བར་བྱའོ་སྙམ་དུ་དགོངས་ནས་དེ་ཞི་བར་འགྱུར་བའི་ཐབས་ལ་དགོངས་པར་བརྩམས་སོ། །བདུད་ཀྱང་འབྱུང་པོ་བྱེ་བ་ཕྲག་སུམ་བཅུ་ རྩ་དྲུག་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའི་སྟེང་ནས་འཁོར་ལོ་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། མཚོན་རྩེ་གཅིག་པ་དང་། མདའ་ལ་སོགས་ཏེ་མཚོན་ཆ་རྣམས་དབབ་པར་བརྩམས་སོ། །དེ་ནས་བྱང་ཆུབ་སེམས་ དཔའ་ཤེལ་ལས་བྱས་པའི་གཞལ་ཡས་ཁང་མངོན་པར་སྤྲུལ་པ་དང་། མཚོན་ཆ་ཐམས་ཅད་གཞལ་ཡས་ཁང་དེའི་སྟེང་དུ་འབབ་པ་དང་། གཞལ་ཡས་ཁང་གི་སྒྲས་བདུད་ཀྱི་སྡེ་ཐམས་ཅད་སྐྲག་ནས་ཀུན་དུ་འབྱེར་བར་གྱུར་ ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་གྱི་ཐུན་དང་པོ་ལ་རྟག་ཏུ་བྱ་བ་དང་། འགྲུས་སྐྱོང་དང་ལྡན་ཞིང་བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་རྣམས་ལ་བསྒོམ་པའི་རྣལ་འབྱོར་ཀྱི་རྗེས་སུ་བརྩོན་པས་བཞུགས་སོ། །དེ་ནམ་གྱི་ 67-1-50a ཐུན་དང་པོ་ལ་རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ལ་དགོངས་པ་མངོན་དུ་བཞག་པ་ན་དེ་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་མཛད་དེ་གཅིག་ཏུ་གྱུར་ཅིང་མང་པོར་ གྱུར་ལ། མང་པོར་གྱུར་ཅིང་གཅིག་ཏུ་འགྱུར་བ་དང་། སྣང་བར་གྱུར་ཅིང་མི་སྣང་བར་གྱུར་པ་ཡེ་ཤེས་གཟིགས་པས་ཉམས་སུ་མྱོང་བར་མཛད་དོ། །སྐུས་རྩིག་པ་དང་། རི་དང་། ར་བ་ལ་ཡང་ཐད་ཀར་གཤེགས་པར་མཛད་དེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ས་ལ་ཡང་སྟེང་དུ་འབྱུང་བ་དང་། བྱིའུ་ཟུལ་མཛད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུའི་རྒྱུན་ལ་ཡང་མི་ཉམས་པར་གཤེགས་ཏེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །ནམ་ མཁའ་ལ་སྐྱིལ་མོ་དཀྲུང་གིས་གཤེགས་པར་མཛད་དེ། དཔེར་ན་མདབ་ཆགས་བྱ་བཞིན་ནོ། །ཉི་མ་དང་ཟླ་བ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ་འདི་ལྟར་གཟི་བརྗིད་ཆེ་བ་ལ་ཡང་ཕྱག་གིས་ནོམ་ཞིང་ཉུག་པར་མཛད་དེ་ ཚངས་པའི་འཇིག་རྟེན་གྱི་བར་དུ་སྐུས་དབང་སྒྱུར་བར་མཛད་དོ། །དེ་ནས་བདུད་སྡིག་ཅན་འདི་སྙམ་དུ་སེམས་ཏེ། བསམ་གཏན་གྱི་ཚེར་མ་ནི་སྒྲ་ཡིན་པས། མ་ལ་བདག་གིས་རྒྱང་རིང་པོ་ཁོ་ནར་འདུག་ལ་སྒྲ་དབྱུང་བར་བྱའོ་ སྙམ་ནས་དེས་འབྱུང་པོ་བྱེ་བ་ཕྲག་སུམ་བཅུ་རྩ་དྲུག་དང་འཇིགས་པ་ཆེན་པོ་འཇིགས་སུ་རུང་བའི་སྒྲ་ཕྱུང་ངོ་། །བྱང་ཆུབ་སེམས་དཔས་ཀྱང་དེ་བསྒྲིབ་པའི་ཕྱིར་དཔག་ཚད་བཅུ་གཉིས་ཀྱི་བར་དུ་ཤིང་ཀ་དམ་པའི་ཚལ་སྤྲུལ་པས་ དེས་ན་སྒྲ་དེ་རྡུགས་པས་མི་གྲག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་གིས་ལྷའི་རྣ་བ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་དུ་བཞག་ནས་དེས་ན་ལྷ་དང་མི་རྣམས་ ཀྱི་སྒྲ་གང་དང་གང་དག་ཐོས་པར་འདོད་པ་དེ་དག་མཉན་པར་བྱའོ་སྙམ་དུ་དགོངས་ནས་ལྷའི་རྣ་བ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་དགོངས་པ་བཞག་པ་ན་དེའི་ལྷའི་སྙན་རྣམ་པར་དག་པ་མི་ལས་འདས་པས་སྒྲ་ 67-1-50b གཉིས་པོ་མི་རྣམས་ཀྱི་དང་། མི་མ་ཡིན་པ་རྣམས་ཀྱི་དང་། གང་དག་རིང་བ་དང་། གང་དག་ཉེ་བ་ཡང་གསན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། བདུད་ཀྱི་འཁོར་འབྱུང་པོ་བྱེ་བ་ཕྲག་སུམ་བཅུ་རྩ་དྲུག་ ལས་བདག་ལ་སུ་དག་ནི་གནོད་པར་སེམས་སུ་དག་ནི་མ་ཡིན་ཞེས་དེ་དག་ཇི་ལྟར་ཤེས་པར་བྱ་སྙམ་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་དགོངས་ཏེ། སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་ པར་ཤེས་པ་ཡིན་ནོ་སྙམ་ནས་དེ་ནམ་གྱི་གུང་ཐུན་ལ་སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་དགོངས་པ་མངོན་དུ་བཞག་པ་ན་དེའི་ཐུགས་ཀྱིས་སེམས་ཅན་གཞན་དང་གང་ཟག་གཞན་དག་གི་རྣམ་ པར་རྟོག་པ་དང་རྣམ་པར་དཔྱོད་པའི་ཡིད་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའི་སེམས་སོ་ཞེས་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འདོད་ཆགས་དང་བྲལ་བའི་ སེམས་ལ་འདོད་ཆགས་དང་བྲལ་བའི་སེམས་སོ་ཞེས་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་། བསྡུས་པ་དང་། རྣམ་པར་ གཡེངས་པ་དང་། ཞུམ་པ་དང་། རབ་ཏུ་འཛིན་པ་དང་། རྒོད་པ་དང་། མི་རྒོད་པ་དང་། ཉེ་བར་མ་ཞི་བ་དང་ཉེ་བར་ཞི་བ་དང་མཉམ་པར་མ་བཞག་པ་དང་། མཉམ་པར་བཞག་པ་དང་། མ་བསྒོམས་པ་དང་། བསྒོམས་པ་དང་། སེམས་རྣམ་པར་མ་གྲོལ་བ་དང་། རྣམ་པར་གྲོལ་བ་ཞེས་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཤིན་དུ་རྣམ་པར་གྲོལ་བའི་སེམས་ལ་ཤིན་དུ་རྣམ་པར་གྲོལ་བའི་སེམས་ཤེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། བདུད་ཀྱི་མངག་གཞུག་པ་འདི་རྣམས་ལས་སུ་དག་ཚེ་རབས་གཞན་ན་མར་འབྲེལ་པ་འམ། ཕར་འབྲེལ་པ་འམ། སུ་དག་གཤེད་མ་འམ། ཕྱིར་རྒོལ་བ་འམ། 67-1-51a དགྲར་གྱུར་པ་དེ་དག་ཇི་ལྟར་ཤེས་པར་བྱ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་མངོན་སུམ་དུ་བྱས་པའི་མངོན་པར་ཤེས་པས་ཡིན་ནོ་སྙམ་ནས་དེ་ ནམ་གྱི་གུང་ཐུན་ལ་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་དགོངས་པ་མངོན་དུ་བཞག་པ་ན་དེས་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དགོངས་ཏེ། འདི་ལྟ་སྟེ། སྐྱེ་བ་གཅིག་དང་། གཉིས་ དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུ་དང་། བཅུ་དང་། ཉི་ཤུ་དང་། སུམ་བཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། སྐྱེ་བ་བརྒྱ་དང་། སྐྱེ་བ་སྟོང་དང་། སྐྱེ་བ་བརྒྱ་སྟོང་དང་། སྐྱེ་བ་བརྒྱ་ཕྲག་དུ་ མ་དང་། སྐྱེ་བ་སྟོང་ཕྲག་དུ་མ་དང་། སྐྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། འཇིག་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ་དང་། འཇིག་པ་དང་འཆགས་པའི་བསྐལ་པ་དང་། འཇིག་པའི་བསྐལ་པ་དུ་མ་དང་། འཆགས་ པའི་བསྐལ་པ་དུ་མ་དང་། འཇིག་པ་དང་། འཆགས་པའི་བསྐལ་པ་དུ་མ་རྗེས་སུ་དགོངས་ཏེ། བདག་སྔོན་སེམས་ཅན་འདི་དག་གི་ནང་ན་གནས་པ་ན་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་ཉམས་སུ་མྱོང་། ཚེ་ནི་འདི་སྲིད་ཅིག་ལོན། ཡུན་ནི་འདི་སྲིད་ཅིག་འདུག་འདུག །ཚེ་འདི་སྲིད་གཅིག་ལོན་ཏེ་གནས། དེ་ནས་བདག་ཤི་འཕོས་ ཏེ་ཆེ་གེ་མོ་ཞིག་དུ་སྐྱེས་སོ། །དེ་ནས་ཀྱང་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །དེ་ནས་ཀྱང་ཤི་འཕོས་ནས་འདིར་སྐྱེས་སོ་ཞེས་རྣམ་པ་དང་བཅས་པ། ཡུལ་ཕྱོགས་དང་བཅས་པར་སྔོན་གྱི་གནས་རྣམ་པ་ དུ་མ་རྗེས་སུ་དགོངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ་བདུད་ཀྱི་མངག་གཞུག་འདི་རྣམས་ལས་སུ་དག་ནི་ངན་སོང་དུ་འགྲོ། སུ་དག་ནི་ངན་སོང་དུ་མི་འགྲོ་བ་དེ་དག་ཇི་ལྟར་ཤེས་པར་བྱ་ 67-1-51b སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ་འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པས་ཡིན་ནོ་སྙམ་སྟེ། དེ་ནམ་གྱི་ཐུན་ཐ་མ་ལ་འཆི་འཕོ་དང་། སྐྱེ་བ་ཤེས་པ་མངོན་སུམ་དུ་བྱ་ བའི་མངོན་པར་ཤེས་པ་ལ་དགོངས་པ་མངོན་དུ་བཞག་པ་ན་དེས་ལྷའི་སྤྱན་རྣམ་པར་དག་པ་མི་རྣམས་ཀྱི་ལས་འདས་པས་གཟིགས་ན་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་། སྐྱེ་བ་དང་། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། དམན་པ་དང་། གྱ་ནོམ་པ་དང་། བདེ་འགྲོ་དང་། ངན་འགྲོར་འགྲོ་བའི་སེམས་ཅན་རྣམས་ལ་ཇི་ལྟ་བ་བཞིན་གྱི་རྗེས་སུ་འགྲོ་བ། ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། ཤེས་ལྡན་དག་སེམས་ཅན་འདི་ཞེས་བྱ་བ་འདི་དག་ནི་ལུས་ཀྱི་ ཉེས་པར་སྤྱོད་པ་དང་ལྡན། ངག་གི་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་ཏེ། འཕགས་པ་རྣམས་ལ་སྐུར་པ་འདེབས་པ་ལོག་པར་ལྟ་བ་སྟེ། ལོག་པར་ལྟ་བའི་ཆོས་དང་ལས་ཡང་དག་པར་བླངས་པའི་རྒྱུས་རྒྱུ་དེ་ རྣམས་དང་རྐྱེན་དེས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྷུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །ཤེས་ལྡན་དག་སེམས་ཅན་འདི་དག་ནི་ལུས་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ། ངག་གི་དང་། ཡིད་ཀྱི་ལེགས་པར་སྤྱོད་པ་དང་ལྡན་ཏེ། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་ཤིང་ཡང་དག་པར་ལྟ་བ་སྟེ། ཡང་དག་པར་ལྟ་བའི་ཆོས་དང་ལས་ཡང་དག་པར་བླངས་པའི་རྒྱུས་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་ འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་དང་མི་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་རབ་ཏུ་མཁྱེན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་ཏེ་རྟག་ཏུ་བྱ་བ་དང་འགྲུས་སྐྱོང་དང་ལྡན་ཞིང་བྱང་ཆུབ་ཀྱི་ཕྱོགས་དང་འཐུན་ པའི་ཆོས་རྣམས་ལ་སྒོམ་པའི་རྣལ་འབྱོར་གྱི་རྗེས་སུ་འཐུན་པས་བཞུགས་ཏེ། དེ་ནམ་གྱི་ཐུན་ཐ་མ་ལ་ཟག་པ་ཟད་པའི་ཤེས་པ་མངོན་སུམ་དུ་བྱ་བའི་ཤེས་པ་ལ་དགོངས་པ་མངོན་དུ་བཞག་པ་ན། དེས་འདི་ནི་སྡུག་བསྔལ་ 67-1-52a འཕགས་པའི་བདེན་པའོ་ཞེས་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བ་འཕགས་པའི་བདེན་པ་ འོ་ཞེས་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ན་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ཞིང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་ འགྱུར་རོ། །རྣམ་པར་གྲོལ་ན་བདག་གི་སྐྱེ་བ་ནི་ཟད་དོ། །ཚངས་པར་སྤྱོད་པ་ལ་བསྟེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་དེ་ཉིད་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་སངས་རྒྱས་སོ་ཞེས་ཐུགས་སུ་ཆུད་པར་གྱུར་ཅིང་དེ་ལྟར་བཅོམ་ལྡན་འདས་ནམ་གྱི་ཐུན་ཐ་མ་ལ་བདུད་འབྱུང་པོ་བྱེ་བ་ཕྲག་སུམ་བཅུ་རྩ་དྲུག་དང་བཅས་པ་ལས་བྱམས་པའི་མཚོན་གྱིས་མངོན་པར་རྒྱལ་ཏེ་བླ་ན་མེད་ པའི་ཡེ་ཤེས་བརྙེས་སོ། །དེ་ནས་བདུད་སྡིག་ཅན་གྱི་ལག་པ་ནས་གཞུ་ཤོར་བ་དང་། རྒྱལ་མཚན་རྩེ་མོ་མཐུར་དུ་ལྟ་བ་དང་། གནས་གཡོས་པར་གྱུར་ཏོ། །དེ་ནས་བདུད་སྡིག་ཅན་འབྱུང་པོའི་འཁོར་བྱེ་བ་ཕྲག་སུམ་བཅུ་ རྩ་དྲུག་དང་བཅས་པར་སྡུག་བསྔལ་ཞིང་ཡིད་མི་བདེ་ལ་ཡིད་ལ་གཅགས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ནས་རང་གི་གནས་སུ་སོང་སྟེ། སྡུག་བསྔལ་ཞིང་ཡིད་མི་བདེ་ལ་ཕམ་པར་གྱུར་པས་སེམས་པ་ལ་ཞུགས་ཏེ་མདས་ས་ལ་འདྲི་ཞིང་ གནས་པར་གྱུར་ཏོ། །དེ་ནས་བདུད་ཀྱི་བུ་མོ་སྲེད་མ་དང་། དགའ་བྱེད་མ་དང་དགའ་སྤྱོད་མ་ཞེས་བྱ་བ་བདུད་གང་ན་བ་དེར་སོང་སྟེ་ཕྱིན་ནས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཁྱོད་ཅི་ཕྱིར་ཐུགས་མི་དགྱེས། །ཅི་ཡི་ཕྱིར་ ན་འདི་ལྟར་བཞུགས། །གང་གིས་ཁྱོད་ལ་གནོད་བྱེད་པའི། །སྐྱེས་བུ་གང་ལ་རྗེས་སུ་སེམས། །གསུངས་ཤིག་དེ་ནི་འདོད་ཆགས་ཀྱི། །ཞབས་པས་ནགས་ནས་གླང་པོ་བཞིན། །བཅིངས་ནས་བདག་ཅག་འཚལ་ཏེ་མཆི། ། 67-1-52b དེ་ནི་ཁྱོད་ཀྱི་དབང་དུ་གྱུར། །བདུད་ཀྱིས་སྨྲས་པ། སྐྱེས་བུ་འདོད་ཆགས་རབ་བྲལ་ཏེ། །ཆགས་པས་ལེགས་པར་དགུག་མི་ནུས། །བདུད་ཀྱི་ཡུལ་འདས་དེ་ཡི་ཕྱིར། །ང་ནི་ཤིན་དུ་མྱ་ངན་བྱེད། །དེ་ནས་སྲེད་མ་དང་། དགའ་བྱེད་མ་དང་། དགའ་ སྤྱོད་མ་སྟེ། བདུད་ཀྱི་བུ་མོ་གསུམ་པོ་སྤྲིན་ལས་བྱུང་བའི་གློག་བཞིན་དུ་གཟི་བརྗིད་རབ་ཏུ་འབར་ཞིང་རང་གི་གནས་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ནས་ ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་བཅོམ་ལྡན་འདས་ལ་བདུད་སྡིག་ཅན་གྱི་བུ་མོ་གསུམ་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་དགེ་སྦྱོང་ཁྱོད་ཀྱི་ཞབས་ལ་བསྙེན་བཀུར་བགྱིད་ཅིང་བདེ་བར་གཤེགས་པ་ཁྱོད་ཀྱི་རིམ་ གྲོ་བགྱིད་དོ། །བཅོམ་ལྡན་འདས་ཅི་ནས་ཀྱང་སྲེད་པ་ཡང་དག་པར་ཟད་ཅིང་རྣམ་པར་གྲོལ་ལ་ཐུགས་ཡང་དག་པར་ཤིན་དུ་རྣམ་པར་གྲོལ་བ་བླ་ན་མེད་པ་བརྙེས་པས་དེ་ལ་དགོངས་པར་མ་མཛད་དོ། །ལན་གཉིས་ལན་གསུམ་དུ་ཡང་བཅོམ་ལྡན་ འདས་ལ་བདུད་ཀྱི་བུ་མོ་གསུམ་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་དགེ་སྦྱོང་ཁྱོད་ཀྱི་ཞབས་ལ་བསྙེན་བཀུར་བགྱིད་ཅིང་བདེ་བར་གཤེགས་པ་ཁྱོད་ཀྱི་རིམ་གྲོ་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་ལན་གཉིས་ལན་གསུམ་དུ་ཡང་ཅི་ནས་ ཀྱང་སྲེད་པ་ཡང་དག་པར་ཟད་ཅིང་རྣམ་པར་གྲོལ་ལ་ཐུགས་ཡང་དག་པར་ཤིན་དུ་རྣམ་པར་གྲོལ་བ་བླ་ན་མེད་པས་དེ་ལ་དགོངས་པར་མ་མཛད་དོ། །དེ་ནས་བདུད་ཀྱི་བུ་མོ་གསུམ་ཕྱོགས་གཅིག་ཏུ་སོང་སྟེ་ཕན་ཚུན་སྨྲ་ཞིང་ཀུན་དུ་བགྲོས་ པ། ཤེས་ལྡན་སྤུན་གཉིས་ཟླ་དག་སྐྱེས་པ་རྣམས་ཀྱི་བུད་མེད་ལ་སྲེད་པ་ནི་ཐ་དད་པ་ཡིན་པས། མ་ལ་བདག་ཅག་གིས་གཞོན་ནུ་མ་མདོག་མདངས་བརྒྱ་ཕྲག་དང་། གོས་དང་། ཁ་དོག་བརྒྱ་ཕྲག་དང་བཅས་པར་མངོན་པར་སྤྲུལ་ཞིང་བུ་ བཙས་མ་མྱོང་བ་དང་། ལན་ཅིག་བཙས་པ་དང་། ལན་གཉིས་དང་། གསུམ་དང་། ལན་བཞི་བཙས་པར་མངོན་པར་སྤྲུལ་ཞིང་བུད་མེད་བར་མའི་ཚུལ་བརྒྱ་ཕྲག་དུ་བདག་ཉིད་མངོན་པར་སྤྲུལ་ལ་དགེ་སྦྱོང་གཽ་ཏ་མ་གང་ན་བ་དེར་ཉེ་བར་ 67-1-53a འགྲོ་བར་བྱའོ། །ཕྱིན་ནས་ཀྱང་དགེ་སྦྱོང་གཽ་ཏ་མ་ལ་འདི་སྐད་ཅེས་དགེ་སྦྱོང་ཁྱོད་ཀྱི་ཞབས་ལ་བསྙེན་བཀུར་བྱེད་ཅིང་བདེ་བར་གཤེགས་པ་ཁྱོད་ལ་རིམ་གྲོ་བ་བགྱིད་དོ། །ཞེས་སྨྲ་བར་བྱའོ། །དེ་ནས་བདུད་ཀྱི་བུ་མོ་གསུམ་པོ་ གཞོན་ནུའི་མདོག་བརྒྱ་སྟོང་དུ་མར་བདག་ཉིད་མངོན་པར་སྤྲུལ་ཅིང་གོས་ཁ་དོག་བརྒྱ་ཕྲག་དང་བཅས་པ་ནས་ཇི་སྲིད་དུ་བུད་མེད་བར་མའི་ཚུལ་བརྒྱ་ཕྲག་དུ་བདག་ཉིད་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་དགེ་སྦྱོང་ཁྱོད་ཀྱི་ཞབས་ལ་བསྙེན་བཀུར་བགྱིད་ཅིང་བདེ་ བར་གཤེགས་པ་ཁྱོད་ཀྱི་རིམ་གྲོ་བ་བགྱིད་དོ། །བཅོམ་ལྡན་འདས་ཅི་ནས་ཀྱང་སྲེད་པ་ཡང་དག་པར་ཟད་ཅིང་རྣམ་པར་གྲོལ་ལ་ཐུགས་ཡང་དག་པར་ཤིན་དུ་རྣམ་པར་གྲོལ་བ་བླ་ན་མེད་པ་བརྙེས་པས་དེ་ལ་དགོངས་པར་མ་མཛད་དོ། །ལན་ གཉིས་ལན་གསུམ་དུ་བཅོམ་ལྡན་འདས་ལ་བདུད་ཀྱི་བུ་མོ་གསུམ་གྱིས་དེ་སྐད་གསོལ་ཀྱང་། ལན་གཉིས་ལན་གསུམ་དུ་བཅོམ་ལྡན་འདས་ཀྱིས་དེ་ལ་དགོངས་པར་མ་མཛད་དོ། །དེ་ནས་བདུད་ཀྱི་བུ་མོ་གསུམ་ཕྱོགས་གཅིག་ཏུ་ སོང་ནས་ཕན་ཚུན་འདི་སྐད་ཅེས་སྨྲ་སྟེ། སྤུན་ཟླ་དག་འདོད་ཆགས་དང་མ་བྲལ་བའི་སྐྱེས་བུ་དག་འདི་ལྟ་བུའི་ཐབས་མང་པོས་ཉེ་བར་བསྟེན་ཅིང་གནས་ན་དེའི་སེམས་གཡེངས་པར་འགྱུར་བ་འམ། སྙིང་འགས་པར་འགྱུར་བ་འམ། ཁ་ནས་ཁྲག་དྲོན་པོ་སྐྱུག་པར་འགྱུར་བའི་གནས་དེ་ནི་ཡོད་ན་དགེ་སྦྱོང་གཽ་ཏ་མ་འདི་ནི་འུ་བུ་ཅག་ལ། སེམས་གཏོད་པར་མི་བྱེད་ཀྱིས་སྐྱེས་པ་རྣམས་ཀྱི་བུད་མེད་ལ་སྲེད་པ་ནི་ཐ་དད་པ་ཡིན་གྱིས། མ་ལ་བདག་ཅག་བུད་མེད་རྒན་ མོའི་ཚུལ་བརྒྱ་ཕྲག་དུ་མངོན་པར་སྤྲུལ་ལ་དགེ་སྦྱོང་གཽ་ཏ་མའི་གན་དུ་འགྲོ་ན་དེ་ལྟ་ན་ནི་དགེ་སྦྱོང་གཽ་ཏ་མ་བདག་ཅག་རྣམས་ལ་འདུན་པ་སྐྱེད་པ་ཡང་སྲིད་པར་འགྱུར་གྱིས་ཞེས་སྨྲས་ཏེ་བདུད་ཀྱི་བུ་མོ་གསུམ་པོ་བུད་མེད་རྒན་མོའི་ 67-1-53b ཚུལ་བརྒྱ་ཕྲག་དུ་བདག་ཉིད་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ། སྔ་མ་བཞིན་དུ་བསྙེན་བཀུར་བགྱིད་པའི་བར་དུ་གསོལ་པ་དང་། བཅོམ་ལྡན་འདས་ཅི་ནས་ཀྱང་སྲེད་པ་ཡང་དག་པར་ཟད་ཅིང་རྣམ་པར་གྲོལ་ ལ་ཐུགས་ཡང་དག་པར་ཤིན་དུ་རྣམ་པར་གྲོལ་བ་བླ་ན་མེད་པ་བརྙེས་པས་དེ་ལ་དགོངས་པར་མ་མཛད་དོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། འདི་དག་ནི་རང་ཉིད་ཀྱིས་རྒན་མོའི་དངོས་པོར་བྱས་པ་ཡིན་གྱིས་མ་ལ་ངས་ཀྱང་འདི་ རྣམས་ཉིད་ཀུན་དུ་སྐྱོ་བ་བསྐྱེད་པའི་ཕྱིར་རྒན་པ་འདི་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ་སྙམ་ནས་བཅོམ་ལྡན་འདས་ཀྱིས་བདུད་ཀྱི་བུ་མོ་རྒན་མོར་བྱིན་གྱིས་བརླབས་སོ། །དེ་ནས་བདུད་ཀྱི་བུ་མོ་གསུམ་པོ་རྒན་པ་དེ་མི་སྣང་བར་བྱ་བར་འདོད་ཀྱང་ མི་སྣང་བར་བྱ་བར་མི་ནུས་སོ། །དེ་ནས་བདུད་ཀྱི་བུ་མོ་གསུམ་པོ་བསམ་པ་ཡོངས་སུ་མ་རྫོགས་ཤིང་གཟུགས་ཀྱིས་ངོ་ཚ་བ་བཞིན་དུ་རྒས་ཤིང་འཁོགས་ལ་གཏུགས་པ། སྒུར་པོ་ཕྱམ་དགུ་པོ་ལྟར་ཀྱར་ཀྱོར་ཅན་མདུན་ནས་འཁར་བ་ལ་རྟེན་ཅིང་ལུས་ འདར་བཞིན་དུ་བདུད་སྡིག་ཅན་གང་ན་བ་དེར་སོང་སྟེ་ཕྱིན་ནས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་འདོད་ཆགས་རབ་བྲལ་ཏེ། །ཆགས་པས་ལེགས་པར་དགུག་མི་ནུས། །བདུད་ཀྱི་ཡུལ་འདས་དེ་ཡི་ཕྱིར། །ང་ནི་ ཤིན་དུ་མྱ་ངན་བྱེད། །ཅེས་བདག་ཅག་རྣམས་ལ་གསུང་བ་ནི་ཡབ་མད་དེ། གང་ཞིག་གཞན་སེམས་རྨོངས་བྱེད་པ། །བདག་ཅག་གིས་ནི་མ་བྱས་པའི། །རྣམ་པ་དེ་ནི་ཡོད་མིན་ན། །དེ་ལྟ་ན་ཡང་དབང་མ་གྱུར། །ཐ་མར་ གཟུགས་ནི་འདི་འདྲ་བ། །བྱས་ནས་དེ་གན་ཉེར་སོང་ན། །ཇི་ལྟར་རྒན་པ་ཉིད་གནས་པ། །དེ་ལྟར་དེ་ཡིས་བྱིན་གྱིས་བརླབས། །དེ་བས་ཡབ་ཀྱིས་བདག་ཅག་རྣམས། །རྒས་པ་འདི་ནི་མི་སྣང་མཛོད། །བདུད་ཀྱིས་སྨྲས་པ། ཁྱེད་རྣམས་གཟུགས་ཀྱིས་དྲེགས་ནས་ནི། །སྤྲིན་གྱི་ཚོགས་ལས་གློག་བཞིན་དུ། །གཟི་བརྗིད་རབ་ཏུ་འབར་བ་དང་། །སྤྲོ་བའི་ང་རྒྱལ་གནས་པས་སོང་། །དཔའ་ཆེན་དེ་གན་ཕྱིན་པ་དང་། །རླུང་གིས་ཤིང་བལ་བཞིན་དུ་ 67-1-54a བརླག །གང་ཞིག་ཆགས་ཀུན་མཐར་འབྱིན་པའི། །སངས་རྒྱས་ལ་འདིར་གནོད་བྱེད་པ། །རི་བོ་སེན་མོས་རྐོ་བ་དང་། །སོ་ཡིས་ལྕགས་ནི་འཆའ་བ་དང་། །པད་མ་གཞོན་ནུའི་སྡོང་བུ་ཡིས། །རི་བོ་གཞིག་པར་འདོད་ པ་ཡིན། །གང་ཞིག་ཆགས་ཀུན་མཐར་འབྱིན་པའི། །སངས་རྒྱས་ལ་འདིར་གནོད་བྱར་འདོད། །རྒྱ་མཚོ་བརྐོས་པར་གྱུར་ནས་ནི། །ཟབ་པའི་གཏིང་ཚོལ་འདོད་པ་ཡིན། །གང་ཞིག་ཆགས་ཀུན་མཐར་འབྱིན་པའི། །སངས་རྒྱས་ལ་འདིར་ གནོད་བྱར་འདོད། །རླུང་ནི་ཞགས་པས་འཆིང་བ་དང་། །ཟླ་བ་མཁའ་ལས་དབབ་པ་དང་། །རྒྱ་མཚོ་ལག་པས་འཆུ་བ་དང་། །གངས་ཅན་ལ་ནི་རྒལ་བ་དང་། །སྣང་ཞིང་སྲེག་བཅས་འབར་བ་ཡི། །མེ་ལ་འཁྱུད་པར་འདོད་པ་ཡིན། གང་ཞིག་དཀའ་བ་བྱེད་འདོད་པ། །དེ་ནི་འདི་ལྟར་འགྱུར་བ་ཡིན། །ཇི་སྲིད་ཐུབ་པ་དེ་ཉིད་ལ། །སྐྱབས་སུ་འགྲོ་བར་གྱིས་ཤིག་དང་། །དེ་ཉིད་རྒན་པའི་གཟུགས་འདི་ནི། །དོན་གཞན་དུ་ནི་བྱེད་པར་འགྱུར། །དེ་ནི་ཐུགས་རྗེ་ཆེར་ ལྡན་པས། །ངེས་པར་ཁྱེད་ཀྱིས་སེལ་བར་འགྱུར། །འཇིག་རྟེན་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་རྣམས་དང་། ལྷ་དང་མི་དང་ལྷ་མ་ཡིན་ དུ་བཅས་པའི་འཇིག་རྟེན་ན། ཁྱེད་རྣམས་ཀྱི་རྒ་བའི་དངོས་པོ་མི་སྣང་བར་བྱེད་པ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ལས་གཞན་དག་གང་ཡང་མ་ མཐོང་སྟེ་ཁྱེད་རྣམས་སོང་ལ་བཅོམ་ལྡན་འདས་དེ་ཉིད་མཉེས་པར་གྱིས་ཤིག །དེ་ནས་བདུད་ཀྱི་བུ་མོ་གསུམ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ ཏེ་ཕྱོགས་གཅིག་ཏུ་འདུག་ནས་བདུད་ཀྱི་བུ་མོ་གསུམ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་གིས་བྱིས་པ་ཇི་ལྟ་བ་དང་། རྨོངས་པ་ཇི་ལྟ་བ་དང་། མི་གསལ་བ་ཇི་ལྟ་ 67-1-54b བ་དང་། ཐབས་མི་མཁས་པ་ཇི་ལྟ་བར་ཇི་ཙམ་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉེས་པར་བགྱི་བ་མཉེས་པར་མ་བགྱིས་པ་ནི་ནོངས་ལགས་ཀྱིས། བཅོམ་ལྡན་འདས་ནོངས་ པ་བཟུང་དུ་གསོལ། བདེ་བར་གཤེགས་པ་བཟོད་པར་མཛད་དུ་གསོལ། བཅོམ་ལྡན་འདས་བདག་ཅག་གི་རྒས་པའི་དངོས་པོ་མི་སྣང་བར་མཛད་དུ་གསོལ། བདེ་བར་གཤེགས་པ་བདག་ཅག་གི་རྒས་པའི་དངོས་པོ་ མི་སྣང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་རྒས་པའི་དངོས་པོ་མི་སྣང་བར་མཛད་དོ། །དེ་ནས་བདུད་ཀྱི་བུ་མོ་གསུམ་པོ་རང་གི་གཟུགས་ཉིད་རྙེད་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ ཕྱག་བྱས་ཏེ་བཅོམ་ལྡན་འདས་ལ་དད་པར་གྱུར་པ་དང་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་ཟས་གཙང་ལ་རང་གི་སྐྱེས་བུ་རྣམས་ཀྱིས་ལྷ་དགྱེས་པ་བསྐྱེད་དུ་གསོལ། གཞོན་ནུས་བླ་ན་མེད་པའི་ཡེ་ཤེས་བརྙེས་སོ། །དེ་ ཐོས་པ་དང་ཉི་མ་དེ་ཉིད་ལ་གྲགས་འཛིན་མ་ལ་ཡང་ཁྱེའུ་ཞིག་བཙས་སོ། །བདུད་རྩི་ཟས་ལ་ཡང་ཁྱེའུ་ཞིག་བཙས་སོ། །དེ་ཉིད་ཀྱི་ཉིན་མོ་ཟླ་བ་ཡང་སྒྲ་གཅན་གྱིས་ཟིན་ཏོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་ཕུན་སུམ་ཚོགས་པ་དེ་ མཐོང་ནས་དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བ་དང་། རངས་པ་རྒྱ་ཆེན་པོ་དང་། ཡིད་བདེ་བ་སྐྱེས་པར་གྱུར་ཏོ། །དེ་ནས་གྲོང་ཁྱེར་སེར་སྐྱའི་གཞི་རྡོ་བ་དང་། གསེག་མ་དང་། གྱོ་མོ་རྣམས་བསལ་ནས་ཙན་དན་གྱི་ཆུས་ཆག་ ཆག་བཏབ། ཤིན་དུ་དྲི་ཞིམ་པའི་པོག་པོར་ཉེ་བར་བཤམས། དར་གྱི་ཆུན་འཕྱང་མང་པོར་དཔྱངས། རྒྱལ་མཚན་དང་། བ་དན་ནི་བསྒྲེང་། མེ་ཏོག་སྣ་ཚོགས་ཀྱིས་དགའ་དགའ་ལྟར་བཀྲམ་ནས་གྲོང་ཁྱེར་གྱི་སྒོ་བཞི་དང་སུམ་ མདོ་རྣམས་སུ་ཡང་སྦྱིན་གཏོང་གི་ཁང་པ་བརྩིགས་སོ། །དེ་ནས་གྲོང་ཁྱེར་གྱི་ཤར་སྒོར་དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་དུ་རྒྱུ་དང་། ངན་པ་དང་། མགོན་མེད་པ་དང་། བཀྲེན་པ་དང་། ཕོངས་པ་དང་། སློངས་མོ་པ་ 67-1-55a རྣམས་ལ་ཡང་སྦྱིན་པ་དག་གཏོང་ངོ་། །ལྷོ་དང་། ནུབ་དང་། བྱང་དང་། དབུས་ཀྱི་སུམ་མདོ་རྣམས་སུ་ཡང་སྦྱིན་པ་དག་གཏོང་བསོད་ནམས་དག་བྱེད་དོ། །གྲགས་འཛིན་མའི་བུའི་མྱིང་འདོགས་པར་བྱེད་དེ་བཙུན་མོའི་འཁོར་ གྱི་སྐྱེ་བོས་སྨྲས་པ། འདི་བཙས་པ་ན་ཟླ་བ་སྒྲ་གཅན་གྱིས་ཟིན་པས་དེ་བས་ན་ཁྱེའུ་ཡི་མིང་སྒྲ་གཅན་ཟིན་ཞེས་གདགས་སོ་ཞེས་བཏགས་སོ། །བདུད་རྩི་ཟས་ཀྱི་ཡང་དེ་བཞིན་དུ་སྦྱིན་པ་དག་བཏང་། བསོད་ནམས་དག་བྱས་ནས་ཁྱེའུཡི་ མིང་ཅིར་གདགས་ཞེས་བུའི་མྱིང་འདོགས་པར་བྱེད་དོ། །ཉེ་དུ་དག་གིས་སྨྲས་པ། གང་གི་ཚེ་འདི་བཙས་པ་ན་གྲོང་ཁྱེར་ཐམས་ཅད་དགའ་བར་གྱུར་པས་དེའི་ཕྱིར་ཁྱེའུ་ཡི་མྱིང་ཀུན་དགའ་བོར་གདགས་སོ་ཞེས་བཏགས་སོ། །རྒྱལ་པོ་ཟས་ གཙང་གིས་སྨྲས་པ། གྲགས་འཛིན་མའི་བུ་གང་ཡིན་པ་འདི་ནི་ཤཱཀྱ་ཐུབ་པའི་བུ་མ་ཡིན་ནོ་ཞེས་སྨྲས་པ་གྲགས་འཛིན་མས་ཐོས་ནས་ཡི་ཆད་པར་གྱུར་ཏོ། །དེ་ནས་དེས་བྱང་ཆུབ་སེམས་དཔའི་ཕང་ཚད་ཀྱི་ཕ་བོང་ལ་ཞོན་ནས་ རོལ་པའི་རྫིང་འགྲམ་དུ་འདུག་ཏེ་བདེན་པ་གསོལ་བ་བཏབ་པ། གལ་ཏེ་འདི་བྱང་ཆུབ་སེམས་དཔའ་ལས་སྐྱེས་པ་ཡིན་ན་དེ་བཞིན་དུ་རྫིང་འདིར་ཕ་བོང་དང་ལྷན་ཅིག་འཕྱོ་བར་གྱུར་ཅིག །ཇི་སྟེ་མ་ཡིན་ན་བྱིང་བར་གྱུར་ཅིག་ཅེས་ སྨྲས་ནས་ཆུར་བོར་བ་དང་། དེ་ཤིང་བལ་གྱི་འདའ་བ་བཞིན་དུ་ཕ་བོང་དང་ལྷན་ཅིག་འཕྱོ་བར་གྱུར་ཏོ། །རྒྱལ་པོ་ཟས་གཙང་གིས་ཡ་མཚན་དུ་གྱུར་པ་དེ་ཐོས་ནས་སྐྱེ་བོའི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཏེ། བྱང་ཆུབ་སེམས་ དཔའ་རོལ་པའི་རྫིང་འགྲམ་དུ་དོང་ན། ཇི་ཙམ་ན་སྒྲ་གཅན་འཛིན་བཟང་པོ་བྱང་ཆུབ་སེམས་དཔའི་ཕང་ཚད་ཀྱི་ཕ་བོང་ལ་ཞོན་ནས་ཤིང་བལ་གྱི་འདའ་བ་བཞིན་དུ་ཆུ་ན་འཕྱོ་བ་མཐོང་ངོ་། །མཐོང་ནས་ཀྱང་དགའ་བ་ དང་། མགུ་བ་དང་། རབ་ཏུ་དགའ་བ་དང་། རངས་པ་རྒྱ་ཆེན་པོ་དང་། ཡིད་བདེ་བ་སྐྱེས་ཏེ་དེ་མ་ཏུ་རྫིང་དེར་ཞུགས་ནས་གཞོན་ནུ་སྒྲ་གཅན་ཟིན་བཟང་པོ་པང་དུ་བླངས་ནས་ལངས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ 67-1-55b བདུད་ཀྱི་འཁོར་འབྱུང་པོ་བྱེ་བ་ཕྲག་སུམ་བཅུ་རྩ་དྲུག་བྱམས་པའི་མཚོན་གྱིས་མངོན་པར་བཏུལ་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་པ་དེའི་ཚེ་ས་ཆེན་པོ་འདི་ཤིན་དུ་གཡོས་པར་གྱུར་ཏོ། །འཇིག་རྟེན་འདི་ཐམས་ཅད་ཀྱང་སྣང་ བ་རྒྱ་ཆེན་པོས་གསལ་བར་གྱུར་ཏེ། འདི་ལྟར་འཇིག་རྟེན་དང་། འཇིག་རྟེན་གྱི་བར་གྱི་མུན་པ་མུན་ནག་སྨག་དུ་གྱུར་པ་ཉི་མ་དང་ཟླ་བ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་འདི་ལྟར་མཐུ་ཆེ་བའི་སྣང་བས་སྣང་བ་ཉམས་སུ་མ་མྱོང་བ་ གང་ཡིན་པ་དེ་དག་ཀྱང་དེའི་ཚེ་སྣང་བ་རྒྱ་ཆེན་པོས་གསལ་བར་གྱུར་ནས་དེར་སེམས་ཅན་གང་དག་སྐྱེས་པ་དེ་རྣམས་ཀྱིས་སྣང་བ་དེས་སེམས་ཅན་གཅིག་གིས་གཅིག་མཐོང་ནས་ཤེས་ལྡན་དག་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་པ་ ལྟ་ཞིག་ཤེས་ལྡན་དག་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་པ་ལྟ་ཞིག་ཅེས་ངོ་ཤེས་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་མེའི་ཁམས་ལ་སྙོམས་པར་ཞུགས་ནས་སྐྱིལ་མོ་དཀྲུང་གཅིག་གིས་ཞག་བདུན་འདའ་བར་མཛད་ དོ། །དེ་ནས་ཚངས་རིས་ཀྱི་ལྷ་གཉིས་ཤིག་ཚངས་པའི་འཇིག་རྟེན་ན་འདུག་པ་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་ལྟེང་རྒྱས་ན་ཆུ་ཀླུང་ནཻ་རཉྫ་ནཱའི་འགྲམ་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་སོ་ཞེས་ཟེར། མངོན་པར་རྫོགས་ པར་སངས་རྒྱས་ནས་རིང་པོ་མ་ལོན་པར་མེའི་ཁམས་ལ་སྙོམས་པར་ཞུགས་ཏེ་སྐྱིལ་མོ་དཀྲུང་གཅིག་གིས་ཞག་བདུན་འདའ་བར་མཛད་ན་དེ་ལ་སུས་ཀྱང་བསོད་སྙོམས་མ་ཕུལ་གྱིས། མ་ལ་བདག་ཅག་དེར་སོང་ལ་ཚིགས་སུ་བཅད་པ་རེ་ རེས་མངོན་པར་བསྟོད་དོ། །དེ་ནས་ཚངས་རིས་ཀྱི་ལྷ་དེ་གཉིས་ཀྱིས་འདི་ལྟ་སྟེ་སྐྱེས་བུ་སྟོབས་དང་ལྡན་པའི་དཔུང་པ་བསྐུམས་ཏེ་བརྐྱང་བ་འམ། བརྐྱང་སྟེ་བསྐུམས་པ་ཙམ་གྱིས་ཚངས་རིས་ཀྱི་ལྷ་གཉིས་ཀྱིས་ཚངས་རིས་ཀྱི་འཇིག་རྟེན་ནས་མྱི་ སྣང་བར་གྱུར་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས་ཕྱོགས་གཅིག་ཏུ་འདུག་སྟེ། ཚངས་རིས་ཀྱི་ལྷ་གཉིས་ལས་གཅིག་གིས་ཚིགས་སུ་བཅད་ཏེ་གསོལ་པ། དེད་དཔོན་གཡུལ་ལས་རྣམ་པར་རྒྱལ་བ་པོ། །སྡིག་པ་མི་མངའ་བཞེངས་ཤིག་ 67-1-56a འཇིག་རྟེན་གཟིགས། །རིན་ཆེན་ཆོས་ནི་འཚལ་བར་འགྱུར་མཆིས་ཀྱིས། །བདེ་གཤེགས་ཆོས་ཀྱི་མཆོག་ནི་བཤད་དུ་གསོལ། །གཅིག་ཤོས་ཀྱིས་ཀྱང་ཚིགས་སུ་བཅད་དེ་གསོལ་པ། ང་རྒྱལ་བཅོམ་ཞིང་གཡུལ་ལས་ རྣམ་རྒྱལ་བ། །སྡིག་པ་མི་མངའ་བཞེངས་ཤིག་འཇིག་རྟེན་གཟིགས། །བཅྭ་ལྔ་ལོན་པའི་དགུང་ཟླ་ཉ་བ་ལྟར། །ཁྱོད་ཀྱི་ཐུགས་ནི་ཤིན་དུ་རྣམ་དག་ལགས། །ཞེས་གསོལ་ནས་ཚངས་རིས་ཀྱི་ལྷ་གཉིས་དེ་ཉིད་ཏུ་མི་སྣང་བར་གྱུར་ཏོ། །དེ་ནས་ བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ནས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། འཇིག་རྟེན་འདོད་པའི་བདེ་གང་དང་། །ལྷ་ཡུལ་བྱུང་བདེ་གང་ཡིན་པ། །སྲེད་པ་ཟད་པའི་བདེ་དེ་ལ། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཁུར་ ཁྱེར་བ་ནི་སྡུག་བསྔལ་ཏེ། །ཁུར་བོར་བ་ནི་བདེ་བ་ཡིན། །ཁུར་ནི་ལྕི་བ་རྣམ་བོར་ནས། །གཞན་དག་བླང་བར་མི་བྱའོ། །སྲེད་པ་ཐམས་ཅད་རྣམ་སྤངས་ཤིང་། །འདུས་བྱས་ཐམས་ཅད་ཟད་ནས་ནི། །དངོས་པོ་ཐམས་ཅད་ཡོངས་ ཤེས་ན། །སླར་ཡང་སྲིད་པར་མི་འོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་སྐུ་ཉམས་སུ་བསྟར་བ་ལས་སྐྱིལ་མོ་དཀྲུང་གཅིག་གིས་ཞག་བདུན་འདས་པར་མཛད་པ་ན་དེ་ལ་སུས་ཀྱང་བསོད་ སྙོམས་མ་ཕུལ་ལོ། །དེའི་ཚེ་ཚོང་པ་ག་གོན་དང་། བཟང་པོ་གཉིས་ཤིང་རྟ་ལྔ་བརྒྱ་ཙམ་དང་ལྷན་ཅིག་དོང་བ་ན་ལམ་དེ་ཉིད་དུ་ཞུགས་པར་གྱུར་ཏོ། །དེ་ནས་ཚོང་པ་ག་གོན་དང་། བཟང་པོའི་སྔོན་གྱི་གྲོགས་པོ་དང་། བློན་པོ་དང་། ཉེ་དུ་དང་། མཛའ་བཤེས་སུ་གྱུར་པའི་ལྷ་ཞིག་ཡོད་པ་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་ལྟེང་རྒྱས་ན་ཆུ་ཀླུང་ནཻ་རཉྫ་ནཱའི་འགྲམ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་ རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་སྐུ་ཉམས་སུ་བསྟར་ནས་སྐྱིལ་མོ་དཀྲུང་གཅིག་གིས་ཞག་བདུན་འདས་པར་མཛད་པ་ན་དེ་ལ་སུས་ཀྱང་བསོད་སྙོམས་མ་ཕུལ་གྱིས་དེ་ལ་ཚོང་པ་ག་གོན་དང་། བཟང་པོ་གཉིས་ཀྱིས་དེར་ཐོག་མར་བསོད་ 67-1-56b སྙོམས་འབུལ་དུ་བཅུག་ན། དེ་ནི་ཚོང་པ་ག་གོན་དང་། བཟང་པོ་དེ་གཉིས་ཀྱི་ཡུན་རིང་པོའི་དོན་དང་ཕན་པ་དང་བདེ་བར་འགྱུར་གྱིས་མ་ལ་བདག་རང་གིས་འདི་ལྟ་སྟེ། བཅོམ་ལྡན་འདས་ལ་བསོད་སྙོམས་འབུལ་དུ་གཞུག་པའི་ཕྱིར་བརྩོན་ པར་བྱའོ། །སྙམ་ནས་དེ་ན་ལྷ་དེས་ཤིང་རྟ་དང་། ཚོང་པ་ཐམས་ཅད་སྣང་བ་རྒྱ་ཆེན་པོས་གསལ་བར་བྱས་ནས་ཚོང་པ་ག་གོན་དང་། བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚོང་པ་ཚོང་པ་དག་སངས་རྒྱས་བཅོམ་ལྡན་འདས་འདི་ལྟེང་རྒྱས་ན་ ཆུ་ཀླུང་ནཻ་རཉྫ་ནཱའི་འགྲམ་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་སྐུ་ཉམས་སུ་བསྟར་བ་ན་སྐྱིལ་མོ་དཀྲུང་གཅིག་གིས་ཞག་བདུན་ འདས་པར་མཛད་དེ་དེ་ལ་སུས་ཀྱང་བསོད་སྙོམས་མ་ཕུལ་གྱིས། དེ་ལ་ཁྱེད་ཀྱིས་དེར་ཐོག་མར་བསོད་སྙོམས་ཕུལ་ན་དེ་ནི་ཁྱེད་ཀྱི་ཡུན་རིང་པོའི་དོན་དང་ཕན་པ་དང་བདེ་བར་འགྱུར་རོ་ཞེས་སྨྲས་ནས་ལྷ་དེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ ཚོང་པ་ག་གོན་དང་། བཟང་པོ་གཉིས་འདི་སྙམ་དུ་སེམས་ཏེ་སངས་རྒྱས་ནི་མཆོག་མ་ཡིན་པ་མ་ཡིན་ལ། ཆོས་བཤད་པ་ཡང་མཆོག་མ་ཡིན་པ་མ་ཡིན་ཏེ། གང་གི་ཕྱིར་འདི་ལྟར་ལྷས་ཀྱང་འདི་ལྟ་སྟེ་བཅོམ་ལྡན་འདས་དེ་ལ་བསོད་སྙོམས་ དབུལ་བའི་ཕྱིར་བརྩོན་པར་བྱེད་དོ་སྙམ་ནས་ནང་པར་སྔར་ལངས་ཏེ་སྦྲང་རྩི་དང་འདའ་གུ་མང་དུ་ཁྱེར་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་ གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚོང་པ་ག་གོན་དང་། བཟང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱི་ཆེད་དུ་འདིར་བདག་ཅག་གིས་སྦྲང་རྩི་དང་འདའ་གུ་མང་དུ་འཚལ་ཏེ་མཆིས་ ཀྱིས་བཅོམ་ལྡན་འདས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་འདི་བཞེས་སུ་གསོལ། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། གལ་ཏེ་བདག་གིས་ཕྱག་གིས་བསོད་སྙོམས་བཞེས་ན་དཔེར་ན་མུ་སྟེགས་ཅན་བཞིན་དུ་ 67-1-57a འགྱུར་བས་དེ་ནི་བདག་གི་ཆ་མ་ཡིན་གྱིས་མ་ལ་བདག་གིས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སྲོག་ཆགས་རྣམས་ལ་ཕན་པའི་ཕྱིར་བསོད་སྙོམས་གང་དུ་བཞེས་པ་བསམ་པར་བྱའོ། ། སྙམ་པ་ན། བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱིས་གསོལ་པ། བཙུན་པ་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སྲོག་ཆགས་རྣམས་ལ་སྨན་པར་བགྱི་བའི་སླད་ཏུ་ལྷུང་བཟེད་ཏུ་བསོད་སྙོམས་བཞེས་ལགས་ སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དགོངས་ཤིང་ཡེ་ཤེས་གཟིགས་པ་བསྐྱེད་ན། སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྲོག་ཆགས་རྣམས་ལ་ཕན་པའི་ཕྱིར་བསོད་སྙོམས་ལྷུང་བཟེད་ཏུ་བཞེས་པར་གྱུར་ནས། དེ་ན་ བཅོམ་ལྡན་འདས་ལ་ལྷུང་བཟེད་ཀྱི་དགོངས་པ་བྱུང་ངོ་། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་ལྷུང་བཟེད་ཀྱི་དགོངས་པ་འབྱུང་བར་རིག་ནས་རི་བྲག་ཅན་ཞིག་ལ་རྡོ་བ་ལས་བྱས་པའི་ལྷུང་བཟེད་མི་མ་ཡིན་པས་བྱས་ ཤིང་མི་མ་ཡིན་པས་ཟིན་པར་བྱས་ལ་གསལ་བ་གཙང་བ་དྲི་མི་ཞིམ་པ་མེད་པ་བཞི་ཁྱེར་ཏེ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་ གོ། །ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ལ་ལྷུང་བཟེད་ཀྱི་མཁོ་བ་བྱུང་བར་བདག་ཅག་གིས་འཚལ་ནས་རི་བྲག་ཅན་ཞིག་ལ་རྡོ་ལས་ རྡོའི་ལྷུང་བཟེད་མི་མ་ལགས་པས་བགྱིས་པ་གསལ་བ་གཙང་བ་དྲི་ང་བ་མ་མཆིས་པ་བཞི་འདིར་འཚལ་ཏེ་མཆིས་ན། བཅོམ་ལྡན་འདས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་བཞེས་སུ་གསོལ། དེ་ནས་བཅོམ་ལྡན་འདས་འདི་ སྙམ་དུ་དགོངས་ཏེ། གལ་ཏེ་བདག་གིས་རྒྱལ་པོ་ཆེན་པོ་གཅིག་ལས་ལྷུང་བཟེད་གཅིག་བཞེས་ན་གསུམ་གྱི་སེམས་མི་དགའ་བར་འགྱུར་རོ། །གལ་ཏེ་གཉིས་ལས་ན་ནི་གཉིས་ཀྱི་སེམས་མི་དགའ་བར་འགྱུར་རོ། །གལ་ཏེ་ 67-1-57b གསུམ་ལས་ན་ནི་གཅིག་གི་སེམས་མི་དགའ་བར་འགྱུར་གྱིས་མ་ལ་བདག་གིས་རྒྱལ་པོ་ཆེན་པོ་བཞི་ལས་ལྷུང་བཟེད་བཞི་བཞེས་ལ་ལྷུང་བཟེད་གཅིག་ཏུ་བྱིན་གྱིས་བརླབ་པར་བྱའོ་སྙམ་ནས་དེ་ནས་བཅོམ་ལྡན་འདས་ཀྱིས་ རྒྱལ་པོ་ཆེན་པོ་བཞི་ལས་ལྷུང་བཟེད་བཞི་བཞེས་ཏེ། ལྷུང་བཟེད་གཅིག་ཏུ་བྱིན་གྱིས་བརླབས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚོང་པ་ག་གོན་དང་། བཟང་པོ་ལས་སྲོག་ཆགས་རྣམས་ལ་ཕན་པའི་ཕྱིར་བསོད་ སྙོམས་བཞེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚོང་པ་ག་གོན་དང་། བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚོང་པ་དག་ཁྱེད་ཚུར་སངས་རྒྱས་ལ་སྐྱབས་སུ་དེང་ཤིག་ཆོས་ལ་སྐྱབས་སུ་དེང་ཤིག །མ་འོངས་ པའི་དུས་ན་འབྱུང་བར་འགྱུར་བའི་དགེ་འདུན་ཞེས་བྱ་བ་གང་ཡིན་པ་དེ་ལ་ཡང་སྐྱབས་སུ་དེང་ཤིག །བཙུན་པ་བདག་ཅག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །མ་འོངས་པའི་དུས་ན་འབྱུང་ བར་འགྱུར་བའི་དགེ་འདུན་གང་ལགས་པ་དེ་ལ་ཡང་སྐྱབས་སུ་མཆིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚོང་པ་ག་གོན་དང་། བཟང་པོའི་སྦྱིན་པ་དེ་ལ་རྗེས་སུ་ཡི་རང་བ་མཛད་དེ། གང་གི་དོན་དུ་སྦྱིན་པ་བཏང་། ། དེ་ཡི་དོན་དུ་འགྱུར་བ་སྟེ། །བདེ་བའི་དོན་དུ་སྦྱིན་བཏང་ན། །དེ་ནི་བདེ་བར་འགྱུར་བ་ཡིན། །བསོད་ནམས་རྣམ་སྨིན་བདེ་བ་དང་། །བསམ་པ་ཡང་ནི་འགྲུབ་པར་འགྱུར། །མྱུར་དུ་ཞི་བ་དམ་པ་ཡི། །མྱ་ངན་འདས་ པ་རྟོགས་པར་འགྱུར། །ཕ་རོལ་ལས་བྱུང་གནོད་པ་ནི། །ལྷ་དང་བདུད་ཀྱི་རིས་དག་གིས། །བསོད་ནམས་ཁོ་ན་བྱེད་པ་ན། །བར་ཆད་བྱ་བར་མི་ནུས་སོ། །གལ་ཏེ་འཕགས་པའི་ཤེས་རབ་ཕྱིར། །གཏོང་ལྡན་དེ་ནི་ འབད་བྱེད་ན། །སྡུག་བསྔལ་ཐ་མར་བྱེད་པ་དག །རྣམ་པར་མཐོང་ཞེས་རེག་པར་འགྱུར། །དེ་ནས་ཚོང་པ་ག་གོན་དང་། བཟང་པོ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རང་ནས་བཅོམ་ 67-1-58a ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚོང་པ་ག་གོན་དང་། བཟང་པོ་ལས་བསོད་སྙོམས་བཞེས་ནས་ཆུ་ཀླུང་ནཻ་རཉྫ་ ནཱ་བ་གང་ན་བ་དེར་གཤེགས་ཏེ་བྱོན་ནས་ཆུ་ཀླུང་ནཻ་རཉྫ་ནཱའི་འགྲམ་དུ་བཞུགས་ཏེ་ཞལ་ཟས་ཀྱི་བྱ་བ་མཛད་དོ། །དེ་ན་སྦྲང་རྩི་ཡང་རླུང་སློང་ལ་འདེ་གུ་ཡང་རླུང་སློང་བ་དེས་ན་བཅོམ་ལྡན་འདས་རླུང་ནད་ཀྱི་སྙུན་ཀྱིས་ཐེབས་སོ། །དེ་ནས་ བདུད་སྡིག་ཅན་གྱིས་བཅོམ་ལྡན་འདས་རླུང་ནད་ཀྱི་སྙུན་ཀྱིས་ཐེབས་པར་རིག་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་འདའ་བའི་ དུས་ལ་བབ་ལགས་སོ། །བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ལ་བབ་ལགས་སོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། འདི་ལྟ་སྟེ། དཀྲུག་པའི་ལས་ཀྱི་ཕྱིར་བདུད་སྡིག་ཅན་འདི་ཉེ་ བར་འོངས་སོ་སྙམ་དུ་དགོངས་ནས་བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྡིག་ཅན་ཇི་སྲིད་ངའི་ཉན་ཐོས་མཁས་པ་གསལ་བ་ཡིད་གཞུངས་པ། ཕ་རོལ་གྱི་རྩོད་པ་བྱུང་ཞིང་བྱུང་བ་རྣམས་ཆོས་བཞིན་གྱིས་ཚར་གཅོད་ནུས་ པ། རང་གི་སྨྲ་བ་གསལ་བར་བྱེད་ནུས་པ། དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་བྱུང་བར་མ་གྱུར་པ་དང་། ངའི་ཚངས་པར་སྤྱོད་པ་རྒྱ་ཆེན་པོ་སྐྱེ་བོ་མང་པོ་དང་། ལྷ་དང་མིའི་བར་ལ་རྒྱ་ཆེར་ཡང་ དག་པར་ལེགས་པར་རབ་ཏུ་མ་བསྟན་ཀྱི་བར་དུ་ང་ཡོངས་སུ་མྱ་ངན་ལས་མི་འདའོ། །དེ་ནས་བདུད་སྡིག་ཅན་འདི་སྙམ་དུ་དགོངས་ཏེ། ཀྱེ་མའོ་དགེ་སྦྱོང་གཽ་ཏ་མ་ནི་ཡོངས་སུ་མྱ་ངན་ལས་མི་འདའོ་སྙམ་དུ་བསམས་ནས་སྡུག་བསྔལ་ཞིང་ ཡིད་མི་བདེ་ལ་འགྱོད་པས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་རླུང་ནད་ཀྱི་སྙུན་གྱིས་ཐེབས་པར་རིག་ནས་ཤིང་འཛམ་བུ་ཞེས་བྱ་བས་འཛམ་བུའི་གླིང་དུ་གདགས་པ་གང་ཡིན་ 67-1-58b པ་དེ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་ཨ་རུ་ར་ཆེན་པོའི་ཚལ་ཡོད་དེ། དེ་ནས་ཁ་དོག་དང་དྲི་དང་རོ་དང་ལྡན་པའི་ཨ་རུ་ར་བླངས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་ བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བསེར་མའི་སྙུན་ནད་ཀྱི་སྙུན་གྱིས་ཐེབས་ པར་བདག་གིས་འཚལ་ནས་ཤིང་འཛམ་བུ་ཞེས་བྱ་བས་འཛམ་བུའི་གླིང་དུ་གདགས་པ་གང་ལགས་པ་དེ་དང་ཧ་ཅང་མི་རིང་བ་ན་ཨ་རུ་ར་ཆེན་པོའི་ཚལ་མཆིས་ཏེ། དེ་ནས་བདག་གིས་ཁ་དོག་དང་དྲི་དང་རོ་དང་ལྡན་པའི་ཨ་རུ་ར་འདིར་འཚལ་ཏེ་ མཆིས་ཀྱིས་དེ་བཅོམ་ལྡན་འདས་གསོལ་ཅིག །བཅོམ་ལྡན་འདས་ཀྱིས་དེ་གསོལ་པ་དང་། བསེར་མ་དང་འཐུན་པར་འགྱུར་ཞིང་བསེར་མའི་སྙུན་ཉེ་བར་ཞི་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་གསོལ་པ་དང་། རླུང་དང་འཐུན་ པར་གྱུར་ནས་རླུང་ནད་ཀྱི་སྙུན་ཉེ་བར་ཞི་བར་གྱུར་ཏོ། །དེ་ན་བཅོམ་ལྡན་འདས་ཤིན་དུ་བཟོད་ཅིང་ལྷག་པར་འཚོ་བར་གྱུར་ཏོ། །དེ་ན་བཅོམ་ལྡན་འདས་ཇི་ཙམ་དགྱེས་ཀྱི་བར་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ནས་ཀླུའི་རྒྱལ་པོ་ བཏང་བཟུང་གི་གནས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་ཤིང་གི་དྲུང་དུ་བརྟེན་ཏེ་སྐྱིལ་མོ་དཀྲུང་བཅས་ནས། སྐུ་དྲང་པོར་བསྲང་སྟེ། དྲན་པ་མངོན་དུ་ཕྱོགས་པར་བཞག་ནས་བཞུགས་སོ། །དེའི་ཚེ་ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་ སུ་ཞག་བདུན་དུ་དུས་མ་ཡིན་པའི་སྤྲིན་ཆགས་པར་གྱུར་ཏོ། །དེ་ནས་ཀླུའི་རྒྱལ་པོ་བཏང་བཟུང་གིས་ཞག་བདུན་དུ་དུས་མ་ཡིན་པའི་སྤྲིན་ཆགས་པར་རིག་ནས་གནས་ནས་མངོན་པར་འཕགས་ཏེ། བཅོམ་ལྡན་འདས་ཞག་བདུན་པོ་འདི་ ལ་བསེར་བར་འགྱུར་དུ་འོང་། ཚ་བ་དང་སྦྲང་མ་དང་། ཤ་སྦྲང་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱི་རེག་པས་སྐུ་ལ་གནོད་པར་འགྱུར་དུ་འོང་ཞེས་ལུས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་ལ་ལན་བདུན་དུ་དཀྲིས་ཏེ་སྟེང་དུ་མགོའི་གདེངས་ 67-1-59a ཀ་ཆེན་པོ་བྱས་ནས་འདུག་གོ། །དེ་ནས་ཀླུའི་རྒྱལ་པོ་བཏང་བཟུང་གིས་ཞག་བདུན་གྱི་དུས་མ་ཡིན་པའི་སྤྲིན་ཆགས་པ་མེད་པར་རིག་ནས་བཅོམ་ལྡན་འདས་ཀྱི་སྐུ་ལས་ལུས་ཕྲལ་ཏེ། དཔུང་རྒྱན་དང་། རྣ་རྒྱན་དང་། ཕྲེང་བ་དང་། རྒྱན་སྣ་ཚོགས་དང་། བྱུག་པས་བྱུགས་ནས་བཅོམ་ལྡན་འདས་ག་ན་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགུང་བདུན་པོ་འདི་ལ་བསེར་ བར་མ་གྱུར་ཏམ། ཚ་བ་དང་། སྦྲང་མ་དང་། ཤ་སྦྲང་དང་། བསེར་མ་དང་། གདུགས་དང་། སྡིག་སྦྲུལ་གྱི་གནོད་པས་སྐུ་ལ་རེག་པར་མ་གྱུར་ཏམ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། བདེན་པའི་དགའ་བ་བདེ་བ་ཡིན། །ཆོས་ཐོས་པ་ལ་ལྟ་བ་དང་། །སྲོག་ཆགས་རྣམས་ལ་སྡོམ་པ་ཡིས། །འཇིག་རྟེན་འཚེ་བ་མེད་པ་བདེ། །འཇིག་རྟེན་འདོད་ཆགས་བྲལ་བ་དང་། །འདོད་པ་རྣམས་ལ་རྒལ་བ་བདེ། །ང་འོ་ང་རྒྱལ་ཐུལ་ བ་གང་། །དེ་ཉིད་བདེ་བའི་དམ་པ་ཡིན། །དེ་ནས་བཅོམ་ལྡན་འདས་ཇི་ཙམ་བཞེད་ཀྱི་བར་དུ་ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་ན་བཞུགས་ནས། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་གཤེགས་ཏེ་བྱོན་པ་དང་། རྩྭའི་གདིང་བ་བཤམས་ པ་ཉིད་ལ་སྐྱིལ་མོ་དཀྲུང་བཅས་སྐུ་དྲང་པོར་བསྲང་ནས། དྲན་པ་མངོན་དུ་ཕྱོགས་པར་བཞག་ནས་བཞུགས་ཏེ་སྐྱིལ་མོ་དཀྲུང་གཅིག་གིས་ཞག་བདུན་འདས་པར་མཛད་ཅིང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ པོ་ལུགས་དང་འཐུན་པ་དང་། ལུགས་དང་མི་འཐུན་པ་འདི་ཉིད་ལ་གཟིགས་པར་མཛད་དེ། འདི་ལྟ་སྟེ། འདི་ཡོད་པས་འདི་ཡོད། འདི་སྐྱེས་པས་འདི་སྐྱེ་བ་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་ རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་ 67-1-59b རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ་ དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ་འདི་མེད་ན་འདི་མེད་ལ། འདི་འགགས་པས་འདི་འགག་པར་འགྱུར་ཏེ། འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག་འདུ་བྱེད་ འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་ པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་འགག་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ ཞག་བདུན་པོ་དེ་ཉིད་འདས་པར་མཛད་ནས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། གང་ཚེ་ཆོས་འདི་དག་ནི་སྐྱེད་བྱེད་པའི། །བརྩོན་འགྲུས་ལྡན་པའི་བསམ་གཏན་ཚངས་པ་ཡིན། །གང་ ཚེ་ཆོས་རྣམས་རྒྱུ་དང་བཅས་ཤེས་པ། །དེ་ནས་དེ་ཡི་སོམ་ཉི་ཐམས་ཅད་འབྲལ། །གང་ཚེ་ཆོས་འདི་དག་ནི་སྐྱེད་བྱེད་པའི། །བརྩོན་འགྲུས་ལྡན་པའི་བསམ་གཏན་ཚངས་པ་ཡིན། །གང་ཚེ་སྡུག་བསྔལ་རྒྱུ་དང་བཅས་ཤེས་པ། ། དེ་ནས་དེའི་སོམ་ཉི་ཐམས་ཅད་འབྲལ། །གང་ཚེ་ཆོས་འདི་དག་ནི་སྐྱེད་བྱེད་པའི། །བརྩོན་འགྲུས་ལྡན་པའི་བསམ་གཏན་ཚངས་པ་ཡིན། །གང་ཚེ་ཚོར་བ་ཟད་པ་ཐོབ་གྱུར་པ། །དེ་ནས་དེ་ཡི་སོམ་ཉི་ཐམས་ཅད་འབྲལ། །གང་ཚེ་ 67-1-60a ཆོས་འདི་དག་ནི་སྐྱེད་བྱེད་པའི། །བརྩོན་འགྲུས་ལྡན་པའི་བསམ་གཏན་ཚངས་པ་ཡིན། །གང་ཚེ་རྐྱེན་རྣམས་ཟད་པ་ཐོབ་ནས་ནི། །དེ་ནས་དེ་ཡི་སོམ་ཉི་ཐམས་ཅད་འབྲལ། །གང་ཚེ་ཆོས་འདི་དག་ནི་སྐྱེད་བྱེད་པའི། །བརྩོན་ འགྲུས་ལྡན་པའི་བསམ་གཏན་ཚངས་པ་ཡིན། །གང་ཚེ་ཟག་པ་ཟད་པ་ཐོབ་གྱུར་ནས། །དེ་ནས་དེ་ཡི་སོམ་ཉི་ཐམས་ཅད་འབྲལ། །གང་ཚེ་ཆོས་འདི་དག་ནི་སྐྱེད་བྱེད་པའི། །བརྩོན་འགྲུས་ལྡན་པའི་བསམ་གཏན་ཚངས་པ་ཡིན། །འཇིག་ རྟེན་ཀུན་དུ་སྣང་བར་འདུག་པ་ནི། །ཇི་ལྟར་བར་སྣང་ཉི་མ་ཤར་བ་བཞིན། །གང་ཚེ་ཆོས་འདི་དག་ནི་སྐྱེད་བྱེད་པའི། །བརྩོན་འགྲུས་ལྡན་པའི་བསམ་གཏན་ཚངས་པ་ཡིན། །བདུད་ཀྱི་སྡེ་རྣམས་རྣམ་པར་བཅོམ་གནས་ཏེ། །སངས་རྒྱས་ ཀུན་དུ་སྦྱོར་ལས་རྣམ་པར་གྲོལ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། བདག་གིས་ཆོས་ཟབ་མོ་ཟབ་པར་སྣང་བ། མཐོང་བར་དཀའ་ཞིང་ཁོང་དུ་ཆུད་པར་དཀའ་བ། རྟོག་གེ་པ་རྣམས་ཀྱི་རྟོག་གེའི་སྤྱོད་ཡུལ་མ་ཡིན་ པ། ཞིབ་མོ། འཛངས་པའི་མཁས་པ་དང་། རིག་པས་རྣམ་པར་ཤེས་པར་བྱ་བ་རྟོགས་ཏེ། དེ་བདག་གིས་གཞན་ལ་སྨྲས་ཀྱང་གཞན་གྱིས་དེ་མི་ཤེས་པས་དེས་བདག་དུབ་པར་འགྱུར། ངལ་བར་འགྱུར། སེམས་ལ་སྤྲོ་བ་མེད་པ་ཁོ་ ནར་འགྱུར་བར་ཟད་པས། མ་ལ་བདག་གཅིག་པུ་དགོན་པའི་ནགས་སྟུག་པོར་མཐོང་བའི་ཆོས་ལ་བདེ་བར་གནས་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་པར་གནས་པར་བྱའོ་སྙམ་སྟེ། དེ་ན་བཅོམ་ལྡན་འདས་ཐུགས་ལས་ཆུང་ངུས་ བཞུགས་པ་ལ་ཐུགས་གཞོལ་བར་མཛད་ཅིང་ཆོས་འཆད་པ་ལ་མ་ཡིན་ནོ། །དེ་ནས་ཚངས་པ་མི་མཇེད་ཀྱི་བདག་པོ་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ་འཇིག་རྟེན་འདི་མ་རུང་ངོ་། །ཀྱེ་མའོ་འཇིག་རྟེན་འདི་མ་རུང་སྟེ། གང་གི་ཕྱིར་དེ་ ལྟར་བརྒྱ་ལམ་ན། ལན་འགའ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་བ་ནི་དཔེར་ན་ཨུ་དུམ་བ་རའི་མེ་ཏོག་བཞིན་བཅོམ་ལྡན་འདས་དེ་ད་ལྟར་ཐུགས་ལས་ཆུང་ངུས་བཞུགས་ 67-1-60b པ་ལ་ཐུགས་གཞོལ་བར་མཛད་ཅིང་ཆོས་འཆད་པ་ལ་མ་ཡིན་པས་མ་ལ་བདག་དེར་སོང་ལ་གསོལ་བ་གདབ་བོ་སྙམ་མོ། །དེ་ནས་ཚངས་པ་མི་མཇེད་ཀྱི་བདག་པོས་དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པའི་དཔུང་པ་བསྐུམས་ནས་ བརྐྱང་བ་འམ། བརྐྱང་ནས་བསྐུམས་པ་ཙམ་གྱིས་ཚངས་པ་མི་མཇེད་ཀྱི་བདག་པོ་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་ཚངས་པ་མི་མཇེད་ཀྱི་བདག་པོས་དེའི་ཚེ་ཚིགས་ སུ་བཅད་དེ་གསོལ་པ། མ་ག་དྷཱར་ནི་སྔོན་ཆད་ཆོས་བྱུང་བ། །དག་པ་མ་ལགས་དྲི་མར་བཅས་པར་རྟོགས། །བདུད་རྩི་ཆོས་ཀྱི་སྒོ་ནི་ཕྱེ་མཛོད་ལ། །དྲི་མ་མེད་པས་རྟོགས་པ་བཤད་པར་མཛོད། །དེ་ནས་བཅོམ་ལྡན་འདས་ ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཚངས་པ་ངས་ནི་ཚེགས་ཆེན་གྱིས། །སྐྱོན་རྣམས་བཅོམ་ནས་རྟོགས་གྱུར་པ། །སྲིད་དང་ཆགས་པས་དཀྲིས་རྣམས་ཀྱིས། །ཆོས་འདི་ལེགས་པར་རྟོགས་མི་འགྱུར། ། རྒྱུན་ལས་བཟློག་ཕྱོགས་འགྲོ་བའི་ལམ། །ཟབ་ཅིང་ཤིན་དུ་མཐོང་དཀའ་བ། །མུན་པའི་ཕུང་པོས་བསྒྲིབས་པ་ཡི། །འདོད་ཆགས་ཞེན་པས་མཐོང་མི་འགྱུར། །བཙུན་པ་འཇིག་རྟེན་དུ་སྐྱེས་ཤིང་འཇིག་རྟེན་དུ་རྒས་པའི་ སེམས་ཅན་རྣམས་ལ་དབང་པོ་རྣོན་པོ་དང་། དབང་པོ་འབྲིང་པོ་དང་། དབང་པོ་རྟུལ་པོ་དང་། དྲང་སླ་བ་དང་། གདུལ་སླ་བ་དང་། ཉོན་མོངས་པ་ཆུང་བ་དང་། རྡུལ་ཆུང་བའི་རིགས་མཆིས་ཏེ་དེ་དག་གིས་དམ་པའི་ཆོས་མ་ཐོས་ ན་ཡོངས་སུ་ཉམས་པར་འགྱུར་ལགས་སོ། །བཙུན་པ་དཔེར་ན། ཨུད་པ་ལ་འམ། པད་མ་འམ། པད་མ་དཀར་པོ་དག་ཆབ་ནས་སྐྱེས་ཤིང་ཆབ་ནས་ཆེན་པོར་གྱུར་ཏེ། ཆབ་ནས་འཕགས་ཏེ་ཁ་ཅིག་ནི་ཆབ་དང་མཉམ། ཁ་ཅིག་ནི་ཆབ་ཀྱི་ནང་དུ་ནུབ་ཅིང་མཆིས་པ་དེ་བཞིན་དུ་བཙུན་པ་འཇིག་རྟེན་དུ་སྐྱེས་ཤིང་འཇིག་རྟེན་དུ་རྒས་པའི་སེམས་ཅན་རྣམས་ལ་ཡང་དབང་པོ་རྣོན་པོ་དང་། དབང་པོ་འབྲིང་པོ་དང་། དབང་པོ་རྟུལ་པོ་དང་། དྲང་སླ་ 67-1-61a བ་དང་། ཉོན་མོངས་པ་ཆུང་བ་དང་། རྡུལ་ཆུང་བའི་རིགས་མཆིས་ཏེ་དེ་དག་གིས་དམ་པའི་ཆོས་མ་ཐོས་ན་ཡོངས་སུ་ཉམས་པར་འགྱུར་བས་ཆོས་རིན་པོ་ཆེ་འཚལ་བར་འགྱུར་བ་མཆིས་ཀྱིས། བཅོམ་ལྡན་འདས་ ཆོས་བཤད་དུ་གསོལ། བདེ་བར་གཤེགས་པ་ཆོས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ་མ་ལ་ང་ཉིད་ཀྱི་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་བལྟ་བར་བྱའོ་སྙམ་ནས། དེ་ནས་བཅོམ་ ལྡན་འདས་ཉིད་ཀྱི་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། བཅོམ་ལྡན་འདས་ཉིད་ཀྱི་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་པ་དང་། འཇིག་རྟེན་དུ་སྐྱེས་ཤིང་འཇིག་རྟེན་དུ་རྒས་པའི་སེམས་ཅན་ རྣམས་ལ་དབང་པོ་རྣོན་པོ་དང་། དབང་པོ་འབྲིང་པོ་དང་། དབང་པོ་རྟུལ་པོ་དང་། དྲང་སླ་བ་དང་། གདུལ་སླ་བ་དང་། ཉོན་མོངས་པ་ཆུང་བ་དང་། རྡུལ་ཆུང་བའི་རང་བཞིན་ཡོད་དོ། །དེ་དག་དམ་པའི་ཆོས་མ་ཐོས་ན་ཡོངས་སུ་ ཉམས་པར་འགྱུར་བར་གཟིགས་སོ། །གཟིགས་ནས་ཀྱང་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོ་གཞོལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་ཏེ་བཀའ་སྩལ་པ། བདུད་རྩི་སྒོ་མོ་དག་ནི་ དབྱེ་བར་བྱ། །ཉན་པ་སུ་འདོད་སོམ་ཉི་སོལ་ཅིག་དང་། །ཚངས་པ་མི་རྣམས་ལ་ནི་གྱ་ནོམ་ཆོས། །ཀླན་ཀ་མི་བཙལ་མདོ་ཙམ་བཤད་པར་བྱ། །དེ་ནས་ཚངས་པ་མི་མཇེད་ཀྱི་བདག་པོ་འདི་སྙམ་དུ་སེམས་ཏེ། ཀྱེ་བཅོམ་ལྡན་འདས་ ཀྱིས་ཆོས་བཤད་པར་འགྱུར་རོ། །ཨེ་མ་བདེ་བར་གཤེགས་པས་ཆོས་བསྟན་པར་འགྱུར་རོ་སྙམ་དུ་རིག་ནས། དགའ་བ་དང་། མགུ་བ་དང་། མཆོག་ཏུ་དགའ་བ་དང་། དགའ་བ་རྒྱ་ཆེན་པོ་དང་། ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ་ངས་སུ་ལ་ཐོག་མར་ཆོས་བཤད་པར་བྱ་སྙམ་ 67-1-61b མོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། མ་ལ་ངས་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དེ་ལ་ཐོག་མར་ཆོས་བཤད་པར་བྱ་སྟེ། དེ་ནི་ངའི་ཐོག་མའི་སློབ་དཔོན་ཁོ་ན་ཡིན་བཞིན་དུ་རྗེད་པའི་དམ་པས་རྗེད་ཅིང་མཆོད་པའི་ དམ་པས་མཆོད་ལ་རྟོགས་པ་དམ་པ་དག་ལ་ཡང་ཡི་རངས་ཤིང་དད་པར་གྱུར་པ་ཡིན་ནོ་སྙམ་མོ། །བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱིས་གསོལ་པ། བཙུན་པ་སྒྱུ་རྩལ་ཤེས་ཀྱི་བུ་གུམ་ནས་དགུང་བདུན་ལགས་སོ། །བཅོམ་ལྡན་འདས་ ཀྱིས་ཀྱང་དགོངས་པ་ལ་ཞུགས་ཏེ་ཡེ་ཤེས་གཟིགས་པ་བསྐྱེད་ན་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ཤི་ནས་ཞག་བདུན་ལོན་ནོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཨེ་མའོ་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ཤི་བ་དེ་ནི་ཏེ་ པོར་མ་སྟེས་སོ། །ཨེ་མའོ་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ཤི་བ་དེ་ནི་ཤིན་དུ་ཏེ་པོར་མ་སྟེས་ཏེ་ཆོས་འདུལ་བ་འདི་མ་ཐོས་སོ། །གལ་ཏེ་འདིས་ཆོས་འདུལ་བ་འདི་ཐོས་ན་ཤེས་པར་འགྱུར་བ་ཞིག་སྙམ་མོ། །དེ་ནས་བཅོམ་ལྡན་འདས་འདི་ སྙམ་དུ་དགོངས་ཏེ། མ་ལ་ངས་ཐོག་མར་སུ་ཞིག་ལ་ཆོས་བཤད་སྙམ་མོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། མ་ལ་ངས་རངས་བྱེད་ཀྱི་བུ་ལྷག་སྤྱོད་དེ་ལ་ཐོག་མར་ཆོས་བཤད་པར་བྱ་སྟེ་དེ་ནི་ངའི་ཐོག་མའི་སློབ་ དཔོན་ཁོ་ན་ཡིན་བཞིན་དུ་རྗེད་པའི་དམ་པས་རྗེད་ཅིང་མཆོད་པའི་དམ་པས་མཆོད་ལ་རྟོགས་པ་དམ་པ་དག་ལ་ཡང་ཡི་རངས་ཤིང་དད་པར་གྱུར་ཏོ་སྙམ་མོ། །བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱིས་གསོལ་པ། བཙུན་པ་རངས་བྱེད་ཀྱི་ བུ་ལྷག་སྤྱོད་མ་དང་སུམ་སྲོད་ལ་གུམ་ལགས་སོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་ལ་ཞུགས་ཏེ་ཡེ་ཤེས་གཟིགས་པ་བསྐྱེད་ན་རངས་བྱེད་ཀྱི་བུ་ལྷག་སྤྱོད་སྲོད་ལ་ཤི་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་ དགོངས་ཏེ། ཨེ་མའོ་རངས་བྱེད་ཀྱི་བུ་ལྷག་སྤྱོད་ཤི་བ་དེ་ནི་ཏེ་པོར་མ་སྟེས་སོ། །ཨེ་མའོ་རངས་བྱེད་ཀྱི་བུ་ལྷག་སྤྱོད་ཤི་བ་དེ་ནི་ཤིན་དུ་ཏེ་པོར་མ་སྟེས་ཏེ་ཆོས་འདུལ་བ་འདི་མ་ཐོས་སོ། །གལ་ཏེ་ངེས་ཆོས་འདུལ་བ་འདི་ 67-1-62a ཐོས་ན་ཤེས་པར་འགྱུར་བ་ཞིག་སྙམ་མོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། མ་ལ་ངས་ཐོག་མར་སུ་ཞིག་ལ་ཆོས་བཤད་སྙམ་མོ། །དེ་ནས་འདི་སྙམ་དུ་དགོངས་ཏེ་མ་ལ་ངས་ལྔ་སྡེའི་དགེ་ སློང་དེ་རྣམས་ལ་ཐོག་མར་ཆོས་བཤད་པར་བྱ་སྟེ། དེ་དག་གིས་ང་སྔོན་སྡུག་བསྔལ་སྤོང་བའི་རྣལ་འབྱོར་ཀྱི་རྗེས་སུ་བརྩོན་པར་གནས་པ་དང་བླ་མ་དང་། གུས་པ་དང་། སྡུག་པ་དང་བཅས་པས་གནས་པ་ཡིན་ནོ་སྙམ་མོ། །དེ་ནས་ བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ལྔ་སྡེའི་དགེ་སློང་རྣམས་ད་ལྟར་གང་ན་འདུག་སྙམ་ནས་བཅོམ་ལྡན་འདས་ཀྱི་ལྷའི་སྤྱན་རྣམ་པར་དག་པ་མི་རྣམས་ཀྱི་ལས་འདས་པས་ལྔ་སྡེའི་དགེ་སློང་རྣམས་བཱ་ར་ཎ་སཱི་ན་དྲང་སྲོང་སྨྲ་ བ་རི་དགས་ཀྱི་གནས་ན་འཁོད་པ་གཟིགས་སོ། །གཟིགས་ནས་ཀྱང་ཇི་ཙམ་བཞེད་ཀྱི་བར་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ནས་བཱ་ར་ཎ་སཱིའི་ཀ་ཤིའི་གྲོང་རྡལ་གང་ན་བ་དེར་རྒྱུ་ཞིང་གཤེགས་སོ། །དེའི་ཚེ་ཀུན་དུ་འཚོ་ཉེར་ འགྲོ་ལམ་དེ་ཉིད་དུ་ལམ་དུ་ཞུགས་པར་གྱུར་ཏེ། ཀུན་དུ་འཚོ་ཉེར་འགྲོས་བཅོམ་ལྡན་འདས་ལམ་ནས་གཤེགས་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་གཽ་ཏ་མ་ཁྱོད་ཀྱི་དབང་པོ་རྣམས་ནི་ དང་། བཞིན་གྱི་མདོག་ནི་ཡོངས་སུ་དག །ལྤགས་པའི་མདོག་ནི་གསལ་ན། ཚེ་དང་ལྡན་པ་གཽ་ཏ་མ་ཁྱོད་ཀྱི་སྟོན་པ་ནི་གང་། ཁྱོད་སུ་ལས་བརྟེན་ཏེ་རབ་དུ་བྱུང་། ཁྱོད་སུའི་ཆོས་ལ་དགའ། བཅོམ་ལྡན་འདས་ཀྱིས་དེའི་ ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ང་དང་འདྲ་བ་ཡོད་མིན་པས། །ང་ལ་སློབ་དཔོན་འགའ་མེད་དེ། །འཇིག་རྟེན་སངས་རྒྱས་ང་གཅིག་པུ། །ཡང་དག་བྱང་ཆུབ་དམ་པ་ཐོབ། །ཐམས་ཅད་ཟིལ་མནན་འཇིག་རྟེན་ཀུན་མཁྱེན་ ལ། །འདི་ནི་ཆོས་ཀུན་ཀྱིས་ནི་ང་མ་གོས། །ཐམས་ཅད་སྤངས་ཤིང་སྲེད་བྲལ་རྣམ་གྲོལ་ཏེ། །རང་གིས་མངོན་པར་ཤེས་ནས་སུ་ལ་རྟེན། །དེ་བཞིན་གཤེགས་པ་ལྷ་མིའི་སྟོན་པ་པོ། །ཐམས་ཅད་མཁྱེན་པའི་སྟོབས་ནི་ 67-1-62b ཀུན་ལྡན་པས། །ཉིད་ཀྱིས་བྱང་ཆུབ་རྟོགས་ནས་རབ་གསུངས་པ། །མི་མཉམ་མཚུངས་པ་མེད་ན་སུ་ལ་རྟེན། །ང་ནི་འཇིག་རྟེན་དགྲ་བཅོམ་སྟེ། །འཇིག་རྟེན་བླ་མེད་ང་ཡིན་པས། །ལྷ་དང་བཅས་པའི་འཇིག་རྟེན་ན། །ང་ནི་རྒྱལ་བ་ བདུད་ཟིལ་གནོན། །ཚེ་དང་ལྡན་པ་གཽ་ཏ་མ་རྒྱལ་བ་ཞེས་གསུང་ངམ། གང་གིས་ཟག་པ་ཟད་ཐོབ་པ། །རྒྱལ་བ་ང་འདྲར་ཤེས་པར་བྱ། །སྡིག་པའི་ཆོས་ནི་ངས་བཅོམ་པས། །དེ་བས་ཉེར་འགྲོ་ང་རྒྱལ་བའོ། །ཚེ་དང་ལྡན་པ་གཽ་ཏ་མ་གང་ དུ་བཞུད། །བཱ་ར་ཎ་སཱིར་གཤེགས་ནས་ནི། །ངས་ནི་ཆོས་ཀྱི་རྔ་བརྡུང་ཞིང་། །འཇིག་རྟེན་མ་བསྐོར་གང་ཡིན་པ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །འཇིག་རྟེན་ཆགས་པ་ལས་རྒལ་བའི། །ཀུན་མཁྱེན་སངས་རྒྱས་ཞི་གྱུར་པ། །འཇིག་ རྟེན་བསྒྲལ་བ་མ་བྱས་པར། །སྐྱེས་བུ་དམ་པ་གྲངས་མི་སྲིད། །ཚེ་དང་ལྡན་པ་གཽ་ཏ་མ་རྒྱལ་བ་ལེགས་སོ་ཞེས་གསོལ་ནས། ཀུན་དུ་འཚོ་ཉེར་འགྲོ་ལམ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཡུལ་ཀ་ཤིའི་ལྗོངས་རྒྱུ་ཞིང་གཤེགས་ པ་ན་བཱ་ར་ཎ་སཱིར་བྱོན་ཏོ། །དེའི་ཚེ་ལྔ་སྡེའི་དགེ་སློང་རྣམས་བཱ་ར་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་འཁོད་དོ། །ལྔ་སྡེའི་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་རྒྱང་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་ཕན་ཚུན་ནས་ཆེད་ དུ་བསམས་ཏེ་ལེགས་པར་འདུག་ནས་ཁྲིམས་སུ་བཅས་པ། ཤེས་ལྡན་དག་དགེ་སྦྱོང་གཽ་ཏ་མ་མི་བརྟན་པ། བྱ་བ་མང་བ། མང་པོས་འཚོ་བ། སྤོང་བ་ཉམས་པ་དེང་འབྲས་ཅན་དང་ཟན་དྲོན་གྱི་ཁ་ཟས་ལ་མང་དུ་ཟ་ཞིང་ལུས་ མར་སར་དང་ཏིལ་མར་གྱིས་བྱུགས་ནས་ཆུ་འཇམ་པོས་ལུས་ཁྲུས་བྱེད་ཅིང་འོང་གིས་དེ་བདག་ཅག་གི་དྲུང་དུ་འོངས་པ་དང་དེ་ལ་སྨྲ་བར་མི་བྱ། ཕྱག་མི་བྱ། ལྡང་བར་མི་བྱ། ལངས་ཏེ་སྟན་བསྟབ་པར་མི་བྱའོ། །གཞན་དུ་ན་སྟན་ ནར་མ་ཁོ་ནར་བཏིང་བ་ལ་ཚིག་འདི་སྐད་ཅེས་ཚེ་དང་ལྡན་པ་གཽ་ཏ་མ་སྟན་ཡོད་ཀྱིས་ཇི་སྟེ་འདོད་ན་འདུག་ཤིག་ཅེས་བརྗོད་པར་བྱའོ་ཞེས་བཅས་སོ། །བཅོམ་ལྡན་འདས་ཇི་ལྟ་ཇི་ལྟར་ལྔ་སྡེའི་དགེ་སློང་རྣམས་ལ་གཟིགས་པའི་ 67-1-63a ཕྱིར་ཉེ་བར་གཤེགས་པ་དེ་ལྟ་དེ་ལྟར་ལྔ་སྡེའི་དགེ་སློང་རྣམས་བཅོམ་ལྡན་འདས་ཀྱི་གཟི་བརྗིད་དང་། དཔལ་དང་། བཀུར་སྟི་མ་བཟོད་ནས་སྟན་ལས་ལངས་ཏེ་ཁ་ཅིག་ནི་བཅོམ་ལྡན་འདས་ཀྱི་ཆེད་དུ་གདན་ཤོམ་མོ། ། ཁ་ཅིག་ནི་ཞབས་བཀྲུ་བའི་ཆུ་དང་ཞབས་ཀྱི་རྟེན་དག་མཐའ་གཅིག་ཏུ་འཇོག་པར་བྱེད་དོ། །ཁ་ཅིག་ནི་བསུ་སྟེ་ན་བཟའ་ཆོས་གོས་དག་བླངས་ནས་འདི་སྐད་ཅེས་ཤེས་ལྡན་གཽ་ཏ་མ་ཚུར་སྤྱོན། ཤེས་ལྡན་གཽ་ཏ་མ་བྱོན་པ་ལེགས་སོ། ། ཤེས་ལྡན་གཽ་ཏ་མ་གདན་བཤམས་པ་ཉིད་ལ་བཞུགས་ཤིག་ཅེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཀྱེ་མ་སྐྱེས་བུ་བླུན་པོ་འདི་རྣམས་ཀྱིས་ཁྲིམས་བཅས་ནས་རང་གིས་བཤིག་གོ་སྙམ་དུ་མཁྱེན་ ནས་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ལྔ་སྡེའི་དགེ་སློང་རྣམས་ལྷག་པར་ཡང་བཅོམ་ལྡན་འདས་ཀྱི་མཚན་ནས་རྗོད། དུང་ནས་རྗོད། ཚེ་དང་ལྡན་པས་རྗོད་པས་ཀུན་དུ་རྗོད་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ ལྔ་སྡེའི་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ལྷག་པར་ཡང་དེ་བཞིན་གཤེགས་པའི་མཚན་ནས་རྗོད་པ་དང་། གདུང་ནས་རྗོད་པ་དང་། ཚེ་དང་ལྡན་པས་རྗོད་པས་ཀུན་དུ་མ་རྗོད་ཅིག །ཁྱེད་ལ་ཡུན་རིང་པོར་གནོད་ པ་དང་། ཕན་པ་མ་ཡིན་པ་དང་། སྡུག་བསྔལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་གང་ལ་ལ་ལྷག་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚན་ནས་རྗོད་པ་དང་། གདུང་ ནས་བརྗོད་པ་དང་། ཚེ་དང་ལྡན་པས་རྗོད་པའི་ཀུན་དུ་རྗོད་པ་དེ་ནི་སྐྱེས་བུ་བླུན་པོ་དེ་ལ་ཡུན་རིང་པོར་གནོད་པ་དང་། ཕན་པ་མ་ཡིན་པ་དང་། སྡུག་བསྔལ་བར་འགྱུར་རོ། །དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །ཚེ་དང་ལྡན་ པ་གཽ་ཏ་མ་ཁྱོད་ཀྱིས་རེ་ཤིག་སྔོན་གྱི་ཚུལ་དང་། སྤྱོད་པ་དང་། དཀའ་བར་སྤྱད་པ་དེས་མིའི་ཆོས་བླ་མ་འཕགས་པའི་ཁྱད་པར་ཐོབ་པར་ནུས་སམ། ཤེས་པ་འམ། མཐོང་བ་དང་རེག་པར་གནས་པ་ཅུང་ཟད་ཀྱང་མ་ཐོབ་ན་ད་ལྟར་ 67-1-63b ཁྱོད་མི་བརྟན་ཞིང་བྱ་བ་མང་ལ་མང་པོས་འཚོ་ཞིང་སྤོང་བ་ཉམས་པས་ད་ཁྱོད་འབྲས་ཅན་དང་ཟན་དྲོན་གྱི་ཁ་ཟས་ལ་མང་དུ་ཟ་ཞིང་ལུས་མར་སར་དང་ཏིལ་མར་གྱིས་བྱུགས་ནས་ཆུ་འཇམ་པོས་ལུས་ཁྲུས་བྱེད་པ་ལྟ་སྨོས་ ཀྱང་ཅི་དགོས། དགེ་སློང་ཁྱེད་ཀྱིས་དེ་བཞིན་གཤེགས་པའི་ཞལ་མདོག་དང་དབང་པོ་རྣམས་གསལ་བ་སྔོན་ལས་ཐ་དད་ཏུ་བྱ་བ་གཞན་ལྟ་མཐོང་ངམ། དེ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཚེ་དང་ལྡན་པ་གཽ་ཏ་མ་དེ་དེ་བཞིན་ ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྔ་སྡེའི་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་རབ་ཏུ་བྱུང་བས་ནི་མཐའ་འདི་གཉིས་ལ་བསྟེན་པར་མི་བྱ། བསྙེན་པར་མི་བྱ། བསྙེན་བཀུར་མི་བྱ་སྟེ། གཉིས་གང་ཞེ་ན། འདོད་པ་ རྣམས་ལ་འདོད་པའི་བསོད་ནམས་ཀྱི་རྗེས་སུ་བརྩོན་པ། དམན་པ་ངན་པ། ཐ་ཆད་མ་རབས་གང་ཡིན་པ་དང་། བདག་ཉིད་དུབ་པ་ལ་རྗེས་སུ་བརྩོན་པ། སྡུག་བསྔལ་བ་འཕགས་པའི་མ་ཡིན་པ་གནོད་པ་དང་ལྡན་པ་གང་ ཡིན་པའོ། །ཁྱེད་ཀྱིས་མཐའ་འདི་གཉིས་ལ་མི་རྟེན་པར་དབུ་མའི་ལམ་མིག་བྱེད་པ། ཡེ་ཤེས་བྱེད་པ། ཉེ་བར་ཞི་བར་འགྱུར་བ། མངོན་པར་ཤེས་པ་དང་། རྫོགས་པར་བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་འགྱུར་བ་ ཡོད་དེ། དབུ་མའི་ལམ་གང་ཞེ་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་ བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ལྔ་སྡེའི་དགེ་སློང་རྣམས་ལ་ཤེས་པར་བྱ་བ་འདིས་ཤེས་པར་མཛད་སྤྱོད་པས་བཅོམ་ལྡན་ འདས་ལྔ་སྡེའི་དགེ་སློང་རྣམས་ལས་གཉིས་ལ་སྔ་དྲོ་གདམས་ངག་འབོགས་པ་ན། གསུམ་གྲོང་ཁྱེར་དུ་བསོད་སྙོམས་ལ་འཇུག་སྟེ། གསུམ་གྱིས་བསྒྲུབས་པ་གང་ཡིན་པ་དེས་དྲུག་ཅར་འཚོ་བར་བྱེད་དོ། །བཅོམ་ལྡན་ 67-1-64a འདས་ལྔ་སྡེ་རྣམས་ཀྱི་དགེ་སློང་གསུམ་ལ་ཕྱི་དྲོ་གདམས་ངག་འབོགས་པ་ན། གཉིས་གྲོང་ཁྱེར་དུ་བསོད་སྙོམས་ལ་འཇུག་སྟེ། གཉིས་ཀྱིས་བསྒྲུབས་པ་གང་ཡིན་པ་དེས་ལྔ་སྡེ་འཚོ་བར་བྱེད་དེ། དེ་བཞིན་གཤེགས་པ་ནི་སྔ་དྲོའི་དུས་ཁོ་ནར་གསོལ་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྔ་སྡེའི་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་འདི་ནི་སྡུག་བསྔལ་ འཕགས་པའི་བདེན་པའོ་ཞེས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་འདི་ནི་སྡུག་བསྔལ་ཀུན་ འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ། ། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་ཡོངས་སུ་ཤེས་པར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བའི་འཕགས་པའི་བདེན་པ་དེས་ངས་མངོན་པར་ཤེས་པས་སྤངས་བར་བྱའོ་ཞེས་ཚུལ་ བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དེ་ངས་མངོན་པར་ ཤེས་པས་མངོན་སུམ་དུ་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། རྟོགས་པ་སྐྱེས་སོ། །དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ 67-1-64b འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་བསྒོམ་པར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་ཡོངས་སུ་ཤེས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་སྤངས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ། །དགེ་སློང་ དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་མངོན་སུམ་དུ་བྱས་སོ་ཞེས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེས་ངས་མངོན་པར་ཤེས་པས་བསྒོམས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་ སོ། །ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་ཇི་སྲིད་དུ་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་དེ་ལྟར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་མིག་མ་སྐྱེས། ཤེས་པ་མ་ཡིན། རིག་པ་མ་ཡིན། བློ་མ་ཡིན། རྟོགས་པ་མ་སྐྱེས་པ་དེ་སྲིད་དུ་ལྷ་དང་བཅས་པའི་འཇིག་རྟེན་བདུད་དང་ཚངས་པ་དང་བཅས། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་ལྷ་དང་མིར་བཅས་པ་འདི་ལས་གྲོལ་བ་དང་ངེས་པར་འབྱུང་བ་དང་ མི་ལྡན་པ་དང་། རབ་ཏུ་གྲོལ་བ་དང་། ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་མ་གྱུར་ཅིང་། དགེ་སློང་དག་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་ 67-1-65a བར་མ་ཤེས་སོ། །དགེ་སློང་དག་ངས་གང་ནས་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་མིག་སྐྱེས་ཤིང་ཤེས་པ་དང་། རིག་པ་དང་། བློ་དང་རྟོགས་ པ་སྐྱེས་པ་དེ་ནས་ང་ལྷ་དང་བཅས་པའི་འཇིག་རྟེན་བདུད་དང་ཚངས་པ་དང་བཅས། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་ལྷ་དང་མིར་བཅས་པ་འདི་ལས་གྲོལ་བ་དང་ངེས་པར་བྱུང་བ་དང་ལྡན་པ་དང་། རབ་ཏུ་གྲོལ་བ་དང་ ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་གྱུར་ཅིང་། དགེ་སློང་དག་ངས་དེ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་ཤེས་སོ། །ཆོས་ཀྱི་རྣམ་གྲངས་ དེ་བཀའ་སྩལ་པ་ན། ཚེ་དང་ལྡན་པ་ཀཽཎྜི་ནྱ་དང་། ལྷ་བརྒྱད་ཁྲི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀཽཎྜི་ནྱ་ལ་བཀའ་སྩལ་པ། ཀཽཎྜི་ནྱ་ཁྱོད་ ཀྱིས་ཆོས་ཀུན་ཤེས་སམ། བཅོམ་ལྡན་འདས་ཀུན་འཚལ་ལགས་སོ། །ཀཽཎྜི་ནྱ་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། ཀུན་ཤེས་སམ། བདེ་བར་གཤེགས་པ་ཀུན་འཚལ་ལགས་སོ། །ཀུན་འཚལ་ལགས་སོ། །ཚེ་དང་ ལྡན་པ་ཀཽཎྜི་ནྱས་ཆོས་ཀུན་ཤེས་པས་དེའི་ཕྱིར་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་ཞེས་བླ་དགས་སུ་བཏགས་སོ། །ཚེ་དང་ལྡན་པ་ཀཽཎྜི་ནྱས་ཆོས་ཀུན་ཤེས་སོ་ཞེས་ས་བླའི་གནོད་སྦྱིན་རྣམས་སྒྲ་སྒྲོགས་པར་བྱེད་དེ། གྲོགས་ པོ་དག་བཅོམ་ལྡན་འདས་ཀྱིས་བཱ་ར་ཎ་སཱིར་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་སུ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་དགེ་སྦྱོང་དང་། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། སུས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་མ་བསྐོར་བ་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་ 67-1-65b བསྐོར་བས་ལྷའི་རིགས་མངོན་པར་འཕེལ་ཞིང་ལྷ་མ་ཡིན་གྱི་རིས་ཡོངས་སུ་ཉམས་སོ་ཞེས་དབྱངས་བསྒྲགས་སོ། །ས་བླའི་གནོད་སྦྱིན་རྣམས་ཀྱི་སྒྲ་ཐོས་ནས་ནམ་མཁའ་ལ་རྒྱུ་བའི་གནོད་སྦྱིན་དང་། རྒྱལ་ཆེན་བཞིའི་ རིས་དང་། སུམ་བཅུ་རྩ་གསུམ་པའི་ལྷ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ནས་སྐད་ཅིག་དེ་དང་། ཐང་ཅིག་དེ་དང་། ཡུད་ཙམ་དེ་དང་། སྐད་ཅིག་དང་། ཐང་ ཅིག་དེ་དང་ཡུད་ཙམ་དེ་དང་སྐད་ཅིག་དང་ཐང་ཅིག་དང་། ཡུད་ཙམ་དེ་ལ་ཚངས་པའི་འཇིག་རྟེན་གྱི་རབ་ཏུ་སྒྲ་གྲགས་སོ། །ཚངས་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་སྒྲ་སྒྲོགས་པར་བྱེད་དེ། གྲོགས་པོ་དག་བཅོམ་ལྡན་འདས་ཀྱིས་ བཱ་ར་ཎ་སཱིར་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་སུ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། སུས་ཀྱང་འཇིག་རྟེན་དུ་ཆོས་དང་ འཐུན་པར་འགའ་ཙམ་ཡང་མ་བསྐོར་བ། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་བསྐོར་བས་ལྷའི་རིས་མངོན་ པར་འཕེལ་ཞིང་ལྷ་མ་ཡིན་གྱི་རིས་ཡོངས་སུ་ཉམས་སོ་ཞེས་དབྱངས་བསྒྲགས་སོ། །བཅོམ་ལྡན་འདས་ཀྱིས་བཱ་ར་ཎ་སཱིར་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་སུ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་ འཁོར་ལོ་ཆོས་དང་ལྡན་པ་བསྐོར་བས་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་ཚིག་བླ་དགས་སུ་བཏགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལན་གཉིས་སུ་ཡང་ལྔ་སྡེའི་དགེ་སློང་རྣམས་ ལ་བཀའ་སྩལ་པ། དགེ་སློང་དག་འཕགས་པའི་བདེན་པ་བཞི་ནི་འདི་དག་ཡིན་ཏེ། བཞི་གང་ཞེ་ན། སྡུག་བསྔལ་འཕགས་པའི་བདེན་པ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་ 67-1-66a བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ། །སྡུག་བསྔལ་འཕགས་པའི་བདེན་པ་གང་ཞེ་ན། སྐྱེ་བ་སྡུག་བསྔལ་བ་དང་། རྒ་བ་སྡུག་བསྔལ་བ་དང་། ན་བ་སྡུག་བསྔལ་བ་དང་། འཆི་ བ་སྡུག་བསྔལ་བ་དང་། སྡུག་པ་དང་བྲལ་བ་སྡུག་བསྔལ་བ་དང་། མི་སྡུག་པ་དང་ཕྲད་པ་སྡུག་བསྔལ་བ་དང་། གང་འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ་བ་དང་། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་ བསྔལ་བ་སྟེ། དེ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བྱའོ། །སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་གང་ཞེ་ན། ཡང་སྲིད་པའི་སྲེད་པ་དགའ་བའི་འདོད་ ཆགས་དང་ལྡན་པ་དེ་དང་དེ་ལ་མངོན་པར་འདོད་པ་སྟེ། དེ་སྤང་བའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བྱའོ། །སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་གང་ཞེ་ན། ཡང་སྲིད་པའི་སྲེད་པ་ དགའ་བའི་འདོད་ཆགས་དང་ལྡན་པ་དེ་དང་དེ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ཉིད་མ་ལུས་པར་སྤངས་པ་དང་། བོར་བ་དང་། བསལ་བ་དང་། ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགགས་པ་དང་། ཉེ་བར་ཞི་བ་ དང་ནུབ་པ་སྟེ་དེ་མངོན་སུམ་དུ་བྱ་བའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བྱའོ། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་ བརྒྱད་པ་སྟེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ་དེ་ཡང་བསྒོམ་པར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །ལྔ་སྡེའི་དགེ་སློང་ལྷག་མ་རྣམས་ལ་ 67-1-66b ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེའི་ཚེ་འཇིག་རྟེན་ན་དགྲ་བཅོམ་པ་གཅིག་དང་གཉིས་པ་ནི་བཅོམ་ལྡན་འདས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་ལྔ་སྡེའི་ལྷག་མ་རྣམས་ལ་ བཀའ་སྩལ་པ། དགེ་སློང་དག་གཟུགས་ནི་བདག་མ་ཡིན་ནོ། །དགེ་སློང་དག་གལ་ཏེ་གཟུགས་བདག་ཡིན་ན་གཟུགས་ལ་གནོད་པ་དང་སྡུག་བསྔལ་བར་མི་འགྱུར་ཞིང་། གཟུགས་ལ་བདག་གི་གཟུགས་འདི་ལྟ་བུར་གྱུར་ཅིག་འདི་ལྟ་བུར་ མ་གྱུར་ཅིག་སྙམ་ན་ཡང་འཐོབ་པར་འགྱུར་རོ། །དགེ་སློང་དག་གང་གི་ཕྱིར་གཟུགས་བདག་མ་ཡིན་པ་དེའི་ཕྱིར་གཟུགས་ལ་གནོད་པ་དང་སྡུག་བསྔལ་བར་འགྱུར་ཞིང་གཟུགས་ལ་བདག་གི་གཟུགས་འདི་ལྟ་བུར་གྱུར་ཅིག །འདི་ལྟ་བུར་ མ་གྱུར་ཅིག་སྙམ་པ་ཡང་འཐོབ་པར་མི་འགྱུར་རོ། །དགེ་སློང་དག་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་བདག་མ་ཡིན་ནོ། །དགེ་སློང་དག་གལ་ཏེ་རྣམ་པར་ཤེས་པ་བདག་ཡིན་ན་རྣམ་པར་ཤེས་པ་ལ་ གནོད་པ་དང་སྡུག་བསྔལ་བར་མི་འགྱུར་ཞིང་། རྣམ་པར་ཤེས་པ་ལ་བདག་གི་རྣམ་པར་ཤེས་པ་འདི་ལྟ་བུར་གྱུར་ཅིག །འདི་ལྟ་བུར་མ་གྱུར་ཅིག་སྙམ་ན་ཡང་འཐོབ་པར་འགྱུར་རོ། །དགེ་སློང་དག་གང་གི་ཕྱིར་རྣམ་པར་ཤེས་པ་བདག་མ་ ཡིན་པ་དེའི་ཕྱིར་རྣམ་པར་ཤེས་པ་ལ་གནོད་པ་དང་། སྡུག་བསྔལ་བར་འགྱུར་ཞིང་རྣམ་པར་ཤེས་པ་ལ་བདག་གི་རྣམ་པར་ཤེས་པ་འདི་ལྟ་བུར་གྱུར་ཅིག །འདི་ལྟ་བུར་མ་གྱུར་ཅིག་སྙམ་ན་ཡང་འཐོབ་པར་མི་འགྱུར་རོ། །དགེ་སློང་ དག་ཇི་སྙམ་དུ་སེམས། གཟུགས་རྟག་གམ་མི་རྟག །བཙུན་པ་མི་རྟག་ལགས་སོ། །མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་ཡིན་ནམ་སྡུག་བསྔལ་མ་ཡིན། བཙུན་པ་སྡུག་བསྔལ་བ་ལགས་སོ། །མི་རྟག་པ་སྡུག་བསྔལ་ བ་རྣམ་པར་འགྱུར་བའི་ཆོས་ཅན་གང་ཡིན་པ་དེ་ལ་ཅིག་འཕགས་པ་ཉན་ཐོས་པ་དང་ལྡན་པ་དེ་ལ་འདི་ནི་བདག་གོ། །བདག་ནི་འདི་ཡིན་ནོ། །འདི་ནི་བདག་གི་བདག་གོ་ཞེས་བདག་ཏུ་ཁས་ལེན་ཏམ། བཙུན་པ་མ་ལགས་སོ། ། 67-1-67a དགེ་སློང་དག་ཇི་སྙམ་དུ་སེམས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྟག་གམ་མི་རྟག །བཙུན་པ་མི་རྟག་ལགས་སོ། །མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་ཡིན་ནམ། སྡུག་ བསྔལ་མ་ཡིན། བཙུན་པ་སྡུག་བསྔལ་ལགས་སོ། །མི་རྟག་པ་སྡུག་བསྔལ་བ་རྣམ་པར་འགྱུར་བའི་ཆོས་ཅན་གང་ཡིན་པ་དེ་ལ་ཅིག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདི་ནི་བདག་གོ། །བདག་ནི་འདི་ཡིན་ནོ། འདི་ནི་བདག་གི་ཞེས་བདག་གོ་ཞེས་བདག་ཏུ་ཁས་ལེན་ཏམ། བཙུན་པ་མ་ལགས་སོ། དགེ་སློང་དག་དེ་ལྟ་བས་ན་གཟུགས་གང་ཡིན་པ་དེ་ཅི་ཡང་རུང་བ་འདས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བ་འམ། ནང་གི་འམ། ཕྱིའི་འམ། རགས་པ་འམ། ཕྲ་བ་འམ། ངན་པ་འམ། གྱ་ནོམ་པ་འམ། གང་དག་ཐག་རིང་བ་འམ། གང་དག་ཐག་ཉེ་བ་དེ་དག་ཐམས་ཅད་ནི་བདག་མ་ཡིན། བདག་ནི་དེ་མ་ཡིན་དེ་ནི་བདག་གི་བདག་མ་ཡིན་ནོ་ཞེས་ཇི་ལྟ་བ་ བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ། །དགེ་སློང་དག་དེ་ལྟ་བས་ན་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཇི་སྙེད་པ་གང་ཅི་ཡང་རུང་བ་འདས་པ་འམ། མ་འོངས་པ་འམ། ད་ལྟར་ བྱུང་བ་འམ། ནང་གི་འམ། ཕྱིའི་འམ། རགས་པ་འམ། ཕྲ་བ་འམ། ངན་པ་འམ། གྱ་ནོམ་པ་འམ། གང་དག་ཐག་རིང་བ་འམ། གང་དག་ཐག་ཉེ་བ་དེ་དག་ཐམས་ཅད་ནི་བདག་མ་ཡིན། བདག་ནི་དེ་མ་ཡིན། དེ་ནི་ བདག་གི་བདག་མ་ཡིན་ནོ་ཞེས་ཇི་ལྟ་བ་དེ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ། །དགེ་སློང་དག་འདི་ལྟར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་བདག་མ་ཡིན་ བདག་གི་མ་ཡིན་པར་ལྟ་སྟེ། དེ་དེ་ལྟར་ལྟ་བ་ན་འཇིག་རྟེན་ན་ཅི་ཡང་ལེན་པ་མེད་དོ། །ལེན་པ་མེད་པ་ན་ཡོངས་སུ་གདུང་བ་མེད་དོ། །ཡོངས་སུ་གདུང་བ་མེད་ན་བདག་ཉིད་ཡོངས་སུ་མྱ་ངན་ལས་འདས་པ་སྟེ་བདག་ 67-1-67b གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་ལ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ལྔ་སྡེའི་དགེ་སློང་ལྷག་མ་རྣམས་ཀྱིས་ལེན་པ་མེད་ པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །དེའི་ཚེ་དགྲ་བཅོམ་པ་ལྔ་དང་དྲུག་པ་ནི་བཅོམ་ལྡན་འདས་སོ། །དེ་ནས་བཅོམ་ལྡན་འདས་བཱ་ར་ཎ་སཱིའི་འབབ་ཆུ་གནོད་པ་ཅན་གྱི་འགྲམ་ན་བཞུགས་སོ། །དེའི་ཚེ་བཱ་ར་ཎ་སཱི་ན་རིགས་ ཀྱི་གཙོ་བོ་ཞེས་བྱ་བའི་བུ་གྲགས་པ་ཞེས་བྱ་བ་ཞིག་གནས་ཏེ། དེ་ཉི་མ་རེ་རེ་ཞིང་བུད་མེད་ཀྱིས་བྱས་པའི་རོལ་མོས་རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་པས་ལུས་སྙོམ་ལུས་དུབ། ལུས་རྒུད་པས་མྱུར་དུ་གཉིད་ ལོག་པར་གྱུར་ཏོ། །བུད་མེད་དེ་རྣམས་ཀྱང་ལུས་སྙོམ། ལུས་དུབ། ལུས་རྒུད་པས་གཉིད་ལོག་པར་གྱུར་ཏོ། །རིགས་ཀྱི་གཙོ་བོའི་བུ་གྲགས་པ་མཚན་མོ་གཉིད་སད་པ་ན་བུད་མེད་དེ་དག་ཐམས་ཅད་བརྡོལ་ཞིང་སྒྲེན་ མོར་བྱུང་ལ་སྐྲ་ཞིག །ལག་པ་བརྐྱང་སྟེ་བྱུང་རྒྱལ་དུ་བླ་བ་མཐོང་ངོ་། །མཐོང་ནས་ཀྱང་དེ་དག་གིས་ཆུང་མ་ལ་དུར་ཁྲོད་ཀྱི་འདུ་ཤེས་སྐྱེས་པར་གྱུར་ཏོ། །དེ་ནས་རིགས་ཀྱི་གཙོ་བོའི་བུ་གྲགས་པ་མ་ལ་ཆེན་པོ་ལ་བབས་ ཏེ། རིན་པོ་ཆེའི་ལྷམ་བརྒྱ་སྟོང་རི་བ་ཟུང་ཅིག་གྱོན་ནས་ཉལ་ཁང་གི་སྒོ་ག་ན་བ་དེར་སོང་སྟེ། ཕྱིན་ནས་གྲོགས་པོ་བདག་ནི་གཙེས་སོ། །གྲོགས་པོ་བདག་ནི་ཉམས་སོ་ཞེས་སྐད་ངན་ཕྱུང་བ་དང་། དེའི་སྒོ་མི་མ་ཡིན་པ་ རྣམས་ཀྱིས་ཕྱེ་ནས་སྐད་ཀྱང་མི་གྲག་པར་བྱས་སོ། །དེ་ནས་རིགས་ཀྱི་གཙོ་བོའི་བུ་གྲགས་པ་ཁྱིམ་གང་ན་བ་དེར་སོང་སྟེ་ཕྱིན་ནས་གྲོགས་པོ་བདག་ནི་གཙེས་སོ། །གྲོགས་པོ་བདག་ནི་ཉམས་སོ་ཞེས་སྐད་ངན་ཕྱུང་བ་ དང་། དེའི་སྒོ་མི་མ་ཡིན་པ་རྣམས་ཀྱིས་ཕྱེ་ནས་སྐད་ཀྱང་མི་གྲག་པར་བྱས་སོ། །དེ་ནས་རིགས་ཀྱི་གཙོ་བོའི་བུ་གྲགས་པ་གྲོང་ཁྱེར་གྱི་སྒོ་གང་ན་བ་དེར་སྟོང་སྟེ་ཕྱིན་ནས་གྲོགས་པོ་བདག་ནི་གཙེས་སོ། །གྲོགས་ 67-1-68a པོ་བདག་ནི་ཉམས་སོ་ཞེས་སྐད་ངན་ཕྱུང་བ་དང་། དེའི་སྒོ་མི་མ་ཡིན་པ་རྣམས་ཀྱིས་ཕྱེ་ནས་སྐད་ཀྱང་མི་གྲག་པར་བྱས་སོ། །དེ་ནས་རིགས་ཀྱི་གཙོ་བོའི་བུ་གྲགས་པ་འབབ་ཆུ་གནོད་པ་ཅན་དེ་གང་ན་བ་དེར་ སོང་བ་ན། དེའི་ཚེ་བཅོམ་ལྡན་འདས་འབབ་ཆུ་གནོད་པ་ཅན་གྱི་འགྲམ་ན་གཙུག་ལག་ཁང་གི་ཕྱི་རོལ་བླ་གབ་མེད་པ་ན་རིགས་ཀྱི་གཙོ་བོའི་བུ་གྲགས་པ་འོང་བ་ལ་ཡང་དང་ཡང་དུ་བཞེངས་ཤིང་འཆག་པས་འཆག་གོ། །རིགས་ཀྱི་ གཙོ་བོའི་བུ་གྲགས་པས་བཅོམ་ལྡན་འདས་འབབ་ཆུ་གནོད་པ་ཅན་གྱི་འགྲམ་ན་འཆག་པ་རྒྱང་རིང་པོ་ནས་མཐོང་ངོ་། །མཐོང་ནས་ཀྱང་དགེ་སྦྱོང་བདག་ནི་གཙེས་སོ། །དགེ་སྦྱོང་བདག་ནི་ཉམས་སོ་ཞེས་སྐད་ངན་ཕྱུང་ངོ་། །དེ་ནས་ བཅོམ་ལྡན་འདས་ཀྱིས་རིགས་ཀྱི་གཙོ་བོའི་བུ་གྲགས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ་ཚུར་ཤོག །གནས་འདི་ནི་ཁྱོད་ལ་འཚེ་བ་མེད་པ་ཡིན། འདི་ནི་ཉམས་པ་མེད་པ་ཡིན་ནོ། །དེ་ནས་རིགས་ཀྱི་གཙོ་བོའི་བུ་ གྲགས་པ་རིན་པོ་ཆེའི་ལྷམ་བརྒྱ་སྟོང་རི་བ་ཟུང་ཅིག་པོ་འབབ་ཆུ་གནོད་པ་ཅན་གྱི་འགྲམ་དུ་ཕུད་ནས་འབབ་ཆུ་གནོད་པ་ཅན་རྒལ་ཏེ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་གཙོ་བོའི་བུ་གྲགས་པ་ཁྲིད་དེ་ཉིད་ཀྱི་གཙུག་ལག་ཁང་གང་ན་བ་དེར་གཤེགས་ནས་བྱོན་པ་དང་གདན་བཤམས་པ་ཉིད་ལ་ བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་གཙོ་བོའི་བུ་གྲགས་པ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེང་བསྟོད། ཡང་དག་ པར་རབ་ཏུ་དགའ་བར་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐོག་མའི་དུས་སུ་ཆོས་ཀྱི་གཏམ་གླེང་བ་གང་ཡིན་པ་འདི་ལྟ་སྟེ། སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། མཐོ་རིས་ཀྱི་གཏམ་དང་འདོད་ 67-1-68b པ་རྣམས་ལ་མནོག་ཆུང་ཞིང་ཉེས་དམིགས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ངེས་པར་བྱུང་བ་དང་། རབ་ཏུ་བདེན་པའི་རྗེས་སུ་བསྒྲགས་པ་དང་། རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་རྣམས་རྒྱ་ ཆེར་བཤད་དོ། །གང་གི་ཚེ་དེ་བཅོམ་ལྡན་འདས་ཀྱིས་དགའ་བའི་སེམས་དང་། དགེ་བའི་སེམས་དང་། མགུ་བའི་སེམས་དང་། སྒྲིབ་པ་དང་བྲལ་བའི་སེམས་དང་། སྐལ་བ་དང་ལྡན་པ་དང་། ཡང་དག་ཕུལ་གྱི་ཆོས་བཤད་ན་ཤེས་ པར་ནུས་པར་གཟིགས་པ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡང་དག་ཕུལ་གྱི་ཆོས་བཤད་པ་གང་ཡིན་པ་འདི་ལྟ་སྟེ་འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དེ་ རྒྱ་ཆེར་བཤད་དོ། །དཔེར་ན་གོས་གཙང་མ་ནག་ནོག་མེད་པ་ཚོན་རྩི་འོས་པའི་ནང་དུ་བཅུག་ན་ཚོན་རྩི་ལེགས་པར་འཛིན་དུ་བཏུབ་པ་དེ་བཞིན་དུ་རིགས་ཀྱི་གཙོ་བོའི་བུ་གྲགས་པ་སྟན་དེ་ཉིད་ལ་འདུག་བཞིན་དུ་འཕགས་པའི་ བདེན་པ་བཞི་པོ་འདི་ལྟ་སྟེ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་རྟོགས་སོ། །དེ་ནས་རིགས་ཀྱི་གཙོ་བོའི་བུ་གྲགས་པ་ཆོས་མཐོང་བ་དང་། ཆོས་ཐོབ་པ་དང་། ཆོས་རིག་པ་དང་། ཆོས་ཀྱི་གཏིང་ སླེབས་པ་དང་། སོམ་ཉི་ལས་རྒལ་བ་དང་། ཐེ་ཚོམ་ལས་རྒལ་བ་དང་། གཞན་གྱི་དྲིང་མི་འཇོག་པ་དང་། གཞན་གྱིས་མི་བཀྲི་བ་དང་། སྟོན་པས་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་འཕགས་སོ། །མངོན་པར་འཕགས་སོ། །བདག་ བཅོམ་ལྡན་འདས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་མཆིས་ལགས་ཀྱིས་བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ 67-1-69a ལགས་སོ། །བྲན་མོ་ཞིག་དེ་ཉིད་ཀྱི་མཚན་མོ་གཉིད་ལོག་པ་ལས་སད་ན། གཞོན་ནུ་གྲགས་པ་མལ་ཆེན་པོ་ན་མི་སྣང་བར་མཐོང་ངོ་། །མཐོང་ནས་ཀྱང་ཁྱིམ་བདག་རིགས་ཀྱི་གཙོ་བོ་གང་ན་བ་དེར་སོང་སྟེ་ཕྱིན་ནས་ ཁྱིམ་བདག་རིགས་ཀྱི་གཙོ་བོ་ལ་འདི་སྐད་ཅེས་གསོལ་ཏོ། །ཇོ་བོ་མཁྱེན་པར་མཛོད་ཅིག །གཞོན་ནུ་གྲགས་པ་ནི་རང་གི་མལ་ཆེན་པོ་ན་མི་གདའ་ལགས་སོ། །དེ་ནས་ཁྱིམ་བདག་རིགས་ཀྱི་གཙོ་བོ་འདི་སྙམ་དུ་སེམས་ཏེ། གཞོན་ ནུ་ནོར་གྱི་ཕྱིར་ཆོམ་རྐུན་ནམ། གཡོན་ཅན་རྣམས་ཀྱིས་ཕྱི་རོལ་ཏུ་ཁྲིད་པར་མ་གྱུར་གྲང་སྙམ་དུ་སེམས་ཤིང་ཕྱོགས་བཞིར་ཕོ་ཉ་རྟ་པ་དག་བཀྱེ་ནས་རང་ཉིད་མི་ལག་ན་སྒྲོན་མ་ཐོགས་པ་རྣམས་དང་ལྷན་ཅིག་ཏུ་འབབ་ཆུ་གནོད་པ་ ཅན་གང་ན་བ་དེ་ལོགས་སུ་སོང་བ་དང་། ཁྱིམ་བདག་རིགས་ཀྱི་གཙོ་བོས་འབབ་ཆུ་གནོད་པ་ཅན་གྱི་འགྲམ་ན་རིན་པོ་ཆེའི་ལྷམ་བརྒྱ་སྟོང་རི་བ་ཟུང་ཅིག་ཕུད་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། གཞོན་ནུ་ནི་ནོར་ གྱི་ཕྱིར་ཆོམ་རྐུན་ནམ་གཡོན་ཅན་རྣམས་ཀྱིས་ཕྱི་རོལ་དུ་ཁྲིད་ཀྱི་འདི་ལྟར་འབབ་ཆུ་གནོད་པ་ཅན་གྱི་འགྲམ་ན་རིན་པོ་ཆེའི་ལྷམ་བརྒྱ་སྟོང་རི་བ་ཟུང་གཅིག་ཕུད་པ་ལས་ན་གཞོན་ནུ་འབབ་ཆུ་གནོད་པ་ཅན་གྱི་ངོགས་འདི་ཉིད་ལས་རྒལ་བར་ མ་གྱུར་གྲང་། འདི་ལྟར་འབབ་ཆུ་གནོད་པ་ཅན་གྱི་འགྲམ་ན་རིན་པོ་ཆེའི་ལྷམ་བརྒྱ་སྟོང་རི་བ་ཟུང་གཅིག་བོར་རོ་སྙམ་དུ་བསམས་ནས་འབབ་ཆུ་གནོད་པ་ཅན་གྱི་ངོགས་དེ་ཉིད་ལས་རྒལ་ཏེ་བཅོམ་ལྡན་འདས་གང་ན་བ་དེར་སོང་ངོ་། །བཅོམ་ ལྡན་འདས་ཀྱིས་ཁྱིམ་བདག་རིགས་ཀྱི་གཙོ་བོ་རྒྱང་རིང་པོ་ནས་གཟིགས་སོ། །གཟིགས་ནས་ཀྱང་འདི་སྙམ་དུ་དགོངས་ཏེ་ཅི་ནས་ཀྱང་ངས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་ཇི་ལྟ་བུ་མངོན་པར་འདུ་བྱས་པས་ཁྱིམ་བདག་རིགས་ཀྱི་ གཙོ་བོས་གཞོན་ནུ་གྲགས་པ་སྟན་འདི་ཉིད་ལ་འདུག་བཞིན་དུ་མི་མཐོང་བ་དེ་ལྟ་བུ་ཞིག་བྱའོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་ཇི་ལྟ་བུ་མངོན་པར་འདུ་མཛད་པས་ཁྱིམ་བདག་རིགས་ཀྱི་ 67-1-69b གཙོ་བོས་གཞོན་ནུ་གྲགས་པ་སྟན་དེ་ཉིད་ལ་འདུག་བཞིན་དུ་མི་མཐོང་བ་དེ་ལྟ་བུ་མཛད་དོ། །དེ་ནས་ཁྱིམ་བདག་རིགས་ཀྱི་གཙོ་བོ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་ཅི་ག་གཞོན་ནུ་གྲགས་པ་གཟིགས་སམ། ཁྱིམ་བདག་དེའི་ཕྱིར་འདུག་ཤིག་དང་། སྟན་འདི་ཁོ་ན་ལ་གཞོན་ནུ་གྲགས་པ་མཐོང་བར་འགྱུར་བའི་གནས་གང་ཡིན་པ་དེ་ཡོད་དོ། །དེ་ནས་ཁྱིམ་བདག་རིགས་ ཀྱི་གཙོ་བོ་འདི་སྙམ་དུ་སེམས་ཏེ། གདོན་མི་ཟ་བར་བཅོམ་ལྡན་འདས་ཀྱིས་གཞོན་ནུ་གྲགས་པ་གཟིགས་པར་གྱུར་ཏེ་འདི་ལྟར་བཅོམ་ལྡན་འདས་འདི་སྐད་ཅེས་ཁྱིམ་བདག་དེའི་ཕྱིར་འདུག་ཤིག་དང་སྟན་འདི་ཁོ་ན་ལ་ གཞོན་ནུ་གྲགས་པ་འདུག་པ་མཐོང་བར་འགྱུར་བའི་གནས་གང་ཡིན་པ་དེ་ཡོད་དོ་ཞེས་བཀའ་སྩལ་ཏོ་སྙམ་དུ་རིག་ནས་དགའ་བ་དང་། མགུ་བ་དང་། མཆོག་ཏུ་དགའ་བ་དང་། དགའ་བ་རྒྱ་ཆེན་པོ་དང་། ཡིད་བདེ་བ་སྐྱེས་ནས་ བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་། ཁྱིམ་བདག་རིགས་ཀྱི་གཙོ་བོ་ལ་བཅོམ་ལྡན་འདས་ཀྱིས་ཆོས་དང་ལྡན་པའི་གཏམ་གྱིས་ཡང་ དག་པར་བསྟན་པ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཁྱིམ་བདག་རིགས་ཀྱི་གཙོ་བོ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །ཚེ་དང་ལྡན་པ་གྲགས་པ་ ཡང་རྒྱན་ཐམས་ཅད་ཀྱིས་བརྒྱན་བཞིན་དུ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་སླར་བརྟུལ་ནས་དེའི་ཚེ་ ཚིགས་སུ་བཅད་པས་བཀའ་སྩལ་པ། རྒྱན་གྱིས་བརྒྱན་བཞིན་དུ་ནི་ཆོས་སྤྱད་དེ། །དུལ་ཞིང་ཡང་དག་སྡོམ་པ་ཚངས་སྤྱོད་ལ། །འབྱུང་པོ་ཀུན་ལ་ཆག་པ་སྤངས་པ་ནི། །དེ་ནི་བྲམ་ཟེ་དགེ་སྦྱོང་དགེ་སློང་ཡིན། །དེའི་ཚེ་འཇིག་ 67-1-70a རྟེན་ན་དགྲ་བཅོམ་པ་དྲུག་དང་བདུན་པ་ནི་བཅོམ་ལྡན་འདས་སོ། །ཁྱིམ་བདག་རིགས་ཀྱི་གཙོ་བོས་གཞོན་ནུ་གྲགས་པ་སྟན་དེ་ཉིད་ལ་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་གཞོན་ནུ་གྲགས་པ་ལ་འདི་ སྐད་ཅེས་སྨྲས་སོ། །གཞོན་ནུ་ཚུར་ཤོག །ཁྱོད་ཀྱི་མ་ལུས་ངལ་ཞིང་ལུས་དུབ་པས་སྨྲེ་སྔགས་འདོན་གྱིས་ཁྱིམ་དུ་འདོང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་རིགས་ཀྱི་གཙོ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་ བདག་ཇི་སྙམ་དུ་སེམས། གང་གིས་མི་སློབ་པའི་ཤེས་པ་དང་མི་སློབ་པའི་ལྟ་བས་འཕགས་པའི་བདེན་པ་བཞི་པོ་འདི་ལྟ་སྟེ། སྡུག་བསྔལ་དང་ཀུན་འབྱུང་དང་། འགོག་པ་དང་། ལམ་མངོན་པར་རྟོགས་པ་དེ་ཇི་ག་ཁྱིམ་པ་ཁྱིམ་ན་ གནས་པ་འམ་སོགས་འཇོག་གི་ལོངས་སྤྱོད་ཀྱིས་འདོད་པ་ལ་ལོངས་སྤྱོད་པར་འགྱུར་རམ། བཙུན་པ་མ་ལགས་སོ། །ཁྱིམ་བདག་ཇི་ལྟར་ཁྱོད་ཀྱིས་སློབ་པའི་ཤེས་པ་དང་། སློབ་པའི་ལྟ་བས་འཕགས་པའི་བདེན་པ་ བཞི་པོ་འདི་ལྟ་སྟེ། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མངོན་པར་རྟོག་པ་དེ་བཞིན་དུ་གཞོན་ནུ་གྲགས་པས་མི་སློབ་པའི་ཡེ་ཤེས་དང་མི་སློབ་པའི་ལྟ་བས་འཕགས་པའི་བདེན་པ་བཞི་པོ་ འདི་ལྟ་སྟེ། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མངོན་པར་རྟོགས་སོ། །བཙུན་པ་གཞོན་ནུ་གྲགས་པས་གང་གིས་ན་མི་སློབ་པའི་ཤེས་པ་དང་མི་སློབ་པའི་ལྟ་བས་འཕགས་པའི་བདེན་པ་བཞི་པོ་འདི་ ལྟ་སྟེ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་། ལམ་མངོན་པར་རྟོགས་པ་ནི་རྙེད་པ་ལེགས་པར་རྙེད་ལགས་སོ། །བཅོམ་ལྡན་འདས་སླད་བཞིན་དུ་འབྲང་བའི་དགེ་སྦྱོང་གྲགས་པ་དང་། ཐུགས་བརྩེ་བ་ཉེ་བར་ བཟུང་སྟེ་རིགས་ཀྱི་གཙོ་བོ་གང་ན་བ་དེར་གཤེགས་ན་ལེགས་སོ། །བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་རིགས་ཀྱི་གཙོ་བོ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཁྱིམ་བདག་རིགས་ཀྱི་གཙོ་བོས་བཅོམ་ལྡན་འདས་ཅང་མི་ 67-1-70b གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ན་བཟའ་ཤམ་ཐབས་ མནབས། ལྷུང་བཟེད་དང་། ཆོས་གོས་བསྣམས་ཏེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་ཚེ་དང་ལྡན་པ་གྲགས་པ་དང་། ཁྱིམ་བདག་རིགས་ཀྱི་གཙོ་བོའི་ཁྱིམ་གང་ན་བ་དེར་གཤེགས་སོ། །དེའི་ཚེ་ཚེ་དང་ལྡན་པ་གྲགས་པའི་མ་དང་། ཆུང་མ་གཉིས་བཅོམ་ལྡན་འདས་ལ་ཡང་དང་ཡང་དུ་བསུ་བའི་ཕྱིར་བར་སྒོ་ན་སྡོད་དོ། །ཚེ་དང་ལྡན་པ་གྲགས་པའི་མ་དང་། ཆུང་མ་གཉིས་ཀྱིས་བཅོམ་ལྡན་འདས་རྒྱང་རིང་པོ་ནས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ ཀྱི་ཕྱིར་གདན་བཤམས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚུར་སྤྱོན། བཅོམ་ལྡན་འདས་བྱོན་པ་ལེགས་སོ། །བཅོམ་ལྡན་འདས་གདན་བཤམས་པ་ཉིད་ལ་བཞུགས་སུ་གསོལ་ཞེས་གསོལ་ནས་ བཅོམ་ལྡན་འདས་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་གྲགས་པའི་མ་དང་ཆུང་མ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། ། ཕྱོགས་གཅིག་ཏུ་འཁོད་ནས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གྲགས་པའི་མ་དང་། ཆུང་མ་གཉིས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེང་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐོག་མའི་དུས་སུ་ཆོས་ཀྱི་གཏམ་གླེང་བ་གང་ཡིན་པ་འདི་ལྟ་སྟེ། སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། མཐོ་རིས་ཀྱི་ གཏམ་དང་། འདོད་པ་རྣམས་ལ་མནོག་ཆུང་ཞིང་ཉེས་དམིགས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ངེས་པར་འབྱུང་བ་དང་། རབ་ཏུ་དབེན་པའི་རྗེས་སུ་བསྔགས་པ་དང་། རྣམ་པར་བྱང་བའི་ཕྱོགས་ཀྱི་ 67-1-71a ཆོས་རྣམས་རྒྱ་ཆེར་བཤད་དོ། །གང་གི་ཚེ་དེ་གཉིས་བཅོམ་ལྡན་འདས་ཀྱིས་དགའ་བའི་སེམས་དང་། མགུ་བའི་སེམས་དང་། སྒྲིབ་པ་དང་བྲལ་བའི་སེམས་དང་། སྐལ་བ་དང་ལྡན་པ་དང་། ཡང་དག་ ཕུལ་གྱི་ཆོས་བཤད་ན་ཤེས་པར་ནུས་པར་གཟིགས་པ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡང་དག་ཕུལ་གྱི་ཆོས་བཤད་པ་གང་ཡིན་པ་འདི་ལྟ་སྟེ། འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་བ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་རྒྱ་ཆེར་བཤད་དོ། །དཔེར་ན་གོས་གཙང་མ་ནག་ནོག་མེད་པ་ཚོན་རྩི་འོས་པའི་ནང་དུ་བཅུག་ན་ཚོན་རྩི་ལེགས་པར་འཇེན་དུ་བཏུབ་པ་དེ་བཞིན་དུ་ཚེ་དང་ལྡན་པ་གྲགས་པའི་མ་དང་། ཆུང་མ་གཉིས་ཀྱིས་སྟན་དེ་ཉིད་ལ་འཁོད་བཞིན་དུ་འཕགས་པའི་བདེན་པ་བཞི་པོ་འདི་ལྟ་སྟེ། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མངོན་པར་རྟོགས་སོ། །དེ་ནས་ཚེ་དང་ལྡན་པ་གྲགས་པའི་མ་དང་། ཆུང་མ་གཉིས་ཀྱིས་ཆོས་མཐོང་བ་དང་། ཆོས་ཐོས་པ་དང་། ཆོས་ཀྱི་གཏིང་སླེབས་པ་དང་། སོམ་ཉི་ལས་རྒལ་བ་དང་། ཐེ་ཙོམ་ལས་རྒལ་བ་དང་། གཞན་གྱི་དྲིང་མི་འཇོག་པ་དང་། གཞན་གྱིས་མི་བཀྲི་བ་དང་། སྟོན་ པས་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ ཅག་ནི་འཕགས་སོ། །བདག་ཅག་ནི་མངོན་པར་འཕགས་ལགས་ཏེ། བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་ བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །བཙུན་པ་དེའི་སླད་དུ་འདིར་ཞལ་ཟས་ཀྱི་མཛད་པ་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གྲགས་པའི་མ་དང་། ཆུང་མ་ 67-1-71b གཉིས་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཚེ་དང་ལྡན་པ་གྲགས་པའི་མ་དང་། ཆུང་མ་གཉིས་ཀྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་གདན་ལ་བདེ་བར་ བཞུགས་པ་དང་། གཙང་ཞིང་བསོད་པའི་བཟའ་བ་དང་། བཅའ་བ་དག་རང་གི་ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ་རྣམ་གྲངས་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་། བཅའ་བ་དག་རང་གི་ལག་ནས་ བསྟབས་ཤིང་ཚིམ་པར་བྱས་ནས། བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ཅིང་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་ཉན་པ་ འི་ཕྱིར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གྲགས་པའི་མ་དང་། ཆུང་མ་གཉིས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་ པར་གཟེང་བསྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེང་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །བཱ་ར་ཎ་སཱི་ན་ཁྱིམ་བདག་རིགས་ཀྱི་གཙོ་བོའི་བུ་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་གང་པོ་དང་། དྲི་ མེད་དང་། བ་ལང་བདག་དང་། ལག་བཟངས་ཏེ། རིགས་ཀྱི་གཙོ་བོའི་བུ་དག་གིས་རིགས་ཀྱི་གཙོ་བོའི་བུ་གྲགས་པ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ ཁྱིམ་མེད་པར་རབ་ཏུ་བྱུང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ་སངས་རྒྱས་ནི་མཆོག་མ་ཡིན་པ་མ་ཡིན་ཞིང་ཆོས་བསྟན་པ་ཡང་མཆོག་མ་ཡིན་པ་མ་ཡིན་ཏེ། གང་གི་ཕྱིར་ 67-1-72a དེ་ལྟར་གྱི་རིགས་ཀྱི་གཙོ་བོའི་བུ་གྲགས་པ་རེ་ཤིག་ཤིན་དུ་གཞོན་པ། ཤིན་དུ་བདེ་བ་འདོད་པ་ཡང་སྐྲ་དང་། ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པས་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་ པར་རབ་ཏུ་བྱུང་གིས། མ་ལ་བདག་ཅག་གིས་ཀྱང་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས། དད་པས་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་བྱའོ་སྙམ་མོ། །དེ་ནས་རིགས་ཀྱི་གཙོ་བོའི་བུ་གཉིས་ པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་གང་པོ་དང་། དྲི་མེད་དང་། བ་ལང་བདག་དང་། ལག་བཟངས་ཏེ། རིགས་ཀྱི་གཙོ་བོའི་བུ་རྣམས་བཱ་ར་ཎ་སེ་ནས་བྱུང་ནས་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས། བཅོམ་ ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་རིགས་ཀྱི་གཙོ་བོའི་བུ་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་གང་པོ་དང་། དྲི་མ་མེད་དང་། བ་ལང་ བདག་དང་། ལག་བཟངས་ཏེ། རིགས་ཀྱི་གཙོ་བོའི་བུ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་བདག་ཅག་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པར་ དགེ་སློང་གི་དངོས་པོ་གནང་ན། བདག་ཅག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །ཚེ་དང་ལྡན་པ་དེ་དག་གིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པར་ དགེ་སློང་གི་དངོས་པོ་ཐོབ་སྟེ། དེ་ལྟར་རབ་ཏུ་བྱུང་ནས་ཚེ་དང་ལྡན་པ་དེ་དག་གཅིག་པུ་དབེན་པ་བག་ཡོད་པ་རྟུན་པ་དང་ལྡན་པ་བདག་ཉིད་གཏོད་པར་གནས་སོ། །གཅིག་པུ་དབེན་པ་བག་ཡོད་པ། རྟུན་པ་དང་ལྡན་པ་བདག་ཉིད་གཏོད་ པར་གནས་པ་ན་གང་གི་ཕྱིར་རིགས་ཀྱི་བུ་དེ་དག་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་བྱེད་པ། ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་ཚེ་འདི་ཉིད་ 67-1-72b ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་ཅག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་ཚེ་དང་ལྡན་པ་དེ་དག་ སེམས་ཤིན་དུ་རྣམ་པར་གྲོལ་བ་ཀུན་ཤེས་པ་དང་ལྡན་པའི་དགྲ་བཅོམ་པར་གྱུར་ཏོ། །དེའི་ཚེ་འཇིག་རྟེན་ན་དགྲ་བཅོམ་པ་བཅུ་དང་། བཅུ་གཅིག་པ་ནི་བཅོམ་ལྡན་འདས་སོ། །བཱ་ར་ཎ་སཱི་ན་གྲོང་མི་གཙོ་བོ་རྣམས་ཀྱི་ཁྱེའུ་ལྔ་ བཅུས་རིགས་ཀྱི་གཙོ་བོའི་བུ་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་སྟེ་གྲགས་པ་དང་། གང་པོ་དང་། དྲི་མེད་དང་། བ་ལང་བདག་དང་། ལག་བཟངས་ཏེ་རིགས་ཀྱི་གཙོ་བོའི་བུ་རྣམས་སྐྲ་དང་ཁ་སྤུ་ བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་སངས་རྒྱས་ནི་མཆོག་མ་ཡིན་པ་མ་ཡིན་ཞིང་། ཆོས་ བསྟན་པ་ཡང་མཆོག་མ་ཡིན་པ་མ་ཡིན་ཏེ། གང་གི་ཕྱིར་ད་ལྟར་རིགས་ཀྱི་གཙོ་བོའི་བུ་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་སྟེ་གྲགས་པ་དང་། གང་པོ་དང་། དྲི་མེད་དང་། བ་ལང་བདག་དང་། ལག་བཟངས་ཏེ་ རིགས་ཀྱི་གཙོ་བོའི་བུ་རྣམས་ནི་རེ་ཤིག་ཤིན་དུ་གཞོན་པ། ཤིན་དུ་བདེ་བ་འདོད་པ་ཡང་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་གིས། མ་ལ་བདག་ ཅག་ཀྱང་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ་སྙམ་མོ། །དེ་ནས་གྲོང་ཁྱེར་གྱི་གཙོ་བོ་རྣམས་ཀྱི་ཁྱེའུ་ལྔ་བཅུ་པོ་དག་བཱ་ར་ཎ་སཱི་ནས་བྱུང་ནས་ བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་གྲོང་མིའི་གཙོ་བོའི་ཁྱེའུ་ལྔ་བཅུ་པོ་དག་གིས་ 67-1-73a བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གནང་ན་བདག་ཅག་བཅོམ་ ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །ཚེ་དང་ལྡན་པ་དེ་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་སྟེ། དེ་ལྟར་ རབ་ཏུ་བྱུང་ནས་ཚེ་དང་ལྡན་པ་དེ་དག་གཅིག་པུ་དབེན་པ་བག་ཡོད་པ་རྟུན་པ་དང་ལྡན་པ། བདག་ཉིད་གཏོད་པར་གནས་སོ། །གཅིག་པུ་དབེན་པ་བག་ཡོད་པ་རྟུན་པ་དང་ལྡན་པ་བདག་ཉིད་གཏོད་པར་གནས་པ་ན་ གང་གི་ཕྱིར་རིགས་ཀྱི་བུ་དེ་དག་སྔ་མ་བཞིན་དུ་ཇི་སྲིད་སེམས་ཤིན་དུ་རྣམ་པར་གྲོལ་བ་ཀུན་ཤེས་པ་དང་ལྡན་པའི་དགྲ་བཅོམ་པར་གྱུར་ཏོ། །དེའི་ཚེ་འཇིག་རྟེན་ན་དགྲ་བཅོམ་པ་དྲུག་བཅུ་དང་། དྲུག་བཅུ་གཅིག་པ་ནི་བཅོམ་ ལྡན་འདས་སོ། །དེ་ནས་བཅོམ་ལྡན་འདས་བཱ་ར་ཎ་སཱིའི་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་ནི་ལྷ་དང་མིའི་འཆིང་བ་གང་ ཡིན་པ་ཐམས་ཅད་ལས་གྲོལ་བ་ཡིན་ནོ། །དགེ་སློང་དག་ཁྱེད་ཀྱང་ལྷ་དང་མི་རྣམས་ཀྱི་འཆིང་བ་གང་ཡིན་པ་ཐམས་ཅད་ལས་གྲོལ་བ་ཡིན་གྱིས། དགེ་སློང་དག་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་། བདེ་བའི་ཆེད་དུ་རྒྱུ་ཞིང་དེང་ལ་ཁྱེད་གཉིས་ཤིག་ནི་གཅིག་ཏུ་མ་འགྲོ་ཞིག །ང་ཡང་ལྟེང་རྒྱས་ཀྱི་གྲོང་ཁྱེར་སྡེ་ཅན་གང་ན་བ་དེར་རྒྱུ་ཞིང་གཤེགས་སོ། །དེ་ནས་བདུད་ སྡིག་ཅན་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་གཽ་ཏ་མ་འདི་བཱ་ར་ཎ་སཱིའི་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་སུ་འདུག་ནས་དེ་ཉན་ཐོས་རྣམས་ལ་འདི་སྐད་ཅེས་ཆོས་སྟོན་ཏོ། དགེ་སློང་དག་ང་ནི་ལྷ་དང་མིའི་འཆིང་བ་གང་ཡིན་པ་ 67-1-73b ཐམས་ཅད་ལས་གྲོལ་བ་ཡིན་ནོ། །དགེ་སློང་དག་ཁྱེད་ཀྱང་ལྷ་དང་མིའི་འཆིང་བ་གང་ཡིན་པ་ཐམས་ཅད་ལས་གྲོལ་བ་ཡིན་གྱིས། དགེ་སློང་དག་སྐྱེ་བོ་མང་པོ་ལ་ཕན་པ་དང་ཞེས་བྱ་བ་ནས་རྒྱུ་ཞིང་དེང་ཤིག་ཅེས་བྱ་ བའི་བར་དུ་སྟེ། ང་ཡང་ལྟེང་རྒྱས་ཀྱི་གྲོང་ཁྱེར་སྡེ་ཅན་གང་ན་བ་དེར་རྒྱུ་ཞིང་འགྲོའོ་ཞེས་ཟེར་གྱིས། མ་ལ་བདག་གིས་དེ་ལ་འདི་ལྟ་སྟེ། དཀྲུག་པའི་ལས་ཤིག་བྱ་བའི་ཕྱིར་ཉེ་བར་འགྲོའོ་སྙམ་མོ། །དེ་ནས་བདུད་སྡིག་ཅན་བྲམ་ ཟེའི་ཁྱེའུ་ཡི་ཆ་བྱད་དུ་བདག་ཉིད་མངོན་པར་སྤྲུལ་ཏེ། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་ཚིགས་སུ་བཅད་པས་གསོལ་པ། མ་གྲོལ་གྲོལ་བར་འདུ་ཤེས་ན། །ཇི་ལྟར་ བདག་ཉིད་གྲོལ་བར་སེམས། །བདག་གིས་དགེ་སྦྱོང་མ་བཀྲོལ་བས། །འཆིང་བ་ཆེན་པོས་བཅིངས་པ་ཡིན། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཨེ་མའོ་འདི་ནི་བདུད་སྡིག་ཅན་ཡིན་ཏེ། འདི་ལྟ་སྟེ་དཀྲུག་པའི་ ལས་ཀྱི་ཕྱིར་ཉེ་བར་འོངས་སོ་སྙམ་དུ་ཐུགས་སུ་ཆུད་ནས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ང་ནི་ལྷ་དང་མི་རྣམས་ཀྱི། །འཆིང་བ་གང་ཡིན་ཀུན་ལས་གྲོལ། །བར་ཆད་བྱེད་པ་ཁྱོད་བཅོམ་པར། །སྡིག་ཅན་དེ་ལྟར་ཤེས་པར་ གྱིས། །དེ་ནས་བདུད་སྡིག་ཅན་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་གཽ་ཏ་མའི་སེམས་ཀྱིས་བདག་ཤེས་སོ་སྙམ་དུ་རིག་ནས་སྡུག་བསྔལ་ཞིང་ཡིད་མི་བདེ་ལ་ཡིད་གཅགས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ ལན་གཉིས་སུ་ཡང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་ནི་ལྷ་དང་མི་རྣམས་ཀྱི་འཆིང་བ་གང་ཡིན་པ་ཐམས་ཅད་ལས་གྲོལ་བ་ཡིན་ནོ། །དགེ་སློང་དག་ཁྱེད་ཀྱང་ལྷ་དང་མི་རྣམས་ཀྱི་འཆིང་བ་གང་ཡིན་པ་ཐམས་ཅད་ ལས་གྲོལ་བ་ཡིན་གྱིས། དགེ་སློང་དག་སྐྱེ་བོ་མང་པོ་ལ་ཕན་པ་དང་ཞེས་བྱ་བ་ནས། རྒྱུ་ཞིང་དེང་ཤིག་ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །ང་ཡང་ལྟེང་རྒྱས་ཀྱི་གྲོང་ཁྱེར་སྡེ་ཅན་གང་ན་བ་དེར་གཤེགས་སོ། །བཙུན་པ་བཀའ་ 67-1-74a བཞིན་འཚལ་ལོ་ཞེས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལས་མཉན་ནས་ལྗོངས་རྒྱུ་ཞིང་དོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བཱ་ར་ཎ་སཱིར་ཇི་ཙམ་བཞེད་ཀྱི་བར་དུ་བཞུགས་ནས་ལྟེང་རྒྱས་ཀྱི་གྲོང་ཁྱེར་ སྡེ་ཅན་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ། རིམ་གྱིས་རྒྱུ་ཞིང་གཤེགས་པ་དང་གྲོང་ཁྱེར་སྡེ་ཅན་དུ་བྱོན་ཏོ། །དེ་ནས་བཅོམ་ལྡན་འདས་རས་བལ་ཅན་གྱི་ནགས་ཚང་ཚིང་གང་ན་བ་དེར་གཤེགས་ཏེ་བྱོན་ནས་ཤིང་ཞིག་གི་ དྲུང་དུ་བརྟེན་ཏེ་ཉིན་པར་གྱི་གནས་པས་བཞུགས་སོ། །དེའི་ཚེ་དྲུག་བཅུ་སྡེ་བཟང་པོའི་ཚོགས་གྲོང་ཁྱེར་སྡེ་ཅན་གྱི་ཕྱི་རོལ་དུ་ཉི་མ་རེ་རེ་ཞིང་བུད་མེད་ཀྱིས་བྱས་པའི་རོལ་མོས་རྩེ་བར་བྱེད། དགའ་བར་བྱེད་དགའ་དགུ་སྤྱོད་ པར་བྱེད་པ་ན་དེ་རྣམས་ལས་བུད་མེད་ཅིག་དམ་བཅས་པ་དྲལ་ཏེ་བྲོས་སོ། །དེ་ནས་དྲུག་བཅུ་སྡེ་བཟང་པོའི་ཚོགས་བུད་མེད་དེ་ཚོལ་ཞིང་རས་བལ་གྱི་ནགས་ཚང་ཚིང་གང་ན་བ་དེར་དོང་བ་དང་། དྲུག་བཅུ་སྡེ་བཟང་པོའི་ཚོགས་ ཀྱིས་བཅོམ་ལྡན་འདས་མཛེས་པ། དད་པར་འོས་པ། དབང་པོ་ཞི་བ། ཐུགས་ཞི་བ། ཐུགས་མཆོག་ཏུ་དུལ་བ། ཞི་བ་དང་། དུལ་བ་དང་ལྡན་པ། གསེར་གྱི་མཆོད་སྡོང་ལྟ་བུར་དཔལ་གྱིས་འབར་ཞིང་ཤིང་ཞིག་གི་དྲུང་ན་བརྟེན་ཏེ་ བཞུགས་པ་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ག་བུད་མེད་གཅིག་གཟིགས་སམ། གཞོན་ནུ་དག་བུད་ མེད་དེ་ཁྱེད་ཅག་གི་ཅིར་འོང་། བཙུན་པ་འདི་ན་བདག་ཅག་དྲུག་བཅུ་སྡེ་བཟང་པོའི་ཚོགས་གྲོང་ཁྱེར་སྡེ་ཅན་གྱི་སླད་རོལ་དུ་བུད་མེད་ཀྱིས་བགྱིས་པའི་རོལ་མོས་རྩེ་བར་བགྱིད། དགའ་བར་བགྱིད་དགའ་དགུར་སྤྱོད་པར་ བགྱིད་དེ། དེ་རྣམས་དང་བདག་ཅག་རྩེ་བར་བགྱིད། དགའ་བར་བགྱིད། དགའ་དགུར་སྤྱོད་པར་བགྱིད་པ་ན། བུད་མེད་གཅིག་དམ་བཅས་པ་དྲལ་ཏེ་བྲོས་ནས་བདག་ཅག་ཚོལ་ལགས་སོ། །གཞོན་ནུ་དག་ཇི་སྙམ་དུ་སེམས། 67-1-74b བུད་མེད་ཚོལ་བ་གང་ཡིན་པ་དང་། བདག་ཉིད་ཚོལ་བ་གང་བདམ། བཙུན་པ་བདག་ཅག་ལ་བུད་མེད་ཀྱིས་ཅི་བགྱིས། བདག་ཅག་ནི་བདག་ཉིད་ཚོལ་བ་གང་ལགས་པ་དེ་བདམ་ལགས་སོ། །གཞོན་ནུ་དག་དེའི་ཕྱིར་འདུག་ ཤིག་དང་ཁྱེད་ལ་ཆོས་བཤད་དོ། །དེ་ནས་དྲུག་བཅུ་སྡེ་བཟང་པོའི་ཚོགས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་དུ་འཁོད་ནས་བཅོམ་ ལྡན་འདས་ཀྱིས་དྲུག་བཅུ་སྡེ་བཟང་པོའི་ཚོགས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན་པ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ནས་དྲུག་བཅུ་སྡེ་བཟང་པོའི་ཚོགས་ཀྱིས་སྟན་དེ་ཉིད་ལ་འཁོད་བཞིན་ དུ་འཕགས་པའི་བདེན་པ་བཞི་པོ་འདི་ལྟ་སྟེ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མངོན་པར་རྟོགས་སོ། །དེ་ནས་དྲུག་བཅུ་སྡེ་བཟང་པོའི་ཚོགས་ཀྱིས་ཆོས་མཐོང་བ་དང་། ཆོས་ཐོབ་ པ་དང་། ཆོས་རིག་པ་དང་། ཆོས་ཀྱི་གཏིང་སླེབས་པ་དང་། སོམ་ཉི་ལས་རྒལ་བ་དང་། ཐེ་ཙོམ་ལས་རྒལ་བ་དང་། གཞན་གྱི་དྲིང་མི་འཇོག་པ་དང་། གཞན་གྱིས་མི་བཀྲི་བ་དང་། སྟོན་པས་བསྟན་པའི་ཆོས་ རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བདག་ཅག་འཕགས་སོ། །མངོན་པར་འཕགས་སོ། །བདག་ཅག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས་བདག་ཅག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །དེ་ནས་དྲུག་བཅུ་སྡེ་བཟང་པོའི་ཚོགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་ 67-1-75a སྟེ་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་ངོ་། །དེ་ནས་བཅོམ་ལྡན་འདས་དེའི་ནུབ་མོ་འདས་ནས་སྔ་དྲོ་ན་བཟའ་ཤམ་ ཐབས་མནབས། ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ་གྲོང་ཁྱེར་སྡེ་ཅན་དུ་བསོད་སྙོམས་ལ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་སྡེ་ཅན་དུ་བསོད་སྙོམས་ལ་ཞུགས་པ་ན་འདི་སྙམ་དུ་དགོངས་ཏེ། མ་ལ་ ངས་གྲོང་ཁྱེར་སྡེ་ཅན་དེར་ཐོག་མར་སུ་ཞིག་ལ་ཆོས་བཤད་སྙམ་པ་ལས། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ངས་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མ་ལ་ཐོག་མར་ཆོས་བཤད་པར་བྱ་སྟེ། དེ་ དག་གིས་ང་སྔོན་སྡུག་བསྔལ་སྤོང་བའི་རྣལ་འབྱོར་ལ་རྗེས་སུ་བརྩོན་པས་གནས་པ་ན་འདིས་མར་གསར་དང་འོ་ཐུག་སྦྲང་རྩི་ལྟར་མངར་བས་བསྙེན་བཀུར་བྱས་སོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་གྲོང་པ་ འི་བུ་མོ་དགའ་མོ་དང་། དགའ་སྟོབས་མའི་ཁྱིམ་གང་ན་བ་དེར་གཤེགས་སོ། །གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མས་བཅོམ་ལྡན་འདས་རྒྱང་རིང་པོ་ནས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ ཀྱི་ཆེད་དུ་གདན་བཤམས་ནས་འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་ཚུར་སྤྱོན། བཅོམ་ལྡན་འདས་བྱོན་པ་ལེགས་སོ། །བཅོམ་ལྡན་འདས་གདན་བཤམས་པ་ཉིད་ལ་བཞུགས་སུ་གསོལ། ཞེས་གསོལ་ནས། བཅོམ་ལྡན་འདས་གདན་བཤམས་པ་དེ་ཉིད་ལ་བཞུགས་སོ། །དེ་ནས་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན་ཅེས་བྱ་བ་ནས། 67-1-75b མངོན་པར་དད་ནས་སྐྱབས་སུ་སོང་ངོ་ཞེས་བྱ་བའི་བར་དུ་གོང་མ་བཞིན་ནོ། །དེ་ནས་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དེའི་སླད་དུ་འདིར་ ཞལ་ཟས་ཀྱི་མཛད་པ་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མས་བཅོམ་ ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ཅིང་བཅོམ་ལྡན་འདས་བདེ་བར་བཞུགས་པར་རིག་ནས་གཙང་ཞིང་བསོད་པའི་བཟའ་བ་དང་གཅའ་བ་དག་རང་གི་ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ་རྣམ་གྲངས་དུ་ མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ཏེ་ཕྱག་བཅབས་ཤིང་ལྷུང་བཟེད་གྱུར་བར་རིག་ནས་སྟན་ཆེས་དམའ་བ་ ཞིག་བླངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་ པར་འཛིན་དུ་བཅུག །ཡང་དག་པར་གཟེང་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་སྡེ་ཅན་ནས་གཤེགས་པ་ན་འདི་སྙམ་དུ་དགོངས་ཏེ། ངས་ཡུལ་མ་ག་དྷཱ་འདིར་ངང་ཚུལ་བཟང་པོར་བཀུར་བའི་དགེ་སྦྱོང་ངམ་བྲམ་ཟེ་གང་ཞིག་དབང་དུ་བྱས་ན་དེ་དབང་དུ་གྱུར་པས་ཚེགས་ཆུང་ངུས་སྐྱེ་བོའི་ཚོགས་ཆེན་པོ་དབང་དུ་འགྱུར་བ་སུ་ཞིག་ཡོད་སྙམ་མོ། །དེའི་ཚེ་ལྟེང་རྒྱས་ འོད་སྲུང་རལ་པ་ཅན་བཙས་ནས་ལོ་བརྒྱ་ཉི་ཤུ་ལོན་པ་རྒས་པ་འཁོགས་གཏུགས་པ་ཞིག་ཡོད་པ་དེ་མ་ག་དྷཱའི་མི་རྣམས་ཀྱིས་བཀུར་སྟིར་བྱ་བ་དང་། བླ་མར་བྱ་བ་དང་། རྗེད་པར་བྱ་བ་དང་། མཆོད་པར་བྱ་བས་དགྲ་བཅོམ་པར་བཀུར་ཅིང་ 67-1-76a འཁོར་ལྔ་བརྒྱ་དང་ནཻ་རཉྫ་ནཱའི་ཆུ་ཀླུང་གི་འགྲམ་གྱི་བསྟི་གནས་ན་དཀའ་ཐུབ་སྤྱོད་དོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ལྟེང་རྒྱས་འོད་སྲུང་རལ་པ་ཅན་བཙས་ནས་ལོ་བརྒྱ་ཉི་ཤུ་ལོན་པ་རྒས་ འཁོགས་གཏུགས་པ་འདི་མ་ག་དྷཱའི་མི་རྣམས་ཀྱིས་ཞེས་བྱ་བ་ནས་དཀའ་ཐུབ་སྤྱོད་དོ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། མ་ལ་ངས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་དབང་དུ་བྱ་སྟེ་འདི་དབང་དུ་གྱུར་ན་ཚེགས་ཆུང་ངུས་ སྐྱེ་བོའི་ཚོགས་ཆེན་པོ་དབང་དུ་འགྱུར་རོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་ག་ན་བ་དེར་གཤེགས་སོ། །ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱིས་བཅོམ་ལྡན་འདས་རྒྱང་རིང་པོ་ནས་ མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཆེད་དུ་གདན་བཤམས་ནས་འདི་སྐད་ཅེས་ཀྱང་གསོལ་ཏོ། །དགེ་སྦྱོང་ཆེན་པོ་ཚུར་སྤྱོན། དགེ་སྦྱོང་ཆེན་པོ་བྱོན་པ་ལེགས་སོ། །དགེ་སྦྱོང་ཆེན་པོ་ཡུན་རིང་པོ་ཞིག་ ལགས་ན་གང་ནས་འཁོར་འདིར་བྱོན། དགེ་སྦྱོང་ཆེན་པོ་གདན་གཤམས་པ་ཉིད་ལ་བཞུགས་ཤིག་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ལྟེང་རྒྱས་འོད་སྲུང་ རལ་པ་ཅན་དང་། བཅོམ་ལྡན་འདས་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བར་འགྱུར་བ་དང་། མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་མཛད་ནས་ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ལྟེང་ རྒྱས་འོད་སྲུང་རལ་པ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་གལ་ཏེ་ཁྱོད་ལ་མི་བདེ་བ་མེད་ན་ཁྱོད་ཀྱི་མེ་ཁང་དུ་ང་ཞག་གཅིག་ཅིག་འདུག་གོ། །དགེ་སྦྱོང་ཆེན་པོ་བདག་ལ་མི་བདེ་བ་མ་མཆིས་ན། འོན་ཀྱང་དེ་ ན་ཀླུ་གདུག་པ་ཞིག་གནས་ཏེ་དེས་ཁྱོད་མཐོ་བརྩམས་པར་འགྱུར་དུ་མཆིའོ། །འོད་སྲུང་ཁྱོད་ཀྱིས་རེ་ཤིག་གནང་བར་གྱིས་ཤིག་དང་མཐོ་བརྩམས་པར་མི་འགྱུར་རོ། །དགེ་སྦྱོང་ཆེན་པོ་གལ་ཏེ་ཁྱོད་ལ་མཐོ་མི་འཚམ་ 67-1-76b ན་དགེ་སྦྱོང་ཆེན་པོ་ཅི་བདེ་ཁོ་ནར་བཞུགས་ཤིག །དེ་ནས་བཅོམ་ལྡན་འདས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་མེ་ཁང་གང་ན་བ་དེར་གཤེགས་ཏེ་བྱོན་ནས་མེ་ཁང་གི་ཕྱི་འོལ་དུ་ཞབས་བསིལ་ནས་མེ་ཁང་གི་ནང་དུ་ཞུགས་ཏེ། ཉིད་ཀྱིས་རྩྭའི་གདིང་བ་བཤམས་ནས་སྐུ་དྲང་པོར་བསྲང་སྟེ་སྐྱིལ་མོ་དཀྲུང་བཅས་ནས་དྲན་པ་མངོན་དུ་ཕྱོགས་པར་བཞག་སྟེ་བཞུགས་སོ། །ཀླུ་གདུག་པས་བཅོམ་ལྡན་འདས་རྒྱང་རིང་པོ་ནས་མཐོང་ངོ་། །མཐོང་ནས་ཀྱང་ཁྲོས་ པའི་མཐུས་དུད་པ་ཕྱུང་ངོ་། །བཅོམ་ལྡན་འདས་ཀྱིས་ཀྱང་རྫུ་འཕྲུལ་གྱི་མཐུས་དུད་པ་ཕྱུང་ངོ་། །ཀླུ་གདུག་པས་ཁྲོ་བའི་མཐུས་འབར་བར་བྱས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་མེའི་ཁམས་ལ་སྙོམས་པར་ཞུགས་སོ། །དེ་ ནས་ཀླུ་གདུག་པ་ཁྲོས་པའི་མཐུ་དང་། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་མཐུས་མེ་ཁང་ཐམས་ཅད་འབར་རབ་ཏུ་འབར་ཀུན་དུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པས་སྲེག་པར་བྱེད་དོ། །ལྟེང་རྒྱས་འོད་སྲུང་རལ་པ་ཅན་ མཚན་མོ་རྒྱུ་སྐར་ལ་ལྟ་བ་ན་མེ་ཁང་ཐམས་ཅད་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་ནས་སྲེག་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་ཆེན་པོ་གཽ་ཏ་མ་འདི་ལྟར་ མཛེས་པ་ཀླུ་གདུག་པས་ཐལ་བར་བྱས་པར་མ་གྱུར་གྲང་། ཀྱི་ཧུད་ཉོན་མོངས་བདག་གི་ཚིག་མ་ཉན་ཏོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ང་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འཁོར་དང་བཅས་ པས་ཕྱ་སྤྱད་ཀྱིས་མ་ལ་ངས་རྫུ་འཕྲུལ་ཇི་ལྟ་བུར་མངོན་པར་འདུ་བྱ་བ་ལ་སེམས་མཉམ་པར་བཞག་ན་མེས་ཀླུ་གདུག་པའི་མེ་ཟིལ་ཀྱིས་མནན་ལ། དེས་ཀྱང་དེའི་ལུས་ལ་གནོད་པར་མི་བྱེད་ཅིང་དེ་དུལ་བར་བྱས་ནས་ལྷུང་བཟེད་ ཀྱི་ནང་དུ་བཅུག་སྟེ། ལྟེང་རྒྱས་འོད་སྲུང་རལ་པ་ཅན་དེ་ལ་སྦྱིན་པ་དེ་ལྟ་བུ་ཞིག་བྱའོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཇི་ལྟ་བུ་མངོན་པར་འདུ་མཛད་པ་ལ་ཐུགས་མཉམ་པར་བཞག་ན་མེས་ཀླུ་གདུག་པའི་མེ་ 67-1-77a ཟིལ་ཀྱིས་མནན་ལ། དེས་ཀྱང་དེའི་ལུས་ལ་གནོད་པ་མི་བྱེད་པ་དེ་ལྟ་བུ་མངོན་པར་འདུ་མཛད་དེ། དེ་དུལ་བར་མཁྱེན་ནས་ལྷུང་བཟེད་དུ་བཅུག་སྟེ། ལྟེང་རྒྱས་འོད་སྲུང་གང་ན་བ་དེར་བསྣམས་ཏེ་གཤེགས་སོ། །ལྟེང་ རྒྱས་འོད་སྲུང་རལ་པ་ཅན་གྱིས་བཅོམ་ལྡན་འདས་རྒྱང་རིང་པོ་ནས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་གསོན་པ་ལྟ་ཞིག །འོད་སྲུང་གསོན་ནོ། །དགེ་སྦྱོང་ཆེན་པོ་ཁྱོད་ཀྱི་ ལྷུང་བཟེད་ན་བསྣམས་ཏེ་བྱོན་པ་ཅི། འོད་སྲུང་ཀླུ་གདུག་པ་གང་གི་མཐུས་ཁྱོད་ཀྱི་མེ་ཁང་དུ་མིར་གྱུར་པ། རྫུ་འཕྲུལ་དང་མི་ལྡན་པ་གནས་སུ་མི་སྟེར་བ་དེ་ངས་བཏུལ་ནས་ལྷུང་བཟེད་དུ་བཅུག་ནས་ཁྱེར་ཏེ་འོངས་སོ། །དེ་ནས་ ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ་ཡ་མཚན་ཆེ་མོད་ཀྱི་བདག་ཅག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལྟེང་རྒྱས་འོད་ སྲུང་རལ་པ་ཅན་གྱི་བསྟི་གནས་གྱི་ནགས་ཚང་ཚིང་ན་བཞུགས་སོ། །དེའི་ཚེ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་ན་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་མེ་ལ་ཡོངས་སུ་སྤྱོད་པ་རེ་རེའི་མེ་ཐབ་གསུམ་གསུམ་སྟེ། མེ་ཐབ་སྟོང་ ལྔ་བརྒྱ་ཡོད་དོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་མེ་ལ་ཡོངས་སུ་སྤྱོད་པར་འདོད་ན་མེ་སྤར་བར་མ་ནུས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གང་ན་བ་དེར་སོང་སྟེ་ཕྱིན་ནས། ལྟེང་རྒྱས། འོད་སྲུང་རལ་པ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །མཁན་པོ་མཁྱེན་པར་མཛོད་ཅིག །འདིར་བདག་ཅག་ཞུགས་ལ་ཡོངས་སུ་སྤྱོད་པར་འཚལ་ན་ཞུགས་ཏེ་སྤར་བར་རྔོ་མ་ཐོག་ལགས་སོ། །དེ་ནས་ལྟེང་རྒྱས་འོད་སྲུང་ རལ་པ་ཅན་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་ཆེན་པོ་བདག་གི་ཉེ་འཁོར་ན་གནས་ན་དེའི་མཐུ་ཞིག་མ་བྱུང་གྲང་སྙམ་མོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། 67-1-77b བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་མཁྱེན་པར་མཛོད་ཅིག །འདིར་བདག་གི་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་མེ་ལ་ཡོངས་སུ་སྤྱོད་པར་འཚལ་ན། མེ་དེ་སྤར་བར་རྔོ་མ་ཐོག་ནས་བདག་འདི་སྙམ་དུ་ སེམས་ཏེ། བདག་གི་ཉེ་འཁོར་ན་དགེ་སྦྱོང་ཆེན་པོ་བཞུགས་ན་དེའི་མཐུ་ཞིག་མ་བྱུང་གྲང་སྙམ་བགྱིད་དོ། །འོད་སྲུང་མེ་སྤར་བར་འདོད་དམ་དགེ་སྦྱོང་ཆེན་པོ་སྤར་དུ་གསོལ། དེ་ནས་འདི་ལྟར་སངས་རྒྱས་རྣམས་ཀྱི་སངས་རྒྱས་ ཀྱི་མཐུ་དང་། ལྷ་རྣམས་ཀྱི་ལྷའི་མཐུས་མེ་དེ་རང་ཉིད་འབར་བར་གྱུར་ཏོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ་ཡ་མཚན་ཆེ་མོད་ཀྱི། བདག་ཀྱང་ དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་མེ་ལ་ཡོངས་སུ་སྤྱད་ནས་མེ་གསད་པར་འདོད་ན་གསད་པར་མ་ནུས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གང་ན་བ་དེར་དོང་སྟེ་ ལྷགས་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །མཁན་པོ་མཁྱེན་པར་མཛོད་ཅིག །འདིར་བདག་ཅག་ཞུགས་ལ་ཡོངས་སུ་སྤྱད་ནས་ཞུགས་དགུམ་པར་འཚལ་ན་དགུམ་པའི་རྔོ་མ་ཐོག་ལགས་སོ། ། དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། དགེ་སློང་ཆེན་པོ་བདག་གི་ཉེ་འཁོར་ན་གནས་ན་དེའི་མཐུ་ཞིག་མ་བྱུང་གྲང་སྙམ་མོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་བཅོམ་ལྡན་འདས་གང་ན་བ་དེར་དོང་དེ་ ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་མཁྱེན་པར་མཛད་དུ་གསོལ། །འདིར་བདག་གི་བྲམ་ཟེའི་ཁྱེའུ་རྣམས་ཞུགས་ལ་ཡོངས་སུ་སྤྱད་ནས་ཞུགས་དགུམ་པར་འཚལ་ན་དགུམ་པའི་རྔོ་མ་ ཐོག་ནས་བདག་འདི་སྙམ་དུ་སེམས་ཏེ། བདག་གི་ཉེ་འཁོར་ན་དགེ་སྦྱོང་ཆེན་པོ་བཞུགས་ན་དེའི་མཐུ་ཞིག་མ་བྱུང་གྲང་སྙམ་བགྱིད་དོ། །འོད་སྲུང་མེ་དེ་བསད་དམ། དགེ་སྦྱོང་ཆེན་པོ་དགུམ་དུ་གསོལ། དེ་ནས་འདི་ལྟར་སངས་ 67-1-78a རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང་། ལྷ་རྣམས་ཀྱི་ལྷའི་མཐུས་མེ་དེ་རང་ཉིད་ཤིའོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ ཡིན་ཏེ་ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་ཡང་དུས་གཞན་ཞིག་ན་ལྟེང་རྒྱས་འོད་སྲུང་རལ་པ་ཅན་རང་ཉིད་མེ་ལ་ཡོངས་སུ་སྤྱོད་པར་འདོད་ན་སྤར་བར་མ་ནུས་སོ་ཞེས་བྱ་བ་ནས། བདག་ ཀྱང་དགྲ་བཅོམ་པ་ཡིན་ནོ་ཞེས་བྱ་བའི་བར་དུ་གོང་མ་བཞིན་ནོ་སྙམ་མོ། །དེ་བཞིན་དུ་ཡོངས་སུ་སྤྱད་ནས་བསད་པར་འདོད་ན་ཞེས་བྱ་བ་ནས། བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་ཞེས་བྱ་བའི་བར་དུ་གོང་མ་བཞིན་ནོ། །དེ་ ནས་དུས་གཞན་ཞིག་ན་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་མེ་ཁང་ཐམས་ཅད་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་ནས་སྲེག་པར་བྱེད་པ་དེ་ལ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འཁོར་དང་ བཅས་པ་དང་། གཞན་ཡང་སྐྱེ་བོའི་ཚོགས་ཆེན་པོ་རྣམས་ཀྱིས་བསྒྲིམས་ཀྱང་བསད་པར་མ་ནུས་སོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། བདག་གི་ཉེ་འཁོར་ན་དགེ་སྦྱོང་ཆེན་པོ་གནས་ ན་དེའི་མཐུ་ཞིག་བྱུང་བར་མ་གྱུར་གྲང་སྙམ་མོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་མཁྱེན་པར་ མཛད་དུ་གསོལ། དགེ་སྦྱོང་ཆེན་པོ་འདིར་བདག་གི་མེ་ཁང་ཐམས་ཅད་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་ནས་སྲེག་པར་བགྱིད་པ་དེ་ལ་བདག་འཁོར་དང་བཅས་པ་དང་། གཞན་ ཡང་སྐྱེ་བོའི་ཚོགས་ཆེན་པོས་བསྒྲིམས་ན་ཞུགས་དགུམ་པའི་རྔོ་མ་ཐོག་ནས་བདག་འདི་སྙམ་དུ་སེམས་ཏེ། བདག་གི་ཉེ་འཁོར་ན་དགེ་སྦྱོང་ཆེན་པོ་བཞུགས་ན་དེའི་མཐུ་ཞིག་བྱུང་བར་མ་གྱུར་གྲང་སྙམ་བགྱིད་དོ། ། 67-1-78b འོད་སྲུང་མེ་དེ་ཞི་བར་བྱ་འམ། དགེ་སྦྱོང་ཆེན་པོ་ཞི་བར་མཛད་དུ་གསོལ། དེ་ནས་འདི་ལྟར་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང་། ལྷ་རྣམས་ཀྱི་ལྷའི་མཐུས་མེ་ཁང་དེ་རང་ཉིད་ཞི་བར་གྱུར་ཏོ། །དེ་ནས་ ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ་ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་ འདས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་ཀྱི་ནགས་ཚང་ཚིང་ན་བཞུགས་སོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་པོ་དག་ཁ་དོག་འཕགས་པས་མཚན་མོ་ལ་བབ་པ་ན་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ་དེ་རྣམས་དཔེར་ན་མེའི་ཕུང་པོ་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་ནས་སྲེག་པར་བྱེད་པ་བཞི་མཐོང་ངོ་། །མཐོང་ནས་ ཀྱང་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་ཆེན་པོ་ཡང་མེ་ལ་ཡོངས་སུ་སྤྱོད་དེ་འདི་ལྟར་དེའི་སྤྱན་སྔ་ན་མེའི་ཕུང་པོ་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་ནས་སྲེག་པར་བྱེད་པ་བཞི་ཡོད་དོ་སྙམ་མོ། དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ནང་པར་སྔར་ལངས་ཏེ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་མཁྱེན་པར་མཛད་དུ་གསོལ། འདིར་བདག་མ་དང་སུམ་རྒྱུ་སྐར་རྣམས་ལ་ལྟ་བ་ན་དགེ་སྦྱོང་ཆེན་པོའི་སྤྱན་སྔ་ན་ཞུགས་ཀྱི་ཕུང་པོ་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་ཏེ་སྲེག་པར་བྱེད་པ་བཞི་མཐོང་ངོ་། ། མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་ཆེན་པོ་ཡང་མེ་ལ་ཡོངས་སུ་སྤྱོད་དོ། །འདི་ལྟར་དེའི་སྤྱན་སྔ་ན་མེའི་ཕུང་པོ་འབར་རབ་ཏུ་འབར་ཀུན་དུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་ནས་སྲེག་པར་ 67-1-79a བགྱིད་པ་བཞི་མཆིས་སོ་སྙམ་མོ། །འོད་སྲུང་ཅི་ང་མེ་ལ་ཡོངས་སུ་སྤྱོད་དམ། ང་མེ་ལ་ཡོངས་སུ་མི་སྤྱོད་དེ། མཁས་པ་ཀུན་ནས་ཉོན་མོངས་ལས། །སེམས་ནི་ཡོངས་སུ་ཟློག་བྱེད་ཀྱི། །མེ་འམ་ ཡང་ན་ཆུ་དག་ལ། །ཡོངས་བསྟེན་ཡོན་ཏན་ཅི་ཞིག་ཡོད། །དེ་ལྟ་མོད་ཀྱི་འདིར་མདང་སུམ་རྒྱལ་པོ་ཆེན་པོ་བཞི་པོ་དག་ཁ་དོག་འཕགས་པས་མཚན་མོ་ལ་བབ་པ་ན་ང་གང་ན་བ་དེར་འོངས་ཏེ་ལྷགས་ནས་ངའི་ ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་དེ་རྣམས་དཔེར་ན་མེའི་ཕུང་པོ་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་ནས་སྲེག་པར་བྱེད་པ་བཞི་པོ་ལྟ་བུའི་ལུས་ཀྱིས་ཕྱོགས་ གཅིག་ཏུ་འདུག་པ་ཡིན་ནོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ་ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་ སྙམ་མོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཁ་དོག་འཕགས་པས་མཚན་མོ་ལ་བབ་པ་ན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། དེ་དཔེར་ན་མེའི་ཕུང་པོ་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་བཞི་པོ་དེ་དག་པས་ཆེས་ལྷག་ཅིང་ཆེས་འཕགས་ལ་ཆེས་བཟང་བ་ལྟ་བུའི་ལུས་ཀྱིས་ཕྱོགས་གཅིག་ཏུ་འདུག་ གོ། །ལྟེང་རྒྱས་འོད་སྲུང་རལ་པ་ཅན་དེ་ཉིད་ཀྱི་མཚན་མོ་རྒྱུ་སྐར་རྣམས་ལ་ལྟ་བ་ན། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་མེའི་ཕུང་པོ་འབར་ཞེས་བྱ་བ་ནས། དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ་ཞེས་བྱ་བའི་བར་དུ་གོང་མ་བཞིན་ནོ། །དེ་ནས་མི་མཇེད་གྱི་བདག་པོ་ཚངས་པ་ཁ་དོག་འཕགས་པས་མཚན་མོ་ལ་བབ་པ་ན་བཅོམ་ལྡན་འདས་ 67-1-79b གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ། དེ་དཔེར་ན་མེའི་ཕུང་པོ་བཞི་པོ་དེ་དག་ཉིད་སྔ་མ་བཞིན་དུ་སྲེག་པ་ཞེས་བྱ་བ་ནས། མེའི་ཕུང་པོ་ཆེན་པོ་ལྔ་པོ་དེ་མེ་ལྕེ་ གཅིག་ཏུ་གྱུར་ནས་སྲེག་པར་བྱེད་དོ་ཞེས་བྱ་བའི་བར་དེ་དག་པས་ཀྱང་ལྷག་ཅིང་ཆེས་འཕགས་ལ་ཆེས་བཟང་བ་ལྟ་བུའི་ལུས་ཀྱིས་ཕྱོགས་གཅིག་ཏུ་འདུག་གོ། །ལྟེང་རྒྱས་འོད་སྲུང་རལ་པ་ཅན་དེ་ཉིད་ཀྱི་མཚན་མོ་རྒྱུ་སྐར་རྣམས་ ལ་ལྟ་བ་ན་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་མེའི་ཕུང་པོ་ཆེན་པོ་འབར་ཞེས་བྱ་བ་ནས། དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ་ཞེས་བྱ་བའི་བར་དུ་ གོང་མ་བཞིན་ནོ། །དེའི་ཚེ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་འདུག་གནས་ན་མཆོད་སྦྱིན་ཞག་བདུན་པ་བྱེད་པ་ལ་བབ་བོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ་གལ་ཏེ་མ་ག་དྷཱའི་མི་རྣམས་ཀྱིས་དགེ་སྦྱོང་ ཆེན་པོ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་པར་ཤེས་ན་དེ་ཉིད་ལ་བྱ་བ་བྱེད་པར་སེམས་ཀྱི་བདག་ལ་ནི་དེ་ལྟ་མ་ཡིན་པའི་གནས་ཡོད་ཀྱིས་ཀྱེ་མ་དགེ་སྦྱོང་ཆེན་པོ་ཞག་བདུན་ཞིག་འདི་ནས་གཞན་དུ་སོང་ཡང་ཅི་མ་རུང་སྙམ་མོ། ། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་སེམས་མཁྱེན་ནས་ཞག་བདུན་གཞན་དུ་བཞུད་དོ། །དེའི་ཚེ་ཞག་བདུན་དུ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ལ་རྙེད་པ་དང་། བཀུར་སྟི་ཆེན་པོ་བྱུང་ནས། བཟའ་བ་དང་། བཅའ་བ་རབ་ཏུ་མང་པོ་དང་ལྡན་པ་སྐྱེ་བོའི་ཚོགས་ཆེན་པོ་ཡང་དབང་དུ་གྱུར་ཏོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་འདུག་གནས་ན་མཆོད་སྦྱིན་ཞག་བདུན་དུ་བྱས་ཟིན་པ་དང་འདི་སྙམ་དུ་སེམས་ ཏེ། ཞག་བདུན་པོ་འདི་ལ་བདག་ལ་རྙེད་པ་དང་། བཀུར་སྟི་ཆེན་པོ་བྱུང་ནས་བཟའ་བ་དང་། བཅའ་བ་རབ་ཏུ་མང་པོ་དང་ལྡན། སྐྱེ་བོའི་ཚོགས་ཆེན་པོ་ཡང་དབང་དུ་གྱུར་གྱིས་ཀྱེ་མ་ད་ནི་དགེ་སྦྱོང་ཆེན་པོ་འོངས་ཀྱང་ཅི་མ་རུང་ 67-1-80a བདག་གིས་དེ་ཡང་དེ་ལ་བསོད་སྙོམས་སྤྱོད་དུ་གཞུག་གོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་སེམས་མཁྱེན་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གང་ན་བ་དེར་ གཤེགས་སོ། །ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱིས་བཅོམ་ལྡན་འདས་རྒྱང་རིང་པོ་ནས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་བྱོན་ཏམ། འོད་སྲུང་འོངས་སོ། །དགེ་སྦྱོང་ ཆེན་པོ་ཁྱོད་ཅིའི་སླད་དུ་ཞག་བདུན་འདི་ནས་བཞུད་ལགས། འོད་སྲུང་ཁྱོད་ཀྱི་འདུག་གནས་ན་མཆོད་སྦྱིན་ཞག་བདུན་དུ་བྱེད་པ་ལ་བབ་ནས་འདི་སྙམ་དུ་གལ་ཏེ་མ་ག་དྷཱའི་མི་རྣམས་ཀྱིས་དགེ་སྦྱོང་ཆེན་པོ་ནི་འདི་ལྟར་རྫུ་འཕྲུལ་ ཆེ་ཞིང་འདི་ལྟར་མཐུ་ཆེ་བ་ཡིན་ནོ་བར་ཤེས་ན་དེ་ཁོ་ན་ལ་བྱ་བ་བྱེད་པར་སེམས་ཀྱི་བདག་ལ་ནི་དེ་ལྟ་མ་ཡིན་པའི་གནས་འདི་ཡོད་པར་འགྱུར་གྱིས་ཀྱེ་མ་དགེ་སྦྱོང་ཆེན་པོ་ཞག་བདུན་ཞིག་འདི་ནས་གཞན་དུ་སོང་ཡང་ཅི་མ་རུང་ སྙམ་སེམས་པ་མ་ཡིན་ནམ། །ངའི་ཐུགས་ཀྱིས་ཁྱོད་ཀྱི་སེམས་ཤེས་ནས་ཞག་བདུན་འདི་ནས་གཞན་དུ་སོང་ངོ་། །འོ་ན་ཅིའི་སླད་དུ་འདིར་བྱོན་ལགས། འོད་སྲུང་ཁྱོད་ཀྱི་མཆོད་སྦྱིན་ཞག་བདུན་དུ་བྱས་ཟིན་ནས་འདི་སྙམ་དུ་ བདག་ལ་ཞག་བདུན་དུ་རྙེད་པ་དང་། བཀུར་སྟི་ཆེན་པོ་བྱུང་ཞིང་བཟའ་བ་དང་། བཅའ་བ་རབ་ཏུ་མང་པོ་དང་ཡང་ལྡན་སྐྱེ་བོའི་ཚོགས་ཆེན་པོ་ཡང་དབང་དུ་གྱུར་གྱིས་ཀྱེ་མ་དགེ་སྦྱོང་ཆེན་པོ་འོངས་ཀྱང་ཅི་མ་རུང་བདག་གིས་དེ་ ཡང་དེ་ལ་ཡོངས་སུ་ལོངས་སྤྱོད་དུ་གཞུག་གོ་སྙམ་དུ་སེམས་པ་མ་ཡིན་ནམ་དགེ་སྦྱོང་ཆེན་པོ་དེ་ལྟ་ལགས་སོ། །ངའི་ཐུགས་ཀྱིས་ཁྱོད་ཀྱི་སེམས་ཤེས་ནས་ང་འོངས་པ་ཡིན་ནོ། །དགེ་སྦྱོང་ཆེན་པོ་ཅི་བདེ་བ་ཁོ་ནར་ ལོངས་སྤྱད་དུ་གསོལ། དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་ 67-1-80b ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་དེའི་སླད་དུ་བདག་གི་ཉེ་འཁོར་དུ་བཞུགས་ཤིག་དང་བདག་གིས་ཁྱོད་ལ་ཆོས་དང་མཐུན་པའི་འཚོ་བ་སྦྱར་རོ། ། བཅོམ་ལྡན་འདས་ཀྱིས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱིས་བཅོམ་ལྡན་འདས་ཀྱི་ཆེད་དུ་རང་ཁོ་ནས་གཡོས་བྱས་ནས་བཅོམ་ལྡན་འདས་ གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་གདུགས་ཚོད་ལགས་ཤིང་མཆིས་ན་དགེ་སྦྱོང་ཆེན་པོ་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། འོད་ སྲུང་དེའི་ཕྱིར་སོང་ཤིག་ང་ཡང་འོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་སོང་ནས་རིང་པོ་མ་ལོན་པར་མཁྱེན་ནས་ཇི་ལྟར་ཐུགས་མཉམ་པར་བཞག་ན་ཤིང་འཛམ་བུ་ཞེས་བྱ་ བ་གང་གིས་འཛམ་བུ་གླིང་དུ་གདགས་པ་དེ་ལས་ཁ་དོག་དང་དྲི་དང་རོ་དང་ལྡན་པའི་འཛམ་བུའི་སྙེ་མ་རྣམས་ཀྱིས་ལྷུང་བཟེད་བཀང་ནས་བསྣམས་ཏེ། ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་གང་ན་བ་ དེར་གཤེགས་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱོན་ནས་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་དེའི་འོག་ཏུ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འོངས་ནས་ལྟེང་རྒྱས་འོད་སྲུང་རལ་པ་ ཅན་གྱིས་བཅོམ་ལྡན་འདས་བསྟི་གནས་ཀྱི་གདན་བཤམས་པ་ཉིད་ལ་བཞུགས་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་བྱོན་ཏམ། འོད་སྲུངས་འོངས་སོ། །དགེ་ སྦྱོང་ཆེན་པོ་ཁྱོད་ཀྱི་ལྷུང་བཟེད་ན་ཅི་མཆིས། འདིར་ངས་འོད་སྲུངས་ཁྱོད་སོང་ནས་རིང་པོ་མ་ལོན་པར་མཁྱེན་ནས། ཇི་ལྟར་ཐུགས་མཉམ་པར་བཞག་ན་ཤིང་འཛམ་བུ་ཞེས་བྱ་བ་གང་གིས་འཛམ་བུ་ 67-1-81a གླིང་དུ་གདགས་པ་དེ་ལས་ཁ་དོག་དང་དྲི་དང་རོ་དང་ལྡན་པའི་འཛམ་བུའི་སྙེ་མ་རྣམས་ཀྱིས་ལྷུང་བཟེད་བཀང་ནས་འདིར་ཕྱིན་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཀྱིས་གལ་ཏེ་ འདོད་ན་ལོངས་སྤྱོད་ཅིག ། དགེ་སྦྱོང་ཆེན་པོ་ཅི་བདེ་བ་ཁོ་ནར་འཚལ་ལགས་སོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །ཤིང་འཛམ་བུ་ཞེས་བྱ་བ་གང་གིས་འཛམ་བུའི་གླིང་དུ་གདགས་པ་དེ་དང་། ཧ་ཅང་མི་རིང་བ་ཞིག་ན་ཨ་རུ་རའི་ནགས་དང་། བིལ་བའི་ ནགས་དང་ཀ་པིད་ཐའི་ནགས་དང་། སྐྱུ་རུ་རའི་ནགས་ཀྱང་དེ་བཞིན་ནོ། །བྱང་གི་སྒྲ་མི་སྙན་གྱི་གླིང་དུ་གཤེགས་ནས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུས་ལྷུང་བཟེད་བཀང་སྟེ་བསྣམས་ནས་ལྟེང་རྒྱས་འོད་སྲུང་རལ་ པ་ཅན་གྱི་བསྟི་གནས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་དེའི་འོག་ཏུ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འོངས་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱིས་བཅོམ་ལྡན་འདས་ བསྟི་གནས་ཀྱི་གདན་བཤམས་པ་ཉིད་ལ་བཞུགས་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་བྱོན་ཏམ། འོད་སྲུང་འོངས་སོ། །དགེ་སྦྱོང་ཆེན་པོ་ཁྱོད་ཀྱི་ལྷུང་བཟེད་ན་ཅི་མཆིས་ འདིར་ངས་འོད་སྲུང་ཁྱོད་སོང་ནས་རིང་པོ་མ་ལོན་པར་མཁྱེན་ནས་ཇི་ལྟར་ཐུགས་མཉམ་པར་བཞག་ན་བྱང་གི་སྒྲ་མི་སྙན་གྱི་གླིང་དུ་གཤེགས་ནས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲས་ལྷུང་བཟེད་ བཀང་ནས་འདིར་ཕྱིན་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཀྱིས་གལ་ཏེ་འདོད་ན་ལོངས་སྤྱོད་ཅིག །དགེ་སློང་ཆེན་པོ་ཅི་བདེ་བ་ཁོ་ནར་འཚལ་ལགས་སོ། །དེ་ནས་ལྟེང་རྒྱས་འོད་ 67-1-81b སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ་ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྟེང་རྒྱས་འོད་སྲུང་རལ་ པ་ཅན་ལས་བསོད་སྙོམས་བཞེས་ནས་ཕྱོགས་གཞན་ཞིག་དུ་བཞུགས་ནས་ཞལ་ཟས་ཀྱི་བྱ་བ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཆུས་ཆུའི་དགོས་པ་ཞིག་བྱུང་ངོ་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ ལ་ཆུས་ཆུའི་དགོས་པ་བྱུང་བར་ཤེས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལག་པས་ས་ལ་བསྣུན་པ་དང་། དེ་ནས་བཀོད་མ་ཆེན་པོ་ཞིག་བྱུང་སྟེ་ཆུ་བབ་པ་དེ་ལ་བཅོམ་ ལྡན་འདས་ཀྱིས་ཆུས་ཆུའི་བྱ་བ་མཛད་དོ། །ལྟེང་རྒྱས་འོད་སྲུང་རལ་པ་ཅན་བསྟི་གནས་ན་འཆག་པ་ན་བཀོད་མ་ཆེན་པོ་བྱུང་སྟེ་ཆུ་བབ་པ་མཐོང་ངོ་། །མཐོང་ནས་འདི་སྙམ་དུ་སེམས་ཏེ། ཆུ་འདི་སྔོན་ནི་མེད་ན་ཆུ་འདི་ད་ལྟར་གང་ནས་ བྱུང་སྙམ་མོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་མཁྱེན་པར་མཛད་དུ་གསོལ། བདག་འདིར་བསྟི་གནས་ན་ འཆག་པ་ན་བཀོད་མ་ཆེན་པོའི་ཆབ་ཅིག་མཐོང་ངོ་། །མཐོང་ནས་ཀྱང་བདག་འདི་སྙམ་དུ་སེམས་ཏེ། ཆུ་འདི་སྔོན་མ་མཆིས་ན་ད་ལྟར་ཆུ་འདི་གང་ནས་བབ་སྙམ་བགྱིད་དོ། །འོད་སྲུང་འདིར་ཁྱོད་ལས་བསོད་སྙོམས་བཞེས་ ནས་ཕྱོགས་འདིར་བཞུགས་ཏེ་ཞལ་ཟས་ཀྱི་བྱ་བ་མཛད་པ་ན་ང་ལ་ཆུས་ཆུའི་དགོས་པ་ཞིག་བྱུང་ངོ་། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ང་ལ་ཆུས་ཆུའི་དགོས་པ་བྱུང་བར་ཤེས་ནས་ང་གང་ན་བ་དེར་འོངས་ཏེ་ ཕྱིན་ནས་ངའི་མདུན་དུ་ལག་པས་ས་ལ་བསྣུན་པ་ལས་དེ་ནས་བཀོད་མ་ཆེན་པོ་ཞིག་བྱུང་བ་དེ་ལ་ངས་ཆུས་ཆུའི་བྱ་བ་མཛད་དོ། །འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ 67-1-82a ཆེ་བ་ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཕྱི་མ་རེད་དུ་ཡང་དག་འཇོག་ལས་བཞེངས་ནས་རྫིང་ལག་པས་བརྐོས་པ་གང་ན་བ་དེར་གཤེགས་ཏེ་ བྱོན་ནས་རྫིང་ལག་པས་བརྐོས་པའི་འགྲམ་གྱི་མཐའ་གཅིག་ཏུ་ན་བཟའ་ཆོས་གོས་རྣམས་བཞག་སྟེ་རྫིང་ལག་པས་བརྐོས་པར་ཞུགས་ནས་སྐུ་ཁྲུས་མཛད་ནས། རྫིང་ལག་པས་བརྐོས་པ་ནས་བྱུང་བར་བཞེད་པ་ ན་ཤིང་ཨརྫུ་ན་གང་ན་བ་དེ་ལོགས་སུ་ཕྱག་བརྐྱང་ངོ་། །དེ་ནས་ཨརྫུ་ནའི་ཡལ་ག་ཆེན་པོ་དུད་པར་གྱུར་ཏེ། དེ་ལ་བཅོམ་ལྡན་འདས་ཀྱིས་གཟུང་ནས་རྫིང་ལག་པས་བརྐོས་པ་ནས་བྱུང་ངོ་། །ལྟེང་རྒྱས་འོད་སྲུང་རལ་པ་ཅན་ བསྟི་གནས་ན་འཆག་པ་ནི་རྫིང་ལག་པས་བརྐོས་པའི་འགྲམ་ན་ཨརྫུ་ནའི་ཡལ་ག་ཆེན་པོ་དུད་པ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། ཨརྫུ་ནའི་ཡལ་ག་འདི་སྔོན་ནི་དུད་པར་མ་གྱུར་ན། ཨརྫུ་ནའི་ཡལ་ག་ཆེན་པོ་འདི་ད་སུ་ཞིག་གིས་བཏུད་སྙམ་མོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། དགེ་སྦྱོང་ཆེན་པོ་མཁྱེན་པར་མཛད་དུ་གསོལ། བདག་འདིར་བསྟི་གནས་ན་འཆག་པ་ན་རྫིང་ལག་པས་བརྐོས་པའི་འགྲམ་ན་ཨརྫུ་ནའི་ཡལ་ག་ཆེན་པོ་དུད་པར་མཐོང་ངོ་། །མཐོང་ནས་ཀྱང་བདག་འདི་ སྙམ་དུ་སེམས་ཏེ། ཨརྫུ་ནའི་ཡལ་ག་ཆེན་པོ་འདི་སྔོན་ནི་དུད་པར་མ་གྱུར་ན་ད་སུ་ཞིག་གིས་བཏུད་སྙམ་བགྱིད་དོ། །འོད་སྲུང་འདིར་ཕྱེ་མ་རེད་ནང་དུ་ཡང་དག་འཇོག་ལས་བཞེངས་ནས། རྫིང་ལག་པས་བརྐོས་ པའི་འགྲམ་གང་ན་བ་དེར་གཤེགས་ཏེ་བྱོན་ནས་རྫིང་ལག་པས་བརྐོས་པའི་འགྲམ་གྱི་མཐའ་གཅིག་ཏུ་ན་བཟའ་ཆོས་གོས་རྣམས་བཞག་སྟེ་རྫིང་ལག་པས་བརྐོས་པར་ཞུགས་ཏེ་ལུས་ཁྲུས་བྱས་ནས། 67-1-82b རྫིང་ལག་པས་བརྐོས་པ་ནས་བྱུང་བར་འདོད་ནས་ཤིང་ཨརྫུ་ན་འདི་དག་གང་ན་བ་དེ་ལོགས་སུ་ལག་པ་བརྐྱང་བ་དང་། དེ་ནས་ཨརྫུ་ནའི་ཡལ་ག་ཆེན་པོ་འདི་དུད་པར་གྱུར་ཏེ། དེ་ལ་ངས་འཇུས་ནས་ རྫིང་ལག་པས་བརྐོས་པ་ནས་བྱུང་ངོ་། །འོད་སྲུང་འདི་ནི་ཨརྫུ་ན་ལག་པས་བཟུང་བ་ཞེས་བྱའོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ ཞིང་མཐུ་ཆེ་བ་ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཕྱག་དར་ཁྲོད་པའི་ཤ་ནའི་རས་དག་བརྙེས་ནས། དེ་ནས་བཅོམ་ལྡན་འདས་འདི་ སྙམ་དུ་དགོངས་ཏེ། ངའི་ཕྱག་དར་ཁྲོད་པའི་ཤ་ནའི་རས་གང་དུ་བཀྲུ་སྙམ་མོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་སེམས་ཀྱིས་བཅོམ་ལྡན་འདས་ཀྱི་དགོངས་པ་ཤེས་ནས་རི་བྲག་གཅིག་ལས་རྡོ་ལེབ་ཆེ་ ལ་རིང་བ་ཞིག་བླངས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱག་དར་ཁྲོད་པའི་ཤ་ནའི་རས་དག་འདི་ལ་བཀྲུ་བར་གསོལ། དེ་ལ་ བཅོམ་ལྡན་འདས་ཀྱིས་ཕྱག་དར་ཁྲོད་པའི་ཤ་ནའི་རས་རྣམས་བཀྲུས་སོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ངའི་ཕྱག་དར་ཁྲོད་པའི་ཤ་ནའི་རས་རྣམས་གང་དུ་དགྲམ་སྙམ་པ་དང་། དེ་ནས་ ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་སེམས་ཀྱིས་བཅོམ་ལྡན་འདས་ཀྱི་དགོངས་པ་ཤེས་ནས་བྲག་གཅིག་ལས་རྡོ་ལེབ་ཆེ་ལ་རིང་བ་ཞིག་ཁྱེར་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལ་ཕྱག་དར་ཁྲོད་པའི་ཤ་ནའི་རས་རྣམས་དགྲམ་དུ་གསོལ། དེ་ལ་བཅོམ་ལྡན་འདས་ཀྱིས་ཕྱག་དར་ཁྲོད་པའི་ཤ་ནའི་རས་དག་ 67-1-83a བཀྲམ་མོ། །ལྟེང་རྒྱས་འོད་སྲུང་རལ་པ་ཅན་བསྟི་གནས་ན་འཆག་པ་ན་རྡོ་ལེབ་ཆེ་ལ་རིང་བ་དག་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། རྡོ་ལེབ་ཆེ་ལ་རིང་བ་འདི་དག་ སྔོན་ནི་མེད་ན་རྡོ་ལེབ་ཆེ་ལ་རིང་བ་འདི་དག་ད་སུ་ཞིག་གིས་ཁྱེར་ཏེ་འོངས་སྙམ་མོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་མཁྱེན་པར་མཛད་དུ་གསོལ། འདིར་བདག་བསྟི་གནས་ན་འཆག་པ་ན་རྡོ་ལེབ་ཆེ་ལ་རིང་བ་དག་ཅིག་མཐོང་ངོ་། །མཐོང་ནས་ཀྱང་བདག་འདི་ སྙམ་དུ་སེམས་ཏེ། རྡོ་ལེབ་ཆེ་ལ་རིང་བ་འདི་དག་སྔོན་ནི་ཡེ་མ་མཆིས་ན། རྡོ་ལེབ་ཆེ་ལ་རིང་བ་འདི་དག་ད་སུ་ཞིག་གིས་འཚལ་ཏེ་མཆིས་སྙམ་བགྱིད་དོ། །འོད་སྲུང་འདིར་ངས་ཕྱག་དར་ཁྲོད་ པའི་ཤ་ནའི་རས་དག་བརྙེས་སོ། །དེ་ནས་ང་འདི་སྙམ་དུ་དགོངས་ཏེ། ཕྱག་དར་ཁྲོད་པའི་ཤ་ནའི་རས་དག་གང་དུ་བཀྲུ་སྙམ་པ་དང་། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་སེམས་གྱིས་ངའི་ དགོངས་པ་ཤེས་ནས། བྲག་གཅིག་ལས་རྡོ་ལེབ་ཆེ་ལ་རིང་བ་ཞིག་བླངས་ཏེ་ང་གང་ན་བ་དེར་འོངས་ཏེ་ཕྱིན་ནས་ང་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལ་ཕྱག་དར་ཁྲོད་པའི་ཤ་ནའི་རས་ རྣམས་བཀྲུ་བར་གསོལ། ངས་དེ་ལ་ཕྱག་དར་ཁྲོད་པའི་ཤ་ནའི་རས་རྣམས་བཀྲུས་སོ། །ང་འདི་སྙམ་དུ་དགོངས་ཏེ། ངས་ཕྱག་དར་ཁྲོད་པའི་ཤ་ནའི་རས་རྣམས་གང་དུ་དགྲམ་སྙམ་པ་དང་། དེ་ནས་ལྷ་ རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་སེམས་ཀྱིས་ངའི་དགོངས་པ་ཤེས་ནས་བྲག་གཅིག་ལས་རྡོ་ལེབ་ཆེ་ལ་རིང་བ་ཞིག་བླངས་ཏེ་ང་གང་ན་བ་དེར་འོངས་ཏེ་བྱིན་ནས་ང་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ 67-1-83b ལྡན་འདས་འདི་ལ་ཕྱག་དར་ཁྲོད་པའི་ཤ་ནའི་རས་རྣམས་དགྲམ་དུ་གསོལ། ངས་དེ་ལ་ཕྱག་དར་ཁྲོད་པའི་ཤ་ནའི་རས་རྣམས་བཀྲམ་མོ། །འོད་སྲུང་རྡོ་ལེབ་ཆེ་ཞིང་རིང་བ་འདི་དག་ནི་གནོད་སྦྱིན་གྱིས་བླངས་ པ་ཞེས་བྱའོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ་འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ་ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། ། དེ་ནས་བཅོམ་ལྡན་འདས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་ཀྱི་ནགས་ཚང་ཚིང་ན་བཞུགས་སོ། །དེའི་ཚེ་ནཻ་རཉྫ་ནཱའི་ཆུ་ཆེར་བྲུབ་ནས་བབ་པོ། །དེ་ནས་བཅོམ་ལྡན་འདས་ཆུ་ཀླུང་མི་གང་བས་ ལྷག་པས་ཁེབས་པའི་སྟེང་ན་རྡུལ་གྱིས་ཡོག་པ་བླ་གབ་མེད་པ་ལ་འཆག་པས་འཆག་པར་མཛད་དོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་ཆེན་པོ་དེ་ལྟར་མཛེས་པ་ཆུ་ ཆེན་པོ་བྲུབ་པས་ཁྱེར་བར་མ་གྱུར་གྲང་། མ་ལ་བདག་གིས་དགེ་སྦྱོང་ཆེན་པོ་བཙལ་སྙམ་དུ་བསམས་ནས་ཤིང་གཅིག་པའི་གྲུའི་ནང་དུ་ཞུགས་ཏེ། བཅོམ་ལྡན་འདས་བཙལ་བ་ན་ལྟེང་རྒྱས་འོད་ སྲུང་རལ་པ་ཅན་གྱིས་བཅོམ་ལྡན་འདས་ཆུ་ཀླུང་མི་གང་བས་ལྷག་པར་ཁེབས་པའི་སྟེང་ནས་རྡུལ་གྱིས་ཡོག་པ་བླ་གབ་མེད་པ་ན་འཆག་པས་འཆག་པ་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་གསོན་ནམ། འོད་སྲུང་གསོན་ནོ། །དགེ་སྦྱོང་ཆེན་པོ་ཞུགས་ཤིང་གཅིག་པའི་གྲུར་འཇུག་གམ་འོད་སྲུང་འཇུག་གོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་ དགོངས་ཏེ། མ་ལ་ངས་ཇི་ལྟར་ཐུགས་མཉམ་པར་བཞག་ན་ཤིང་གཅིག་པའི་གྲུ་ཇི་ལྟར་ཆུ་ལ་འཇུག་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་འདུ་བྱའོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ 67-1-84a ཇི་ལྟར་ཐུགས་མཉམ་པར་བཞག་ནས་ཤིང་གཅིག་པའི་གྲུ་ཇི་ལྟ་བར་ཆུ་ལ་འཇུག་པར་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་དོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ ཏོ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ་ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་ སེམས་མཁྱེན་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་རལ་པ་ཅན་ཁྱོད་ནི་དགྲ་བཅོམ་པ་མ་ཡིན། དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་ པ་མ་ཡིན་ཏེ། དགྲ་བཅོམ་པའི་ལམ་གང་ཡིན་པ་དེ་ཡང་མི་ཤེས་སོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་ཆེན་པོ་གཽ་ཏ་མའི་ཐུགས་ཀྱིས་བདག་གི་སེམས་མཁྱེན་ ཏོ་སྙམ་དུ་རིག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པ་རྫོགས་པ་དགེ་སློང་གི་དངོས་ པོ་འཐོབ་པ་ལྟ་ན་དགེ་སྦྱོང་ཆེན་པོའི་སྤྱན་སྔར་བདག་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །འོད་སྲུང་ཁྱོད་ཀྱི་འཁོར་ལ་ལྟས་སམ། དགེ་སྦྱོང་ཆེན་པོ་མ་ལྟས་ལགས་སོ། །འོད་སྲུང་དེའི་ཕྱིར་ རེ་ཤིག་འཁོར་ལ་ལྟོས་ཤིག །འདིར་ཁྱོད་ལྟ་བུའི་མི་གྲགས་པ་དང་ལྡན་པ་ཤེས་ཉེན་ཅན་རྣམས་ཀྱིས་ནི་འཁོར་ལ་ལྟ་བ་ལེགས་པ་ཡིན་ནོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་རང་གི་བསྟི་གནས་ གང་ན་བ་དེར་སོང་སྟེ་ཕྱིན་ནས་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་དག་ཤེས་པར་གྱིས་ཤིག །བྲམ་ཟེའི་ཁྱེའུ་ཁོ་བོ་ནི་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་ན། ཤེས་ 67-1-84b ལྡན་དག་ཅི་བྱེད། མཁན་པོ་བདག་ཅག་གིས་ཅུང་ཟད་ཅི་འཚལ་བ་དེ་ཐམས་ཅད་ནི་མཁན་པོ་ལ་རྟེན་ནས་ལགས་པས་གལ་ཏེ་མཁན་པོ་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་ན་ བདག་ཅག་ཀྱང་མཁན་པོར་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་ངོ་། །བྲམ་ཟེའི་ཁྱེའུ་དག་ཁྱེད་ཀྱིས་དེའི་ཕྱིར་གཡང་གཞི་དང་ཤིང་ཤུན་དང་། འཁར་བ་དང་། རིལ་བ་སྤྱི་བླུགས་དང་། བླུགས་གཟར་འདི་ དག་ཆུ་ཀླུང་ནཻ་རཉྫ་ནཱའི་འགྲམ་དུ་འོར་ཅིག །མཁན་པོ་བཀའ་བཞིན་འཚལ་ཞེས་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་གཡང་གཞི་དང་། ཤིང་ཤུན་དང་། མཁར་བ་དང་། རིལ་པ་སྤྱི་བླུགས་དང་། བླུགས་གཟར་ རྣམས་ཆུ་ཀླུང་ནཻ་རཉྫ་ནཱའི་འགྲམ་དུ་བོར་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གང་ན་བ་དེར་སོང་སྟེ་ཕྱིན་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །མཁན་པོ་འདི་ལྟར་བདག་ཅག་ གིས་བདག་ཅག་གི་བགྱི་བ་གང་ལགས་པ་དེ་བགྱིས་ལགས་སོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འཁོར་ལྔ་བརྒྱ་དང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་བདག་གིས་འཁོར་ལ་བལྟས་ལགས་ཏེ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ འཐོབ་པ་ལྟ་ན་བདག་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །འོད་སྲུང་ཚུར་ཤོག །ཚངས་པར་སྤྱད་པ་སྤྱད་ཅིག །དེ་ཉིད་ཀྱིས་ཚེ་དང་ལྡན་པ་དེ་དག་རབ་ཏུ་བྱུང་བ་དང་། དེས་བསྙེན་པར་རྫོགས་པ་དང་། དེས་དགེ་སློང་གི་དངོས་པོར་གྱུར་ཏོ། །དེའི་ཚེ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་སྤུན་ཆུ་ཀླུང་འོད་སྲུང་དང་། ག་ཡཱ་འོད་སྲུང་གཉིས་འཁོར་ཉིས་བརྒྱ་ལྔ་བཅུ་ཉིས་བརྒྱ་ 67-1-85a ལྔ་བཅུ་དང་། ཆུ་ཀླུང་ནཻ་རཉྫ་ནཱའི་མཇུག་གི་འགྲམ་གྱི་བསྟི་གནས་ན་དཀའ་ཐུབ་སྤྱོད་དོ། །ཆུ་ཀླུང་འོད་སྲུང་དང་། ག་ཡཱ་འོད་སྲུང་སྤུན་གྱིས་གཡང་གཞི་དང་། ཤིང་ཤུན་དང་། མཁར་བ་ དང་། རིལ་བ་སྤྱི་བླུགས་དང་། བླུགས་གཟར་དེ་དག་ཆུ་ཀླུང་ནཻ་རཉྫ་ནཱས་ཁྱེར་བ་མཐོང་ངོ་། །མཐོང་ནས་ཀྱང་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ རྒྱལ་པོ་འམ། ཆོམ་རྐུན་ནམ། མེ་འམ་ཆུས་ཉེས་དམིགས་འགའ་ཞིག་བྱུང་བར་མ་གྱུར་གྲང་། མ་ལ་བདག་གིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་བཙལ་ལོ་སྙམ་མོ། །དེ་ནས་ཆུ་ཀླུང་ འོད་སྲུང་དང་། ག་ཡཱ་འོད་སྲུང་སྤུན་དག་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ཚོལ་ཞིང་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་གང་ན་བ་དེར་དོང་བ་དེའི་ཚེ་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་རལ་པ་ ཅན་སྐྲ་ཕྱི་སྣམ་སྦྱར་བགོས་ནས་འཁོར་ལྔ་བརྒྱ་དང་། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་ཆོས་མཉན་པའི་ཕྱིར་འཁོད་དོ། །ཆུ་ཀླུང་འོད་སྲུང་དང་། ག་ཡཱ་འོད་སྲུང་གིས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ སྐྲ་ཕྱི་སྣམ་སྦྱར་བགོས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་ཆོས་མཉན་པའི་ཕྱིར་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ལ་འདི་སྐད་ཅེས་སྨྲས་སོ། ། འོད་སྲུང་འདི་མཆོག་ཡིན་ལ་དེ་མཆོག་མ་ཡིན་ནམ། འོད་སྲུང་དག་འདི་ནི་མཆོག་ཡིན་ཏེ་དེ་ནི་མ་ཡིན་ནོ། །དེ་ནས་ཆུ་ཀླུང་འོད་སྲུང་དང་། ག་ཡཱ་འོད་སྲུང་སྤུན་དག་འདི་སྙམ་དུ་སེམས་ཏེ། སངས་ རྒྱས་བཅོམ་ལྡན་འདས་ནི་མཆོག་མ་ཡིན་པ་མ་ཡིན་ཞིང་ཆོས་བཤད་པ་ཡང་མཆོག་མ་ཡིན་པ་མ་ཡིན་ཏེ། གང་གི་ཕྱིར་ད་ལྟར་ལྟེང་རྒྱས་འོད་སྲུང་རལ་པ་ཅན་བཙས་ནས་ལོ་བརྒྱ་ཉི་ཤུ་ལྷག་ 67-1-85b ལོན་པ་རྒས་འཁོགས་གཏུགས་པ་མ་ག་དྷཱའི་མི་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རྗེད་པར་བྱས། མཆོད་པར་བྱས་ཤིང་དགྲ་བཅོམ་པར་བཀུར་བ་དེ་ཡང་ལན་གཉིས་ཀྱི་བར་དུ་ དགེ་སྦྱོང་ཆེན་པོའི་སྤྱན་སྔར་རབ་ཏུ་བྱུང་བར་ཁས་བླངས་ཀྱིས་མ་ལ་བདག་ཅག་ཀྱང་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བྱའོ་སྙམ་དུ་བསམས་ནས་བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་པ་ལྟ་ན། བདག་ཅག་ དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །ཁྱོད་ཀྱིས་འཁོར་ལ་བལྟས་སམ། དགེ་སྦྱོང་ཆེན་པོ་མ་བལྟས་ལགས་སོ། །འོད་སྲུང་དག་དེའི་ཕྱིར་རེ་ཤིག་འཁོར་ལ་ བལྟོས་ཤིག །འདི་ལྟར་ཁྱོད་ལྟ་བུའི་མི་གྲགས་པ་དང་ལྡན་པ། ཤེས་ཉེན་ཅན་དག་གིས་ནི་འཁོར་ལ་བལྟ་བ་ལེགས་པ་ཡིན་ནོ། །དེ་ནས་ཆུ་ཀླུང་འོད་སྲུང་དང་། ག་ཡཱ་འོད་སྲུང་སྤུན་རང་གི་བསྟི་ གནས་གང་ན་བ་དེར་དོང་སྟེ་ཕྱིན་ནས་བྲམ་ཟེའི་ཁྱེའུ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་དག་ཤེས་པར་གྱིས་ཤིག །ཁོ་བོ་ཅག་ནི་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱད་པ་ སྤྱོད་ན། ཤེས་ལྡན་དག་ཅི་བྱེད། མཁན་པོ་དག་བདག་ཅག་ཅུང་ཟད་ཅི་འཚལ་བ་དེ་ཐམས་ཅད་ནི་མཁན་པོ་དག་ལ་བརྟེན་ནས་ལགས་པས་གལ་ཏེ་མཁན་པོ་དག་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ ཚངས་པར་སྤྱད་པ་སྤྱོད་ན། བདག་ཅག་ཀྱང་མཁན་པོ་དག་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་ངོ་། །བྲམ་ཟེའི་ཁྱེའུ་དག་དེའི་དུས་ང་ཡིན་པར་ཤེས་པར་གྱིས་ཤིག །དེ་ནས་ཆུ་ཀླུང་འོད་སྲུང་ 67-1-86a དང་། ག་ཡཱ་འོད་སྲུང་སྤུན་འཁོར་ཉིས་བརྒྱ་ལྔ་བཅུ་ཉིས་བརྒྱ་ལྔ་བཅུ་དང་། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་ སྦྱོང་ཆེན་པོ་བདག་ཅག་གིས་འཁོར་ལ་བལྟས་ལགས་ཏེ། དགེ་སྦྱོང་ཆེན་པོ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་ པོ་འཐོབ་པ་ལྟ་ན་བདག་ཅག་ཀྱང་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །འོད་སྲུང་དག་ཚུར་ཤོག །ཚངས་པར་སྤྱད་པ་སྤྱོད་ཅིག་དེ་ཉིད་ཀྱིས་ཚེ་དང་ལྡན་པ་དེ་རྣམས་རབ་ཏུ་ བྱུང་བ་དང་དེས་བསྙེན་པ་རྫོགས་པ་དང་། དེས་དགེ་སློང་གི་དངོས་པོར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རལ་པ་ཅན་སྟོང་པོ་དེ་དག་རབ་ཏུ་བྱུང་བསྙེན་པར་རྫོགས་པར་མཛད་ནས་ལྟེང་རྒྱས་སུ་ཇི་ ཙམ་བཞེད་ཀྱི་བར་དུ་བཞུགས་ནས། ག་ཡཱ་འོད་སྲུང་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ་རིམ་གྱིས་རྒྱུ་ཞིང་གཤེགས་པ་ན་ག་ཡཱར་བྱོན་ནས་ག་ཡཱའི་མཆོད་རྟེན་ལ་སྔོན་གྱི་རལ་པ་ཅན་ཐམས་ཅད་རབ་ཏུ་ བྱུང་བའི་དགེ་སློང་སྟོང་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་སྟོང་པོ་དེ་ལ་ཆོ་འཕྲུལ་རྣམ་པ་གསུམ་གྱིས་འདོམས་པར་མཛད་དེ། རྫུ་འཕྲུལ་གྱི་ཆོ་ འཕྲུལ་དང་། ཀུན་རྗོད་པའི་ཆོ་འཕྲུལ་དང་རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ། །དེ་ལ་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི་འདི་ཡིན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ ཐུགས་མཉམ་པར་བཞག་པ་ཉིད་ཀྱི་གདན་གྱི་ནང་དུ་མི་སྣང་བར་གྱུར་ཅིང་ཤར་ཕྱོགས་ཀྱི་སྟེང་གི་བར་སྣང་ལ་མངོན་པར་འཕགས་ནས་སྤྱོད་ལམ་རྣམ་པ་བཞི་མཛད་དེ། འདི་ལྟ་སྟེ། འཆག་པ་ 67-1-86b དང་། བཞེངས་པ་དང་། བཞུགས་པ་དང་། མནལ་བར་མཛད་དོ། །མེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་མཛད་དེ། མེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན། སངས་རྒྱས་ བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཟེར་རྣམ་པ་སྣ་ཚོགས་དག་འབྱིན་པར་མཛད་དོ། །འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཤེལ་གྱི་ཁ་དོག་གོ། །ཆོ་ འཕྲུལ་ཟུང་དུ་སྟོན་པར་མཛད་དེ་སྐུའི་སྨད་ནས་མེ་འབར་བར་མཛད་ལ། སྐུའི་སྟོད་ལས་ཆུ་གྲང་མོའི་རྒྱུན་འབེབས་པར་མཛད་དོ། །སྐུའི་སྟོད་ནས་མེ་འབར་བར་མཛད་ལ། སྐུའི་སྨད་ནས་ཆུ་གྲང་མོའི་ རྒྱུན་འབེབས་པར་མཛད་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཤར་ཕྱོགས་ལ་ཇི་ལྟ་བ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་ཕྱོགས་སུ་ཡང་དེ་བཞིན་ནོ། །ཕྱོགས་བཞིར་རྫུ་འཕྲུལ་ གྱི་ཆོ་འཕྲུལ་རྣམ་པ་བཞི་བསྟན་ནས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་རྣམས་བསྡུས་ཏེ། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་ཏེ། དེ་ལ་འདི་ནི་བཅོམ་ལྡན་འདས་ ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་ཀྱི་ཀུན་རྗོད་པའི་ཆོ་འཕྲུལ་ནི་འདི་ཡིན་ཏེ། དགེ་སློང་དག་ཁྱོད་ཀྱི་སེམས་ནི་འདི་ལྟ་བུའོ། །ཁྱོད་ཀྱི་ཡིད་ནི་འདི་ལྟ་བུའོ། །རྣམ་པར་ཤེས་པ་ནི་ འདི་ལྟ་བའོ། །འདི་ནི་རྟོག་ཅིག །འདི་ནི་མ་རྟོག་ཅིག །འདི་ནི་ཡིད་ལ་བྱོས་ཤིག །འདི་ནི་ཡིད་ལ་མ་བྱེད་ཅིག །འདི་ནི་སྤོངས་ཤིག །འདི་ནི་མ་སྤང་ཞིག །འདི་ནི་ལུས་ཀྱིས་མངོན་སུམ་དུ་ བྱས་ལ་རྫོགས་པར་གྱིས་ཏེ་མནོས་ཤིག །འདི་ནི་བཅོམ་ལྡན་འདས་ཀྱི་ཀུན་རྗོད་པའི་ཆོ་འཕྲུལ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་ཀྱི་རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི་འདི་ཡིན་ཏེ། 67-1-87a དགེ་སློང་དག་འདི་ཐམས་ཅད་ནི་ཀུན་དུ་འབར་བ་ཡིན་ནོ། །དགེ་སློང་དག་ཐམས་ཅད་ཀུན་དུ་འབར་བ་དེ་ཅི་ཡིན་ཞེ་ན། དགེ་སློང་དག་མིག་དང་། གཟུགས་དང་། མིག་གི་རྣམ་པར་ ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་ཀུན་དུ་འབར་བ་ཡིན་ཞིང་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ནང་གི་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ ཡང་མ་ཡིན་པ་འབྱུང་བ་གང་ཡིན་པ་དེ་ཡང་ཀུན་དུ་འབར་བ་ཡིན་ནོ། །དགེ་སློང་དག་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་ པ་ནི་ཀུན་དུ་འབར་བ་ཡིན་ཞིང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ནང་གི་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་འབྱུང་བ་གང་ཡིན་པ་དེ་ཡང་ ཀུན་དུ་འབར་བ་ཡིན་ནོ། །གང་གིས་ཀུན་དུ་འབར་བ་འདོད་ཆགས་ཀྱི་མེ་དང་། ཞེ་སྡང་གི་མེ་དང་། གཏི་མུག་གི་མེས་ཀུན་དུ་འབར་བ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་ སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་སྟེ། སྡུག་བསྔལ་གྱིས་ཀུན་དུ་འབར་བའོ་ཞེས་སྨྲའོ། །དེ་ལ་འདི་ནི་བཅོམ་ལྡན་འདས་ཀྱིས་རྗེས་སུ་བསྟན་པའི་ཆོ་འཕྲུལ་ ཡིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། སྔོན་ཐམས་ཅད་རལ་པ་ཅན་དུ་གྱུར་པའི་དགེ་སློང་དེ་དག་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དེ་ནས་བཅོམ་ལྡན་འདས་ ག་ཡཱའི་མགོའི་མཆོད་རྟེན་ལ་སྔོན་ཐམས་ཅད་རལ་པ་ཅན་དུ་གྱུར་པའི་དགེ་སློང་སྟོང་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་ 67-1-87b དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་དུ་རྣམ་པར་གྲོལ་བ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་སོ། །རྒྱལ་པོ་གཟུགས་ཅན་སྙིང་པོ་ འི་ཞོ་ཤས་འཚོ་བའི་མི་རྣམས་ལྗོངས་རྒྱུ་བ་ན། ཤཱཀྱ་རྣམས་ཀྱི་གཞོན་ནུ་གངས་རིའི་ངོས་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ་དྲང་སྲོང་སེར་སྐྱའི་བསྟི་གནས་དང་། ཧ་ཅང་ཡང་མི་རིང་བ་ཞིག་ཏུ་བྱུང་བ་དེ་བྲམ་ ཟེ་མཚན་མཁན་དང་། ལྟས་མཁན་རྣམས་ཀྱིས་གལ་ཏེ་ཁྱིམ་པར་གྱུར་ཏེ། ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་བ་རིན་ པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་དག་ཡིན་པར་འགྱུར་རོ། །འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་བློན་པོ་རིན་པོ་ཆེ་ཡིན་ནོ། །དེ་ལ་བུ་སྟོང་ཡང་ཚང་བར་འབྱུང་བར་འགྱུར་ཏེ། དཔའ་བ་རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་ དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་དེ་རྒྱ་མཚོ་ལ་ཐུགས་པའི་ས་ཆེན་པོ་མ་ལུས་པར་གནོན་པར་བདེ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ་ཆོས་དང་ འཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་པར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་ གྱུར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འཇིག་རྟེན་དུ་སྒྲ་རྣམ་པར་གྲག་པར་འགྱུར་བར་ལུང་བསྟན་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་མ་ག་དྷཱའི་ 67-1-88a རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་གང་ན་བ་དེར་སོང་སྟེ་ཕྱིན་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མཁྱེན་པར་མཛད་དུ་ གསོལ་བདག་ཅག་འདིར་ལྷའི་ཡུལ་ན་རྒྱུ་བ་ན་ཤཱཀྱ་རྣམས་ཀྱི་གཞོན་ནུ་གངས་རིའི་ངོས་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འཇིག་རྟེན་དུ་ སྒྲ་རྣམ་པར་གྲགས་པར་འགྱུར་བར་ལུང་བསྟན་པ་ཞིག་ཐོས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ལྷ་དེ་ཁུམ་ཤིག །ལྷ་བས་གཙོ་བོ་བས་ཆེས་གཙོ་བོར་འགྱུར་དུ་མཆིའོ། །གྲོང་པ་དག་ཤཱཀྱ་ རྣམས་ཀྱི་གཞོན་ནུ་གངས་རིའི་ངོས་ཞེས་བྱ་བ་ནས། གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་ཏེ། ལྷ་དེ་ཁུམ་ཤིག །ལྷ་བས་གཙོ་བོ་བས་ཆེས་གཙོ་བོར་འགྱུར་དུ་མཆིའོ་ཞེས་ཁྱེད་ཅག་ དེ་སྐད་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། གྲོང་པ་དག་ཤཱཀྱ་རྣམས་ཀྱི་གཞོན་ནུ་ཞེས་བྱ་བ་ནས་བྱུང་བ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། གལ་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ན་དེའི་གཡོག་བྱའོ། གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་གྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་སུ་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་གྱུར་ན་དེའི་ཉན་ཐོས་སུ་ཁས་བླང་བར་བྱའོ། །དེ་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་སྟེང་གི་ཁང་བཟངས་ཀྱི་གཞི་ལ་འདུག་ ནས་སྨོན་པའི་གཞི་ལྔ་ལ་སྨོན་པར་བྱེད་དེ། ཀྱེ་མའོ་བདག་གི་ཡུལ་དུ་འཇིག་རྟེན་གྱི་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་། ཞབས་སུ་ལྡན་པ། 67-1-88b བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་བཅོམ་ལྡན་འདས་བྱུང་བ་དང་དེ་ལ་ཡང་བལྟ་བའི་ཕྱིར་བདག་ཉེ་བར་འགྲོ་ བ་དང་། ཉེ་བར་སོང་བ་ན་དེས་ཀྱང་བདག་ལ་ཆོས་བཤད་པ་དང་། བདག་གིས་ཀྱང་ཆོས་བཤད་པ་དེ་ཤེས་པ་དང་། བདག་གིས་ཆོས་ཤེས་ནས་བསླབ་པ་བཅས་ཤིང་བསླབ་པ་དེ་ཡང་བདག་གིས་བླངས་ཏེ་ གནས་ཀྱང་ཅི་མ་རུང་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་དེ་སྟེང་གི་ཁང་བཟངས་ཀྱི་གཞི་ལ་འདུག་ནས། སྨོན་པའི་གཞི་ལྔ་སྨོན་པར་བྱེད་དེ། ཀྱེ་མའོ་བདག་གི་ཡུལ་དུ་འཇིག་རྟེན་གྱི་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བའི་བར་གོང་མ་བཞིན་ནོ། མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོའི་ཞོ་ཤས་འཚོ་བ་དག་ཅིག་ལྗོངས་རྒྱུ་བ་ན། ཤཱཀྱ་རྣམས་ཀྱི་གཞོན་ནུ་གངས་རིའི་ངོས་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ་དྲང་སྲོང་སེར་སྐྱའི་ བསྟི་གནས་དང་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་བྱུང་བ་གང་ཡིན་པ་དེ་བྲམ་ཟེ་མཚན་མཁན་དང་ལྟས་མཁན་ཞེས་བྱ་བ་ནས་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ་ཞེས་ལུང་བསྟན་པ་ ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དེ་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་དེ་ག་ཡཱ་ན་ག་ཡཱའི་མགོའི་མཆོད་རྟེན་ལ་སྔོན་ཐམས་ཅད་རལ་པ་ཅན་དུ་གྱུར་པའི་དགེ་སློང་སྟོང་ཐམས་ཅད་ཀྱང་དགྲ་ 67-1-89a བཅོམ་པ་ཟག་པ་ཟད་པ་བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་ སེམས་ཤིན་དུ་རྣམ་པར་གྲོལ་བ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱོངས་གཟུགས་ཅན་སྙིང་པོ་གང་ན་བ་དེར་དོང་སྟེ་ལྷགས་ནས་ མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མཁྱེན་པར་མཛད་དུ་གསོལ། བདག་ཅག་འདི་ན་ལྷའི་ཡུལ་ན་རྒྱུ་བ་ན། ཤཱཀྱ་རྣམས་ཀྱི་གཞོན་ནུ་གང་ ལགས་པ་དེ་ཞེས་བྱ་བ་ནས། འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་ པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་ག་ཡཱ་ན་ག་ཡཱའི་མཆོད་རྟེན་ལ་སྔོན་ཐམས་ཅད་རལ་ པ་ཅན་དུ་གྱུར་པའི་དགེ་སློང་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ་ཞེས་བྱ་བ་ནས། ཡང་དག་པའི་ཤེས་པས་སེམས་ཤིན་དུ་རྣམ་པར་གྲོལ་བ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་ བྱ་བའི་བར་དུ་སྟེ། ལྷ་དེ་དག་ལ་བཀུར་སྟི་མཛོད་ཅིག་དང་། དེ་ལྟ་ན་ལྷ་གཙོ་བོ་བས་ཆེས་གཙོ་བོར་འགྱུར་རོ། །དེ་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་མི་ཞིག་ལ་བསྒོ་བ། ཀྭའི་ ནང་རྗེ་ཚུར་ཁྱོད་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས། ཁོ་བོའི་ཚིག་འདི་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱོས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ། འཚོ་འམ། བསྐྱོད་པ་ཡང་ 67-1-89b ངམ། སྟོབས་དང་། བདེ་བ་དང་། སྐུ་ཉམས་དང་ལྡན་ནམ། རག་པར་སྤྱོད་དམ་ཞེས་ཞུས་ལ་འདི་སྐད་ཅེས་ཀྱང་གསོལ་ཅིག །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ལ་ཇི་སྲིད་འཚོའི་བར་དུ་ན་བཟའ་ཆོས་ གོས་དང་། བསོད་སྙོམས་དང་གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བགྱིད་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་དུ་གཤེགས་སུ་གསོལ་ཞེས་གསོལ་ཅིག །ལྷ་བཀའ་བཞིན་འཚལ་ ཞེས་མི་དེས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལས་མཉན་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་ ནས། བཅོམ་ལྡན་འདས་ལ་མི་དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་མགོ་བོས་ཕྱག་འཚལ་ནས། གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ་ ཞེས་བྱ་བ་ནས། རེག་པར་སྤྱོད་དམ་ཞེས་བྱ་བའི་བར་དུ་གོང་མ་བཞིན་དུ་སྟེ་སྙུན་གསོལ་ལགས་སོ། །ཀྱེ་མི་ཁྱོད་དང་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་བདེ་བར་གྱུར་ཅིག །བཙུན་པ་མ་ག་དྷཱའི་རྒྱལ་པོ་ བཟོ་སྦྱངས་གཟུགས་ཅན་སྙིང་པོའི་མཆིད་ནས། འདི་སྐད་ཅེས་བདག་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་། ཐབས་གཅིག་ལ་ཇི་སྲིད་འཚོའི་བར་དུ་ན་བཟའ་དང་། ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་ དང་། སྙུན་དཔྱད་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བགྱིད་ན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་གཤེགས་སུ་གསོལ་ཞེས་མཆི་ལགས་སོ། །བཅོམ་ལྡན་འདས་ཀྱིས་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ མི་དེས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་སྔོན་ཐམས་ཅད་རལ་པ་ཅན་དུ་གྱུར་པའི་ 67-1-90a དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་བྱ་བ་ནས། ཡང་དག་པའི་ཤེས་པས་སེམས་ཤིན་དུ་རྣམ་པར་གྲོལ་བ་ཞེས་བྱ་བའི་བར་ཤ་སྟག་དང་ཐབས་གཅིག་ཏུ་མ་ག་དྷཱའི་ལྗོངས་ རྒྱུ་ཞིང་གཤེགས་པ་ན། ཡུལ་མ་ག་དྷཱ་པ་རྣམས་ཀྱི་མཆོད་རྟེན་ལེགས་པར་རབ་གནས་ལྟང་བྲང་གི་ཚལ་ཡོད་པ་གང་ན་བ་དེར་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ལེགས་པར་རབ་གནས་སུ་བྱོན་ནས། མ་ག་དྷཱ་པ་རྣམས་ཀྱི་མཆོད་རྟེན་ལེགས་ པར་རབ་གནས་ལྟང་བྲང་གི་ཚལ་ཡོད་པ་ན་བཞུགས་སོ། །མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་སྔོན་ཐམས་ཅད་རལ་པ་ཅན་དུ་གྱུར་པའི་དགེ་སློང་གི་དགེ་འདུན་ཆེན་པོ་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་ པོ་ཞེས་བྱ་བ་ནས། སེམས་ཤིན་དུ་རྣམ་པར་གྲོལ་བ་ཞེས་བྱ་བའི་བར་དུ་སྟེ། མ་ག་དྷཱའི་ལྗོངས་རྒྱུ་ཞིང་གཤེགས་པ་ན། མ་ག་དྷཱ་པ་རྣམས་ཀྱི་མཆོད་རྟེན་ལེགས་པར་རབ་གནས་ལྟང་བྲང་གི་ཚལ་ཡོད་པ་གང་ན་བ་དེར་གཤེགས་ཏེ། མ་ག་དྷཱ་པ་རྣམས་ཀྱི་མཆོད་རྟེན་ལེགས་པར་རབ་གནས་ལྟང་བྲང་གི་ཚལ་ཡོད་པ་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཤིང་རྟ་བཟང་པོའི་ནང་དུ་ཞུགས་ཏེ། རྒྱལ་པོའི་མཐུ་ཆེན་པོ་དང་། རྒྱལ་པོའི་འབྱོར་པ་ཆེན་པོས་རྟ་དང་ཤིང་རྟ་ བརྒྱ་སྟོང་སྙེད་དང་ལྷན་ཅིག་འཁོར་བརྒྱ་ཕྲག་དུ་མ་དང་རྒྱལ་པོའི་ཁབ་ནས་བྱུང་ནས་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་ན། དེའི་ཤིང་རྟའི་འཁོར་ལོ་སའི་ནང་དུ་བྱིང་བར་གྱུར་ ཏོ། །དེས་བསམས་པ་བདག་གིས་ལས་སྐྱོན་ཅན་ཅུང་ཟད་ཅིག་བྱས་པར་མ་གྱུར་གྲང་སྙམ་མོ། །ལྷ་རྣམས་ཀྱིས་དེ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ལས་སྐྱོན་ཅན་མ་བྱས་མོད་ཀྱི་ཁྱོད་དང་ལྷན་ཅིག་ལས་མཚུངས་པར་སྤྱོད་པ་གང་ ཡིན་པ་དེ་དག་བཙོན་ར་ན་འདུག་གིས་དེ་དག་ཐོན་ཅིག །རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་གདོན་ནོ་ཞེས་རྒྱལ་པོས་བཙོན་རྣམས་འདོན་དུ་བཅུག་གོ། །ཡང་རྒྱལ་པོ་ཕྱིར་བྱུང་བར་བརྩམས་པ་ན་དེའི་དབུ་རྒྱན་སྒོ་ལ་ཐུག་གོ། །དེ་ནས་ཡང་ 67-1-90b བསམས་པ། བདག་གིས་ནི་གདོན་མི་ཟ་བར་ལས་སྐྱོན་ཅན་ཞིག་བྱས་ཏེ་དེས་ན་བདག་ལ་ལྟས་ངན་པ་གཞན་སྒོ་ལ་དབུ་རྒྱན་ཐུག་པ་འདི་བྱུང་ངོ་སྙམ་མོ། །ལྷ་དེ་རྣམས་ཀྱིས་ཡང་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ལས་ སྐྱོན་ཅན་མ་བྱས་མོད་ཀྱི་ཁྱོད་དང་ལྷན་ཅིག་ལས་མཚུངས་པར་སྤྱད་པ་གང་ཡིན་པ་དེ་དག་ཁ་ཅིག་ནི་འདུས་ཀྱང་ཁ་ཅིག་ནི་ཡུལ་ལྗོངས་གཞན་ག་གེ་མོ་ཞེས་བྱ་བ་དག་ན་ལས་ཀྱི་མཐའ་བྱེད་ཅིང་འདུག་པ་དེ་དག་སྦྲོན་ཅིག །རྒྱལ་པོས་ཡུལ་ དེ་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱང་བཀུག་གོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་ཤིང་རྟ་ཁྲི་ཉིས་སྟོང་དང་། ཞབས་འབྲིང་བ་རྟ་པའི་ཚོགས་ཁྲི་བརྒྱད་སྟོང་དང་། མ་ག་དྷཱའི་བྲམ་ཟེ་དང་ཁྱིམ་བདག་བརྒྱ་སྟོང་ཕྲག་དུ་མ་ དང་ལྷན་ཅིག་རྒྱལ་པོའི་ཁབ་ནས་བྱུང་སྟེ། བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ངོ་། །དེ་ཇི་ཙམ་བཞོན་པའི་སའི་བར་དུ་བཞོན་པས་སོང་སྟེ། བཞོན་པ་ལས་བབས་ནས་རྐང་ པ་ཁོ་ནས་ཀུན་དགའ་ར་བར་ཞུགས་སོ། །མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་ཐག་ཇི་ཙམ་ནས་བཅོམ་ལྡན་འདས་མཐོང་བའི་བར་དེ་ནས་རྒྱལ་པོའི་མཚན་མ་ལྔ་པོ་ཟེའུ་ཁ་དང་། གདུགས་དང་། རལ་གྲི་དང་། ནོར་ བུའི་རྔ་ཡབ་དང་། ལྷམ་ཁྲ་བོ་རྣམས་ཕུད་དོ། །དེ་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་རྒྱལ་པོའི་མཚན་མ་ལྔ་བཞག་ནས་བཅོམ་ལྡན་འདས་ག་ན་བ་དེར་སོང་སྟེ་ཕྱིན་པ་དང་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་དེ་རང་གི་མིང་ནས་ཕྱུང་སྟེ་ལན་གསུམ་དུ་གསོལ་པ། བཙུན་པ་བདག་ནི་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལགས་སོ། །བཙུན་པ་བདག་ནི་མ་ ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལགས་སོ། །རྒྱལ་པོ་ལེགས་སོ། །རྒྱལ་པོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རྒྱལ་པོ་ཆེན་པོ་ཁྱོད་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡིན་ནོ་རྒྱལ་པོ་ཆེན་པོ་ཁྱོད་མ་ག་དྷཱའི་ 67-1-91a རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡིན་ནོ། །རྒྱལ་པོ་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་རང་གི་སྟན་ཇི་ལྟ་བ་ལ་འདུག་ཤིག །དེ་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །མ་ག་དྷཱའི་བྲམ་ཟེ་དང་། ཁྱིམ་བདག་ཁ་ཅིག་ནི་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཁ་ཅིག་ནི་ བཅོམ་ལྡན་འདས་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཁ་ཅིག་ནི་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་ མོ་སྦྱར་བ་བཏུད་དེ་འཁོད་དོ། །ཁ་ཅིག་གིས་ནི་བཅོམ་ལྡན་འདས་རྒྱང་རིང་པོ་ནས་མཐོང་ནས་ཅང་མི་སྨྲ་བར་ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་འཁོར་དང་བཅས་ཏེ་དེ་ཉིད་དུ་འདུས་ཤིང་ འདུག་པར་གྱུར་ཏོ། །དེ་ནས་མ་ག་དྷཱའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་འདི་སྙམ་དུ་སེམས་ཏེ། ཅི་དགེ་སྦྱོང་ཆེན་པོ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་ཚངས་པར་སྤྱོད་པ་ལ་སྤྱད་དམ། འོན་ཏེ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་དགེ་ སྦྱོང་ཆེན་པོའི་ཚངས་པར་སྤྱད་པ་ལ་སྤྱོད་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་མ་ག་དྷཱའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱི་སེམས་མཁྱེན་ནས་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ལ་ཚིགས་ སུ་བཅད་པའི་དབྱངས་ཀྱིས་དྲི་བ་སྨྲས་པ། ལྟེང་རྒྱས་གནས་པ་ཁྱོད་འདིར་ཅི་མཐོང་ན། །མེ་སྤངས་ནས་ནི་བརྟུལ་ཤུགས་འདི་དག་སྤྱོད། ཁྱོད་ཀྱིས་ཇི་ལྟར་མེ་ཡི་མཆོད་སྤངས་པ། །དོན་དེ་འོད་སྲུང་ང་ལ་སྨྲ་བར་གྱིས། །ལྟེང་རྒྱས་འོད་ སྲུང་གིས་གསོལ་པ། འདི་ན་ཁ་ཅིག་ཟས་སྐོམ་དེ་བཞིན་རོ། །འདོད་པ་དག་དང་བུད་མེད་ཁོ་ན་སྨྲ། །དེ་དག་ཕུང་པོའི་དྲི་མར་རབ་མཐོང་སྟེ། །དེས་བདག་མཆོད་སྦྱིན་མི་དགའ་བསྲེག་བླུགས་མིན། །ཁྱོད་ནི་འདོད་དང་བཟའ་དང་བཏུང་བ་ 67-1-91b དང་། །དེ་བཞིན་རོ་ལ་ཡིད་ནི་མི་དགའ་ན། །ལྷ་མི་འཇིག་རྟེན་ལ་ཅི་ཁྱོད་ཀྱི་ཡིད། །དགའ་བ་ཡིན་ནམ་འོད་སྲུང་དྲི་ཡིས་སྨྲོས། །ཕུང་པོ་མ་མཆིས་ཞི་བ་ཅི་མ་མཆིས། །འདོད་སྲེད་མ་ཆགས་གཞན་དུ་འགྱུར་མ་མཆིས། །གཞན་གྱིས་ མི་བཀྲིའི་གོ་འཕང་མཆོག་མཐོང་སྟེ། །དེས་བདག་མཆོད་སྦྱིན་མི་དགའ་བསྲེག་བླུགས་མིན། །གོ་འཕང་མི་ཉམས་མཆོག་ནི་མ་མཐོང་བས། །མཆོད་སྦྱིན་བརྟུལ་ཞུགས་དང་ནི་ཞུགས་དག་གིས། །གྲོལ་སྙམ་བདག་གི་ཡིད་ནི་ རྨོངས་གྱུར་ཏེ། །དམུས་ལོང་གྱུར་ནས་སྐྱེ་ཤིའི་རྗེས་བཞིན་མཐོང་། །སྐྱོབ་པ་གཙོ་བོ་མཆོག་གིས་ལེགས་བཤད་པ། །གོ་འཕང་འདུས་མ་བྱས་ཏེ་བཟོད་མཐོང་ན། །ཐུབ་པ་གཽ་ཏམ་རྣམ་པར་འདྲེན་ཁྱོད་ནི། །སྐྱེ་བོ་ཕལ་ཆེན་དོན་བརྩོན་ བདེན་ལ་ཞུགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་རྟོགས་པ་ལེགས་རྟོགས་ཏེ། །ཁྱོད་ཀྱིས་ཉེས་པར་བསམས་མ་ཡིན། །རབ་ཏུ་ཕྱེ་བའི་ཆོས་རྣམས་ལས། །གཙོ་བོ་གང་ཡིན་དེ་བླངས་སོ། །འོད་ སྲུང་འཁོར་སྐྱོ་བ་སྐྱེད་ཅིག །དེ་ནས་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་ནས་ཇི་ལྟར་སེམས་མཉམ་པར་བཞག་ན་རང་གི་སྟན་གྱི་ནང་དུ་མི་སྣང་བར་གྱུར་ཏོ། །ཤར་ཕྱོགས་ཀྱི་སྟེང་གི་ བར་སྣང་ལ་མངོན་པར་འཕགས་ནས་སྤྱོད་ལམ་རྣམ་པ་བཞི་བྱེད་དེ། སྔ་མ་བཞིན་དུ་ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་བཞི་བསྟན་ནས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་དག་བསྡུས་ཏེ་བླ་གོས་ཕྲག་པ་ གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ ལགས་སོ། །བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ། །བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་སོ། །བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ། །འོད་སྲུང་དེ་དེ་བཞིན་ནོ། །དེ་དེ་བཞིན་ 67-1-92a ཏེ། འོད་སྲུང་ང་ནི་ཁྱོད་ཀྱི་སྟོན་པ་ཡིན་ནོ། །ཁྱོད་ནི་ངའི་ཉན་ཐོས་ཡིན་ནོ། །འོད་སྲུང་ང་ནི་ཁྱོད་ཀྱི་སྟོན་པ་ཡིན་ནོ། །ཁྱོད་ནི་ངའི་ཉན་ཐོས་ཡིན་ནོ། །འོད་སྲུང་ཁྱོད་རང་གི་སྟན་ཇི་ལྟ་བ་ལ་འདུག་ཤིག །དེ་ནས་ ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་མ་ག་དྷཱའི་བྲམ་ཟེ་དང་ཁྱིམ་བདག་རྣམས་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་ཆེན་པོ་ནི་ལྟེང་ རྒྱས་འོད་སྲུང་རལ་པ་ཅན་གྱི་ཚངས་པར་སྤྱོད་པ་ལ་མི་སྤྱོད་ཀྱི་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ཉིད་ནི་དགེ་སྦྱོང་ཆེན་པོའི་ཚངས་པར་སྤྱོད་པ་ལ་སྤྱོད་དོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མ་ག་དྷཱའི་རྒྱལ་པོ་བཟོ་ སྦྱངས་གཟུགས་ཅན་སྙིང་པོ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གཟུགས་ལ་སྐྱེ་བ་ཡང་ཡོད། འཇིག་པ་ཡང་ཡོད། དེའི་སྐྱེ་བ་དང་འཇིག་པ་ཡང་རིག་པར་བྱའོ། །རྒྱལ་པོ་ཆེན་པོ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་ རྣམ་པར་ཤེས་པ་ལ་སྐྱེ་བ་ཡང་ཡོད། འཇིག་པ་ཡང་ཡོད། དེའི་སྐྱེ་བ་དང་། འཇིག་པ་ཡང་རིག་པར་བྱའོ། །རྒྱལ་པོ་ཆེན་པོ་ཡང་རིགས་ཀྱི་བུས་གཟུགས་ཀྱི་སྐྱེ་བ་དང་འཇིག་པའི་ཆོས་ཉིད་རིག་ནས་གཟུགས་དེ་ཡོངས་སུ་ ཤེས་སོ། །རྒྱལ་པོ་ཆེན་པོ་རིགས་ཀྱི་བུས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་སྐྱེ་བ་དང་། འཇིག་པའི་ཆོས་ཉིད་རིག་ནས་རྣམ་པར་ཤེས་པ་དེ་ཡོངས་སུ་ཤེས་སོ། །རྒྱལ་པོ་ཆེན་པོ་རིགས་ཀྱི་བུས་ གཟུགས་ཡོངས་སུ་ཤེས་ན་གཟུགས་ལ་བདག་གམ་བདག་གིར་ཁས་མི་ལེན་ན་མི་འཛིན་ལྷག་པར་མི་གནས་མངོན་པར་ཞེན་པར་མི་བྱེད་དོ། །རྒྱལ་པོ་ཆེན་པོ་རིགས་ཀྱི་བུས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ ཤེས་པ་ཡོངས་སུ་ཤེས་ན་བདག་གམ་བདག་གིར་ཁས་མི་ལེན་ན་མི་འཛིན་ལྷག་པར་མི་གནས་མངོན་པར་ཞེན་པར་མི་བྱེད་དོ། །རྒྱལ་པོ་ཆེན་པོ་རིགས་ཀྱི་བུས་གཟུགས་ལ་བདག་གམ་བདག་གིར་ཁས་མི་ལེན། མི་འཛིན། ལྷག་ 67-1-92b པར་མི་གནས། མངོན་པར་ཞེན་པར་མི་བྱེད་ན་ཚད་མེད་ཅིང་གྲངས་མེད་པའི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་སྨྲའོ། །རྒྱལ་པོ་ཆེན་པོ་རིགས་ཀྱི་བུས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་བདག་གམ་ བདག་གིར་ཁས་མི་ལེན་མི་འཛིན། ལྷག་པར་མི་གནས། མངོན་པར་ཞེན་པར་མི་བྱེད་ན་ཚད་མེད་ཅིང་གྲངས་མེད་པའི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་སྨྲའོ། །དེ་ནས་མ་ག་དྷཱའི་བྲམ་ཟེ་དང་ཁྱིམ་བདག་རྣམས་འདི་སྙམ་དུ་ སེམས་ཏེ། གལ་ཏེ་གཟུགས་བདག་མ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་བདག་མ་ཡིན་ན། འོ་ན་བདག་གམ། སེམས་ཅན་ནམ། སྲོག་གམ། སྐྱེ་བ་པོ་འམ། གསོ་བ་པོ་འམ། གང་ཟག་གམ། ཤེད་ ལས་སྐྱེས་སམ། ཤེད་བུ་འམ། བྱེད་པ་པོ་འམ། བྱེད་དུ་འཇུག་པ་པོ་འམ། ཤེས་པ་པོ་འམ། ཀུན་ནས་ཤེས་པ་པོ་འམ། སློང་བ་པོ་འམ། ཀུན་ནས་སློང་བ་པོ་འམ། སྨྲ་བ་པོ་འམ། ཀུན་ནས་སྨྲ་བ་པོ་འམ། ཚོར་བ་པོ་འམ། ཀུན་ནས་ ཚོར་བ་པོ་གང་ཡིན་པ་ནམ་ཡང་མ་བྱུང་འབྱུང་བར་མི་འགྱུར་ཞིང་ད་ལྟར་ཡང་ཡོད་པ་གང་གིས་དེ་དང་དགེ་བ་དང་། སྡིག་པའི་ལས་བྱས་པ་རྣམས་ཀྱི་རྣམ་པར་སྨྱིན་པ་སོ་སོར་ཉམས་སུ་མྱོང་ཞིང་གང་གིས་ཕུང་པོ་འདི་བོར་ཏེ་ཕུང་པོ་ གཞན་དང་ཉིང་མཚམས་སྦྱོར་བ་དེ་སུ་ཞིག་ཡིན་པར་འགྱུར་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་མ་ག་དྷཱའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་སེམས་མཁྱེན་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ བདག་བདག་ཅེས་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པས་བཏགས་པའི་རྗེས་སུ་ལྟུང་བ་ཡིན་ཏེ། འདི་ལ་བདག་ཅེ་འམ། བདག་གི་མེད་ཀྱི་དགེ་སློང་དག་སྐྱེ་བ་ན་སྡུག་བསྔལ་འདི་སྐྱེ་ཞིང་འགག་པ་ན་ཡང་སྡུག་ བསྔལ་འདི་འགག་གོ། །སྐྱེ་བ་ན་འདུ་བྱེད་རྣམས་སྐྱེ་ཞིང་འགག་པ་ན་འང་འདུ་བྱེད་རྣམས་འགག་པར་འགྱུར་ཏེ། རྒྱུ་དེ་དང་རྐྱེན་དེ་ལ་བརྟེན་ནས་སེམས་ཅན་རྣམས་ཀྱི་འདུ་བྱེད་ཀྱི་རྒྱུད་འཇུག་གོ། །དགེ་སློང་དག་དེ་བཞིན་གཤེགས་པས་འདུ་ 67-1-93a བྱེད་ཀྱི་ཉིང་མཚམས་སྦྱོར་བ་ཐུགས་སུ་ཆུད་ནས་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་དང་འདོགས་པར་མཛད་དེ། དགེ་སློང་དག་ངས་ལྷའི་སྤྱན་རྣམ་པར་དག་པའི་མི་ལས་འདས་པས་སེམས་ཅན་རྣམས་ཀྱི་འཆི་ འཕོ་ཞེས་བྱ་བ་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་མཁྱེན་ཏོ་ཞེས་བྱ་བའི་བར་དུ་གོང་མ་བཞིན་ནོ། །དགེ་སློང་དག་ངས་དེ་ལྟར་མཁྱེན་ཅིང་དེ་ལྟར་གཟིགས་པས་ང་འདི་སྐད་ཅེས་ བདག་གམ། སེམས་ཅན་ནམ་ཞེས་བྱ་བ་ནས་ཚོར་བ་པོ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། གང་ནམ་ཡང་མ་བྱུང་འབྱུང་བར་མི་འགྱུར་ཞིང་ད་ལྟར་ཡང་ཡོད་པ་མ་ཡིན་པས་གང་གིས་དེ་དང་དེར་སྡིག་པའི་ལས་བྱས་པ་རྣམས་ཀྱི་ རྣམ་པར་སྨིན་པ་སོ་སོར་ཉམས་སུ་མྱོང་ཞིང་གང་གིས་ཕུང་པོ་འདི་བོར་ཏེ་ཕུང་པོ་གཞན་དང་ཉིང་མཚམས་སྦྱོར་བ་དེ་ཆོས་སུ་བརྡར་བཏགས་པ་མ་གཏོགས་པ་འདི་ཡིན་ནོ་ཞེས་མི་གསུངས་སོ། །དེ་ལ་ཆོས་ཀྱི་བརྡར་བཏགས་པ་ནི་འདི་ ཡིན་ཏེ། འདི་ལྟ་སྟེ། འདི་ཡོད་པས་འདི་ཡོད། འདི་སྐྱེས་པས་འདི་སྐྱེ་བ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་ཀྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་ཀྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་ཀྱིས་མིང་དང་གཟུགས། མིང་དང་གཟུགས་ ཀྱི་རྐྱེན་ཀྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་ཀྱི་རྐྱེན་ཀྱིས་རེག་པ། རེག་པའི་རྐྱེན་ཀྱིས་ཚོར་བ། ཚོར་བའི་རྐྱེན་ཀྱིས་སྲེད་པ། སྲེད་པའི་རྐྱེན་ཀྱིས་ལེན་པ། ལེན་པའི་རྐྱེན་ཀྱིས་སྲིད་པ། སྲིད་པའི་རྐྱེན་ཀྱིས་སྐྱེ་བ། སྐྱེ་བའི་རྐྱེན་ཀྱིས་ རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། འདི་མེད་པས་ འདི་མེད་ལ། འདི་འགགས་པས་འདི་འགག་པར་འགྱུར་ཏེ། འདི་ལྟ་སྟེ། མ་རིག་པ་འགགས་པས། འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་ 67-1-93b འགག་མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་ པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ འགགས་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །དགེ་སློང་དག་འདུ་བྱེད་རྣམས་ནི་སྡུག་བསྔལ་ལོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །རྒྱུ་ཀུན་འབྱུང་བས་སྡུག་ བསྔལ་ཀུན་འབྱུང་ཞིང་རྒྱུ་འགགས་པས་སྡུག་བསྔལ་འགག་སྟེ། རྒྱུན་བཅད་པས་མི་འབྱུང་ཞིང་ཉིང་མཚམས་སྦྱོར་བ་མེད་པས་འགགས་པ་འདི་ཉིད་ནི་སྡུག་བསྔལ་གྱི་མཐའ་ཡིན་ནོ། །དགེ་སློང་དག་དེ་ལ་ཡོངས་སུ་མྱ་ངན་ ལས་འདས་པ་གང་ཞེ་ན། གཞན་མེད་ཀྱི་སྡུག་བསྔལ་འགག་པ་གང་ཡིན་པ་དེ་ནི་ཉེ་བར་ཞི་བ། དེ་ནི་བསིལ་བར་གྱུར་པ། དེ་ནི་ནུབ་པ་སྟེ། དགེ་སློང་དག་ཞི་བའི་གནས་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ཕུང་པོ་ཐམས་ཅད་ སྤངས་པ་སྲེད་པ་ཟད་པ་འདོད་ཆགས་དང་བྲལ་བ་འགགས་པ་མྱ་ངན་ལས་འདས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་ལན་གཉིས་སུ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། གཟུགས་རྟག་གམ། མི་རྟག་བཙུན་པ་འདི་ནི་མི་རྟག་ལགས་སོ། །མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་ཡིན་ནམ། སྡུག་བསྔལ་མ་ཡིན། བཙུན་པ་འདི་ནི་སྡུག་བསྔལ་ལགས་སོ། ། མི་རྟག་པ་སྡུག་བསྔལ་བ་འགྱུར་བའི་ཆོས་ཅན་གང་ཡིན་པ་དེ་ལ་ཅིག་འཕགས་པའི་ཉན་ཐོས་ཐོས་པ་དང་ལྡན་པ་འདི་ནི་བདག་ཡིན་ན། །བདག་ནི་འདི་ཡིན་ནོ། །འདི་ནི་བདག་གི་བདག་གོ་ཞེས་བདག་ཏུ་ཁས་ལེན་པར་བྱེད་དམ། 67-1-94a བཙུན་པ་མ་ལགས་སོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྟག་གམ་མི་རྟག །བཙུན་པ་འདི་ནི་མི་རྟག་ལགས་སོ། །མི་རྟག་པ་གང་ཡིན་པ་དེ་སྡུག་ བསྔལ་ཡིན་ནམ་སྡུག་བསྔལ་མ་ཡིན། བཙུན་པ་འདི་ནི་སྡུག་བསྔལ་ལགས་སོ། །མི་རྟག་པ་སྡུག་བསྔལ་བར་འགྱུར་བའི་ཆོས་ཅན་གང་ཡིན་པ་དེ་ལ་ཅི་ག་འཕགས་པའི་ཉན་ཐོས་ཐོས་པ་དང་ལྡན་པ་འདི་ནི་བདག་ཡིན་ནོ། བདག་ནི་འདི་ཡིན་ནོ། །འདི་ནི་བདག་གི་བདག་གོ་ཞེས་བདག་ཏུ་ཁས་ལེན་པར་བྱེད་དམ། བཙུན་པ་མ་ལགས་སོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་ཀྱིས་གཟུགས་གང་ཅི་ཡང་རུང་། འདས་པ་དང་། མ་འོངས་པ་འམ། ད་ལྟར་བྱུང་བ་ འམ། ནང་གི་འམ། ཕྱིའི་འམ། ངན་པ་འམ། གྱ་ནོམ་པ་འམ། གང་དག་ཐག་རིང་བ་འམ། གང་དག་ཐག་ཉེ་བ་ཡང་རུང་སྟེ། དེ་ཐམས་ཅད་ལ་འདི་ནི་བདག་མ་ཡིན་ནོ། །བདག་ནི་འདི་མ་ཡིན་ནོ། །འདི་ནི་བདག་གི་བདག་མ་ཡིན་ནོ་ཞེས་དེ་ བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་ཀྱིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་གང་ཅི་ཡང་རུང་བ་དང་། རྣམ་པར་ཤེས་པ་གང་ཅི་ཡང་རུང་བ་འདས་པ་འམ། མ་འོངས་པ་ འམ། ད་ལྟར་བྱུང་བ་འམ། ནང་གི་འམ། ཕྱིའི་འམ། རགས་པ་འམ། ཕྲ་བ་འམ། ངན་པ་འམ། གྱ་ནོམ་པ་འམ། གང་དག་ཐག་རིང་བ་འམ། གང་དག་ཐག་ཉེ་བ་ཡང་རུང་སྟེ། དེ་དག་ཐམས་ཅད་ལ་འདི་ནི་བདག་མ་ཡིན་ནོ། །བདག་ ནི་འདི་མ་ཡིན་ནོ། །འདི་ནི་བདག་གི་བདག་མ་ཡིན་ནོ་ཞེས་དེ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །རྒྱལ་པོ་ཆེན་པོ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དེ་ལྟར་མཐོང་བ་ནི་གཟུགས་ལ་ ཡང་ཡིད་འབྱུང་བར་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་ཡང་ཡིད་འབྱུང་བར་འགྱུར་རོ། །ཡིད་བྱུང་ན་འདོད་ཆགས་དང་འབྲལ་ལོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ། ། 67-1-94b རྣམ་པར་གྲོལ་ན་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་ པ་ན་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་དང་། ལྷ་བརྒྱད་ཁྲི་དང་། མ་ག་དྷཱའི་བྲམ་ཟེ་དང་། ཁྱིམ་བདག་འབུམ་ཕྲག་དུ་མ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་མ་ག་དྷཱའི་ རྒྱལ་པོ་བཟོ་སྦྱོངས་གཟུགས་ཅན་སྙིང་པོས་ཆོས་མཐོང་བ་དང་། ཆོས་ཐོབ་པ་དང་། ཆོས་རིག་པ་དང་། ཆོས་ཀྱི་གཏིང་སླེབས་པ་དང་། སོམ་ཉི་ལས་རྒལ་བ་དང་། ཐེ་ཙོམ་ལས་རྒལ་བ་དང་། གཞན་གྱི་དྲིང་མི་འཇོག་པ་དང་། གཞན་གྱིས་མི་བཀྲི་བ་དང་། སྟོན་པས་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་འཕགས་སོ། །མངོན་པར་འཕགས་སོ། །བདག་བཙུན་པ་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས་ དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །བཅོམ་ལྡན་འདས་བདག་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་དུ་བཅས་ པ་ལ་ཇི་སྲིད་འཚོའི་བར་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། བསྙུན་དཔྱད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བགྱིད་ལགས་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་དུ་གཤེགས་ སུ་གསོལ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ 67-1-95a ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་མ་ག་དྷཱ་ནས་ལྗོངས་རྒྱུ་ ཞིང་གཤེགས་པ་དང་རྒྱལ་པོའི་ཁབ་ཏུ་བྱོན་ནས་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ན་མུ་སྟེགས་ཡང་དག་རྒྱལ་བ་ཅན་ཞེས་བྱ་བ་སྐྱེས་ནས་རིང་པོ་མ་ལོན་པར་དེ་ རྣམས་ཀྱི་སྟོན་པ་དུས་བྱས་པར་གྱུར་པ་དང་། དེ་རྣམས་ཀྱི་ནང་ན་ཉེ་རྒྱལ་དང་། པང་ནས་སྐྱེས་ཞེས་བྱ་བ་གཉིས་ཚོགས་ཡོངས་སུ་སྡུད་པ་དང་། ཚོགས་ཀྱི་འདྲེན་པར་གྱུར་པ་གང་ཡིན་པ་དེ་ཡོངས་སུ་འདྲེན་པ་ན་དེ་གཉིས་ ཀྱིས་འདི་ལྟར་ཡུ་བུ་ཅག་ལས་གཅིག་གིས་བདུད་རྩི་སྔར་རྙེད་ཀྱང་དེ་གཅིག་ལ་གཅིག་སྨྲ་བར་བྱའོ་ཞེས་དམ་བཅའ་བ་བྱས་སོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་། ཆོས་གོས་ཐོགས་ ཏེ་འགྲོ་བ་དང་། ལྡོག་པ་དང་། ཅུང་ཟད་ལྟ་བ་དང་། རྣམ་པར་ལྟ་བ་དང་། བསྐུམ་པ་དང་། བརྐྱང་བ་དང་། སྣམ་སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་ཐོགས་པ་མཛེས་པས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་སོ། ། དེའི་ཚེ་ན་ཀུན་དུ་རྒྱུ་ཉེ་རྒྱལ་རྒྱལ་པོའི་ཁབ་ཏུ་བྱ་བ་ཞིག་གི་ཕྱིར་སྤྱོད་ཡུལ་དུ་ཞུགས་པས་ཚེ་དང་ལྡན་པ་རྟ་ཐུལ་འགྲོ་བ་དང་། ལྡོག་པ་དང་། ཅུང་ཟད་ལྟ་བ་དང་། རྣམ་པར་ལྟ་བ་དང་། བསྐུམ་པ་དང་། བརྐྱང་བ་དང་། སྣམ་ སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་ཐོགས་པ་མཛེས་པས་རྒྱལ་པོའི་ཁབ་ན་བསོད་སྙོམས་ལ་རྒྱུ་བ་ཐག་རིང་པོ་ཁོ་ནས་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། རྒྱལ་པོའི་ཁབ་འདིར་རབ་ཏུ་བྱུང་ བ་ཇི་སྙེད་ལྷགས་ཤིང་གནས་པ་དག་ལས་འདི་ལྟ་སྟེ། རབ་ཏུ་བྱུང་བ་འདིའི་སྤྱོད་ལམ་འདི་ལྟ་བུ་ནི་བདག་གིས་སྔོན་ཆད་འགའ་ཡང་མ་མཐོང་གིས་མ་ལ་བདག་དེའི་གན་དུ་སོང་སྟེ། དགེ་སློང་ཁྱེད་ཀྱི་སྟེན་པ་ནི་གང་ཡིན། གང་གི་ 67-1-95b ཕྱིར་ནི་རབ་ཏུ་བྱུང་། སུའི་ཆོས་ལ་ནི་དགའ་ཞེས་དྲིའོ་སྙམ་དུ་རིག་ནས་ལམ་པོ་ཆེ་རུབ་པ་ཞིག་ན་འགྲོ་བ་དང་ལྡོག་པས་ཤས་ཆེར་སྡོད་ཅིང་འདུག་གོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་ཀུན་དུ་རྒྱུ་ཉེ་རྒྱལ་ག་ལ་བ་དེར་སོང་ངོ་། །དེ་ནས་ཀུན་དུ་ རྒྱུ་ཉེ་རྒྱལ་གྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་ཁྱོད་ཀྱི་སྟོན་པ་ནི་གང་ཡིན། གང་གི་ཕྱིར་ནི་རབ་ཏུ་བྱུང་། སུའི་ཆོས་ལ་ནི་དགའ། ཚེ་དང་ལྡན་པ་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་གཽ་ཏ་མ་ཤཱཀྱའི་རིགས་ལས་སྐྲ་ དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་དག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞིག་ཡོད་དོ། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཁོ་ བོའི་སྟོན་པ་ནི་བཅོམ་ལྡན་འདས་དེ་ཡིན་ནོ། །ཁོ་བོ་དེའི་ཕྱིར་རབ་ཏུ་བྱུང་ངོ་། །ཁོ་བོ་དེའི་ཆོས་ལ་དགའོ། །དགེ་སློང་དེའི་ཕྱིར་ཆོས་སྟོན་ཅིག །ཚེ་དང་ལྡན་པ་ཁོ་བོ་ནི་ན་གཞོན་པ་དང་། རབ་ཏུ་བྱུང་བ་གསར་པས་དེའི་ཕྱིར་ཁོ་བོས་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་བསྟན་པ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་སླ་བ་མ་ཡིན་ཏེ། འོན་ཀྱང་འདི་ལྟར་དེའི་དོན་བསྟན་པར་བྱའོ། །དགེ་སློང་ཁོ་བོ་ལ་ ནི་དོན་དགོས་ཀྱི་ཚིག་ནི་ཤིན་དུ་མང་པོས་ཀྱང་ཅི་བྱ་སྟེ། ཁྱོད་ཀྱིས་དོན་མང་ཡང་རུང་ཉུང་ཡང་རུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་དེའི་ཚེ་ཚིགས་སུ་བཅད་པས་སྨྲས་པ། ཆོས་རྣམས་གང་དག་རྒྱུ་ལས་བྱུང་ བ་དང་། །དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པ་འང་། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏོ། །དེ་སྐད་གསུང་པའི་ཚུལ་ཅན་དགེ་སྦྱོང་ཆེ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ཀུན་དུ་རྒྱུ་ཉེ་རྒྱལ་ཆོས་རྣམས་ལ་ ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་ཀུན་དུ་རྒྱུ་ཉེ་རྒྱལ་ཆོས་མཐོང་བ་དང་། ཆོས་རིག་པ་དང་། ཆོས་ཀྱི་གཏིང་སླེབས་པ་དང་། སོམ་ཉི་ལས་རྒལ་བ་དང་། ཐེ་ཚོམ་ལས་རྒལ་བ་དང་། གཞན་གྱི་དྲིང་ 67-1-96a མི་འཇོག་པ་དང་། གཞན་གྱིས་མི་བཀྲི་བ་དང་། སྟོན་པས་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་རོ་སྟོད་བསྲང་ནས་ལག་པ་གཡས་པ་བརྐྱང་སྟེ། ཚེ་དང་ལྡན་པ་རྟ་ཐུལ་ག་ལ་བ་དེ་ལོགས་སུ་ཐལ་ མོ་སྦྱར་བ་བཏུད་ཏེ་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། སྐྱོབ་པ་རྣམས་ཀྱི་ཆོས་འདི་ཡིན། །བསྐལ་པ་བྱེ་བ་ཁྲག་ཁྲིག་དུ། །སྔོན་ཆད་མ་མཐོང་མ་ཐོས་པ། །འཆི་མེད་མྱ་ངན་འདས་པ་ཡི། །གོ་འཕང་འདི་ལ་རྗེས་སུ་རྟོགས། ། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་ད་ལྟ་ག་ལ་བཞུགས། ཚེ་དང་ལྡན་པ་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་འདི་ཉིད་ནའོ། །དེ་ནས་ཀུན་དུ་རྒྱུ་ཉེ་རྒྱལ་ཚེ་དང་ལྡན་པ་རྟ་ཐུལ་གྱིས་སྨྲས་པ་ལ་མངོན་པར་ བསྟོད་པ་དང་རྗེས་སུ་ཡི་རང་བ་བྱས་ཏེ། ཚེ་དང་ལྡན་པ་རྟ་ཐུལ་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ནས་ཚེ་དང་ལྡན་པ་རྟ་ཐུལ་ལ་ལན་གསུམ་བསྐོར་བ་བྱས་ཏེ་སོང་ནས་ཀུན་དུ་རྒྱུ་པང་ནས་སྐྱེས་ག་ལ་བ་དེར་སོང་ངོ་། ། ཀུན་དུ་རྒྱུ་པང་ནས་སྐྱེས་ཀྱིས་ཀུན་དུ་རྒྱུ་ཉེ་རྒྱལ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་ཀུན་དུ་རྒྱུ་ཉེ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཁྱོད་ཀྱི་དབང་པོ་རྣམས་ནི་རྣམ་པར་དང་། གཞིན་གྱི་མདོག་ ནི་ཡོངས་སུ་དག་ལྤགས་པའི་མདོག་ནི་ཡོངས་སུ་དཀར་ན་ཁྱོད་ཀྱིས་བདུད་རྩི་རྙེད་དམ། ཚེ་དང་ལྡན་པ་རྙེད་དོ། །ཚེ་དང་ལྡན་པ་དེའི་ཕྱིར་ཆོས་སྟོན་ཅིག །དེ་ནས་ཀུན་དུ་རྒྱུ་ཉེ་རྒྱལ་གྱིས་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་། །དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏོ། །དེ་སྐད་གསུང་པའི་ཚུལ་ཅན་དགེ་སྦྱོང་ཆེ། །ཚེ་དང་ལྡན་པ་ད་དུང་ཡང་ལན་ཅིག་རྗོད་ཅིག ། ཚེ་དང་ལྡན་པ་བརྗོད་པར་བྱའོ། །ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་། །ཞེས་པ་ལ་སོགས་པ་སྔ་མ་བཞིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཀུན་དུ་རྒྱུ་པང་ནས་སྐྱེས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་ 67-1-96b དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་ཀུན་དུ་རྒྱུ་པང་ནས་སྐྱེས་ཆོས་མཐོང་བ་དང་། ཆོས་ཐོབ་པ་དང་། ཆོས་རག་པ་དང་། ཆོས་ཀྱི་གཏིང་སླེབས་པ་དང་། སོམ་ཉི་ལས་རྒལ་བ་དང་། ཐེ་ཙོམ་ལས་རྒལ་བ་དང་། གཞན་གྱི་དྲིང་ མི་འཇོག་པ་དང་། གཞན་གྱིས་མི་བཀྲི་བ་དང་། སྟོན་པས་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་རོ་སྟོད་བསྲང་ནས་ལག་པ་གཡས་པ་བརྐྱང་སྟེ། ཀུན་དུ་རྒྱུ་ཉེ་རྒྱལ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་ བཏུད་དེ་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། སྐྱོབ་པ་རྣམས་ཀྱི་ཆོས་འདི་ཡིན། །བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ། །སྔོན་ཆད་མ་མཐོང་མ་ཐོས་པ། །འཆི་མེད་མྱ་ངན་མེད་པ་ཡི། །གོ་འཕང་འདི་ལ་རྗེས་སུ་རྟོགས། །ཚེ་དང་ ལྡན་པ་བཅོམ་ལྡན་འདས་དེ་ད་ལྟ་ག་ལ་བཞུགས། ཚེ་དང་ལྡན་པ་རྒྱལ་པོའི་ཁབ་འོད་མའི་ཚལ་ཀ་ལན་ད་ཀའི་གནས་འདི་ཉིད་ནའོ། །ཚེ་དང་ལྡན་པ་ཚུར་ཤོག །བཅོམ་ལྡན་འདས་དེའི་སྤྱན་སྔར་ཚངས་པར་སྤྱོད་པ་ སྤྱད་པར་བྱའོ། །ཚེ་དང་ལྡན་པ་དེའི་ཕྱིར་ཇི་འཁོར་ལ་བལྟ་བར་བྱ་སྟེ། བདག་ཅག་ལྟ་བུ་མི་གྲགས་པ་དང་ལྡན་པ། ཤེས་པར་གྱུར་པ་དག་གིས་འཁོར་ལ་བལྟ་བ་ནི་ལེགས་པ་ཡིན་ནོ། །དེ་ནས་ཀུན་དུ་རྒྱུ་ཉེ་རྒྱལ་དང་། པང་ནས་སྐྱེས་གཉིས་ཀྱིས་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་རྣམས་ཤེས་པར་གྱིས་ཤིག །ཁོ་བོ་ཅག་གཉིས་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱོད་པར་བྱེད་ན་ཁྱེད་ཅག་ཇི་ལྟར་ བྱེད། མཁན་པོ་གཉིས་བདག་ཅག་ཅུང་ཟད་ཅི་འཚལ་བ་གང་ལགས་པ་དེ་དག་ཐམས་ཅད་མཁན་པོ་གཉིས་ལས་བརྟེན་ནས་འཚལ་བ་ལགས་ན། གལ་ཏེ་མཁན་པོ་གཉིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་ ན། བདག་ཅག་ཀྱང་མཁན་པོ་གཉིས་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་བར་བགྱིའོ། །བྲམ་ཟེའི་ཁྱེའུ་རྣམས་ད་དེའི་དུས་ལ་བབ་པར་ཤེས་པར་གྱིས་ཤིག །དེ་ནས་ཀུན་དུ་རྒྱུ་ཉེ་རྒྱལ་དང་། པང་ནས་སྐྱེས་གཉིས་འཁོར་ཉིས་བརྒྱ་ 67-1-97a ལྔ་བཅུ་ལྔ་བཅུ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་། །དེའི་ཚེ་ན་བཅོམ་ལྡན་འདས་དགེ་སློང་གི་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་ཆོས་སྟོན་ཅིང་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཀུན་དུ་རྒྱུ་ཉེ་རྒྱལ་དང་། པང་ནས་སྐྱེས་གཉིས་ཐག་རིང་པོ་ཁོ་ནས་གཟིགས་སོ། །གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱོད་ཀྱིས་གྲོགས་པོའི་ཚོགས་ཡོངས་སུ་སྡུད་པ། ཚོགས་ཡོངས་སུ་འདྲེན་པ། ཚོགས་ཀྱི་མདུན་ ནས་འོང་བ་འདི་ལྟ་སྟེ། ཉེ་རྒྱལ་དང་། པང་ནས་སྐྱེས་གཉིས་མཐོང་ངམ། བཙུན་པ་མཐོང་ངོ་། །འདི་གཉིས་ནི་ཉན་ཐོས་ཟུང་དང་། ཟུང་གི་མཆོག་དང་། ཟུང་བཟང་པོར་གྱུར་ཏེ། གཅིག་ནི་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་ འགྱུར་ལ། གཅིག་ཤོས་ནི་ཤེས་རབ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་འགྱུར་རོ། །དེ་ནས་དགེ་སློང་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། སྟོན་པ་དགོངས་ཡུལ་མཐའ་ཡས་པ། །སྐྱེས་བུའི་དབང་པོ་མཁྱེན་མཐར་བྱོན། ། བཅོམ་ལྡན་སྲིད་པ་མཐར་མཛད་པས། །གྲོགས་པོ་ཉེ་རྒྱལ་པང་ནས་སྐྱེས། །འོད་མའི་ཚལ་དུ་མ་ཕྱིན་པར། །དེ་ལྟར་མཆི་བ་གཟིགས་གྱུར་ནས། ཚོགས་མཆོག་དབུས་སུ་དེ་གཉིས་ནི། །འདི་གཉིས་ང་ཡི་ཉན་ཐོས་ཀྱི། །ཟུང་ མཆོག་འགྱུར་ཞེས་དེས་བསྟན་ཏེ། །གཅིག་ནི་རྫུ་འཕྲུལ་ལྡན་པའི་མཆོག །གཅིག་ཤོས་ཤེས་རབ་ལྡན་པ་ཡི། །མཆོག་ཏུ་འགྱུར་བར་ལུང་བསྟན་མཛད། །དེ་ནས་ཀུན་དུ་རྒྱུ་ཉེ་རྒྱལ་དང་། པང་ནས་སྐྱེས་གཉིས་བཅོམ་ ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་གནང་ན་བདག་ཅག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་བྱུང་ཞིང་དགེ་ 67-1-97b སློང་དག་ཚུར་ཤོག །ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཀའ་སྩལ་པ་དང་། དེ་དག་བཅོམ་ལྡན་འདས་ཀྱི་བཀའི་མཇུག་ཁོ་ནར་སྐྲ་བྱི་བ་དང་། སྣམ་སྦྱར་གྱོན་པར་གྱུར་ཏོ་ལག་ན་ལྷུང་བཟེད་ཐོགས་པ་སྐྲ་དང་ཁ་སྤུ་ཞག་བདུན་སྐྱེས་པ་ ཙམ་དང་། དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གནས་པར་གྱུར་ཏོ། །ཡང་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། །མོད་ལ་དབང་པོ་ རབ་ཞིར་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ ཞུགས་པ་དང་། དེ་ནས་རྒྱལ་པོའི་ཁབ་ཀྱི་མི་གང་དག་ཡང་དག་རྒྱལ་བ་ཅན་གྱི་མུ་སྟེགས་ཅན་གྱི་གནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་རིང་པོ་མ་ལོན་པས་ཡིད་མ་རངས་ཤིང་མངོན་པར་མི་དགའ་བ་དེ་དག་གིས་དགེ་སློང་དེ་དག་ མཐོང་ནས་ཅོ་འདྲི་ཞིང་ཚིགས་སུ་བཅད་པ་སྨྲས་པ། སངས་རྒྱས་མ་ག་དྷཱ་དག་གི། །གྲོང་མཆོག་རྒྱལ་པོའི་ཁབ་གཤེགས་པས། །ཡང་དག་རྒྱལ་བའི་ཀུན་ཁྲིད་ན། །ཕྱིན་ཆད་ཅི་ཞིག་བཀྲི་བར་བྱ། །དེས་དགེ་སློང་རྣམས་དཔའ་གོང་ཞིང་མི་ དགའ་བ་དང་། མི་འཇིགས་པ་མེད་པར་གྱུར་ཏོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་རྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ། ཕྱི་དྲོ་བསོད་སྙོམས་མི་ལེན་པས་ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་ནས། རྐང་པ་གཉིས་བཀྲུས་ཏེ། སྡུག་བསྔལ་ཞིང་ཡིད་མི་བདེ་བས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ བཅོམ་ལྡན་འདས་ལ་དགེ་སློང་རབ་ཏུ་མང་པོ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་ཅག་དགེ་སློང་རབ་ཏུ་མང་པོ་དག་སྔ་དྲོ་ཤམ་ཐབས་འཚལ། ལྷུང་བཟེད་དང་ཆོས་གོས་དག་ཐོགས་ཏེ། རྒྱལ་པོའི་ཁབ་ཏུ་བསོད་ 67-1-98a སྙོམས་ལ་ཞུགས་པ་དང་། དེ་ནས་རྒྱལ་པོའི་ཁབ་ཀྱི་མི་གང་དག་ཡང་དག་རྒྱལ་བ་ཅན་གྱི་མུ་སྟེགས་ཅན་གྱི་གནས་ནས་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་ནས་རིང་པོ་མ་ལགས་པས། ཡང་དག་རྒྱལ་བའི་ཀུན་ ཁྲི་ངན། ཕྱིན་ཆད་ཡིད་མ་རངས་ཤིང་མངོན་པར་མི་དགའ་བ་དེ་དག་གིས་དགེ་སློང་དེ་དང་། དེ་དག་མཐོང་ནས་ཅོ་འདྲི་ཞིང་ཚིགས་སུ་བཅད་པ་སྨྲས་པ། སངས་རྒྱས་མ་ག་དྷཱ་དག་གི། གྲོང་མཆོག་རྒྱལ་པོའི་ཁབ་གཤེགས་པས། །ཡང་དག་ རྒྱལ་བའི་ཀུན་ཁྲིད་ན། །ཕྱིན་ཆད་ཅི་ཞིག་བཀྲི་བར་བྱ། །ཞེས་མཆི་ནས་དེས་བདག་ཅག་རྣམས་དཔའ་གོང་ཞིང་མི་དགའ་བ་དང་། མི་འཇིགས་པ་མ་མཆིས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྒྱལ་ པོའི་ཁབ་ཀྱི་མི་དེ་སྐད་ཟེར་བ་རྣམས་ལ་འདི་སྐད་ཅེས། འདི་ལ་དཔའ་ཆེན་བདེ་གཤེགས་དག །དམ་པའི་ཆོས་ཀྱིས་ཁྲིད་མཛད་དེ། །དེ་དག་ཆོས་ཀྱིས་ཁྲིད་མཛད་ལ། །མཁས་པ་སུ་ཞིག་མི་བཟོད་བྱེད། །ཅེས་བརྗོད་ན་རྒྱལ་པོའི་ ཁབ་ཀྱི་མི་དེ་སྐད་ཟེར་བ་རྣམས་ཀྱི་རློམ་པ་ཙམ་འམ། སློབས་པ་ཙམ་གང་ཡིན་པ་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་གྱུར་ཏོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་པ་དང་། དེ་ནས་རྒྱལ་པོའི་ཁབ་ཀྱི་མི་གང་དག་ཡང་དག་རྒྱལ་བ་ཅན་གྱི་མུ་སྟེགས་ཅན་གྱི་གནས་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་རིང་པོ་མ་ལོན་པས་ཡིད་མ་རངས་ཤིང་མངོན་པར་མི་ དགའ་བ་དེ་དག་གིས་དགེ་སློང་དེ་དང་དེ་དག་མཐོང་ནས་ཅོ་འདྲི་ཞིང་ཚིགས་སུ་བཅད་པ་སྨྲས་པ། སངས་རྒྱས་མ་ག་དྷཱ་དག་གི། །གྲོང་མཆོག་རྒྱལ་པོའི་ཁབ་གཤེགས་པས། །ཡང་དག་རྒྱལ་བའི་ཀུན་ཁྲིད་ན། །ཕྱིན་ཆད་ཅི་ཞིག་བཀྲི་ བར་བྱ། །དེ་ནས་དགེ་སློང་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། འདི་ན་དཔའ་ཆེན་བདེ་གཤེགས་དག །དམ་པའི་ཆོས་ཀྱིས་ཁྲིད་མཛད་དེ། །དེ་དག་ཆོས་ཀྱིས་ཁྲིད་མཛད་ལ། །མཁས་པ་སུ་ཞིག་བཟོད་མི་བྱེད། །དེ་སྐད་ 67-1-98b ཅེས་སྨྲས་པ་དང་། རྒྱལ་པོའི་ཁབ་ཀྱི་མི་དེ་སྐད་ཟེར་བ་རྣམས་ཀྱི་རློམ་པ་ཙམ་འམ། སྤོབས་པ་ཙམ་གང་ཡིན་པ་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་གྱུར་ཏོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་ཟས་གཙང་ལ་སྤྲིང་ཡིག་བསྐུར་བ། ལྷ་དགྱེས་པ་བསྐྱེད་དུ་གསོལ། ཁྱོད་ཀྱི་སྲས་ཀྱིས་བདུད་རྩི་ཐོབ་ནས་བདུད་ རྩིས་འགྲོ་བ་ཚིམ་པར་བྱེད་དོ་ཞེས་སྤྲིང་བ་རྒྱལ་པོ་ཟས་གཙང་གིས་ཐོས་ནས་ཕོ་ཉ་བཏང་བ་ལས་དེ་དེ་ཉིད་དུ་རབ་ཏུ་བྱུང་སྟེ། ཕོ་ཉ་གང་དང་གང་བཏང་བ་དེ་དང་དེ་ཉིད་དུ་ལེགས་པར་གསུངས་པའི་ཆོས་འདུལ་བ་ཉིད་ལ་རབ་ཏུ་བྱུང་ བར་གྱུར་ཏོ། །རྒྱལ་པོ་ཟས་གཙང་ལག་པ་འགྲམ་པ་ལ་གཏད་ནས་ཕོ་ཉ་གང་དང་གང་བཏང་བ་དེ་དང་དེ་དག་དེ་ཉིད་དུ་ལེགས་པར་གསུངས་པའི་ཆོས་འདུལ་བ་ཉིད་ལ་རབ་ཏུ་བྱུང་ངོ་སྙམ་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པ་འཆར་ ཀས་མཐོང་ནས་སྨྲས་པ། ལྷ་ཁྱོད་ཅིའི་སླད་དུ་ཕྱག་ལ་ཞལ་བཏད་ནས་ཐུགས་མི་བགྱེས་ཤིང་བཞུགས། དེས་སྨྲས་པ། འཆར་ཀ་གང་གི་ཚེ། གཞོན་ནུ་དོན་ཐམས་ཅད་གྲུབ་པ་དགའ་བ་སྤྱོད་པ་དེའི་ཚེ་ཁོ་བོས་སྤྲིང་ཡིག་སྐྱེལ་བའི་ མི་བཏང་བ་ལས་དེ་དག་ཁོ་བོའི་གན་དུ་འོངས་ནས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་བཞུགས་པ་འདི་དང་འདིས་བཞུགས་སོ་ཞེས་སྨྲའོ། །དེ་ནི་ཁོ་བོས་སྤྲིང་ཡིག་སྐྱེལ་བའི་མི་གཏང་ན་དཀའ་ཡང་ཕྲིན་ཡིག་ཁྱེར་ཏེ་མི་འོང་ན་ཇི་ ལྟར་སེམས་ཁོང་དུ་ཆུད་པར་མི་འགྱུར། འཆར་ཀས་སྨྲས་པ། ལྷ་བདག་མཆིས་ཏེ་བཀའ་མཆིད་འཚལ་ལ་སླར་མཆིའོ། །རྒྱལ་པོ་ཟས་གཙང་གིས་སྨྲས་པ། འཆར་ཀ་གང་དང་གང་སོང་བ་དེ་དང་དེའི་བསྟན་པ་ཕུན་སུམ་ཚོགས་ པ་མཐོང་ནས་དེ་ཉིད་དུ་འདུག་པས་ཁྱོད་ཀྱང་སོང་ན་དེ་ཉིད་དུ་འདུག་པར་འགྱུར་བའི་གནས་གང་ཡིན་པ་དེ་ཡོད་དོ། །འཆར་ཀས་སྨྲས་པ། ལྷ་སླར་མཆིས་ལགས་སོ། །དེ་ནས་རྒྱལ་པོ་ཟས་གཙང་རང་ཉིད་ཀྱིས་སྤྲིང་ཡིག་བྲིས་པ། 67-1-99a ལྷུམས་སུ་ཞུགས་པ་བཟུང་ནས་སུ། ཁྱོད་ནི་བདག་གིས་ཆེར་བསྐྲུན་ཏེ། །ཉོན་མོངས་མེ་རབ་འབར་བཞིན་དུ། །རྒྱལ་བ་ལྗོན་ཤིང་ལ་བསྟེན་ན། །དེ་ཉིད་ཁྱོད་ཀྱི་སློབ་མ་ཡི། །ཡལ་ག་ལྕུག་མ་འཕེལ་འགྱུར་ བས། གཞན་ནི་བདེ་བས་དགའ་བར་འགྱུར། །བདག་ནི་སྡུག་བསྔལ་སྐལ་བར་ལྡན། །གཞན་ཡང་གང་གིས་ཁྱོད་ནི་ལྗོན་ཤིང་ལྕུག་ཕྲན་མཚུངས་ཙམ་ན། །བདག་གི་བུ་ནི་འདི་ཡིན་སྙམ་ནས་ཆུང་ནས་བསྐྲུན་བསྐྲུན་ཏེ། །བུ་གཅིག་ ཡུལ་མིས་འབྲས་བུ་ཡོངས་སུ་སྤྱད་པ་ཐོབ་གྱུར་ན། །དེ་ལ་ཡོན་ཏན་འབྲས་བུ་མི་སྟེར་ཁྱོད་ལ་སྙིང་རྗེ་མེད། །གང་ཚེ་ཐོག་མ་བལྟམ་པ་ན། །ཉིད་དོན་བསྒྲུབས་ནས་གཉེན་རྣམས་ནི། །ཤིན་དུ་ཆེ་དང་ཕན་གདགས་ཞེས། །ཁྱོད་ ཀྱིས་དམ་བཅས་མཛད་པས་ན། །ཁྱོད་ཀྱིས་ཞི་གནས་དེ་བརྙེས་ན། །བདག་དང་གཉེན་གྱི་ཚོགས་རྣམས་ལ། །ཐུགས་བརྩེས་རྗེས་སུ་གཟུང་མཛོད་དེ། །གཤེགས་པར་དགོངས་པ་མཛད་དུ་གསོལ། །ཞེས་སྤྲིང་བའི་ཡི་གེ་ མཆར་ཀས་ཁྱེར་ནས་ཆས་ཏེ་རིམ་གྱིས་མཉན་ཡོད་དུ་ཕྱིན་པ་དང་། ལམ་གྱིས་དུབ་པ་ངལ་བསོས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་རྒྱལ་པོ་ཟས་གཙང་གིས་གསོལ་བའི་ཡི་གེ་ལགས་སོ། ། ཞེས་བཅོམ་ལྡན་འདས་ལ་ཡི་གེ་ཕུལ་བ་དང་། བཅོམ་ལྡན་འདས་ཉིད་ཀྱིས་བཞེས་ནས་ཀླགས་སོ། །ཀླགས་ནས་ཡི་གེ་མཐའ་གཅིག་ཏུ་བཞག་པ་དང་། འཆར་ཀས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། སེར་སྐྱའི་གཞིར་ མི་བཞུད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཆར་ཀ་འདོང་ངོ་། །འཆར་ཀ་སྔོན་བཅོམ་ལྡན་འདས་དང་ལྷག་པར་འདྲིས་པ་ཡིན་པས་དེ་སྔོན་གྱི་འདྲིས་པ་ཁོ་ནས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་མི་བཞུད་ དང་བདག་གི་མཐུས་བཀྲི་བར་བགྱི་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། གང་ཞིག་ཡུལ་གྱི་རྒྱལ་མོར་མ་ཆགས་ཤིང་། །སྲེད་འགས་བཀྲི་བ་ཡོད་པ་མ་ཡིན་པའི། །སངས་རྒྱས་ 67-1-99b སྤྱོད་ཡུལ་མཐའ་ཡས་མངའ་བ་དེ། །གཞི་མེད་ན་ནི་གང་གི་གཞི་ཡིས་བཀྲི། །གང་ཞིག་ཡུལ་གྱི་རྒྱལ་མོར་མ་ཆགས་ཤིང་། །སྲེད་འགས་བཀྲི་བ་ཡོད་པ་མ་ཡིན་པའི། །སངས་རྒྱས་མཐའ་ཡས་པ་ཡི་རྩལ་མངའ་དེ། །གཞི་ མེད་ན་ནི་གང་གི་གཞི་ཡིས་བཀྲི། །གང་ཞིག་བཅོམ་ནས་བརྩེགས་པ་མེད་གྱུར་ཅིང་། །འཇིག་རྟེན་མ་བཅོམ་ཆུང་ཟད་ཡོད་མིན་པ། །སངས་རྒྱས་སྤྱོད་ཡུལ་མཐའ་ཡས་མངའ་བ་དེ། །གཞི་མེད་ན་ནི་གང་གི་གཞི་ཡིས་བཀྲི། ། ལན་ལ་སྤོབས་པ་མེད་ནས་གསོལ་པ། བཅོམ་ལྡན་འདས་མཆི་སྟེ། རྒྱལ་པོ་ཟས་གཙང་མ་ལ་རིག་པར་བགྱིའོ། །འཆར་ཀ་སངས་རྒྱས་ཀྱི་ཕོ་ཉ་ནི་འདི་ལྟ་བུ་མ་ཡིན་ནོ། །འཆར་ཀས་གསོལ་པ། བཅོམ་ལྡན་འདས་ཅི་འདྲ་བ་ ཞིག་ལགས། རབ་ཏུ་བྱུང་བ་ཡིན་གྱིས་ཁྱོད་ཀྱང་རབ་ཏུ་བྱུང་ཤིག །བཅོམ་ལྡན་འདས་བདག་གིས་རྒྱལ་པོ་ཟས་གཙང་ལ་སླར་མཆི་བར་དམ་བཅས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཆར་ཀ་རབ་ཏུ་བྱུང་ལ་ ཇི་ལྟར་དམ་བཅས་པ་བཞིན་དུ་གྱིས་ཤིག །འདི་ལྟར་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་ཡབ་དང་། ཡུམ་དང་། མཁན་པོ་དང་། སློབ་དཔོན་དང་། བླ་མ་དང་། བླ་མའི་གནས་ལྟ་བུ་རྣམས་ཀྱིས་ཆོས་དང་ འཐུན་པའི་ཚིག་ལན་འགའ་ཡང་སླར་མ་བཟློག་པས། འཆར་ཀས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟ་ན་རབ་ཏུ་འབྱུང་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་འཆར་ཀ་འདི་ནི་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་རབ་ཏུ་ཕྱུང་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་མཉན་ནས་འཆར་ཀ་རབ་ཏུ་བྱུང་སྟེ། བསྙེན་པར་རྫོགས་པར་བྱས་ནས་ཀུན་དུ་སྤྱོད་པའི་ཆོས་དག་དེ་ལ་རྒྱས་པར་སྨྲས་ནས། འཆར་ཀ་འདི་ནི་ཁྱོད་ཀྱི་བྱ་བ་ཡིན་ཏེ། དེང་ཕན་ཆད་བུད་མེད་དང་ལྷན་ཅིག་ཁང་པ་གཅིག་ཏུ་ཉལ་བར་མི་བྱའོ་ཞེས་བྱ་བ་དག་གོ། །བཙུན་པ་བཀའ་ 67-1-100a བཞིན་འཚལ་ཞེས་འཆར་ཀས་ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་སོང་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེར་སྐྱའི་གཞིར་མཆི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཆར་ཀ་སོང་ལ་ཁྱོད་མོད་ཁོ་ནར་རྒྱལ་པོའི་ ཁབ་ཏུ་མ་འཇུག་པར་སྒོ་ལ་སྡོད་ལ་ཤཱཀྱའི་དགེ་སློང་འོངས་སོ་ཞེས་བརྗོད་པར་བྱའོ། །གལ་ཏེ་ནང་དུ་སྤྱོན་ཅིག་ཟེར་ན་འཇུག་པར་བྱའོ། །ཞུགས་ནས་གལ་ཏེ་ཤཱཀྱའི་དགེ་སློང་གཞན་ཡང་ཡོད་དམ་ཞེས་ཟེར་ན། ཡོད་དོ་ ཞེས་བརྗོད་པར་བྱའོ། །གལ་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཡང་འདི་འདྲ་ཞིང་ཆ་བྱད་འདི་འདྲ་འམ་ཞེས་འདྲི་ན། འདི་འདྲ་ཞིང་ཆ་བྱད་འདི་འདྲའོ་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱིས་རྒྱལ་པོའི་ཁབ་ཏུ་ཡང་གནས་པར་ མི་བྱའོ། །གལ་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཡང་རྒྱལ་པོའི་ཁབ་ཏུ་གནས་པར་མི་བྱེད་དམ་ཞེས་འདྲི་ན། མི་བཞུགས་སོ་ཞེས་བརྗོད་པར་བྱའོ། །གལ་ཏེ་གང་དུ་གནས་པར་བྱེད་ཅེས་འདྲི་ན། དགོན་པ་འམ། གཙུག་ལག་ཁང་དུའོ་ཞེས་བརྗོད་པར་བྱའོ། །གལ་ཏེ་གཙུག་ལག་ཁང་ཅི་འདྲ་ཞེས་འདྲི་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་རྣམ་པ་བྲིས་ཏེ་བསྟན་པར་བྱའོ། །གལ་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་བྱོན་ནམ་ཞེས་འདྲི་ ན། བྱོན་ནོ་ཞེས་བརྗོད་པར་བྱའོ། །ཇི་སྲིད་ཅིག་ན་བྱོན་ཞེས་འདྲི་ན། ཞག་བདུན་ལོན་ནའོ་ཞེས་བརྗོད་པར་བྱའོ། །དེས་གསོལ་པ། བཅོམ་ལྡན་འདས་མཆི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོང་ཤིག་ས་བདག་རྣམས་ནི་ཚིག་གིས་ཏེ། །ལྷ་རྣམས་བསམས་པས་འགྲུབ་འགྱུར་ཞིང་། །དེ་བཞིན་བསམ་གཏན་པ་རྣམས་ཀྱི། །སེམས་བསྐྱེད་པས་ནི་ཐམས་ཅད་འགྲུབ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་ 67-1-100b ཀ་དེ་ཇི་ལྟར་སྐད་ཅིག་དེ་ཉིད་ལ་གྲོང་ཁྱེར་སེར་སྐྱའི་གཞིར་སོང་བ་དེ་ལྟར་བྱིན་གྱིས་བརླབས་པ་དང་། ཚེ་དང་ལྡན་པ་འཆར་ཀ་བཅོམ་ལྡན་འདས་ལ་དད་པ་དྲག་པོ་སྐྱེས་པ་དེ་རྒྱལ་པོའི་ཁབ་ཀྱི་སྒོར་བསྡད་ནས་སྨྲས་པ། ཤེས་ལྡན་ དག་རྒྱལ་པོ་ལ་ཤཱཀྱའི་དགེ་སློང་མཆིས་སོ་ཞེས་གསོལ་ཅིག །དེ་རྣམས་ཀྱིས་སྨྲས་པ། ཅི་ཤཱཀྱའི་དགེ་སློང་གཞན་དག་ཀྱང་ཡོད་དམ། ཤེས་ལྡན་དག་ཡོད་དོ། །དེ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ཤཱཀྱའི་དགེ་སློང་མཆིས་སོ། ། རྒྱལ་པོས་སྨྲས་པ། ནང་དུ་ཐོང་ཤིག །དེ་ནང་དུ་ཞུགས་པ་རྒྱལ་པོ་ཟས་གཙང་གིས་མཐོང་ནས་སྨྲས་པ། འཆར་ཀ་རབ་ཏུ་བྱུང་ངམ། ལྷ་རབ་ཏུ་བྱུང་ངོ་། །ཁྱོད་སླར་འོང་ངོ་ཞེས་སྨྲས་པ་མ་ཡིན་ནམ་འདི་ཅི་ཡིན། འཆར་ཀས་སྨྲས་ པ། ལྷ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཕོ་ཉ་ནི་འདི་ལྟ་བུ་མ་ཡིན་ནོ་ཞེས་བཀའ་སྩལ་ནས་ཆོས་འདུལ་བ་ལེགས་པར་གསུངས་པའི་ཕྱིར་བདག་རབ་ཏུ་ཕྱུང་མོད་ཀྱི་བདག་རང་གི་དད་པས་ཀྱང་རབ་ཏུ་བྱུང་ངོ་། །རྒྱལ་པོས་ ཡན་ལག་ཐམས་ཅད་ཀྱིས་འཁྱུད་ནས་སྟན་བཤམས་པ་ཉིད་ལ་འདུག་ཏུ་བཅུག་སྟེ། དེའི་དོན་དུ་ཆུར་བཙགས་པ་དང་། འབྲས་བུ་བཏགས་པ་གཙང་སྦྲ་བྱས་ཏེ་ཟར་བཅུག་གོ། །ཚེ་དང་ལྡན་པ་འཆར་ཀ་མཆོག་ཏུ་ཉེ་བར་ཞི་བ་དང་། དུལ་བར་གནས་པ་དང་ལྡན་ཞིང་ཇི་སྐད་རྗེས་སུ་བསྟན་པའི་ཆོ་གས་ཡོངས་སུ་ལོངས་སྤྱོད་དོ། །རྒྱལ་པོས་དེ་ལ་བརྟགས་ནས་ངོ་མཚར་སྐྱེས་ཏེ་སྨྲས་པ། འཆར་ཀ་ཅི་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཡང་འདི་འདྲ་བར་ཉེ་བར་ཞི་བ་ ཡིན་ནམ། འཆར་ཀས་སྨྲས་པ། ལྷ་བདག་གི་དུལ་བ་དང་ཉེ་བར་ཞི་བ་ནི་ཅུང་ཟད་ཙམ་ལགས་སོ། །དཔེར་ཇི་ལྟ་བུ་རི་རབ་དང་ཡུངས་འབྲུ་བཞིན་ནོ། །རྒྱ་མཚོ་དང་རྨིག་རྗེས་བཞིན་ནོ། །ཉི་མ་དང་སྲིན་བུ་མེ་ཁྱེར་བཞིན་ནོ། །ནམ་ མཁའ་དང་པད་མའི་རྩ་བའི་བུ་ག་བཞིན་ནོ། །རྒྱལ་པོ་ཟས་གཙང་གིས་སྨྲས་པ། འཆར་ཀ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཡང་འདི་འདྲ་ཞིང་ཆ་བྱད་འདི་འདྲ་འམ། ལྷ་འདི་འདྲ་ཞིང་ཆ་བྱད་ཀྱང་འདི་འདྲའོ། །རྒྱལ་པོ་ཟས་གཙང་བརྒྱལ་ 67-1-101a ནས་ས་ལ་འགྱེལ་བ་དང་། ཆུ་མང་དུ་བཏབ་ནས་དབུགས་སླར་ཕྱུང་སྟེ་སྨྲས་པ། འཆར་ཀ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་བྱོན་ནམ། འཆར་ཀས་སྨྲས་པ། ལྷ་བྱོན་ནོ། །དུས་ཇི་ཙམ་ན་དགུང་བདུན་ལོན་ནའོ། །རྒྱལ་པོ་ ཟས་གཙང་གིས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་གཞོན་ནུ་དོན་ཐམས་ཅད་གྲུབ་པ་བྱོན་པར་འགྱུར་གྱིས། རྒྱལ་པོའི་ཁབ་དང་ཕོ་བྲང་བྱི་དོར་བྱོས་ཤིག །འཆར་ཀས་སྨྲས་པ། བཅོམ་ལྡན་འདས་ནི་ཕོ་བྲང་དུ་བཞུགས་པར་མི་ མཛད་དོ། །རྒྱལ་པོས་སྨྲས་པ། གང་དུ་བཞུགས། འཆར་ཀས་སྨྲས་པ། དགོན་པ་འམ་གཙུག་ལག་ཁང་དུའོ། །རྒྱལ་པོ་ཟས་གཙང་གིས་སྨྲས་པ། འཆར་ཀ་གཙུག་ལག་ཁང་ཅི་འདྲ་བ་ཡིན། ཚེ་དང་ལྡན་པ་འཆར་ཀས་རྒྱལ་བུ་ རྒྱལ་བྱེད་ཀྱི་ཚལ་གྱི་རྣམ་པ་རི་མོར་བྲིས་ཏེ་བསྟན་ཏོ། །དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ནྱ་གྲོ་དྷའི་ཀུན་དགའ་ར་བར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་རྣམ་པ་གཙུག་ལག་ཁང་ཆེན་པོ་བཅུ་དྲུག་དང་། ཁང་ ཕྲན་དྲུག་བཅུ་བརྩིག་ཏུ་ཆུག་ཤིག །ལྷ་བཀའ་བཞིན་འཚལ་ཞེས་བློན་པོ་རྣམས་ཀྱིས་རྒྱལ་པོ་ཟས་གཙང་ལས་མཉན་ནས་ནྱ་གྲོ་དྷའི་ཀུན་དགའ་ར་བར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་རྣམ་པ་གཙུག་ལག་ཁང་ཆེན་པོ་བཅུ་དྲུག་དང་། ཁང་ཕྲན་དྲུག་བཅུ་བརྩིག་ཏུ་བཅུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། མཽད་གལ་གྱི་བུ་སོང་ལ་དགེ་སློང་རྣམས་ལ་བཅོམ་ལྡན་འདས་སེར་སྐྱའི་གཞིར་གཤེགས་ཏེ་ ཡབ་སྲས་གདན་འཛོམ་ན། ཁྱོད་ཅག་ལས་སུ་ཞིག་ལྟ་བར་སྤྲོ་བ་དེ་ཆོས་གོས་དག་ལོང་ཤིག་ཅེས་བསྒོ་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལས་མཉན་ནས་ དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་སེར་སྐྱའི་གཞིར་གཤེགས་ཏེ། ཡབ་སྲས་གདན་འཛོམ་ན། ཁྱེད་ཅག་ལས་སུ་ལྟ་བར་སྤྲོ་བ་དེ་ཆོས་གོས་དག་ལོང་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ 67-1-101b དུལ་བ་འཁོར་དུལ་བ། ཞི་བ་འཁོར་ཞི་བ། གྲོལ་བ་འཁོར་གྲོལ་བ། དབུགས་ཕྱིན་པ། འཁོར་དབུགས་ཕྱིན་པ། རྣམ་པར་དུལ་བ་འཁོར་རྣམ་པར་དུལ་བ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ། འདོད་ཆགས་དང་བྲལ་ བ་འཁོར་འདོད་ཆགས་དང་བྲལ་བ། མཛེས་པ་འཁོར་མཛེས་པ། ཁྱུ་མཆོག་བ་ལང་གི་ཚོགས་ཀྱིས་བསྐོར་བ་ལྟ་བུ། གླང་པོ་ཆེ་གླང་པོའི་ཕྲུག་གུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། སེང་གེ་མཆེ་བ་ཅན་གྱི་ཚོགས་ཀྱིས་བསྐོར་ བ་ལྟ་བུ། ངང་པའི་རྒྱལ་པོ་ངང་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ནམ་མཁའ་ལྡིང་བྱའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། བྲམ་ཟེ་སློབ་མའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། སྨན་པ་མཁས་པ་ནད་པའི་ཚོགས་ཀྱིས་བསྐོར་བ་ ལྟ་བུ། དཔའ་བོ་རུ་བའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ལམ་མཁན་འདྲོན་པོའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། དེད་དཔོན་ཚོང་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཁམས་ཀྱི་རྒྱལ་པོ་བློན་པོའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། འཁོར་ ལོས་སྒྱུར་བའི་རྒྱལ་པོ་བུ་སྟོང་གིས་བསྐོར་བ་ལྟ་བུ། ཟླ་བ་རྒྱུ་སྐར་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཉི་མ་འོད་ཟེར་སྟོང་གིས་བསྐོར་བ་ལྟ་བུ། ཡུལ་འཁོར་སྐྱོང་དྲི་ཟའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། འཕགས་སྐྱེས་པོ་གྲུལ་ བུམ་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། མིག་མི་བཟང་ཀླུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། རྣམ་ཐོས་ཀྱི་བུ་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཐང་བཟངས་རིས་ལྷ་མ་ཡིན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། བརྒྱ་བྱིན་ སུམ་བཅུ་རྩ་གསུམ་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཚངས་པ་ཚངས་རིས་ཀྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། རྒྱ་མཚོ་གཡོ་བ་མེད་པ་ལྟ་བུ། སྤྲིན་ཆུ་དང་བཅས་པ་ལྟ་བུ། གླང་པོ་དམ་པ་དྲེགས་པ་དང་བྲལ་བ་ལྟར་དབང་པོ་ རྣམས་ཤིན་དུ་དུལ་བས་སྤྱོད་ལམ་གྱི་ཚུལ་མ་འཁྲུགས་པ་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པའི་སྐུ་ 67-1-102a ཉི་མའི་འོད་ཟེར་སྟོང་བས་ལྷག་པའི་འོད་ཅན། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ནས་མཛེས་པ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་ པོ་དང་ལྡན་པ། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་འབབ་ཆུ་རོ་ཧི་ཏ་ཀར་བྱོན་ཏོ། །རྒྱལ་པོ་ཟས་གཙང་གིས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་འབབ་ཆུ་རོ་ཧི་ཏ་ཀར་བྱོན་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོ་ཟས་གཙང་ གིས་གྲོང་ཁྱེར་སེར་སྐྱའི་གཞི་རྡོ་བ་དང་གྱོ་མོ་དང་། གསེག་མ་རྣམས་བསལ་ནས་ཙན་དན་གྱི་ཆུས་ཆག་ཆག་བཏབ། དྲི་ཤིན་དུ་ཞིམ་པོའི་པོག་པོར་ཉེ་བར་བཤམས། དར་གྱི་ཆུན་འཕྱང་མང་པོ་སྤྱངས་ཏེ། གང་ཡང་འབབ་ཆུ་རོ་ཧི་ཏ་ཀ་ནས་གང་ ཡང་ནྱ་གྲོ་དྷའི་ཀུན་དགའ་ར་བ་དེའི་བར་གྱི་ལམ་ཤིན་དུ་མཛེས་པར་བྱས་ཏེ། ས་ཕྱོགས་ཡངས་ཤིང་རྒྱ་ཆེ་བར་གདན་རྣམ་པར་བཀྲ་བ་དག་ཤོམ་དུ་བཅུག་གོ། །དེ་ནས་འབབ་ཆུ་རོ་ཧི་ཏ་ཀ་ལ་དགེ་སློང་ཁ་ཅིག་ནི་ལག་པ་འཁྲུ་བར་བྱེད་དོ། །ཁ་ཅིག་ ནི་སོ་ཤིང་འདོར་བར་བྱེད་དོ། །ཁ་ཅིག་ནི་ཁྲུས་བྱེད་དོ། །སེར་སྐྱའི་གཞི་ན་གནས་པའི་ཤཱཀྱ་རྣམས་ཀྱིས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་གཤེགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཁ་ཅིག་ནི་སྔོན་གྱི་དགེ་བའི་རྩ་བས་བསྐུལ། ཁ་ཅིག་ནི་ཡ་ མཚན་སྐྱེས་ནས་ཐམས་ཅད་ནྱ་གྲོ་དྷའི་ཀུན་དགའ་ར་བ་ནས་བྱུང་སྟེ། ཅི་ཡབ་སྲས་ཀྱི་ཞབས་ལ་ཕྱག་བྱེད་དམ། འོན་ཏེ་སྲས་ཡབ་ཀྱི་ཞབས་ལ་ཕྱག་བྱེད་དམ། འོན་ཏེ་སྲས་ཡབ་ཀྱི་ཞབས་ལ་ཕྱག་བྱེད་པ་བལྟའོ་སྙམ་མོ། །དེ་ནས་བཅོམ་ ལྡན་འདས་འདི་སྙམ་དུ་དགོངས་ཏེ། གལ་ཏེ་ང་ཞབས་ཀྱིས་སེར་སྐྱའི་གཞིར་གཤེགས་ན་ཤཱཀྱའི་ང་རྒྱལ་ཅན་རྣམས་ཀྱེ་མའོ་གཞོན་ནུ་དོན་ཐམས་ཅད་གྲུབ་པས་དཀའ་ཐུབ་ཀྱི་ནགས་སུ་གཤེགས་ནས་ལྟོག་པོ་ཞིག་གྲུབ་པ་ལྟ་ཞིག་སྟེ། དེ་ལྟ་ བརྒྱ་སྟོང་ཕྲག་དུ་མས་ཞབས་འབྲིང་བྱས་ནས་སྟེང་གི་ནམ་མཁའ་ལས་གཤེགས་ཏེ་དེས་དེ་སྲིད་དུ་དཀའ་བ་བརྒྱ་སྟོང་སྤྱད་པས་བདུད་རྩི་ཐོབ་ནས་ང་ཞབས་ཀྱིས་གཤེགས་པ་ལྟ་ཞེས་མ་དད་པ་སྐྱེས་པར་འགྱུར་རོ་སྙམ་ནས། དེ་ནས་བཅོམ་ལྡན་ 67-1-102b འདས་ཀྱིས་ཐུགས་མཉམ་པར་བཞག་ན། ཤར་ཕྱོགས་ཀྱི་སྟེང་གི་བར་སྣང་ལ་མངོན་པར་འཕགས་ནས་སྤྱོད་ལམ་རྣམ་པ་བཞི་མཛད་དེ། འདི་ལྟ་སྟེ། འཆག་པ་དང་། བཞེངས་པ་དང་། བཞུགས་པ་དང་། མནལ་བ་མཛད་དོ། །མེའི་ཏིང་ངེ་ འཛིན་ལ་ཡང་སྙོམས་པར་འཇུག་པར་མཛད་དེ། མེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཟེར་རྣམ་པ་སྣ་ཚོགས་དག་འབྱིན་པར་མཛད་དེ། འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་ པོ་དང་། དཀར་པོ་དང་། ལེན་རྒན་དང་། ཤེལ་གྱི་ཁ་དོག་དག་གོ། །ཆོ་འཕྲུལ་ཟུང་དུ་ཡང་སྟོན་པར་མཛད་དེ། སྐུའི་སྨད་ནས་མེ་འབར་བར་མཛད་ལ། སྐུའི་སྟོད་ནས་ཆུ་གྲང་མོའི་རྒྱུན་འབེབས་པར་མཛད་དེ། སྐུའི་སྟོད་ནས་མེ་འབར་བར་མཛད་ལ། སྐུའི་སྨད་ནས་ཆུ་གྲང་མོའི་རྒྱུན་འབེབས་པར་མཛད་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཤར་ཕྱོགས་ལ་ཇི་ལྟ་བར་ལྷོ་དང་། ནུབ་དང་བྱང་ཕྱོགས་སུ་ཡང་དེ་བཞིན་ནོ། །ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་བཞི་བསྟན་ནས། རྫུ་འཕྲུལ་གྱི་མངོན་པར་འདུ་མཛད་པ་དེ་བསྡུས་ཏེ་ཏ་ལ་བདུན་གྱི་སྲིད་ཙམ་ན་བཞུགས་སོ། །དགེ་སློང་རྣམས་ནི་ཏ་ལ་དྲུག་གི་སྲིད་ཙམ་ནའོ། །བཅོམ་ལྡན་འདས་དྲུག་གི་སྲིད་ཙམ་ན་ནི་དགེ་སློང་རྣམས་ལྔའི་སྲིད་ཙམ་ནའོ། །བཅོམ་ལྡན་འདས་ལྔ་ འི་སྲིད་ཙམ་ན་ནི་དགེ་སློང་རྣམས་བཞིའི་སྲིད་ཙམ་ནའོ། །བཅོམ་ལྡན་འདས་བཞིའི་སྲིད་ཙམ་ན་ནི་དགེ་སློང་རྣམས་གསུམ་གྱི་སྲིད་ཙམ་ནའོ། །བཅོམ་ལྡན་འདས་གསུམ་གྱི་སྲིད་ཙམ་ན་ནི་དགེ་སློང་རྣམས་གཉིས་ཀྱི་སྲིད་ཙམ་ནའོ། །བཅོམ་ ལྡན་འདས་གཉིས་ཀྱི་སྲིད་ཙམ་ན་ནི་དགེ་སློང་རྣམས་ཏ་ལ་གཅིག་གི་སྲིད་ཙམ་ནའོ། །བཅོམ་ལྡན་འདས་མི་བདུན་གྱི་སྲིད་ཙམ་ན་བཞུགས་ན་ནི་དགེ་སློང་རྣམས་མི་དྲུག་གི་སྲིད་ཙམ་ནའོ། །བཅོམ་ལྡན་འདས་དྲུག་གི་སྲིད་ཙམ་ན་ ནི་དགེ་སློང་རྣམས་ལྔའི་སྲིད་ཙམ་ནའོ། །བཅོམ་ལྡན་འདས་ལྔའི་སྲིད་ཙམ་ན་ནི་དགེ་སློང་རྣམས་བཞིའི་སྲིད་ཙམ་ནའོ། །བཅོམ་ལྡན་འདས་བཞིའི་སྲིད་ཙམ་ན་ནི་དགེ་སློང་རྣམས་གསུམ་གྱི་སྲིད་ཙམ་ནའོ། །བཅོམ་ལྡན་འདས་ 67-1-103a གསུམ་གྱི་སྲིད་ཙམ་ན་ནི་དགེ་སློང་རྣམས་གཉིས་ཀྱི་སྲིད་ཙམ་ནའོ། །བཅོམ་ལྡན་འདས་གཉིས་ཀྱི་སྲིད་ཙམ་ན་ནི་དགེ་སློང་རྣམས་མི་གང་ལྷག་ཙམ་ནའོ། །བཅོམ་ལྡན་འདས་མི་གང་ལྷག་ཙམ་ན་ནི་དགེ་སློང་ རྣམས་ས་ལའོ། །རྒྱལ་པོ་ཟས་གཙང་གིས་ཆོ་འཕྲུལ་དེ་ལྟ་བུ་དེ་དང་། དགེ་སློང་མང་པོ་མཐོང་ནས་དེ་ལ་བཅོམ་ལྡན་འདས་གང་ཡིན་པ་མ་ཤེས་ཏེ་རྨོངས་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་ལ་སྨྲས་པ། འཆར་ཀ་འདི་ན་ངུར་ སྨྲིག་གྱོན་པའི་རབ་ཏུ་བྱུང་བ་མང་པོ་ཞིག་ཡོད་ན་དེ་ལ་གཞོན་ནུ་གང་ཡིན། ཚེ་དང་ལྡན་པ་འཆར་ཀས་བཅོམ་ལྡན་འདས་བསྟན་ནས་སྨྲས་པ། འདི་ནི་བཅོམ་ལྡན་འདས་ལགས་སོ། །སྲིད་པའི་མཐར་བྱེད་སེམས་ཀྱི་དབང་ཕྱུག་ འདྲེན་པ་ལགས། །འདི་ནི་ཉོན་མོངས་སེལ་མཛད་ཉིན་བྱེད་དོན་ནི་ཀུན་དུ་སྟོན་མཛད་ལགས། །འདི་ནི་དགོངས་པ་བཞིན་བརྙེས་སྟོབས་བཅུ་མངའ་བས་ཀུན་གྱི་ཕ་རོལ་གཤེགས་པ་ལགས། །དྲི་མེད་བཙལ་བ་ཆོས་ཀྱི་དབང་ ཕྱུག་ཁྱོད་ཀྱི་སྲས་ལགས་མི་དབང་དེ་གཟིགས་ཤིག །དེ་ནས་རྒྱལ་པོ་ཟས་གཙང་གིས་ལུས་བཏུད་ནས་ཞབས་ལ་ཕྱག་བྱས་ཏེ་ཚིགས་སུ་བཅད་པས་གསོལ་པ། བློ་གྲོས་ཡངས་པ་ཁྱོད་ལ་འདི་དང་ནི། །ཀུན་སྤྱན་ཞབས་ལ་ལན་གསུམ་ ཕྱག་བགྱིས་ཏེ། །བལྟམ་པའི་ཚེ་ན་ས་ནི་གཡོས་པ་དང་། །འཛམ་བུའི་གྲིབ་མས་སྐུ་ལས་མ་འདས་པའོ། །དེ་ནས་ཤཱཀྱ་དང་ཤཱཀྱ་མོ་རྣམས་ཀྱིས་རྒྱལ་པོ་ཟས་གཙང་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་པ་མཐོང་ནས་དེ་ལྟར་ཡབ་སྲས་ ཀྱི་ཞབས་ལ་ཕྱག་བྱེད་པ་ཅིའི་ཐ་ཚིག་ཅེས་མ་དད་པ་བསྐྱེད་དོ། །རྒྱལ་པོ་ཟས་གཙང་གིས་ཤཱཀྱ་དང་ཤཱཀྱ་མོ་རྣམས་ལ་གོ་བར་བྱ་བའི་ཕྱིར་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་ད་གདོད་ཁོ་བོས་གཞོན་ནུ་དོན་ཐམས་ཅད་གྲུབ་ པའི་ཞབས་ལ་ཕྱག་བྱས་པ་མ་ཡིན་ཏེ། གང་གི་ཚེ་ན་གཞོན་ནུ་དོན་ཐམས་ཅད་གྲུབ་པ་བལྟམ་པ་ན་ས་ཆེན་པོ་གཡོས་པར་གྱུར་ཅིང་འཇིག་རྟེན་འདི་ཐམས་ཅད་སྣང་བ་རྒྱ་ཆེན་པོས་གསལ་བར་གྱུར་ཏེ། འཇིག་རྟེན་ན་ 67-1-103b འཇིག་རྟེན་གྱི་བར་གྱི་མུན་པ་མུན་ནག་སྨག་ཏུ་གྱུར་པ་ཉི་མ་དང་། ཟླ་བ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ་འདི་ལྟར་མཐུ་ཆེ་བའི་འོད་ཀྱི་སྣང་བ་ཉམས་སུ་མ་མྱོང་བ་གང་ཡིན་པ་དེ་ཡང་དེའི་ཚེ་སྣང་བ་ཆེན་པོས་གསལ་བར་ གྱུར་ནས་སེམས་ཅན་གང་དག་སྐྱེས་པ་དེ་དག་སྣང་བ་དེས་སེམས་ཅན་དག་གཅིག་གིས་གཅིག་མཐོང་ནས། ཤེས་ལྡན་དག་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་པ་ལྟ། ཤེས་ལྡན་དག་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་པ་ ལྟ་ཞེས་ངོ་ཤེས་པར་གྱུར་པ་དེའི་ཚེ་ཡང་ཁོ་བོས་བྱང་ཆུབ་སེམས་དཔའི་ཞབས་ལ་མགོ་བོས་ཕྱག་བྱས་སོ། །གང་གི་ཚེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཞིང་ལས་ཀྱི་མཐའ་ལ་གཟིགས་པ་ན་ཤིང་འཛམ་བུའི་གྲིབ་མ་ལ་བཞུགས་ནས་ འདོད་པ་རྣམས་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཟག་པ་མེད་པ་དང་མཚུངས་པའི་བསམ་གཏན་དང་པོ་བསྒྲུབས་ཏེ་ བཞུགས་པ་ན། ཤིང་གཞན་རྣམས་ཀྱི་གྲིབ་མ་ནི་ཤར་ཕྱོགས་སུ་གཞོལ། ཤར་ཕྱོགས་སུ་འབབ། ཤར་ཕྱོགས་སུ་བབ་ཀྱང་ཤིང་འཛམ་བུའི་གྲིབ་མ་ནི་བྱང་ཆུབ་སེམས་དཔའི་སྐུ་ལས་མ་འདས་པར་གྱུར་པ་དེའི་ཚེ་ཡང་ངོ་མཚར་ རྨད་དུ་བྱུང་བའི་ཆོས་དེས་ཁོ་བོའི་ཡིད་བསྡུས་པས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཡང་ཕྱག་བྱས་ཏེ། འདི་དང་བཅོམ་ལྡན་འདས་ཀྱི་ཞབས་ལ་ལན་གསུམ་ཕྱག་བྱས་སོ། །དེ་བས་ན་འདི་སྐད་ཅེས། བློ་གྲོས་ཡངས་པ་ཁྱོད་ལ་ འདི་དང་ནི། །ཀུན་སྤྱན་ཞབས་ལ་ལན་གསུམ་ཕྱག་བགྱིས་ཏེ། བལྟམ་པའི་ཚེ་ན་ས་འདི་གཡོས་པ་དང་། །འཛམ་བུའི་གྲིབ་མ་སྐུ་ལས་མ་འདས་པའོ། །ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་ འདུ་མཛད་པ་དེ་བརྟུལ་ནས་འཁོར་བརྒྱ་ཕྲག་དུ་མ་ཟིལ་གྱིས་མནན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་རྒྱལ་པོ་ཟས་གཙང་སྐད་འཛེར་ཅིང་མིག་མཆི་མས་གང་བས་བཅོམ་ 67-1-104a ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། གཞལ་མེད་ཁང་གི་གནས་རྣམས་ལས། །ཡབ་ཀྱི་ཁབ་ན་བཞུགས་པ་ལས། །དགོན་པ་འཇིགས་དང་བཅས་རྣམས་སུ། །ཇི་ལྟ་བུར་ནི་འབའ་ ཞིག་བཞུགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ཡི་བདག་པོ་གང་དུ་ནི། །ཁྱིམ་གྱི་འཆིང་བ་ལས་གྲོལ་བ། །འཕགས་པ་ཡི་ནི་གནས་པ་བཅུས། །ཐུབ་པ་རྣམས་ནི་གནས་པར་མཛད། །རྒྱལ་པོས་གསོལ་པ། བ་སོ་ གསེར་གྱི་རྩ་བ་ཅན། །ཤིན་དུ་བདེ་བ་བཏིང་བ་ཡི། །ཁྲི་ལ་མནལ་བར་མཛད་པ་ལས། །གདིང་བ་ལ་ནི་ཇི་ལྟར་མནལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་རྣམ་གྲོལ་གནས་མལ་ནི། །དགའ་བ་བྱང་ ཆུབ་ཡན་ལག་གི། མེ་ཏོག་བཀྲམ་པར་ཆགས་མེད་ཅིང་། །ཡོངས་སུ་གདུང་བ་རྣམ་སྤངས་མནལ། །རྒྱལ་པོས་གསོལ་པ། དཔའ་བོ་ཉིད་ཀྱི་ཕོ་བྲང་ན། །གླང་པོ་ཤིང་རྟ་རྟས་བཞུད་པ། །ཚེར་མར་བཅས་པའི་ས་གཞི་ལ། ། ཞབས་ཀྱིས་ཇི་ལྟར་གཤེགས་པར་མཛད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ཡི་ཤིང་རྟ་རྫུ་འཕྲུལ་རྐང་། །ཡང་དག་རྩོལ་བའི་གཞོལ་བ་ཡིས། །ས་ཀུན་རྣམ་པར་རྒྱུ་ན་ཡང་། །ཉོན་མོངས་ཚེར་མས་གནོད་པ་མེད། ། རྒྱལ་པོ་ཟས་གཙང་གིས་གསོལ་པ། དཔའ་བོ་སྔོན་ནི་ཀ་ཤི་ཀའི། །ན་བཟའ་མནབས་ནས་མཛེས་པ་ལས། །ངུར་སྨྲིག་རྩུབ་པོའི་གོས་བནབས་པ། །ཇི་ལྟར་ཁྱོད་ཀྱི་སྐུ་ཡིས་བཟོད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། རྒྱལ་པོ་ངའི་གོས་ངོ་ཚ་ཤེས། །ང་ཡི་བགོ་བ་སྣམ་སྦྱར་ཏེ། །དེ་བགོས་ཐུབ་པ་ཞི་བ་རྣམས། །ནགས་ཁྲོད་ན་ནི་མཛེས་པར་འགྱུར། །རྒྱལ་པོ་ཟས་གཙང་གིས་གསོལ་པ། འདི་ལྟར་ཁྱོད་སྔོན་གསེར་གྱི་གཞོང་པ་ནས། །དུ་མའི་རོ་ལྡན་ འབྲས་ཆན་གསོལ་བ་ལས། །འདི་ལྟར་གཙོ་བོ་ད་ལྟའི་བསོད་སྙོམས་ནི། །ཕལ་པ་གསོལ་བ་ཇི་ལྟར་མགུལ་དུ་མཆི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་ཀྱི་སྲིད་པ་ཐམས་ཅད་སྤངས་ནས་ནི། །ངེས་པར་བྱུང་དང་ 67-1-104b མཉམ་པར་བཞག་ལྡན་པའི། །ང་ཡི་ཆོས་ཀྱི་རོ་མཆོག་གསོལ་མོད་ཀྱི། །འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་སྤྱོད་དོ། །རྒྱལ་པོ་ཟས་གཙང་གིས་གསོལ་པ། མགུར་དུ་བདེ་བ་མང་བགྱིད་པའི། །རྒུན་སྐྱེམས་ཁ་རའི་ཆབ་གསོལ་ ན། །རྙོག་པ་ཅན་ལ་དྲི་ང་བའི། །ཆབ་ནི་ཇི་ལྟ་ཞིག་ཏུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ཡི་བདག་པོ་གང་འཐུངས་ན། །བདག་ལ་འཐུང་བ་ཐམས་ཅད་ནི། དུག་དང་འདྲ་བར་སྣང་གྱུར་པ། །ཆབ་ཀྱི་རོ་མཆོག་ང་འཐུང་ངོ་། ། རྒྱལ་པོ་ཟས་གཙང་གིས་གསོལ་པ། འདི་ལྟར་ཁྱོད་སྔོན་བསིལ་ཁང་གཞལ་མེད་ཁང་། །ཁང་བཟངས་སྟེང་ན་ཇི་ལྟའི་དུས་བཞིན་བཞུགས། །ད་ལྟར་གཅིག་པུ་ནགས་ཁྲོད་ཁྱོད་བཞུགས་པ། །བློ་བཟངས་ཇི་ལྟར་བསྙེངས་ པ་མེད་པར་བཞུགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཽ་ཏམ་འཇིགས་པའི་རྩ་བ་གང་ཡིན་པ། །དྲི་མ་བག་ཆགས་བཅས་པར་ཡང་སྤངས་པས། །ང་ནི་མྱ་ངན་འཇིགས་པ་མེད་གནས་ཏེ། །ང་ལ་འདི་ན་འཇིགས་པ་ཆུང་ ཟད་མེད། །རྒྱལ་པོ་ཟས་གཙང་གིས་གསོལ་པ། ཁྱོད་སྔོན་ཁྲུས་ཁང་ཤིན་དུ་ཡིད་འོང་བར། །ཁྲུས་མཆོག་ཁྱད་པར་འཕགས་པས་རྟག་བསིལ་ན། །གཅིག་པུ་ཁྱོད་ནི་ནགས་ཁྲོད་གནས་ལྡན་པར། །ཐུབ་དབང་ད་ལྟར་སུ་ཡིས་ཁྲུས་མཛད་འགྱུར། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཽ་ཏམ་ཆོས་ཀྱི་མཚོ་ཕྲན་དྲི་མེད་པ། །ཚུལ་ཁྲིམས་འཇུག་ངོགས་དམ་པས་བསྔགས་པ་སྟེ། །དེ་ལ་རེག་པའི་ཡོན་ཏན་མི་བཀྲུ་ན། །ལུས་མི་གཤེར་བར་ཕ་རོལ་རབ་ཏུ་རྒལ། །རྒྱལ་པོ་ཟས་ གཙང་གིས་གསོལ་པ། དཔའ་བོ་ཉིད་ཀྱི་ཁབ་ན་ནི། །གསེར་དངུལ་བུམ་པས་ཁྲུས་མཛད་ན། །རྙོག་པ་ཅན་ལ་དྲི་ང་བ། །ཆབ་ཀྱིས་ཇི་ལྟར་ཁྲུས་མཛད་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཽ་ཏམ་དད་པའི་འབབ་ཆུ་རྙོག་པ་ མེད། །བསོད་ནམས་འཇུག་ངོགས་དམ་པས་བསྔགས་པ་སྟེ། །དེ་ལ་རིག་པའི་ཡོན་ཏན་མི་བཀྲུས་ན། །ལུས་མི་གཤེར་བར་ཕ་རོལ་རབ་ཏུ་རྒལ། །རྒྱལ་པོ་ཟས་གཙང་གིས་གསོལ་པ། དཔའ་བོ་ཁྱོད་སྔོན་སེར་སྐྱ་ཡིས། །ཙན་དན་གྱིས་ནི་སྐུ་བཀྲུས་ 67-1-105a ཤིང་། །ཀ་ཤིའི་མཆོག་གནས་མཛེས་པ་ལས། །དེ་དང་བྲལ་ནས་མཛེས་མ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚུལ་ཁྲིམས་ང་ཡི་རྒྱན་ཡིན་ཏེ། །ཚུལ་ཁྲིམས་ཉིད་ནི་བྱུག་པ་ཡིན། །གསེར་དང་ནོར་བུ་རྣ་ཆ་དག ། རྨོངས་སྐྱེས་ང་ལ་ཅི་ཞིག་བྱ། །རྒྱལ་པོ་ཟས་གཙང་གིས་གསོལ་པ། གང་གིས་ཁྱོད་ནི་ཁྱད་དུ་གསོད། །གང་ལས་འཇིགས་སུ་རུང་བ་སྐྱེ། །ཡིད་འབྱུང་བ་ཡང་ག་ལས་སྐྱེ། །ཞུས་པ་དེ་དག་བདག་ལ་གསུངས། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། གང་གིས་ང་ནི་ཁྱོད་གསོད་དང་། །གང་ཞིག་ལས་ནི་འཇིགས་པ་དང་། །གང་ལས་ཡིད་འབྱུང་སྐྱེས་པ་དག །ཉོན་མོངས་ཁྱོད་ལ་བཤད་པར་བྱ། །རྒ་དང་ན་དང་འཆི་བ་སྟེ། །གལ་ཏེ་འདི་གསུམ་ཡོད་མིན་ན། །ང་ཡང་ཤིན་དུ་ ཡིད་འོང་བའི། །ཡུལ་རྣམས་ལ་ནི་དགའ་བར་འགྱུར། །རྒྱལ་པོ་ཟས་གཙང་གིས་གསོལ་པ། ཤཱཀྱ་རྣམས་ཀྱི་རིགས་དགའ་བ། །ལེགས་པར་འཁྲུངས་པའི་དཔའ་བོ་ལེགས། །ཁྱོད་ནི་འཇིག་རྟེན་ཆོས་བརྒྱད་ཀྱིས། །ཇི་ལྟ་བུར་ཡང་མ་གོས་སོ། ། དེ་ནས་རབ་དགའ་དད་པ་རྒྱས་བྱས་ནས། །དྲང་སྲོང་དགེ་འདུན་བསྐོར་བ་བྱས་ནས་ནི། །ཐུབ་པའི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ། །བདེ་བར་གཤེགས་ལ་ཀུན་ནས་རྟོག་ཅིང་འདུག །དེ་ནས་རྒྱལ་པོ་ཟས་གཙང་འདི་སྙམ་དུ་སེམས་ཏེ། གང་བདག་ གི་བུས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་ཐོབ་པ་ན་བདག་གི་རྙེད་པ་ལེགས་པར་རྙེད་དོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ནྱ་གྲོ་དྷའི་ཀུན་དགའ་ར་བར་འཁོར་དེའི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་མཁྱེན་ནས་དེ་དང་ འཐུན་པའི་ཆོས་བཤད་པ་མཛད་དེ། དེ་ཐོས་པས་ཟས་དཀར་ལ་སོགས་པ་ཤཱཀྱ་བདུན་ཁྲི་བདུན་སྟོང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་རྒྱལ་པོ་ཟས་གཙང་ནི་མ་གཏོགས་སོ། །ལྷ་སྦྱིན་ང་རྒྱལ་ལས་ང་རྒྱལ་ཅན་སྡིག་པ་ འདོད་པ་དེས་བདེན་པ་མཐོང་བར་མ་བྱས་པས་ཁྲོ་བས་ཀུན་ནས་དཀྲིས་པ་དང་བཅས་པས་སྨྲས་པ། གལ་ཏེ་བདག་གིས་འདི་འདྲ་བའི་སྒྱུ་མས་དབང་དུ་བྱེད་པ་ཤེས་ན། བདག་གིས་ཀྱང་འཇིག་རྟེན་ཐམས་ཅད་དབང་དུ་བྱ་བ་ཞིག །དེ་ལ་ཤཱཀྱ་ 67-1-105b རྣམས་ཀྱིས་གཤེ་བའི་ཚིག་གིས་སྨྲས་པ། ལྷ་སྦྱིན་བཅོམ་ལྡན་འདས་ནི་རྫུ་འཕྲུལ་ཆེ་བ་ཡིན་གྱིས་དེ་སྐད་མ་སྨྲ་ཤིག་ཅེས་བཟློག་ནས་ཅང་མི་སྨྲ་བར་འདུག་གོ། །ཚངས་པས་བསྐོར་བའི་སྐྱེད་མོས་ཚལ་དུ་འདི་ལྟ་བུའི་ཆོས་བཤད་པ་ མཛད་དེ། དེ་ཐོས་པས་རྒྱལ་པོ་ཟས་གཙང་མ་གཏོགས་པར་བྲེ་བོ་ཟས་ལ་སོགས་པ་ཤཱཀྱ་དྲུག་ཁྲི་དྲུག་སྟོང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་ན་ཡང་ལྷ་སྦྱིན་དེ་ཁོ་ན་བཞིན་དུ་ཟེར་རོ། །རོ་ཧི་ཏ་ཀའི་བསྐྱེད་ མོས་ཚལ་དུ་འདི་ལྟ་བུའི་ཆོས་བཤད་པ་མཛད་དེ། དེ་ཐོས་པས་རྒྱལ་པོ་ཟས་གཙང་མ་གཏོགས་པར་བདུད་རྩི་ཟས་ལ་སོགས་པ་ཤཱཀྱ་བདུན་ཁྲི་ལྔ་སྟོང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་ན་ཡང་ ལྷ་སྦྱིན་དེ་ཁོ་ན་བཞིན་དུ་ཟེར་རོ། །འཁོར་ལྷག་མ་རྣམས་ལས་ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ། ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་ཉོན་མོངས་པ་ ཐམས་ཅད་སྤངས་ཏེ་དགྲ་བཅོམ་པར་གྱུར། ཁ་ཅིག་གིས་ནི་སངས་རྒྱས་ལ་སྐྱབས་སུ་སོང་། ཁ་ཅིག་གིས་ནི་ཆོས་ལ། ཁ་ཅིག་གིས་ནི་དགེ་འདུན་ལ་སྟེ་འཁོར་དེ་དག་ཕལ་ཆེར་ཡང་སངས་རྒྱས་ལ་གཞོལ། ཆོས་ལ་འབབ། དགེ་ འདུན་ལ་བབ་པར་བཀོད་དོ། །དེ་ནས་རྒྱལ་པོ་ཟས་གཙང་འདི་སྙམ་དུ་སེམས་ཏེ། སྔོན་ནི་བཅོམ་ལྡན་འདས་ལྷ་དང་ལྷ་མ་ཡིན་གྱི་འགྲོ་བར་བཅས་པས་མཆོད་པ་དང་། རྗེད་པ་དང་མངོན་དུ་སྨྲ་བར་གྱུར་ན། ད་ལྟ་ནི་མིས་མཆོད་ཀྱིས་ ལྷས་ནི་མ་ཡིན་ནོ་སྙམ་མོ། །དེ་ནས་ཤཱཀྱ་གཞོན་ནུ་ཞིག་གིས་ཚིགས་སུ་བཅད་དེ་གསོལ་པ། དྲང་སྲོང་ཆེན་པོ་སྨྲ་མཆོག་དམ་ཆོས་ཀྱི། །ཆར་པས་འགྲོ་བ་འདི་ནི་ཚིམ་མཛད་དེ། །མི་བཟད་ལམ་དུ་ལྷུང་བའི་འཇིག་རྟེན་འདི། །དྲོངས་ཏེ་ 67-1-106a ཐར་པའི་ལམ་ལ་སྦྱོར་བར་མཛོད། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། རྒྱལ་པོ་ཟས་གཙང་ནི་འདི་སྙམ་དུ་བདག་གི་བུ་འབའ་ཤིག །འདི་ལྟར་རྫུ་འཕྲུལ་ཆེ་ཞིང་འདི་ལྟར་མཐུ་ཆེ་བ་ཡིན་ ནོ་སྙམ་སྟེ་ལྷག་པར་དགའ་བ་ལས་གྱུར་ཀྱིས་མདོར་ན་དེའི་དྲེགས་པ་སྤོང་དུ་གཞུག་གོ། །རྒྱུ་གཉིས་ཀྱིས་བདེན་པ་རྣམས་མཐོང་བར་མི་འགྱུར་ཏེ། ཧ་ཅང་ཞུམ་པ་དང་ཤིན་དུ་དགའ་བའོ། །དེ་ལ་ཞུམ་པའི་སེམས་དང་ཤིན་དུ་དགའ་ བ་ཡོད་ཀྱིས་མ་ལ་ངས་དེའི་ཞུམ་པ་དང་ཤིན་དུ་དགའ་བ་གཉིས་སྤོང་དུ་གཞུག་གོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་རྒྱལ་པོ་ཟས་གཙང་མ་ལ་སོམས་ ཤིག་བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལས་མཉན་ནས་རྒྱལ་པོ་ཟས་གཙང་གང་ན་བ་དེར་སོང་བ་དང་། རྒྱལ་པོ་ཟས་གཙང་གིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ རྒྱང་རིང་པོ་ནས་འོང་བ་མཐོང་ངོ་། །མཐོང་ནས་ཀྱང་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽད་གལ་གྱི་བུ་ཆེན་པོ་ཚུར་སྤྱོན། མཽད་གལ་གྱི་བུ་ཆེན་པོ་ཁྱོད་བྱོན་པ་ལེགས་སོ། །བཙུན་པ་མཽད་གལ་གྱི་ བུ་ཆེན་པོ་གདན་བཤམས་པ་ཉིད་ལ་བཞུགས་ཤིག །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་གདན་བཤམས་པ་ཉིད་ལ་འདུག་གོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་སེམས་ཇི་ལྟར་མཉམ་པར་བཞག་ན། རང་གི་སྟན་ ལས་མི་སྣང་བར་གྱུར་ཏེ་ཤར་ཕྱོགས་ཀྱི་སྟེང་གི་བར་སྣང་ལ་མངོན་པར་འཕགས་ནས་སྤྱོད་ལམ་རྣམ་པ་བཞི་བྱེད་དེ། འདི་ལྟ་སྟེ། འཆག་པ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བར་བྱེད་དོ། །མེའི་ཏིང་ངེ་འཛིན་ལ་ཡང་ སྙོམས་པར་འཇུག་པར་བྱེད་དེ། མེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་ལུས་ལས་འོད་ཟེར་རྣམ་པ་སྣ་ཚོགས་དག་འབྱིན་པར་བྱེད་དེ། འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་ 67-1-106b དང་དཀར་པོ་དང་། ལེན་རྒན་དང་། ཤེལ་གྱི་ཁ་དོག་དག་གོ། །ཆོ་འཕྲུལ་ཟུང་དུ་ཡང་སྟོན་པར་བྱེད་དོ། །ལུས་ཀྱི་སྨད་ནས་མེ་འབར་བར་བྱེད་ལ་ལུས་ཀྱི་སྟོད་ནས་ཆུ་གྲང་མོའི་རྒྱུན་འབེབས་པར་བྱེད་དོ། །ལུས་ཀྱི་སྟོད་ནས་མེ་འབར་བར་བྱེད་ལ་ ལུས་ཀྱི་སྨད་ནས་ཆུ་གྲང་མོའི་རྒྱུན་འབེབས་པར་བྱེད་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཤར་ཕྱོགས་ལ་ཇི་ལྟ་བ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་ཕྱོགས་སུ་ཡང་དེ་བཞིན་ནོ། །ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་ འཕྲུལ་རྣམ་པ་བཞི་བསྟན་ནས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་སྡུས་ཏེ་སྟན་བཤམས་པ་ཉིད་ལ་འདུག་གོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མོོད་གལ་ གྱི་བུ་ཆེན་པོ་བཅོམ་ལྡན་འདས་ཀྱི་ཉན་ཐོས་འདི་ལྟར་རྫུ་འཕྲུལ་ཆེ་བ་འདི་ལྟར་མཐུ་ཆེ་བ་གཞན་ཡང་མཆིས་ལགས་སམ། རྒྱལ་པོ་ཆེན་པོ་མཆིས་སོ་ཞེས་ཚིགས་སུ་བཅད་དེ་སྨྲས་པ། མཐུ་ཆེ་བ་དག་གསུམ་རིག་དང་། སེམས་ ཀྱི་རྣམ་གྲངས་ཤེས་པ་དང་། །ཟག་ཟད་དགྲ་བཅོམ་གང་ཡིན་པ། །ཐུབ་པའི་ཉན་ཐོས་མང་དུ་མཆིས། །དེ་ནས་རྒྱལ་པོ་ཟས་གཙང་འདི་སྙམ་དུ་སེམས་ཏེ། བདག་གི་བུ་འབའ་ཞིག་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་མ་ཟད་དེ་འདི་ལྟར་རྫུ་ འཕྲུལ་ཆེ་ཞིང་མཐུ་ཆེ་བའི་རབ་ཏུ་བྱུང་བ་གཞན་ཡང་ཡོད་དོ་སྙམ་ནས་དེ་ཤིན་དུ་དགའ་བ་གང་ཡིན་པ་དེ་དང་བྲལ་བར་གྱུར་ཏོ། །སྐབས་དེར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པ་མཛད་དེ། ཀྱེ་མ་བརྒྱ་བྱིན་དང་ཚངས་ པ་ལ་སོགས་པ་ལྷ་རྣམས་འོངས་ན། ལྷའི་འཁོར་དག་པ་ལ་ཆོས་བཤད་དོ། །སྙམ་པ་དང་། ཆོས་ཉིད་ཀྱིས་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པ་མཛད་པ་དེའི་ཚེ། སྲོག་ཆགས་གྲོག་སྤུར་ རྣམས་ཀྱི་སེམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱིས་དགོངས་པ་ཤེས་པར་འགྱུར་ན། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། གང་གི་ཚེ་འཇིག་རྟེན་ལས་འདས་པའི་ཐུགས་བསྐྱེད་པ་དེའི་ཚེ་ཉན་ཐོས་ཆེན་ 67-1-107a པོ་རྣམས་ཀྱི་སེམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་དགོངས་པ་མི་ཤེས་ན་བརྒྱ་བྱིན་དང་། ཚངས་པ་ལ་སོགས་ཏེ་ལྷ་རྣམས་ཀྱིས་ལྟ་ཅི་སྨོས། སྲོག་ཆགས་གྲོག་སྦུར་རྣམས་ཀྱིས་ལྟ་ག་ལ་ཤེས། དེ་ནས་ལྷ་རྣམས་ཀྱི་དབང་པོ་ བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཅིའི་ཕྱིར་འཇིག་རྟེན་པའི་ཐུགས་བསྐྱེད་པ་མཛད་སྙམ་པ་ལས་དེ་འདི་སྙམ་དུ་སེམས་ཏེ། ལྷའི་འཁོར་དག་པ་རྣམས་ལ་ཆོས་འཆད་པར་བཞེད་དོ་སྙམ་ནས་དེས་ལྷའི་བུ་བཟོ་ཐམས་ཅད་པ་ལ་སྒོ་བ། བཟོ་ཐམས་ཅད་པ་བཅོམ་ལྡན་འདས་ལྷའི་འཁོར་དག་པ་ལ་ཆོས་འཆད་པར་བཞེད་ཀྱིས་ནྱ་གྲོ་དྷའི་ཀུན་དགའ་ར་བར་རིན་པོ་ཆེ་སྣ་བཞིའི་ཁང་པ་བརྩེག་མ་གདན་སྣ་ཚོགས་བཤམས་པ་ཞིག་སྤྲུལ་ཅིག །ཀོོ་ཤི་ཀ་ཁྱོད་ཀྱི་གསུང་མཆོག་ཏུ་བཟང་ངོ་ཞེས་ལྷའི་བུ་བཟོ་ ཐམས་ཅད་པས་ལྷའི་དབང་པོ་བརྒྱ་བྱིན་ལས་མཉན་ཏེ་ནྱ་གྲོག་དྷའི་ཀུན་དགའ་ར་བར་རིན་པོ་ཆེ་སྣ་བཞིའི་ཁང་པ་བརྩེག་མ་གདན་སྣ་ཚོགས་བཤམས་པ་ཞིག་སྤྲུལ་ཏོ། །དེ་ལ་རྒྱལ་པོ་ཆེན་པོ་བཞི་སྒོ་བཞི་ན་འཁོད་པ་ནི་ཡུལ་འཁོར་སྐྱོང་དང་། འཕགས་ སྐྱེས་པོ་དང་། མིག་མི་བཟང་དང་། ལུས་ངན་པོ་སྟེ། ཤར་སྒོ་ན་ནི་ཡུལ་འཁོར་སྐྱོང་དཔུང་རྒྱན་དང་། རྣ་ཆ་གདུབ་འཁོར་དང་། ཕྲེང་བ་དང་། རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ་ལྷའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ནུབ་ཕྱོགས་ ན་ནི་མིག་མི་བཟང་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པའོ། །བྱང་ཕྱོགས་ན་ནི་ལུས་ངན་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ནྱ་གྲོ་དྷའི་ཀུན་དགའ་ར་བ་ཆེ་ཐང་དུ་བརྒྱན་དུ་བཅུག་སྟེ། བཅོམ་ལྡན་འདས་གང་ན་བ་ དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་དོན་དེ་རྒྱས་པར་གསོལ་ཏོ། །དེ་ནས་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ལྷ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ནས་ཁང་པ་བརྩེགས་པར་ཞུགས་ཏེ་ལྷའི་འཁོར་ཕལ་པོ་ཆེའི་གུང་ལ་རིན་པོ་ ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་སེང་གེའི་ཁྲི་ལ་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་རྒྱལ་པོ་ཟས་གཙང་ཁྲིད་དེ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ནང་དུ་ཞུགས་པ་དང་། རྒྱལ་པོ་ 67-1-107b ཟས་གཙང་ལ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྐྱོང་གིས་རྒྱལ་པོ་ཆེན་པོ་ནང་དུ་མ་འགྲོ་བར་སྡོད་ཅིག་ཅེས་བཟློག་གོ། །ཅིའི་ཕྱིར། བཅོམ་ལྡན་འདས་ལྷའི་འཁོར་དག་པ་ལ་ཆོས་འཆད་དེ་དེར་མིར་གྱུར་པ་འཇུག་ཏུ་མི་དབང་ངོ་། །བཞིན་བཟངས་ཁྱོད་སུ་ ཞིག་རྒྱལ་པོ་ཆེན་པོ་བདག་ནི་ཡུལ་འཁོར་སྐྱོང་ངོ་། །དེ་ནས་རྒྱལ་པོ་ཟས་གཙང་ལྷོ་སྒོར་སོང་བ་དང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོས་མཐོང་ནས་སྨྲས་པ། རྒྱལ་པོ་ཆེན་པོ་ནང་དུ་མ་འཇུག་པར་སྡོད་ཅིག །རྒྱལ་པོ་ཟས་གཙང་གིས་མཐོང་ནས་སྨྲས་པ། བཞིན་བཟངས་ཁྱོད་སུ་ཞིག །འཕགས་སྐྱེས་པོས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ནི་འཕགས་སྐྱེས་པོའོ། །ཅིའི་ཕྱིར། བཅོམ་ལྡན་འདས་ལྷའི་འཁོར་དག་པ་ལ་ཆོས་འཆད་དེ། དེར་མིར་གྱུར་པ་འཇུག་ཏུ་མི་དབང་ངོ་། །དེ་ནས་རྒྱལ་པོ་ ཟས་གཙང་ནུབ་སྒོར་སོང་བ་དང་། རྒྱལ་པོ་ཆེན་པོ་མིག་མི་བཟང་གིས་མཐོང་ནས་སྨྲས་པ། རྒྱལ་པོ་ཆེན་པོ་ནང་དུ་མ་འཇུག་པར་སྡོད་ཅིག །རྒྱལ་པོ་ཟས་གཙང་གིས་མཐོང་ནས་སྨྲས་པ། བཞིན་བཟངས་ཁྱོད་སུ་ཞིག །མིག་མི་བཟང་གིས་ སྨྲས་པ། རྒྱལ་པོ་ཆེན་པོ་བདག་ནི་མིག་མི་བཟང་ངོ་། །ཅིའི་ཕྱིར། བཅོམ་ལྡན་འདས་ལྷའི་འཁོར་དག་པ་ལ་ཆོས་འཆད་དེ། དེར་མིར་གྱུར་པ་འཇུག་ཏུ་མི་དབང་ངོ་། །དེ་ནས་རྒྱལ་པོ་ཟས་གཙང་བྱང་སྒོར་སོང་བ་དང་། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་ བུས་མཐོང་ནས་སྨྲས་པ། རྒྱལ་པོ་ཆེན་པོ་ནང་དུ་མ་འཇུག་པར་སྡོད་ཅིག །རྒྱལ་པོ་ཟས་གཙང་གིས་སྨྲས་པ། བཞིན་བཟངས་ཁྱོད་སུ་ཞིག །རྣམ་ཐོས་ཀྱི་བུས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ནི་རྣམ་ཐོས་ཀྱི་བུའོ། །ཅིའི་ཕྱིར། བཅོམ་ལྡན་འདས་ ལྷའི་འཁོར་དག་པ་ལ་ཆོས་འཆད་དེ། དེར་མིར་གྱུར་པ་འཇུག་ཏུ་མི་དབང་ངོ་། །དེ་ནས་རྒྱལ་པོ་ཟས་གཙང་ཀྱེ་མའོ་བཅོམ་ལྡན་འདས་ལྷའི་འཁོར་དག་པ་ལ་ཆོས་འཆད་པ་དེ་བདག་གིས་བལྟའོ་སྙམ་པའི་འདོད་པ་སྐྱེས་སོ། །དེ་ནས་རྒྱལ་པོ་ཟས་ གཙང་གིས་ཞུམ་པའི་རྒྱུད་གང་ཡིན་པ་དེ་དང་བྲལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ་རྒྱལ་པོ་ཟས་གཙང་གིས་གལ་ཏེ་ང་མ་མཐོང་ན་ཁྲག་དྲོན་པོ་སྐྱུགས་ནས་འཆི་བར་འགྱུར་བའི་གནས་སྐབས་གང་ཡིན་པ་དེ་ཡོད་ 67-1-108a ཀྱིས་དེ་ལ་ཐབས་ཤིག་བཤམ་པར་བྱའོ་སྙམ་ནས་བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ་སྣ་བཞིའི་ཁང་པ་བརྩེགས་པ་གང་ཡིན་པ་དེ་ཤེལ་ལས་བྱས་པར་སྤྲུལ་པ་དང་། དེ་ནས་རྒྱལ་པོ་ཟས་གཙང་གིས་སངས་རྒྱས་ཀྱི་སྐུ་སྒྲིབ་པ་ མེད་པར་མཐོང་ངོ་། །མཐོང་ནས་ཀྱང་དགའ་བ་དང་མགུ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་གི་བསམ་པ་དང་། བག་ཉལ་བ་ དང་ཁམས་དང་། རང་བཞིན་མཁྱེན་ནས་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པ་མཛད་དེ། དེ་ཐོས་པས་རྒྱལ་པོ་ཟས་གཙང་གིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་ བཅོམ་ནས་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་བདེན་པ་མཐོང་ནས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ། བཙུན་པ་བདག་ལ་ཕས་མ་བགྱིས་མས་མ་ལགས། རྒྱལ་པོས་མ་ལགས། ལྷ་རྣམས་ཀྱིས་མ་ལགས། སྔོན་གྱི་ འདས་པ་རྣམས་ཀྱིས་མ་ལགས། དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱིས་མ་ལགས། སྡུག་པ་དང་། རང་གི་སྐྱེ་བོ་དང་གཉེན་གྱི་ཚོགས་ཀྱིས་མ་ལགས་པ་གང་ལགས་པ་དེ་ནི་བཅོམ་ལྡན་འདས་ཀྱིས་བདག་ལ་མཛད་དེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་སྐམས། རུས་པའི་རི་བོ་ལས་ནི་སྒྲལ། ངན་སོང་གི་སྒོ་རྣམས་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་རྣམས་ནི་ཕྱེ། བདག་ལྷ་དང་མི་རྣམས་སུ་ནི་བཞག་གོ། །ཡང་གསོལ་པ། ཕ་ལ་ལན་དུ་ཕན་གདགས་པ། །དམ་པའི་བུས་ནི་བགྱི་བ་གང་། །ཁྱོད་ཀྱིས་ བདག་ལ་མཛད་ལགས་ཏེ། །སེམས་ནི་གྲོལ་བར་གཞོལ་བར་བགྱིས། །ཁྱོད་ཀྱིས་བདག་ནི་ངན་འགྲོ་ལས། །དྲངས་ཏེ་མཐོ་རིས་ཐར་པ་ལས། །བསྒྲིམ་མི་འཚལ་བར་བཞག་ལགས་ཏེ། །ཁྱོད་ཀྱིས་དགའ་བ་མཛད་པ་ལེགས། །མགོན་ པོ་བྱམས་པ་ཁྱེད་ཀྱིས་ནི། །བདག་གི་ཚོང་པ་རྙེད་ལྡན་ལྟར། །མཐོ་རིས་རྙེད་པ་སྲིད་པ་ཡི། །ལོངས་སྤྱོད་དག་ནི་རྙེད་པར་མཛད། །དེ་ནས་རྒྱལ་པོ་ཟས་གཙང་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་ 67-1-108b བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་ མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་རྒྱལ་པོ་ཟས་གཙང་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཆས་ཏེ་ཟས་དཀར་གང་ན་བ་དེར་སོང་སྟེ་ཕྱིན་ནས་ཟས་དཀར་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་རྒྱལ་སྲིད་ཐོབ་ཀྱིས་རྒྱལ་སྲིད་ཁྱེར་ཅིག །ཅིའི་སླད་དུ། ངས་བཅོམ་ལྡན་འདས་ཀྱི་སྤྱན་ སྔར་བདེན་པ་མཐོང་བས་སོ། །གང་གི་གདུགས་ལ་ལགས། དེ་རིང་ཁོ་ནའོ། །བདག་གིས་ཀྱང་བཅོམ་ལྡན་འདས་གང་གི་ཉི་མ་ལ་ནྱ་གྲོ་དྷའི་ཀུན་དགའ་ར་བར་ཆོས་བཤད་པ་དེའི་ཉི་མ་ལ་ཤཱཀྱ་བདུན་ཁྲི་བདུན་སྟོང་དང་ལྷན་ཅིག་བདེན་པ་མཐོང་ ལགས་སོ། །དེ་བཞིན་དུ་བྲེ་བོ་ཟས་ལ་རྒྱལ་སྲིད་ཁྱེར་ཅིག་ཅེས་སྨྲས་པ་དང་། དེས་སྨྲས་པ། བདག་གིས་ཀྱང་བཅོམ་ལྡན་འདས་ཀྱིས་གང་གི་ཚེ་ཚངས་པས་བསྐོར་བའི་སྐྱེད་མོས་ཚལ་དུ་ཆོས་བཤད་པ་དེའི་ཚེ་ཤཱཀྱ་དྲུག་ཁྲི་དྲུག་སྟོང་དང་བདེན་ པ་མཐོང་ལགས་སོ། །དེ་བཞིན་དུ་བདུད་རྩི་ཟས་ལ་རྒྱལ་སྲིད་ཁྱེར་ཅིག་ཅེས་སྨྲས་པ་དང་། བདག་གིས་ཀྱང་གང་གི་ཚེ་བཅོམ་ལྡན་འདས་ཉིད་ཀྱིས་རོ་ཧི་ཏ་ཀའི་བསྐྱེད་མོས་ཚལ་དུ་ཆོས་བཤད་པ་དེའི་ཚེ་ཤཱཀྱ་བདུན་ཁྲི་ལྔ་སྟོང་དང་ལྷན་ཅིག་བདེན་པ་ མཐོང་ལགས་སོ། །གལ་ཏེ་དེ་ལྟར་གྱུར་ན་ང་སུ་ཞིག་རྒྱལ་སྲིད་ལ་གཞག །དེ་རྣམས་ཀྱིས་སྨྲས་པ། ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱིས་བགྱིའོ་ཞེས་དེ་རྣམས་འདུས་ནས་ཤཱཀྱའི་རྒྱལ་པོ་བཟང་ལྡན་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བསྐུར་རོ། །དེ་ནས་ རྒྱལ་པོ་ཟས་གཙང་གིས་དེ་ཉིད་ཀྱི་མཚན་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་བྱས་ནས་ནང་པར་སྔར་ལངས་ཏེ་གདན་བཤམས་ཤིང་ནོར་བུ་ཆུ་སྣོད་བཞག་ནས་བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱིས་དུས་ཚོད་གསོལ་ 67-1-109a པ། བཙུན་པ་བཅོམ་ལྡན་འདས་གདུགས་ཚོད་ལགས་ན། ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། བཅོམ་ལྡན་འདས་སྔ་དྲོ་ན་བཟའ་དང་ཤམ་ཐབས་བནབས། ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ་དགེ་སློང་གི་ཚོགས་ ཀྱིས་ཡོངས་སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། རྒྱལ་པོ་ཟས་གཙང་གི་བཀད་ས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་རྒྱལ་པོ་ཟས་ གཙང་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བས་རང་གི་ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ། རྣམ་གྲངས་དུ་མར་གཙང་ཞིང་བསོད་པའི་བཟའ་ བ་དང་བཅའ་བས་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་ཏེ། བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་གསེར་གྱི་བྱ་མ་བུམ་བླངས་ཏེ། བཅོམ་ལྡན་འདས་ལ་ནྱ་གྲོ་དྷའི་ཀུན་དགའ་ར་བ་ཕུལ་ལོ། ། བཅོམ་ལྡན་འདས་ཀྱིས་ཡན་ལག་ལྔ་དང་ལྡན་པའི་གསུང་དབྱངས་ཀྱིས་ཡོན་བསྔོ་བར་མཛད་པ། སྦྱིན་པའི་བསོད་ནམས་གང་ཡིན་འདིས། །ཤཱཀྱ་རྣམས་ཀྱིས་བསམས་པ་ཡི། །ཡིད་ལ་རེ་བ་རྫོགས་ནས་ནི། །རྟག་པའི་གནས་ནི་ ཐོབ་པར་ཤོག །དེ་ནས་བཅོམ་ལྡན་འདས་སེར་སྐྱའི་གཞི་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་བཞིན་དུ་བསམ་གཏན་རྣམས་ཀྱིས་ཀྱང་མདོ་སྡེ་ལ་བཅོམ་ལྡན་འདས་སེར་སྐྱའི་གཞི་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་ བཞུགས་སོ་ཞེས་གདགས་པ་བྱས་སོ། །བཅོམ་ལྡན་འདས་སེར་སྐྱའི་གཞི་དེ་ཉིད་ན་བཞུགས་ནས་ཉི་མ་གཅིག་ནི་རྒྱལ་པོའི་ཕོ་བྲང་དུ་གདུགས་ཚོད་གསོལ། ཉི་མ་གཅིག་ནི་བཙུན་མོའི་ནང་དུ་གསོལ་ལོ། །རྒྱལ་པོ་ཟས་གཙང་གིས་ རལ་པ་ཅན་ལས་རབ་ཏུ་བྱུང་བའི་དགེ་སློང་རྣམས་སྤྱོད་ལམ་ཞི་ཞིང་སེམས་དང་བ་ཡིན་ན་དཀའ་ཐུབ་དྲག་པའི་བརྟུལ་ཤུགས་ཀྱི་ཁྱད་པར་དག་གིས་ལུས་གདུངས་པས་ལུས་མི་མཛེས་པར་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་ 67-1-109b སེམས་ཏེ། འདི་ལྟར་རལ་པ་ཅན་འདི་དག་སྤྱོད་ལམ་ཞི་ཞིང་སེམས་དང་བ་ཡིན་མོད་ཀྱི། ལུས་མཛེས་པ་མ་ཡིན་ན་འཁོར་ཅི་འདྲ་བ་ཞིག་གིས་བཅོམ་ལྡན་འདས་མཛེས་པར་འགྱུར་སྙམ་པ་ལས་དེས་བསམས་པ་ཤཱཀྱའི་འཁོར་གྱིས་ ཡིན་ནོ་སྙམ་ནས། དེ་ནས་ཤཱཀྱ་ཐམས་ཅད་བསོགས་ཏེ་སྨྲས་པ། ཤེས་ལྡན་དག་གལ་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་རབ་ཏུ་བྱུང་བར་མ་གྱུར་ན་ཇི་ལྟར་འགྱུར་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །ཁྱེད་ཅག་ཅི་ཞིག་བྱེད་པར་འགྱུར། གཡོག་བགྱིད་པར་འགྱུར་རོ། །ད་ལྟར་གཞོན་ནུ་དོན་ཐམས་ཅད་གྲུབ་པ་བླ་ན་མེད་པ་ཆོས་ཀྱི་རྒྱལ་པོར་འགྱུར་ན། ཁྱེད་ཅག་ཅིའི་ཕྱིར་གཡོག་མི་བྱེད། ལྷ་ཅི་རབ་ཏུ་འབྱུང་ངམ། རབ་ཏུ་བྱུང་ཤིག །ཅི་ཐམས་ཅད་དམ། ཁྱིམ་རེ་ནས་རེ་རེའོ། ། བཀའ་བཞིན་འཚལ། རྒྱལ་པོ་ཟས་གཙང་གིས་གྲོང་ཁྱེར་སེར་སྐྱའི་གཞིར་དྲིལ་སྒྲོགས་སུ་བཅུག་པ། རྒྱལ་པོའི་ཞལ་ནས་ངའི་ཡུལ་ན་གནས་པའི་ཤཱཀྱ་རྣམས་ཀྱིས་ཁྱིམ་རེ་ནས། རེ་རེ་རབ་ཏུ་བྱུང་ཤིག་ཅེས་དེ་སྐད་བཀའ་སྩལ་ཏོ། ། བྲེ་བོ་ཟས་ལ་བུ་གཉིས་ཡོད་པ་མ་འགགས་པ་དང་མིང་ཆེན་ནོ། །མིང་ཆེན་ནི་ཞིང་བླས་ཀྱི་མཐའ་ལ་ལྷག་པར་བརྩོན་ནོ། །མ་འགགས་པ་ནི་སྟེང་གི་ཁང་བཟངས་ཀྱི་གཞི་ལ་འདུག་ནས་སྐྱེས་པ་མེད་པའི་རོལ་མོས་རྩེ་བར་བྱེད་དགའ་ དགུར་སྤྱོད་པར་བྱེད་དོ། །མིང་ཆེན་ལ་མས་སྨྲས་པ། བུ་རྒྱལ་པོས་དྲིལ་སྒྲོགས་སུ་བཅུག་པ་ཤཱཀྱ་རྣམས་ལས་ཁྱིམ་རེ་ནས་རེ་རེ་རབ་ཏུ་ཕྱུང་ཤིག་ཅེས་བསྒོས་ཁྱོད་རབ་ཏུ་བྱུང་ཤིག །དེས་སྨྲས་པ། བདག་ནི་རབ་ཏུ་མི་འབྱུང་གིས། ཁྱོད་ཀྱི་བུ་སྡུག་པ་དང་བདེ་བ་དང་ལྡན་པར་གནས་པ་གང་ཡིན་པ་དེ་རབ་ཏུ་ཕྱུང་ཤིག །བུ་བསོད་ནམས་ཀྱི་དབང་ཐང་ཆེན་པོ་ཅན་གྱི་སེམས་ཅན་དེ་ལ་ཁྱོད་འགྲན་མ་ཚོལ་ཅིག །ཡུམ་ཁྱོད་གང་ལ་དགྱེས་པ་དེ་བསོད་ནམས་ཀྱི་དབང་ཐང་ཆེན་ པོ་ཅན་ལགས་མོད། དེ་རིང་ལ་ཅུང་ཟད་ཀྱང་མ་བསྐུར་དང་། ཅི་བསོད་ནམས་ཀྱི་དབང་ཐང་ཆེན་པོ་ལགས་སམ་མ་ལགས་མངོན་པར་འགྱུར་རོ། །བུ་དེ་བཞིན་དུ་བྱས་ཏེ་ཡིད་ཆེས་པར་བྱའོ། །དེས་གཟེབ་སྟོང་པ་རྫེའུ་ཡིས་བཀང་ནས་ཁ་ 67-1-110a རས་དཀར་པོས་དཀྲིས་ཏེ་རྒྱ་སྐེགས་ལ་རྒྱས་བཏབ་ནས། བུ་མོ་མངག་གཞུག་མའི་ལག་ཏུ་བསྐུར་ནས་བསྒོ་བ། གལ་ཏེ་དེ་ན་ཅི་ཡོད་ཅེས་འདྲི་བ་དང་། ཅི་ཡང་མ་མཆིས་སོ་ཞེས་སྨྲོས་ཤིག །དེས་དེ་ཁྱེར་ནས་སོང་བ་དང་། ལྷ་ རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཤེས་པ་མཐོང་བ་ནི་འོག་ཏུ་འཇུག་པ་ཡིན་པས། དེས་བསམས་པ། རང་སངས་རྒྱས་ཀུན་ཤེས་ལ་བསོད་སྙོམས་ཕུལ་བ་གང་ཡིན་པ་དེ་དེང་ཅིའི་ཕྱིར་ཟས་ཀྱིས་ཕོངས་པར་བྱ། དེའི་ཟན་སྦྱར་བར་བྱའོ་ཞེས་དེས་ རྫེའུ་དེ་རྣམས་སྲན་ཚོད་དང་། ཚོད་མ་སྣ་ཚོགས་རོ་དང་ལྡན་པའི་ཟས་ཀྱིས་བཀང་ངོ་། །ཇི་ཙམ་ན་མངག་གཞུག་མས་དེར་ཁྱེར་ནས་མ་འགགས་པའི་དྲུང་དུ་ཕྱིན་པ་དང་། དེས་སྨྲས་པ། བུ་མོ་འོ་ནི་ན་ཅི་ཡོད། དེས་སྨྲས་པ། གཞོན་ནུ་ཅི་ཡང་ མ་མཆིས་སོ། །མ་འགགས་པས་བསམས་པ། བདག་ལ་མ་བྱམས་ན་འདི་སྟོང་པར་ཅི་སྟེ་བསྐུར་གདོན་མི་ཟ་བར་འདི་ཅི་ཡང་མ་ཡིན་པ་ཞེས་བྱ་བའི་ཟས་ཤིག་བསྐུར་གྱིས་རེ་ཤིག་བལྟའོ་ཞེས་ཇི་ཙམ་ན་ཁ་ཕྱེ་བ་དང་། བསྐྱེད་མོས་ཚལ་དེ་ ཐམས་ཅད་ཟས་ཀྱི་དྲི་ཞིམ་པོས་གང་བར་གྱུར་ཏེ། དེ་སྣམས་ནས་མ་འགགས་པ་མཆོག་ཏུ་ཡ་མཚན་སྐྱེས་སོ། །དེ་མ་ལ་གུས་པ་ཡིན་པས་དེས་མ་ལ་ཟས་ཀྱི་ཕུད་བསྐུར་ནས་སྤྲིང་བ། ཡུམ་གདུགས་རེ་རེ་ཞིང་ཟས་ཅི་ཡང་མ་ཡིན་ཞེས་ བགྱི་བ་འདི་ལྟ་བུ་བསྐུར་བའི་རིགས་སོ། །དེས་ཀྱང་མཐོང་ནས་མཆོག་ཏུ་ཡ་མཚན་སྐྱེས་ཏེ། །དེས་མིང་ཆེན་ལ་བསྟན་ནས་བུ་མཐོང་ངམ། ཡུམ་མཐོང་ལགས་སོ། །ཁྱོད་ལ་ཁོ་མོས་སྔར་བསོད་ནམས་ཀྱི་དབང་ཐང་ཆེན་པོའི་ སེམས་ཅན་མིའི་སྐལ་བ་བཟང་པོ་དང་ལྡན་པ་ལ་ཁྱོད་འགྲན་མ་ཚོལ་ཅིག་ཅེས་མ་སྨྲས་སམ། དེས་སྨྲས་པ། ཡུམ་དེ་བསོད་ནམས་ཀྱི་དབང་ཐང་ཆེན་པོ་དང་ལྡན་ཡང་རུང་། མི་ལྡན་ཡང་རུང་། བདག་ནི་རབ་ཏུ་མི་འབྱུང་ངོ་ཞེས་ཇི་ ལྟར་མིང་ཆེན་གནས་སྐབས་ཐམས་ཅད་དུ་རབ་ཏུ་འབྱུང་བར་ཁས་ལེན་དུ་མ་བཏུབ་བོ། །དེ་ནས་དེས་མ་འགགས་པ་ལ་སྨྲས་པ། བུ་རྒྱལ་པོས་དྲིལ་སྒྲོགས་ཏུ་བཅུག་པ་ཤཱཀྱ་རྣམས་ལ་ཁྱིམ་རེ་ནས་རེ་རེ་རབ་ཏུ་བྱུང་ཤིག་ཅེས་བསྒོ་ན། 67-1-110b ཁྱོད་ཅི་རབ་ཏུ་བྱུང་ངམ། འོན་ཏེ་ཁྱིམ་པར་འདུག །དེས་སྨྲས་པ། ཡུམ་རབ་ཏུ་བྱུང་བ་ལ་ཕན་ཡོན་ཅི་མཆིས། ཉེ་དམིགས་ཅི་མཆིས། ཁྱིམ་པར་མཆིས་པ་ལ་ཕན་ཡོན་ཅི་མཆིས། ཉེས་དམིགས་ཅི་མཆིས། བུ་རབ་ཏུ་བྱུང་བས་ལེགས་ པར་བསྒྲུབས་ན། མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །ལེགས་པར་མ་བསྒྲུབས་ན་ལྷ་དང་མི་འཐོབ་པར་འགྱུར་རོ། །ཁྱིམ་པར་འདུག་སྟེ་ལེགས་པར་བསྐྱངས་ན་ལྷ་དང་མི་འཐོབ་བོ། །མ་བསྐྱངས་ན་སེམས་ཅན་ དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་འཐོབ་བོ། །ཡུམ་རབ་ཏུ་བྱུང་བའི་ཉེས་དམིགས་གང་ལགས་པ་དེ་ནི་ཁྱིམ་ན་གནས་པའི་ཕན་ཡོན་ལགས་པས་དེ་བས་ན་ཁྱིམ་ན་གནས་པ་མི་འཚལ་གྱིས་གནང་བར་མཛོད་ཅིག་དང་། རབ་ཏུ་འབྱུང་ངོ་། ། དེས་སྨྲས་པ། བུ་ལེགས་ཀྱིས་དེ་བཞིན་དུ་གྱིས་ཤིག །མ་འགགས་པའི་ནེའུ་ཟླ་ཤཱཀྱའི་རྒྱལ་པོ་བཟང་ལྡན་ཡིན་པས་དེ་དེའི་དྲུང་དུ་སོང་ངོ་། །དེའི་ཚེ་ཤཱཀྱའི་རྒྱལ་པོ་བཟང་ལྡན་པི་བང་ལེན་ཏེ། པི་བང་ལེན་པ་ན་རྒྱུན་ཆད་ནས་སྒྲ་ གཞན་དུ་གྱུར་ཏོ། །མ་འགགས་པ་པི་བང་ལ་བྱང་བ་ཡིན་པས་དེས་སྒྲ་ཅི་འདྲ་བར་གྱུར་པའི་རྟགས་བཟུང་ནས་སྒོར་བསྡད་དེ། །སྒོ་སྲུངས་ཀྱི་མི་ལ་སྨྲས་པ། ཀྱེ་ནང་རྗེ་སོང་ལ་རྒྱལ་པོ་བཟང་ལྡན་ལ་མ་འགགས་པ་ལྷའི་ཞལ་ མཐོང་བར་འཚལ་ནས་སྒོ་ན་སྡོད་ཅིང་མཆིས་སོ་ཞེས་གསོལ་ཅིག །སྒོ་སྲུངས་སོང་ནས་ཤཱཀྱའི་རྒྱལ་པོ་བཟང་ལྡན་ལ་སྨྲས་པ། ལྷ་མ་འགགས་པ་ལྷའི་ཞལ་མཐོང་བར་འཚལ་ནས་ཆབ་སྒོ་ན་སྡོད་ཅིང་མཆིས་སོ། །དེས་ སྨྲས་པ། ཤེས་ལྡན་མ་འགགས་པ་ལ་སུ་འགོག །ཤེས་ལྡན་མ་འགགས་པ་ནང་དུ་ཐོང་ཤིག །དེ་ནང་དུ་ཞུགས་པ་དང་། རྒྱལ་པོས་འཁྱུད་ནས་འདུག་ཏུ་བཅུག་སྟེ་སྨྲས་པ། ཁྱོད་འོངས་ནས་ཅི་སྲིད་ལོན། དེས་སྨྲས་པ། གང་གི་ཚེ་ཁྱོད་པི་བང་ལེན་པ་ན་རྒྱུན་ཆད་ནས་སྒྲ་གཞན་དུ་གྱུར་པ་ནས་སོ། །དེ་མཆོག་ཏུ་ཡ་མཚན་སྐྱེས་ནས། དེས་སྨྲས་པ། ཁྱོད་པི་བང་ལེན་པ་ལ་བྱང་བ་ཡིན་ནོ། །ཤཱཀྱའི་རྒྱལ་པོ་བཟང་ལྡན་ 67-1-111a གྱིས་སྨྲས་པ། གཞོན་ནུ་དོན་ཅི་ཞིག་ལ་འོངས། མ་འགགས་པས་སྨྲས་པ། ལྷ་རྒྱལ་པོ་ཟས་གཙང་གིས་དྲིལ་སྒྲོགས་སུ་བཅུག་པ། ཤཱཀྱ་རྣམས་ལས་ཁྱིམ་རེ་ནས་རེ་རེ་རབ་ཏུ་བྱུང་ཤིག་པར་བསྒོ་བས་ད་ཁྱོད་ཀྱིས་ མཁྱེན་པར་མཛོད་ཅིག །རབ་ཏུ་འབྱུང་ངོ་། །རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་ཁོ་བོ་ཡང་རབ་ཏུ་འབྱུང་སྟེ་གྲོས་བྱ་བ་ཡོད་ཀྱིས་ཁྱོད་དེ་རིང་འདི་ཉིད་དུ་གནས་ཐོབ་ཤིག །དེ་དེ་ཉིད་དུ་གནས་བཏབ་བོ། །མལ་འཆའ་བས་རིམས་བག་གི་དྲི་ ཅན་གྱི་གོས་ཀྱིས་བཏིང་ཞིང་མེ་ཏོག་གི་སིལ་མས་བཀྲམ་པའི་མལ་དུ་མ་འགགས་པ་ཉལ་བ་དང་། དེའི་འོག་ན་མེ་ཏོག་གི་རྩ་བ་ཡོད་པའི་རེག་པ་དེའི་ཉམས་སུ་མྱོང་ནས་སྨྲས་པ། ཅི་འདིའི་འོག་ཏུ་རྡོ་ཕྲེའུ་ཡོད་དམ། དེ་རྣམས་ཀྱིས་ བརྟག་པ་བརྩམས་པ་ན་མེ་ཏོག་གི་རྩ་བ་ཞིག་མཐོང་ནས་དེ་རྣམས་མཆོག་ཏུ་ངོ་མཚར་སྐྱེས་སོ། །མ་འགགས་པ་མཚན་མོ་མི་བདེ་ཞིང་ཉལ་ནས་ནམ་ལངས་སོ། །རྒྱལ་པོས་སྨྲས་པ། མ་འགགས་པ་ཅི་ག་བདེ་བར་གཉིད་ལོག་གམ། དེས་སྨྲས་པ་ལྷ་བདེ་བར་གཉིད་མ་ལོག་གོ། །རྒྱལ་པོས་སྨྲས་པ། ཅིའི་ཕྱིར་མ་འགགས་པས་སྨྲས་པ། །ལྷ་རིམས་བག་གི་དྲི་ཅན་གྱི་གོས་བཏིང་བར་མེ་ཏོག་སིལ་མ་བཀྲམ་པའི་མེ་ཏོག་གི་རྩ་བས་ལུས་སྣང་ལགས་སོ། །རྒྱལ་པོས་མལ་འཆའ་ བ་བཀུག་ནས་ཁྱོད་ཀྱིས་རིམས་བག་གི་དྲི་ཅན་གྱི་གོས་བཏིང་སྟེ་ཅི་བྱ། མལ་འཆའ་བས་སྨྲས་པ། ལྷ་བདག་ལ་དཀོར་བས་གཏད་པ་ལགས་སོ། །རྒྱལ་པོས་དཀོར་པ་བཀུག་ནས་སྨྲས་པ། ཁྱོད་ཀྱིས་རིམས་བག་ གི་དྲི་ཅན་གྱི་གོས་ཕོག་སྟེ་ཅི་བྱ། དེས་སྨྲས་པ། ལྷ་བདག་ལ་ཐ་ག་པས་གཏད་པ་ལགས་སོ། །རྒྱལ་པོས་ཐ་ག་པ་བཀུག་ནས་སྨྲས་པ། ཁྱོད་ཀྱིས་ཅིའི་ཕྱིར་རིམས་བག་གི་དྲི་ཅན་གྱི་གོས་འབུལ། ཐ་ག་པས་སྨྲས་པ། ལྷ་ སྣམ་བུ་འཐག་པའི་འཕྲོ་ཅུང་ཞིག་ལུས་པ་ན། བདག་རིམས་ཀྱིས་ཐེབས་བཞིན་བགྱིས་པ་ལགས་སོ། །རྒྱལ་པོས་སྨྲས་པ། གཞོན་ནུ་ཁྱོད་ཀྱིས་ཇི་ལྟར་ཤེས། དེས་སྨྲས་པ། ཚ་བའི་རེག་པ་ཉམས་སུ་མྱོང་བས་རིམས་བག་གི་དྲི་ 67-1-111b ལགས་སོ། །རྒྱལ་པོ་མཆོག་ཏུ་ཡ་མཚན་སྐྱེས་ཏེ་སྨྲས་པ། ཤེས་ལྡན་མ་འགགས་པ་ནི་ཤཱཀྱའི་སྐལ་བ་བཟང་པོ་དང་ལྡན་པ་ཡིན་ནོ། །དེ་ནས་ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱིས་སྨྲས་པ། གཞོན་ནུ་གལ་ཏེ་ཁོ་བོ་ རབ་ཏུ་བྱུང་ན། ལྷ་སྦྱིན་ཤཱཀྱ་རྣམས་ཀྱི་རྒྱལ་པོར་འགྱུར་ཏེ། དེ་ཤཱཀྱ་རྣམས་ལ་གནོད་པ་བྱེད་པར་འགྱུར་གྱིས། མ་ལ་བདག་ཅག་ཐམས་ཅད་འདུས་ལ་ལྷ་སྦྱིན་སྤྲོ་བ་བསྐྱེད་པར་བྱའོ་ཞེས་ཤཱཀྱའི་རྒྱལ་པོ་བཟང་ལྡན་ གྱིས་དེ་བཀུག་སྟེ་དེ་ནས་ཐམས་ཅད་འདུས་ནས་སྨྲས་པ། ལྷ་སྦྱིན་ཁོ་བོ་ཅག་ཐམས་ཅད་རབ་ཏུ་འབྱུང་ན། ཁྱོད་ཅི་བྱེད། ལྷ་སྦྱིན་གྱིས་བསམས་པ། གལ་ཏེ་རབ་ཏུ་མི་འབྱུང་ངོ་ཞེས་སྨྲས་པ་དང་། ཤཱཀྱའི་ རྒྱལ་པོ་བཟང་ལྡན་རབ་ཏུ་བྱུང་བར་མི་འགྱུར་གྱིས་དེ་ལ་ཐབས་ཞིག་བཤམ་པར་བྱ་སྟེ་བསླུའོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་གང་གི་ཉི་མ་ལ་ནྱ་གྲོ་དྷའི་ཀུན་དགའ་ར་བར་སྒྱུ་མའི་ཆོ་འཕྲུལ་ བསྟན་པ་དེའི་ཚེ་བདག་བློ་སྐྱེས་པ། ཇི་ལྟར་འདིའི་སྒྱུ་མས་སྐྱེ་བོའི་ཚོགས་ཆེན་པོ་དབང་དུ་བྱེད་པ་དེ་བཞིན་དུ་བདག་གིས་ཀྱང་དབང་དུ་བྱའོ་ཞེས་བསམས་སོ་སྙམ་ནས་སྨྲས་པ། ཁྱེད་ཅག་རབ་ཏུ་ འབྱུང་ན་བདག་ཅི་སྟེ་འདུག །ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱིས་བསམས་པ། འདི་ནི་བརྫུན་དུ་སྨྲ་བ་ཡིན་གྱིས་དམ་འཆར་བཅུག་ལ་འགྲོ་བ་མང་པོས་སོ་སོར་རིག་པར་བྱའོ་སྙམ་མོ། །དེ་ནས་རྒྱལ་པོས་ཚིག་དེ་ གླེགས་བུ་ལ་བྲིས་ནས་གྲོང་ཁྱེར་སེར་སྐྱའི་གཞིར་དྲིལ་སྒྲོགས་སུ་བཅུག་པ། གྲོང་ཁྱེར་སེར་སྐྱའི་གཞི་ན་གནས་པའི་ཤེས་ལྡན་དག་ཉོན་ཅིག །བཟང་ལྡན་དང་། ནམ་གྲུ་དང་། མ་འགགས་པ་དང་། ལྷ་སྦྱིན་ལ་སོགས་ཏེ་ཤཱཀྱ་ལྔ་བརྒྱ་ རབ་ཏུ་འབྱུང་བར་འགྱུར་གྱིས་ཐོས་པར་གྱིས་ལ་རབ་ཏུ་དགའ་བ་སྐྱེད་ཅིག་ཅེས་བསྒོའོ། །ལྷ་སྦྱིན་གྱིས་དེ་ཐོས་ནས་སྡུག་བསྔལ་ཆེན་པོ་དང་ཡིད་མི་བདེ་བ་སྐྱེས་ནས། གལ་ཏེ་བདག་གིས་ཤཱཀྱའི་རྒྱལ་པོ་བཟང་ལྡན་ངེས་པར་རབ་ཏུ་འབྱུང་ 67-1-112a བར་ཤེས་པར་གྱུར་དང་བདག་ཁས་ལེན་པར་མི་འགྱུར་བ་ཞིག །དེ་ནི་གལ་ཏེ་རབ་ཏུ་མ་བྱུང་ན་བརྫུན་དུ་སྨྲ་བ་ཡིན་ནོ་ཞེས་རྒྱལ་སྲིད་ཀྱང་ཐོབ་པར་མི་འགྱུར་བས་ཐམས་ཅད་ཀྱི་ཐམས་ཅད་དུ་དུས་འདིར་ཟད་དམ། ཅི་རབ་ཏུ་བྱུང་ལ་ བདག་རབ་ཏུ་བྱུང་བཞིན་དུ་རྒྱལ་སྲིད་བྱའོ་སྙམ་མོ། །དེ་ནས་རྒྱལ་པོ་ཟས་གཙང་འདི་སྙམ་དུ་སེམས་ཏེ། ཤཱཀྱ་རྣམས་ཀྱི་ཐ་མའི་འབྱོར་པ་ལ་བལྟའོ་སྙམ་ནས་དེས་གྲོང་ཁྱེར་དེ་གསེག་མ་དང་གྱོ་མོ་བསལ། ཙན་དན་གྱི་ཆུས་ཆག་ཆག་བཏབ། གདུགས་དང་། རྒྱལ་མཚན་བསྒྲེང་། དར་གྱི་ཆུན་འཕྱང་མང་པོ་སྤྱངས། ཤིན་ཏུ་དྲི་ཞིམ་པོའི་པོག་པོར་ཉེ་བར་བཞག །མེ་ཏོག་སྣ་ཚོགས་ཀྱི་སིལ་མས་དགའ་དགའ་ལྟར་བྱེད་དུ་བཅུག་གོ། །དེ་ནས་ཤཱཀྱ་བརྒྱ་སྟོང་དུ་མས་ཡོངས་སུ་ བསྐོར་ནས་གྲོང་ཁྱེར་གྱི་སྒོ་ན་སེང་གེའི་ཁྲི་ལ་འདུག་གོ། །ཤཱཀྱ་མོ་དང་། ཤཱཀྱ་གཞོན་ནུ་ངོ་མཚར་སྐྱེས་པ་རྣམས་ཀྱང་སྐར་ཁུང་ཁོལ་མ་ཅན་དང་། སྐར་ཁུང་དང་། སྟེགས་བུ་དག་ལ་འདུག་གོ། །ཤཱཀྱ་རྣམས་ཀྱི་འབྱོར་པ་ལ་ལྟ་ བར་འདོད་པའི་སྐྱེས་པའི་ཚོགས་ཡུལ་སྣ་ཚོགས་ནས་ལྷགས་པ་དག་ཀྱང་ལམ་པོ་ཆེ་དང་། ཚོང་འདུས་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་འདུག་གོ། །ཤཱཀྱ་ལས་སུ་དག་གིས་ནི་མཉེས་པར་འགྱུར། སུ་དག་ གིས་ནི་ཐུགས་བྱུང་བར་འགྱུར་བརྟག་པའི་བྲམ་ཟེ་མཚན་མཁན་དང་། ལྟས་མཁན་དག་བཀུག་གོ། །ཤཱཀྱ་རྣམས་དོ་ཤལ་དང་། གདུ་བུ་དང་། དཔུང་རྒྱན་དང་། རྒྱན་གྱིས་བརྒྱན་པ་རྣམས་ཀྱིས་ཕ་དང་། མ་དག་ལ་བལྟས་ནས། སོ་སོའི་ཤིང་རྟར་ཞུགས་ཏེ་ཕྱིར་འབྱུང་བར་བརྩམས་པ་ན། ཤཱཀྱའི་རྒྱལ་པོ་བཟང་ལྡན་སྣ་ལ་བྱུང་བ་མཚན་མཁན་རྣམས་ཀྱིས་མཐོང་ནས་དེ་དག་གིས་སྨྲས་པ། རི་ཤིག་འདིས་ནི་མཉེས་པར་བྱེད་པར་འགྱུར་རོ། །དེ་ བཞིན་དུ་ནམ་གྲུ་དང་། མ་འགགས་པ་ལ་སོགས་པ་ཕྱིར་བྱུང་བ་ན། དེ་རྣམས་ཀྱང་མཚན་མཁན་རྣམས་ཀྱིས་ལུང་བསྟན་ཏོ། །དེ་ནས་ལྷ་སྦྱིན་ཕྱིར་བྱུང་སྟེ། དེ་ཕྱིར་བྱུང་བ་ན་བྱ་ཁྲས་གཙུག་གི་ནོར་བུ་ཕྲོགས་པ་མཚན་ 67-1-112b མཁན་རྣམས་ཀྱིས་མཐོང་ནས་དེ་རྣམས་ཀྱིས་སྨྲས་པ། འདིའི་རྟགས་དང་སྦྱར་ན་གདོན་མི་ཟ་བར་སྟོན་པ་ལ་འཁུས་ནས་དམྱལ་བར་གཞོལ་བར་འགྱུར་རོ། །ཀོ་ཀ་ལི་ཀ་དང་། ཁན་དྲ་དྲབ་བྱ་དང་། ཀ་ཏ་མོ་ར་ཀ་དང་། རྒྱལ་དང་། རྒྱ་མཚོས་སྦྱིན་རྣམས་ཕྱིར་བྱུང་བ་ན། བོང་བུའི་སྐད་གྲག་ནས་དེ་དག་ཀྱང་མཚན་མཁན་རྣམས་ཀྱིས་ལུང་བསྟན་པ། འདི་དག་གིས་ཀྱང་ཉན་ཐོས་ཆེན་པོ་རྣམས་ལ་ཚིག་ངན་པ་སྨྲས་ནས་དམྱལ་བར་གཞོལ་བར་འགྱུར་རོ། །ཉེ་དགའ་ གླང་པོ་ཆེ་ལ་ཞོན་ནས་ཕན་ཚུན་དུ་ལྟ་བར་བྱེད་པ་ན་མུ་ཏིག་གི་དོ་ཤལ་ལྷུང་བ་དང་། དེ་གླང་པོ་ཆེ་ལས་བབས་ཏེ་བླངས་སོ། །དེ་ཡང་དེ་རྣམས་ཀྱིས་ལུང་བསྟན་པ། འདི་ཧ་ཅང་འདོད་ཆེན་ཆེས་པས་སེམས་ཅན་དམྱལ་བ་ རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ནས་བཟང་ལྡན་དང་། ནམ་གྲུ་དང་། མ་འགགས་པ་ལྷ་སྦྱིན་ལ་སོགས་པ་ཤཱཀྱ་ལྔ་བརྒྱ་པོ་དེ་རྣམས་བསྐྱེད་མོས་ཚལ་དུ་དུས་སྟོན་ལ་འགྲོ་བ་བཞིན་དུ་བཟང་པོས་འགྲན་ཅིང་བཅོམ་ལྡན་ འདས་གང་ན་བ་དེར་དོང་ངོ་། །བཅོམ་ལྡན་འདས་ཀྱིས་དགོངས་པ། གལ་ཏེ་ངས་ཤཱཀྱ་རྣམས་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་བྱུང་ན་ཁ་ཅིག་གིས་ནི་མཉེས་པར་བྱེད་པར་འགྱུར། ཁ་ཅིག་གིས་ནི་མཉེས་པར་བྱེད་ པར་མི་འགྱུར་ཏེ། མཉེས་པར་བྱེད་པར་མི་འགྱུར་བ་གང་དག་ཡིན་པ་དེ་དག་གཞན་དུ་སེམས་ལ། དགེ་སློང་ཚུར་ཤོག་ཅེས་བྱ་བ་ནི་ཐམས་ཅད་སྲིད་པ་ཐ་མ་པ་ཡིན་པས། མ་ལ་ངས་ཐམས་ཅད་དགེ་ སློང་རྣམས་ཀྱིས་གསོལ་བ་དང་བཞིའི་ལས་ཀྱིས་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་སུ་གཞུག་གོ་སྙམ་དུ་དགོངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སེར་སྐྱའི་གཞིའི་ཤཱཀྱ་རྣམས་གསོལ་བ་དང་བཞིའི་ལས་ ཀྱིས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་གྱིས་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་དགེ་སློང་དེ་རྣམས་ཀྱིས་བཅོམ་ལྡན་འདས་ལས་མཉེན་ཏོ། །རྒྱལ་པོ་ཟས་གཙང་གིས་ཤཱཀྱ་རྣམས་ཀྱི་འདྲེག་མཁན་ཉེ་ 67-1-113a བར་འཁོར་ཞེས་བྱ་བ། དེ་རྣམས་རབ་ཏུ་འབྱིན་པ་ན་སྐྲ་འབྲེག་པར་བཏང་ནས་ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱི་སྐྲ་འབྲེག་པ་ན། དེ་ངོམ་ཟུང་གནག་ཅིང་མཆི་མ་འཛག་ཅིང་སྐད་འཛེར་ཅིང་དབུགས་བརྩེགས་ པས་སྐྲ་འདྲེག་པར་བྱེད་དོ། །ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱིས་སྨྲས་པ། ཉེ་བར་འཁོར་ཅིའི་ཕྱིར་དུ། དེ་སྙིང་རྗེ་རྗེ་སྐད་དུ་གཅོམ་ཆུང་ངུར་དལ་བུས་ཚིག་རེ་རེ་ནས་སྨྲས་པ། ལྷ་བདག་འཛམ་བུའི་གླིང་གི་སྐྱེས་བུ་གཙོ་བོ་ རྣམས་ལ་བསྙེན་བཀུར་བགྱིད་བགྱིད་པ་མི་ཕལ་བ་རྣམས་ལ་ཡང་བསྙེན་བཀུར་བགྱིད་པར་འགྱུར་བ་ལྟ་ཞིག །ཁྱེད་ཀྱིས་སྤངས་ཏེ་གསོན་པ་བས་ན་གུམ་མི་བསྔོའོ། །ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱིས་སྨྲས་པ། ཉེ་བར་འཁོར་ཁྱོད་ཀྱིས་ཇོ་བོ་ལ་སྙིང་ཉེ་བའི་མཉེས་པར་བྱ་བ་བསྟན་ཟིན་ཏེ་ཆོག་གིས་མྱ་ངན་མ་བྱེད་ཅིག །ངས་ཇི་ལྟར་མི་ཕལ་ཆེ་བ་རྣམས་ལ་བསྙེན་བཀུར་བྱེད་པར་མི་འགྱུར་བ་དེ་ལྟར་བྱའོ་ཞེས་སྨྲས་ནས་དེས་ ཕྱོགས་གཅིག་ཏུ་རས་གཅིག་བཏིང་ནས་ཤཱཀྱའི་གཞོན་ནུ་རྣམས་ལ་སྨྲས་པ། ཤེས་ལྡན་གཞོན་ནུ་དག་ཉོན་ཅིག །འདྲེག་མཁན་ཉེ་བར་འཁོར་འདིས་བདག་ཅག་ལ་བཀུར་སྟི་བྱས་ལ་བདག་ཅག་ཀྱང་སླར་ཁྱིམ་དུ་མི་ གནས་ཀྱིས་རྒྱན་རྣམས་དེའི་འཚོ་བའི་རྐྱེན་དུ་རས་ཀྱི་སྟེང་དུ་ཞོག་ཤིག །དེ་རྣམས་ཀྱི་སེ་མོ་དོ་དང་། དོ་ཤལ་དང་། མགུལ་རྒྱན་དང་། གདུ་བུ་དང་། དཔུང་རྒྱན་དང་། རྣ་རྒྱན་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ རྒྱན་ཁྱད་པར་ཅན་རྣམས་ཀྱིས་རས་ཀྱི་སྟེང་དུ་ཕུང་པོ་ཆེན་པོར་སྤུངས་སོ། །ཉེ་བར་འཁོར་གྱིས་དེ་རྣམས་ཀྱི་མཐར་གྱིས་སྐྲ་བྲེགས་ཏེ་དེ་རྣམས་ཁྲུས་ལ་དོང་བ་དང་། དེས་བསམས་པ། རེ་ཤིག་གཞོན་ནུ་འདི་དག་རིགས་ དང་འབྱོར་པ་དང་། ལང་ཚོ་ལ་བབ་ཅིང་ཆུང་མ་དང་ལྡན་ལ་མཛོད་དང་། བང་མཛོད་ཀྱིས་རྒྱས་པ་ཡང་སྤངས་ནས་རབ་ཏུ་བྱུང་ན་བདག་རྒྱན་འདི་ཙམ་ལ་ཆགས་པ་ནི་ཚུལ་མ་ཡིན་པས་སྡུག་བསྔལ་བར་འགྱུར་རོ། ། 67-1-113b གལ་ཏེ་བདག་རིགས་ངན་དུ་མ་སྐྱེས་ན་བདག་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་ཆུ་བོ་ལ་རྒལ་བ་དང་། སྦྱོར་བ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་བཙལ་བ་དང་འབད་པ་ལ་བརྩོན་ པར་བྱ་བ་ཞིག་སྙམ་མོ། །འདི་ནི་ཆོས་ཉིད་ཡིན་ཏེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཉིན་ལན་གསུམ་མཚན་ལན་གསུམ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་པ་དེ་བཞིན་དུ་ཉན་ཐོས་ཆེན་པོ་རྣམས་ ཀྱང་བྱེད་པས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་འདྲེག་མཁན་ཉེ་བར་འཁོར་ལྷག་པར་སྐྱོ་བ་སྐྱེས་པ་མཐོང་ངོ་། །མཐོང་ནས་ཀྱང་འདྲེག་མཁན་ཉེ་བར་འཁོར་གང་ན་བ་དེར་སོང་སྟེ་ཕྱིན་ནས་འདྲེག་མཁན་ཉེ་བར་འཁོར་ལ་འདི་སྐད་ ཅེས་སྨྲས་སོ། །ཉེ་བར་འཁོར་ཁྱོད་ཅིའི་ཕྱིར་ཤིན་དུ་མི་དགའ་བས་ལག་པ་འགྲམ་པ་ལ་གཏད་ནས་སེམས་ཁོངས་སུ་ཆུད་ཅིང་འདུག །ཉེ་བར་འཁོར་གྱིས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་གང་གི་ཕྱིར་ད་ལྟར་གཞོན་ནུ་ འདི་དག་རིགས་དང་འབྱོར་པ་དང་། ལང་ཚོ་ལ་བབ་ཅིང་ཆུང་མ་དང་ལྡན་ལ་བང་མཛོད་དང་། བང་མཛོད་ཀྱིས་རྒྱས་པ་ཡང་སྤངས་ནས་རབ་ཏུ་འབྱུང་ན། བདག་རྒྱན་འདི་ཙམ་ལ་ཆགས་པ་ནི་ཚུལ་མ་ཡིན་པས་སྡུག་ བསྔལ་བར་འགྱུར་རོ། །གལ་ཏེ་བདག་རིགས་ངན་དུ་མ་སྐྱེས་ན་བདག་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་ཆུ་བོ་ལས་རྒལ་བ་དང་། སྦྱོར་བ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་བཙལ་ བ་དང་། འབད་པ་ལ་བརྩོན་པར་བགྱི་བ་ཞིག་ན་བདག་ཅིའི་ཕྱིར་སེམས་ཁོང་དུ་ཆུད་པར་མི་འགྱུར། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་སྨྲས་པ། བཞིན་བཟངས་ཐུབ་པའི་དབང་པོའི་གསུང་རབ་འདི་ལ་ནི་རིགས་སྙིང་པོར་ བྱེད་པ་མ་ཡིན། རུས་སྙིང་པོར་བྱེད་པ་མ་ཡིན། རྒྱུད་སྙིང་པོར་བྱེད་པ་མ་ཡིན། ཐོས་པ་སྙིང་པོར་བྱེད་པ་མ་ཡིན་ཏེ། འདི་ལྟར་ཐུབ་པའི་དབང་པོའི་གསུང་རབ་འདི་ལ་ནི་སྒྲུབ་པ་སྙིང་པོར་བྱེད་པ་ཡིན་ནོ། །དེ་བཞིན་ 67-1-114a གཤེགས་རྣམས་རིགས་དང་ནི། །རྒྱུད་དང་རུས་ལ་རྟོག་མི་མཛད། །འདས་ནས་ཡུན་རིང་ལོན་པ་ཡི། །ལས་རྣམས་ལ་ནི་རྟོག་པར་མཛད། །གལ་ཏེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ པ་དགེ་སློང་གི་དངོས་པོ་འདོད་ན་ཚུར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདོང་དང་། བཅོམ་ལྡན་འདས་ཀྱིས་རབ་ཏུ་འབྱིན་པར་འགྱུར་རོ། །དེས་ཁས་བླངས་སོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདྲེག་མཁན་ཉེ་བར་འཁོར་ཁྲིད་དེ་བཅོམ་ ལྡན་འདས་གང་ན་བ་དེར་དོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཉེ་བར་འཁོར་འདི་ལེགས་པར་གསུངས་པའི་ཆོས་འདུལ་བ་ ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཚལ་ལགས་ན་ཐུགས་བརྩེ་བར་ཉེ་བར་བཟུང་སྟེ། བཅོམ་ལྡན་འདས་ཀྱིས་འདི་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ དེ་ལ་བཀའ་སྩལ་པ། དགེ་སློང་ཚུར་ཤོག །ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་མོད་ཁོ་ནར་སྐྲ་བྱི་བ་དང་། སྣམ་སྦྱར་གྱོན་པ་དང་། ལག་པ་ལྷུང་བཟེད་དང་བྱ་མ་བུམ་གྱིས་འབྲེལ་བ་དང་སྐྲ་དང་ ཁ་སྤུ་སྐྱེས་ནས་ཞག་བདུན་ལོན་པ་ཙམ་དང་། དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གནས་པར་གྱུར་ཏོ། །སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། སྐྲ་བྱི་སྣམ་སྦྱར་གྱོན་པའི་ ལུས་ལྡན་ཞིང་། མོད་ལ་དབང་པོ་རབ་ཞིར་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། །ཤཱཀྱ་རབ་ཏུ་བྱུང་བའི་རྣམས་ནི་རྒན་རིམས་ཇི་ལྟ་བ་བཞིན་དུ་འདུད་པ་བྱེད་པས། ཤཱཀྱའི་རྒྱལ་པོ་བཟང་ལྡན་ འདུད་པར་བྱེད་པ་ན་ཉེ་བར་འཁོར་གྱི་རྐང་པ་ཡིན་པར་ཤེས་སོ། །དེ་ནས་དེས་གདོང་བཏེག་སྟེ་གསོལ་པ། བཅོམ་ལྡན་འདས་འདི་ནི་ཉེ་བར་འཁོར་ལགས་ན་ཅི་བདག་གིས་འདིའི་རྐང་པ་གཉིས་ལ་ཡང་གདུད་པར་བགྱི་འམ། བཅོམ་ལྡན་འདས་ 67-1-114b ཀྱིས་བཀའ་སྩལ་པ། བུ་ང་རྒྱལ་སྤངས་པའི་ཕྱིར་རབ་ཏུ་བྱུང་བ་ཡིན་ཏེ། འདི་རྒན་གྱིས་ང་རྒྱལ་གྱི་དྲེགས་པ་ཆོག་ལ་ཐུད་ཅིག །དེས་དེའི་རྐང་པ་ལ་གཏུགས་པ་ན་ས་ཆེན་པོ་ལན་དྲུག་ཏུ་གཡོས་པར་གྱུར་ཏེ། ས་ཆེན་པོ་འདི་གཡོས་ རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། ལྡེག་རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག་སྟེ། ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ། བྱང་ཕྱོགས་མཐོ་ན་ལྷོ་ ཕྱོགས་དམའ། དབུས་མཐོ་ན་མཐའ་དམའ། མཐའ་མཐོ་ན་དབུས་དམའ་བར་གྱུར་ཏེ། དེ་ལྟར་ཐམས་ཅད་ཀྱིས་རིམས་བཞིན་དུ་གཏུགས་སོ། །ལྷ་སྦྱིན་གྱིས་མ་བཏུད་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་ང་ རྒྱལ་སྤང་བའི་ཕྱིར་རབ་ཏུ་བྱུང་བ་ཡིན་གྱིས་ཐུད་ཅིག །དེས་གསོལ་པ། བདག་གིས་དེའི་རྐང་པ་ལ་མ་གཏུགས་ན་ཁྱོད་ལ་གནོད་པ་ཅི་མཆིས་ཞེས་ཏེ་འདུད་དུ་མ་བཏུབ་སྟེ་དེར་ཐོག་མར་བཅོམ་ལྡན་འདས་ཀྱི་བཀའ་ལྷས་སྦྱིན་གྱིས་ བཅག་གོ། །སངས་རྒྱས་བཅོམ་ལྡན་འདས་ཡུལ་སེར་སྐྱའི་གཞི་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་སེར་སྐྱའི་གཞི་ན་གནས་པའི་ཤཱཀྱ་རབ་ཏུ་མང་པོ་འདུན་ཁང་དུ་ཚོགས་ཤིང་འདུས་ནས་བར་སྐབས་ཀྱི་གཏམ་འདི་ལྟ་བུ་དག་ གླེང་བར་བྱེད་དེ། ཤེས་ལྡན་དག་ཤཱཀྱ་རྣམས་ནི་གང་ལས་སྐྱེས། ཐོག་མ་ནི་གང་ཡིན། རྒྱུ་ནི་ཅི་ཞིག་ཡིན། ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ནི་གང་ཡིན། གལ་ཏེ་བདག་ཅག་གི་དྲུང་དུ་འགའ་ཞིག་འོངས་ནས་འདི་སྐད་འདྲི་སྟེ། ཤེས་ལྡན་དག་ཤཱཀྱ་རྣམས་ནི་ གང་ལས་སྐྱེས། ཐོག་མ་ནི་གང་ཡིན། རྒྱུ་ནི་ཅི་ཞིག་ཡིན། ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ནི་གང་ཡིན་ཞེས་དེ་སྐད་དུ་འདྲི་ན། བདག་ཅག་གིས་ནི་ཤཱཀྱ་རྣམས་གང་ལས་སྐྱེས་པ་དང་། ཐོག་མ་གང་ཡིན་པ་དང་། རྒྱུ་ནི་ཅི་ཞིག་ཡིན་པ་དང་། ཤཱཀྱ་རྣམས་ཀྱི་སྔོན་གྱི་ རིགས་རྒྱུད་ནི་གང་ཡིན་པ་ཡང་མི་ཤེས་ན་ཇི་སྐད་དུ་ལུང་བསྟན། ཚུར་བདག་ཅག་བཅོམ་ལྡན་འདས་གང་ན་བ་དེར་དོང་ལ་ལྷགས་པ་དང་། བཅོམ་ལྡན་འདས་ལ་དོན་དེ་ཉིད་ཞུས་ནས་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ཇི་སྐད་དུ་ལུང་བསྟན་པ་དེ་བཞིན་དུ་གཟུང་ 67-1-115a བར་བྱའོ། །དེ་ནས་སེར་སྐྱའི་གཞི་ན་གནས་པའི་ཤཱཀྱ་རབ་ཏུ་མང་པོ་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་ གོ། །ཕྱོགས་གཅིག་ཏུ་འདུག་ནས་སེར་སྐྱའི་གཞིའི་ཤཱཀྱ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདིར་བདག་སེར་སྐྱའི་གཞིའི་ཤཱཀྱ་རབ་ཏུ་མང་པོ་འདུན་ཁང་དུ་འཚོགས་ཤིང་འདུས་ནས་བར་སྐབས་ཀྱི་བཀའ་ མཆིད་འདི་ལྟ་བུ་དག་གླེང་སྟེ། ཤཱཀྱ་རྣམས་ནི་གང་ལས་སྐྱེས་ཐོག་མ་ནི་གང་ཡིན། རྒྱུ་ནི་ཅི་ཞིག་ཡིན། ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ནི་གང་ཡིན་གལ་ཏེ་བདག་ཅག་གི་དྲུང་དུ་འགའ་ཞིག་འོངས་ནས་འདི་སྐད་འདྲི་སྟེ་ ཤེས་ལྡན་དག་ཤཱཀྱ་རྣམས་ནི་གང་ལས་སྐྱེས། ཐོག་མ་ནི་གང་ཡིན། རྒྱུ་ནི་ཅི་ཞིག་ཡིན། ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ནི་གང་ཡིན་ཞེས་དེ་སྐད་དུ་འདྲི་ན། བདག་ཅག་གིས་ཤཱཀྱ་རྣམས་ནི་གང་ལས་སྐྱེས། ཐོག་ མ་ནི་གང་ཡིན། རྒྱུ་ནི་ཅི་ཞིག་ཡིན། ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་གང་ཡིན་པ་ཡང་མི་ཤེས་ན་ཇི་སྐད་དུ་ལུང་བསྟན། ཚུར་བདག་ཅག་བཅོམ་ལྡན་འདས་གང་ན་བ་དེར་དོང་ལ་ལྷགས་པ་དང་། བཅོམ་ལྡན་ འདས་ལ་དོན་འདི་ཉིད་ཞུས་ཏེ། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ཇི་སྐད་དུ་ལུང་བསྟན་པ་དེ་བཞིན་དུ་གཟུང་བར་བགྱིའོ་སྙམ་ནས་དེའི་སླད་དུ་བཅོམ་ལྡན་འདས་ལ་བདག་ཅག་དོན་འདི་ཉིད་ཞུ་ལགས་ན། བཅོམ་ ལྡན་འདས་ཤཱཀྱ་རྣམས་ནི་གང་ལས་སྐྱེས་ལགས། ཐོག་མ་ནི་གང་ལགས། རྒྱུ་ནི་ཅི་ཞིག་ལགས། ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ནི་གང་ལགས། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། གལ་ཏེ་ངས་ ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལས་བརྩམས་ནས་ཆོས་ཀྱི་གཏམ་གླེངས་ན། མུ་སྟེགས་ཅན་དང་། ཀུན་དུ་རྒྱུ་གཞན་དག་འདི་སྐད་ཅེས་དགེ་སློང་གཽ་ཏ་མ་ནི་ཅི་འདོད་པ་དེ་ལུང་སྟོན་པས་བདག་ཉིད་བསྟོད་པར་བྱེད་དོ་ 67-1-115b ཞེས་སྨྲ་བ་གང་ཡིན་པའི་གནས་འདི་ཡོད་པས་ངའི་ཉན་ཐོས་ལས་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལས་བརྩམས་ནས་ཆོས་ཀྱི་གཏམ་གླེངས་པར་ནུས་པ་སུ་ཡོད་སྙམ་མོ། །དེའི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་འཁོར་ དེ་ཉིད་དུ་འདུས་ཤིང་འདུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་ང་རྒྱབ་སྙུང་བས་རེ་ཤིག་དེ་བསལ་གྱིས་ཁྱོད་ཀྱིས་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་ རྒྱུད་ལས་བརྩམས་ནས་དགེ་སློང་རྣམས་ལ་ཆོས་ཀྱི་གཏམ་བྱ་བར་སྤོབས་པར་གྱིས་ཤིག །ཚེ་དང་ལྡན་པ་མཽ་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལ་ཅང་མི་སྨྲ་བས་ཁས་བླངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་ དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཅང་མི་སྨྲ་བས་ཁས་བླངས་པར་ཐུགས་སུ་ཆུད་ནས་སྣམ་སྦྱར་བལྟབ་སྟེ་སྔས་སུ་བཅུག་ནས། གློ་གཡས་པས་ཕབ་སྟེ། ཞབས་ཀྱི་སྟེང་དུ་ཞབས་བཞག་ནས་སྣང་བའི་འདུ་ཤེས་དང་། དྲན་ པ་དང་། ཤེས་བཞིན་དང་ལྡན་པའི་འདུ་ཤེས་ཁོ་ན་ཡིད་ལ་མཛད་པས་མནལ་ཏོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་འདི་སྙམ་དུ་སེམས་ཏེ། མ་ལ་བདག་གིས་སེམས་ཇི་ལྟར་མཉམ་པར་བཞག་ན་ཤཱཀྱ་རྣམས་ གང་ལས་སྐྱེས་པ་དང་། ཐོག་མ་གང་ཡིན་པ་དང་། རྒྱུ་ནི་ཅི་ཡིན་པ་དང་། ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་གང་ཡིན་པ་མཐོང་བར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱའོ་སྙམ་ནས། ཚེ་དང་ལྡན་པ་ མཽད་གལ་གྱི་བུ་ཆེན་པོས་སེམས་ཇི་ལྟར་མཉམ་པར་བཞག་ན། ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་མཐོང་བར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཤཱཀྱ་ རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ཤཱཀྱ་རྣམས་གང་ལས་སྐྱེས་པ་དང་། ཐོག་མ་གང་ཡིན་པ་དང་། རྒྱུ་ནི་ཅི་ཞིག་ཡིན་པ་དང་། ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ནི་གང་ཡིན་པ་མཐོང་ངོ་། །མཐོང་ནས་ཏིང་ངེ་འཛིན་དེ་ལས་ལངས་ 67-1-116a ཏེ་དགེ་སློང་གི་དགེ་འདུན་གྱི་གུང་ལ་སྟན་བཤམས་པ་ཉིད་ལ་འདུག་གོ། །འདུག་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་སེར་སྐྱའི་གཞིའི་ཤཱཀྱ་རྣམས་ལ་སྨྲས་པ། གཽ་ཏ་མ་དག་འཇིག་རྟེན་འདི་འཇིག་ཅིང་འཇིག་རྟེན་ཞིག་ ནས། སེམས་ཅན་ཕལ་ཆེར་འོད་གསལ་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ། དེ་རྣམས་དེ་ན་ཡིད་ལས་བྱུང་བའི་གཟུགས་ཕུན་སུམ་ཚོགས་པ་དབང་པོ་མ་ཉམ་ཤིང་མ་ཚང་བ་མེད་པ་ཡན་ལག་དང་། ཉིང་ལག་ཐམས་ཅད་དང་ ལྡན་པ། ཁ་དོག་བཟང་པོས་གནས་པ། རང་གི་འོད་ཅན། ནམ་མཁའ་ལ་འགྲོ་བ། དགའ་བ་ཟ་ཞིང་དགའ་བའི་ཟས་ཀྱིས་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །དེའི་ཚེ་ས་ཆེན་པོ་འདི་ཆུ་འབའ་ཤིག་དུ་འགྱུར་ཞིང་མཚོ་གཅིག་ཏུ་ འགྱུར་རོ། །ས་ཆེན་པོ་འདི་ཆུ་འབའ་ཤིག་གི་མཚོ་གཅིག་ཏུ་གྱུར་པའི་སྟེང་དུ་རླུང་གིས་པྲིས་མ་ཆགས་པ་དང་། མཁྲེགས་པ་དང་། ཁེབས་པར་བྱེད་དོ། །དཔེར་ན་འོ་མ་བསྐོལ་བ་གྲངས་བར་གྱུར་པའི་སྟེང་དུ་རླུང་གིས་པྲིས་མ་ ཆགས་པ་དང་། མཁྲེགས་པ་དང་། ཁེབས་པ་དེ་བཞིན་དུ་ས་ཆེན་པོ་འདི་ཆུ་འབའ་ཞིག་གིས་མཚོ་གཅིག་ཏུ་གྱུར་པའི་སྟེང་དུ་རླུང་གི་པྲིས་མ་ཆགས་པ་དང་། མཁྲེགས་པ་དང་། ཁེབས་པར་བྱེད་དོ། །སའི་བཅུད་དེ་ནི་ལ་ཁ་དོག་ ཕུན་སུམ་ཚོགས་པ། དྲི་ཕུན་སུམ་ཚོགས་པ་རོ་ཕུན་སུམ་ཚོགས་པ་ཡིན་ཞིང་ཁ་དོག་ནི་འདི་ལྟ་བུ་ཡིན་ཏེ། དཔེར་ན་མར་སར་ལྟ་བུའོ། །རོ་ནི་འདི་ལྟ་བུ་ཡིན་ཏེ། དཔེར་ན་སྦྲང་མའི་སྦྲང་རྩི་བཙིར་བ་ལྟ་བུའི་དུས་གང་ཡིན་པ་དེ་ཡོད་ དོ། །གཽ་ཏ་མ་དག་འཇིག་རྟེན་གང་ཡིན་པ་འདི་འཆགས་ཤིང་འཇིག་རྟེན་ཆགས་ན། དེ་ནས་སེམས་ཅན་ཁ་ཅིག་ཚེ་ཟད་ལས་ཟད་བསོད་ནམས་ཟད་ནས་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་འདི་ལྟ་བུར་མི་རྣམས་ དང་སྐལ་བ་མཉམ་པར་འོང་ཞིང་དེ་རྣམས་འདི་ན་ཡིད་ལས་བྱུང་བའི་གཟུགས་ཕུན་སུམ་ཚོགས་པ། དབང་པོ་མ་ཉམས་ཤིང་མ་ཚང་བ་མེད་པ། ཡན་ལག་དང་། ཉིང་ལག་ཐམས་ཅད་དང་ལྡན་ཞིང་ཁ་དོག་བཟང་པོས་གནས་ 67-1-116b པ་རང་གི་འོད་ཅན། མཁའ་ལ་འགྲོ་བ། དགའ་བ་ཟ་ཞིང་དགའ་བའི་ཟས་ཀྱིས་ཚེ་རིང་ཞིང་ཡུན་རིང་དུ་གནས་པར་འགྱུར་རོ། །དེའི་ཚེ་ཉི་མ་དང་ཟླ་བ་ཡང་འཇིག་རྟེན་དུ་མི་འབྱུང་སྟེ། རྒྱུ་སྐར་རྣམས་ཀྱང་མེད། སྐད་ཅིག་དང་ཐང་ཅིག་ དང་ཡུད་ཙམ་ཡང་མེད། མཚན་མོ་དང་ཉིན་མོ་ཡང་མེད། ཟླ་བ་དང་། ཟླ་བ་ཕྱེད་དང་། དུས་ཚིགས་དང་། ལོ་རྣམས་ཀྱང་འཇིག་རྟེན་དུ་འབྱུང་བ་མེད་དོ། །སྐྱེས་པ་དང་བུད་མེད་དུ་མངོན་པ་ཡང་མེད་ཀྱི་གཞན་དུ་ན་སེམས་ཅན་སེམས་ཅན་ ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་ནས་སེམས་ཅན་བརྐམ་ཆགས་ཀྱི་རང་བཞིན་ཅན་ཞིག་གིས་འཛུབ་མོའི་རྩེ་མོས་སའི་བཅུད་མྱང་བར་བྱེད་དོ། ཇི་ལྟ་ཇི་ལྟར་མྱངས་པ་དེ་ལྟ་དེ་ལྟར་སྲེད་དོ། །ཇི་ལྟ་ཇི་ལྟར་སྲེད་པ་དེ་ལྟ་དེ་ལྟར་ ཁམ་གྱི་ཟས་རིམ་གྱིས་ཟའོ། །སེམས་ཅན་གཞན་དག་གིས་ཀྱང་སེམས་ཅན་དེ་འཛུབ་མོའི་རྩེ་མོས་སའི་བཅུད་མྱང་བར་བྱེད་དེ། ཇི་ལྟ་ཇི་ལྟར་མྱངས་པ་དེ་ལྟ་དེ་ལྟར་སྲེད་ལ། ཇི་ལྟ་ཇི་ལྟར་སྲེད་པ་དེ་ལྟ་དེ་ལྟར་ཁམ་གྱི་ཟས་རིམ་ གྱིས་ཟ་བ་མཐོང་ངོ་། །མཐོང་ནས་ཀྱང་དེ་རྣམས་ཀྱིས་ཀྱང་འཛུབ་མོའི་རྩེ་མོས་སའི་བཅུད་མྱང་བར་རྩོམ་སྟེ། ཇི་ལྟ་ཇི་ལྟར་མྱངས་པ་དེ་ལྟ་དེ་ལྟར་སྲེད་དོ། །ཇི་ལྟ་ཇི་ལྟར་སྲེད་པ་དེ་ལྟ་དེ་ལྟར་ཁམ་གྱི་ཟས་རིམ་གྱིས་ཟའོ། ། གང་གི་ཚེ་སེམས་ཅན་དེ་རྣམས་ཀྱིས་སའི་བཅུད་ལ་ཁམ་གྱི་ཟས་རིམ་གྱིས་ཟོས་པ་དེའི་ཚེ། དེ་རྣམས་ཀྱི་ལུས་ལ་མཁྲང་བ་དང་ལྕི་བ་ཞུགས་པར་གྱུར་ཏོ། །དེ་རྣམས་ཀྱི་ཁ་དོག་བཟང་པོའི་གསལ་བ་གང་ཡིན་པ་དེ་ཡང་ནུབ་པར་ གྱུར་པས་འཇིག་རྟེན་དུ་མུན་པ་བྱུང་བར་གྱུར་ཏོ། །གཽ་ཏ་མ་དག་ཆོས་ཉིད་ཀྱིས་འཇིག་རྟེན་དུ་མུན་པ་བྱུང་བ་ན་ཉི་མ་དང་ཟླ་བ་གཉིས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྒྱུ་སྐར་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དང་། མཚན་མོ་དང་། ཉིན་མོ་དང་། ཟླ་བ་དང་། ཟླ་བ་ཕྱེད་དང་། དུས་ཚིགས་དང་། ལོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་རྣམས་དེ་ཟ་ཞིང་ཟས་སུ་ཟ་བ་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །དེ་རྣམས་ལས་ཟས་ལ་ཆེས་ཉུང་ 67-1-117a ཟད་ཏུ་ཟ་བ་གང་ཡིན་པ་དེ་ནི་ཁ་དོག་དང་ལྡན་པར་འགྱུར་རོ། །ཁ་ཟས་ལ་ཆེས་མང་དུ་ཟ་བ་གང་ཡིན་པ་དེ་ནི་ཁ་དོག་ངན་པར་འགྱུར་ཏེ། ཁ་ཟས་ཀྱི་ཚད་གཉིས་ལ་བརྟེན་ནས་ཁ་དོག་གི་རྣམ་པ་གཉིས་མངོན་ཏེ། ཁ་དོག་ རྣམ་པ་གཉིས་ཡོད་པས། ཀྱེ་སེམས་ཅན་ཁོ་བོ་ནི་ཁ་དོག་དང་ལྡན་ནོ། །ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་གྱིས་སེམས་ཅན་ལ་ཁྱད་དུ་གསོད་དོ། །ཁ་དོག་གི་མངོན་པའི་ང་རྒྱལ་ཅན་དེ་རྣམས་སྡིག་པ་མི་དགེ་བའི་ ཆོས་དེ་དག་ཉིད་བླངས་པའི་རྒྱུས་སའི་བཅུད་དེ་ནུབ་པར་གྱུར་ཏོ། །གཽ་ཏ་མ་དག་སའི་བཅུད་དེ་ནུབ་པ་ན་སེམས་ཅན་དེ་རྣམས་ཚོགས་ཤིང་འདུས་ནས་འདི་སྐད་ཅེས། ཀྱི་ཧུད་བྲོ་བ་ཀྱི་ཧུད་བྲོ་བ་ཞེས་སྨྲ་ཞིང་སྨྲེ་སྔགས་འདོན་ ལ་མྱ་ངན་དང་སྡུག་བསྔལ་བར་གྱུར་ཏོ། །དཔེར་ན་ད་ལྟར་མི་རྣམས་ཀྱིས་ཟས་ཞིམ་པོ་ཆུང་ཟད་ཅིག་ཟོས་ནས་སྔོན་གྱི་ཡི་གེ་དང་། ཚིག་དང་། ཚིག་འབྲུ་དེ་ཉིད་རྗེས་སུ་དྲན་ནས་འདི་སྐད་ཅེས། ཀྱི་ཧུད་བྲོ་བ་ཀྱི་ཧུད་བྲོ་བ་ཞེས་ སྨྲ་བ་དེ་བཞིན་དུ་སེམས་ཅན་དེ་རྣམས་སའི་བཅུད་དེ་ནུབ་པ་ན་ཚོགས་ཤིང་འདུས་ནས་འདི་སྐད་ཅེས། ཀྱི་ཧུད་བྲོ་བ་ཀྱི་ཧུད་བྲོ་བ་ཞེས་སྨྲ་ཞིང་སྨྲེ་སྔགས་འདོན་ལ་མྱ་ངན་དང་། སྡུག་བསྔལ་བར་གྱུར་ཀྱང་སྨྲས་པ་འདིའི་དོན་ནི་ འདི་ཡིན། སྨྲས་པ་འདིའི་དོན་ནི་འདི་ཡིན་ནོ་ཞེས་དེའི་དོན་ནི་མི་ཤེས་སོ། །གཽ་ཏ་མ་དག་སེམས་ཅན་དེ་རྣམས་ཀྱི་སའི་བཅུད་དེ་ནུབ་པ་ན། སའི་ཞག་ཁ་དོག་ཕུན་སུམ་ཚོགས་པ་རོ་ཕུན་སུམ་ཚོགས་པ་བྱུང་བར་འགྱུར་ཏེ། ཁ་དོག་ ནི་འདི་ལྟ་བུ་ཡིན་ཏེ། དཔེར་ན་དོང་ཀའི་མེ་ཏོག་ལྟ་བུའོ། །རོ་ནི་འདི་ལྟ་བུ་ཡིན་ཏེ། དཔེར་ན་སྦྲང་མའི་སྦྲང་རྩི་བཙིར་བ་ལྟ་བུའོ། །དེ་རྣམས་དེ་ཟ་ཞིང་དེ་ཟས་སུ་ཟ་བ་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །དེ་རྣམས་ལས་ཁ་ཟས་ལ་ཆེས་ ཉུང་དུ་ཟ་བ་གང་ཡིན་པ་དེ་ནི་ཁ་དོག་དང་ལྡན་པར་གྱུར་ཏོ། །ཁ་ཟས་ལ་ཆེས་མང་དུ་ཟ་བ་གང་ཡིན་པ་དེ་ནི་ཁ་དོག་ངན་པར་གྱུར་ཏོ། །ཟས་ཀྱི་ཚད་གཉིས་ལ་བརྟེན་ནས་ཁ་དོག་རྣམ་པ་གཉིས་མངོན་ཏེ། ཁ་དོག་རྣམ་པ་གཉིས་ 67-1-117b ཡོད་པས། ཀྱེ་སེམས་ཅན་ཁོ་བོ་ནི་ཁ་དོག་དང་ལྡན་ལ་ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་གྱིས་སེམས་ཅན་ལ་ཁྱད་དུ་གསོད་པར་བྱེད་དོ། །ཁ་དོག་གི་མངོན་པའི་ང་རྒྱལ་ཅན་དེ་རྣམས་སྡིག་པ་མི་དགེ་བའི་ཆོས་དེ་དག་ ཉིད་བླངས་པའི་རྒྱུས་སའི་ཞག་ནུབ་པར་གྱུར་ཏོ། །གཽ་ཏ་མ་དག་སའི་ཞག་དེ་ནུབ་པར་གྱུར་པ་ན་སེམས་ཅན་དེ་རྣམས་ཚོགས་ཤིང་འདུས་ནས་འདི་སྐད་ཅེས། ཀྱི་ཧུད་བྲོ་བ་ཀྱི་ཧུད་བྲོ་བ་ཞེས་སྨྲ་ཞིང་སྨྲེ་སྔགས་འདོན་ལ་མྱ་ངན་ གྱིས་སྡུག་བསྔལ་བར་བྱེད་དོ། །དཔེར་ན་ད་ལྟར་མི་རྣམས་སྡུག་བསྔལ་བ་དང་ཡིད་མི་བདེ་བ་འབའ་ཤིག་གིས་རིག་པ་ན་སྔོན་གྱི་ཡི་གེ་དང་། ཚིག་དང་། ཚིག་འབྲུ་དེ་ཉིད་རྗེས་སུ་དྲན་ནས་འདི་སྐད་ཅེས་ཨེ་མའོ་ཀྱི་ཧུད་ཨེ་ མའོ་ཀྱི་ཧུད་ཅེས་སྨྲ་བ་དེ་བཞིན་དུ་སེམས་ཅན་དེ་རྣམས་ས་ཞག་དེ་ནུབ་པ་ན་ཚོགས་ཤིང་འདུས་ནས་འདི་སྐད་ཅེས་ཀྱི་ཧུད་བྲོ་བ་ཀྱི་ཧུད་བྲོ་བ་ཞེས་སྨྲ་ཞིང་སྨྲེ་སྔགས་འདོན་ལ་མྱ་ངན་དང་། སྡུག་བསྔལ་བར་འགྱུར་ཀྱང་སྨྲས་པ་ འདིའི་དོན་ནི་འདི་ཡིན་སྨྲས་པ་འདིའི་དོན་ནི་འདི་ཡིན་ནོ་ཞེས་བྱ་བར་མི་ཤེས་སོ། །གཽ་ཏ་མ་དག་སེམས་ཅན་དེ་རྣམས་ཀྱི་ས་ཞག་དེ་ནུབ་པ་ན། མྱུ་གུའི་ཚལ་ཁ་དོག་ཕུན་སུམ་ཚོགས་པ། དྲི་ཕུན་སུམ་ཚོགས་པ། རོ་ཕུན་ སུམ་ཚོགས་པ་འབྱུང་བར་འགྱུར་ཞིང་ཁ་དོག་ནི་འདི་ལྟ་བུ་ཡིན་ཏེ། དཔེར་ན་ཤིང་ཀ་དམ་པ་ཀའི་མེ་ཏོག་ལྟ་བུའོ། །རོ་ནི་འདི་ལྟ་བུ་ཡིན་ཏེ། དཔེར་ན་སྦྲང་མའི་སྦྲང་རྩི་བཙིར་བ་ལྟ་བུའོ། །དེ་རྣམས་དེ་ཟ་ཞིང་དེ་ཟས་སུ་ཟ་བ་ལ་ ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །དེ་རྣམས་ལས་ཁ་ཟས་ལ་ཆེས་ཉུང་བར་ཟ་བ་གང་ཡིན་པ་དེ་ནི་ཁ་དོག་དང་ལྡན་པར་གྱུར་ཏོ། །ཁ་ཟས་ལ་ཆེས་མང་དུ་ཟ་བ་གང་ཡིན་པ་དེ་ནི་ཁ་དོག་ངན་པར་གྱུར་ཏོ། །ཟས་ཀྱི་ཚད་གཉིས་ ལ་བརྟེན་ནས་ཁ་དོག་རྣམ་པ་གཉིས་མངོན་ནོ། །ཁ་དོག་རྣམ་པ་གཉིས་ཡོད་པས། ཀྱེ་སེམས་ཅན་ཁོ་བོ་ནི་ཁ་དོག་དང་ལྡན་ལ་ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་གྱིས་སེམས་ཅན་ལ་ཁྱད་དུ་གསོད་པར་བྱེད་དོ། །ཁ་དོག་ 67-1-118a གི་མངོན་པའི་ང་རྒྱལ་ཅན་དེ་རྣམས་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་བླངས་པའི་རྒྱུས་མྱུ་གུའི་ཚལ་དེ་ནུབ་པར་གྱུར་ཏོ། གཽ་ཏ་མ་དག་མྱུ་གུའི་ཚལ་དེ་ནུབ་པར་གྱུར་པ་ན་སེམས་ཅན་དེ་རྣམས་ཚོགས་ཤིང་འདུས་ ནས་འདི་སྐད་ཅེས། མདུན་ནས་ཕར་སོང་། མདུན་ནས་ཕར་སོང་ཞེས་སྨྲ་ཞིང་སྨྲེ་སྔགས་འདོན་ལ་མྱ་ངན་དང་སྡུག་བསྔལ་བར་གྱུར་ཏོ། །དཔེར་ན་ད་ལྟར་མི་རྣམས་འགའ་ཞིག་ལ་དྲག་པོའི་ཚར་གཅད་པར་འདོད་པ་ན་སྔོན་ གྱི་ཡི་གེ་དང་། ཚིག་དང་། ཚིག་འབྲུ་དེ་དག་ཉིད་རྗེས་སུ་ཟློས་ཤིང་འདི་སྐད་དུ། མདུན་ནས་ཕར་སོང་། མདུན་ནས་ཕར་སོང་ཞེས་སྨྲ་བ་དེ་བཞིན་དུ་སེམས་ཅན་དེ་རྣམས་མྱུ་གུའི་ཚལ་ནུབ་པ་དང་། ཚོགས་ཤིང་འདུས་ནས་འདི་སྐད་ ཅེས་མདུན་ནས་ཕར་སོང་མདུན་ནས་ཕར་སོང་ཞེས་སྨྲ་ཞིང་སྨྲེ་སྔགས་འདོན་ལ་མྱ་ངན་དང་སྡུག་བསྔལ་བར་གྱུར་ཀྱང་། སྨྲས་པ་འདིའི་དོན་ནི་འདི་ཡིན་སྨྲས་པ། འདིའི་དོན་ནི་འདི་ཡིན་ནོ་ཞེས་བྱ་བར་དེའི་དོན་ནི་མི་ཤེས་སོ། །གཽ་ཏ་ མ་དག་སེམས་ཅན་དེ་རྣམས་ཀྱི་མྱུ་གུའི་ཚལ་ནུབ་ནས། མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲས་བུ་ཚོན་བཞི་པ་ཕུབ་མ་མེད། སྦུན་མ་མེད་པ། ཤུན་པ་མེད་པ། དག་པ་གཙང་མ་སྐྱེ་སྟེ། དེ་ནུབ་བརྔས་ན་ནང་སྐྱེ་ཞིང་ སྨིན་པར་འགྱུར། ནང་བརྔས་ནུབ་སྐྱེ་ཞིང་སྨིན་པར་འགྱུར་བས། །བརྔས་ཤིང་བརྔས་ཀྱང་སླར་སྐྱེ་བས་བརྔས་པར་ཡང་མི་མངོན་ནོ། །དེ་རྣམས་དེ་ཟ་ཞིང་ཟས་སུ་ཟ་བ་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །གང་ནས་ སེམས་ཅན་དེ་རྣམས་ཀྱིས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲས་བུ་ལ་ཁམ་གྱི་ཟས་སུ་རིམ་གྱིས་ཟོས་པ་དེ་ནས་དེ་རྣམས་ཀྱི་དབང་པོ་ཐ་དད་པ་བྱུང་བར་གྱུར་ཏེ། ཁ་ཅིག་ལ་ནི་སྐྱེས་པའི་དབང་པོའོ། །ཁ་ཅིག་ལ་ནི་བུད་ མེད་ཀྱི་དབང་པོའོ། །དེ་ན་བུད་མེད་ཀྱི་དབང་པོ་ཅན་གང་ཡིན་པ་རྣམས་དང་། སྐྱེས་པའི་དབང་པོ་ཅན་གང་ཡིན་པ་རྣམས་གཅིག་ལ་གཅིག་མིག་གིས་མིག་ཚུགས་སུ་བལྟའོ། །ཇི་ལྟ་ཇི་ལྟར་གཅིག་ལ་གཅིག་མིག་གིས་མིག་ 67-1-118b ཚུགས་སུ་ལྟ་བ་དེ་ལྟ་དེ་ལྟར་ཀུན་དུ་ཆགས་སོ། །ཇི་ལྟ་ཇི་ལྟར་ཀུན་དུ་ཆགས་པ་དེ་ལྟ་དེ་ལྟར་ཞེན་ནོ། །ཇི་ལྟ་ཇི་ལྟར་ཞེན་པ་དེ་ལྟ་དེ་ལྟར་ལོག་པར་ཞུགས་སོ། །སེམས་ཅན་གཞན་དག་གིས་ཀྱང་སེམས་ཅན་གྱིས་སེམས་ཅན་ལ་ ལོག་པར་ཞུགས་པ་མཐོང་ངོ་། །མཐོང་ནས་ཀྱང་ས་དང་། བོང་བ་དང་། གསེག་མ་དང་། གྱོ་མོས་གཏོར་ནས་འདི་སྐད་ཅེས། སེམས་ཅན་ངན་པ་ཐ་ཆད་རྣམས་ནི་བྱ་བ་མ་ཡིན་པ་བྱེད་དོ། །སེམས་ཅན་ངན་པ་ཐ་ཆད་རྣམས་ནི་བྱ་ བ་མ་ཡིན་པ་བྱེད་པ་ཡིན་གྱིས་ཀྭའེ་སེམས་ཅན་ཁྱོད་ཀྱིས་ད་ཇི་ལྟར་སེམས་ཅན་སུན་དབྱུང་ཞེས་སྨྲའོ། །དཔེར་ན་ད་ལྟར་གྱི་མི་རྣམས་བག་མ་བླངས་པ་ན་ཕྱེ་མ་དང་། དྲི་དང་། ཕྲེང་བ་དང་། གོས་དང་། འབྲས་ཡོས་ཀྱིས་གཏོར་ ནས་འདི་སྐད་ཅེས་བག་མ་བདེ་བར་གྱུར་ཅིག་ཅེས་ཟེར་བ་དེ་བཞིན་དུ་སེམས་ཅན་རྣམས་ཀྱིས་སེམས་ཅན་ལ་ལོག་པར་ཞུགས་པ་མཐོང་བ་ན་སས་གཏོར་ཅིང་བོང་བ་དང་། གསེག་མ་དང་། གྱོ་མོ་རྣམས་ཀྱིས་ཀྱང་གཏོར་ ནས་ཀྱང་འདི་སྐད་ཅེས་སེམས་ཅན་ངན་པ་ཐ་ཆད་རྣམས་ནི་བྱ་བ་མ་ཡིན་པ་བྱེད་དོ། །སེམས་ཅན་ངན་པ་ཐ་ཆད་རྣམས་ནི་བྱ་བ་མ་ཡིན་པ་བྱེད་ཀྱིས། ཀྭའི་སེམས་ཅན་ཁྱོད་ཀྱིས་ད་ཇི་ལྟར་སེམས་ཅན་སུན་དབྱུང་ཞེས་བྱ་བ་ སྨྲ་བའི་དུས་གང་ཡིན་པ་དེ་ཡོད་དོ། །གཽ་ཏ་མ་དག་དེ་ལྟར་ན་སྔོན་ཆོས་མ་ཡིན་པར་འདོད་པ་གང་ཡིན་པ་དང་། སྔོན་གྱི་འདུལ་བ་མ་ཡིན་པར་འདོད་པ་གང་ཡིན་པ་དེ་ནི་ད་ལྟར་ཆོས་སུ་འདོད་དོ། །འདུལ་བར་འདོད་དོ། །སྔོན་སྨད་པར་ བྱ་བར་འདོད་པ་གང་ཡིན་པ་དེ་ནི་ད་ལྟར་བསྔགས་པར་བྱ་བར་འདོད། །དེ་རྣམས་ཀྱིས་དེ་ཞག་གཅིག་ཅིག་སྤངས་པ་ནས་ཞག་གཉིས་དང་། གསུམ་དང་། བདུན་དུ་ཡང་སྤངས་སོ། །གང་ན་སེམས་ཅན་དེ་རྣམས་སྡིག་པ་ཅན་དམ་ པ་མ་ཡིན་པའི་ཆོས་དེ་ལ་ལྷག་པར་སྡིག་པ་ཅན་གྱི་བརྟུལ་ཞུགས་སྤྱོད་པ་དེ་རྣམས་ཁང་པ་བརྩིག་པ་ལ་བརྩོན་པར་བྱེད་དོ། །འདིར་བདག་ཅག་བྱ་བ་མ་ཡིན་པ་སྤྱད་དོ། །འདིར་བདག་ཅག་བྱ་བ་མ་ཡིན་པ་སྤྱད་དོ་ཞེས་ཟེར་ 67-1-119a བས་ཁྱིམ་ཁྱིམ་ཞེས་བྱ་བར་གྲགས་ཏེ། གཽ་ཏ་མ་དག་འདི་ནི་འཇིག་རྟེན་དུ་ཁང་པའི་ལས་ཀྱི་མཐའ་རྣམས་བྱུང་བའི་རྩོམ་པ་དང་པོ་ཡིན་ནོ། །དེ་ཡང་ཆོས་ཀྱིས་ཡིན་གྱི་ཆོས་མ་ཡིན་པས་མ་ཡིན་ཏེ། དེ་ལ་རྒྱལ་བའི་ དབང་པོའི་ཆོས་ལ་འདི་ནི་གཙོ་བོ་ཡིན་ནོ། །དེ་རྣམས་ནུབ་བཟའ་བ་དོན་དུ་གཉེར་བ་ཡང་དགོངས་ཀ །ནང་བཟའ་བ་དོན་དུ་གཉེར་བ་ཡང་ནང་པར་སཱ་ལུའི་ཆེད་དུ་འདོང་བར་བྱེད་དོ། །དེ་ནས་སེམས་ཅན་སྙོམ་ལས་རང་བཞིན་ གིས་ནང་པར་གྱི་སཱ་ལུ་ནུབ་བླངས་སོ། །དེ་ནས་སེམས་ཅན་གཞན་ཞིག་གིས་སེམས་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་ཅན་ཁྱོད་ཚུར་སཱ་ལུའི་ཕྱིར་འདོང་ངོ་། །དེ་ནས་སེམས་ཅན་དེས་སེམས་ཅན་དེ་ལ་འདི་སྐད་ ཅེས་སྨྲས་སོ། །ཀྱེ་སེམས་ཅན་ཁྱོད་རང་གི་སཱ་ལུ་ལ་སོམས་ཤིག །ཁོ་བོས་ནི་ནང་པར་གྱི་སཱ་ལུ་ནུབ་བླངས་སོ། །དེ་ནས་སེམས་ཅན་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་དེ་ནི་ལེགས་སོ། །ཀྱེ་མ་དེ་ནི་ཤིན་དུ་ལེགས་ཀྱིས་མ་ལ་ བདག་གིས་ཞག་གཉིས་ཀྱི་དང་། ཞག་གསུམ་གྱི་དང་། ཞག་བདུན་གྱི་བར་གྱི་སཱ་ལུ་བླང་ངོ་སྙམ་ནས། དེས་ཞག་གཉིས་ཀྱི་དང་། ཞག་གསུམ་གྱི་དང་། ཞག་བདུན་གྱི་བར་གྱི་སཱ་ལུ་བླངས་སོ། །དེ་ནས་སེམས་ཅན་ཞིག་གིས་སེམས་ ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་ཅན་ཁྱོད་ཚུར་སཱ་ལུའི་ཕྱིར་འདོང་ངོ་། །དེ་ནས་སེམས་ཅན་དེས་སེམས་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་ཅན་ཁྱོད་རང་གི་སཱ་ལུ་ལ་སོམས་ཤིག །ཁོ་བོས་ནི་ཞག་གཉིས་ཀྱི་ དང་། གསུམ་གྱི་དང་། ཞག་བདུན་གྱི་བར་གྱི་སཱ་ལུ་བླངས་ཟིན་ནོ། །དེ་ནས་སེམས་ཅན་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་དེ་ནི་ལེགས་སོ། །ཀྱེ་མ་དེ་ནི་ཤིན་དུ་ལེགས་ཀྱིས། མ་ལ་བདག་གིས་ཟླ་བ་ཕྱེད་དང་། ཟླ་བ་གཅིག་གི་སཱ་ལུ་ བླང་ངོ་སྙམ་ནས། དེས་ཟླ་བ་ཕྱེད་དང་། ཟླ་བ་གཅིག་གི་སཱ་ལུ་བླངས་སོ། །གང་ནས་སེམས་ཅན་དེ་རྣམས་ཀྱིས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་སོགས་འཇོག་གི་ཡོངས་སུ་ལོངས་སྤྱད་པས་ཟོས་པ་དེ་ནས་སཱ་ལུ་དེའི་ 67-1-119b འབྲས་བུ་ཕུབ་མ་དང་། སྦུན་པ་དང་། ཤུན་པས་ཡོག་པར་གྱུར་ཏོ། །བརྔས་ཤིང་བརྔས་ན་སང་ཕྱིར་མི་སྐྱེ་བས་བརྔས་པར་ཡང་མངོན་ལ། སཱ་ལུ་ཡང་སྦུབས་སམ་ཡལ་གའི་སྦུབས་ལ་ཡོད་པར་གྱུར་ཏོ། །དེ་ནས་སེམས་ཅན་དེ་རྣམས་ ཚོགས་ཤིང་འདུས་ནས་ཤེས་ལྡན་དག་བདག་ཅག་སྔོན་ཡིད་ལས་བྱུང་བའི་གཟུགས་ཕུན་སུམ་ཚོགས་པ། དབང་པོ་མ་ཉམས་ཤིང་མ་ཚང་བ་མེད་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། ཁ་དོག་བཟང་པོས་ གནས་པ། རང་གི་འོད་དང་ལྡན་པ། ནམ་མཁའ་ལ་འགྲོ་ཞིང་དགའ་བ་ཟ་ཞིང་དགའ་བའི་ཟས་ཀྱིས་ཚེ་རིང་ཞིང་ཡུན་རིང་དུ་གནས་ལ་བདག་ཅག་ལ་སའི་བཅུད་ཁ་དོག་ཕུན་སུམ་ཚོགས་པ། དྲི་ཕུན་སུམ་ཚོགས་པ། རོ་ཕུན་སུམ་ ཚོགས་པ་བྱུང་བར་གྱུར་ཏེ། བདག་ཅག་སའི་བཅུད་ལ་ཁམ་གྱི་ཟས་ཀྱི་རིམ་གྱིས་ཟོས་ཏེ། གང་གི་ཚེ་བདག་ཅག་གིས་སའི་བཅུད་ལ་ཁམ་གྱི་རིམ་གྱིས་ཟོས་པ་དེའི་ཚེ་བདག་ཅག་གི་ལུས་ལ་རྩུབ་པ་ཉིད་དང་། ལྕི་བ་ཉིད་དུ་ ཞུགས་པར་གྱུར་ཏེ། ཁ་དོག་བཟང་པོའི་གསལ་བ་གང་ཡིན་པ་དེ་ནི་ནུབ་པར་གྱུར་པས་འཇིག་རྟེན་དུ་མུན་པ་བྱུང་བར་གྱུར་ཏོ། །བདག་ཅག་དེ་ཟ་ཞིང་ཟས་སུ་ཟ་བ་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་པར་གྱུར་ཏོ། །བདག་ཅག་ལས་ ཁ་ཟས་ལ་ཆེས་ཉུང་དུ་ཟ་བ་གང་ཡིན་པ་དེ་ནི་ཁ་དོག་བཟང་པོར་གྱུར། ཁ་ཟས་ཆེས་མང་དུ་ཟ་བ་གང་ཡིན་པ་དེ་ནི་ཁ་དོག་ངན་པར་གྱུར་ཏེ། ཁ་ཟས་ཀྱི་ཚད་གཉིས་ལ་བརྟེན་ནས་ཁ་དོག་གི་རྣམ་པ་གཉིས་མངོན་ཏེ། ཁ་ དོག་རྣམ་པ་གཉིས་ཡོད་པས། ཀྭའེ་སེམས་ཅན་ཁོ་བོ་ནི་ཁ་དོག་དང་ལྡན་ལ་ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་གྱིས་སེམས་ཅན་ལ་ཁྱད་དུ་གསོད་པར་བྱེད་དོ། །བདག་ཅག་ཁ་དོག་གི་མངོན་པའི་ང་རྒྱལ་ཅན་རྣམས་ སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་བླངས་པའི་རྒྱུས་སའི་བཅུད་དེ་ནུབ་པར་གྱུར་ཏོ། །སའི་བཅུད་དེ་ནུབ་པ་ནས་ཞག་ཁ་དོག་ཕུན་སུམ་ཚོགས་པ། དྲི་ཕུན་སུམ་ཚོགས་པ། རོ་ཕུན་སུམ་ཚོགས་པ་བྱུང་བར་གྱུར་ཏེ། བདག་ 67-1-120a ཅག་དེ་ཟ་ཞིང་དེ་ཟས་སུ་ཟ་བ་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །བདག་ཅག་ལས་ཁ་ཟས་ཆེས་ཉུང་དུ་ཟ་བ་གང་ཡིན་པ་དེ་ནི་ཁ་དོག་དང་ལྡན་པར་གྱུར། ཁ་ཟས་ཆེས་མང་དུ་ཟ་བ་གང་ཡིན་པ་དེ་ནི་ཁ་དོག་ངན་པར་གྱུར་ཏེ་ ཟས་ཀྱི་ཚད་གཉིས་ལ་བརྟེན་ནས་ཁ་དོག་གི་རྣམ་པ་གཉིས་མངོན་ནོ། །ཁ་དོག་རྣམ་པ་གཉིས་ཡོད་པས། ཀྭའེ་སེམས་ཅན་ཁོ་བོ་ནི་ཁ་དོག་དང་ལྡན་ལ་ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་གྱིས་སེམས་ཅན་ལ་ཁྱད་དུ་ གསོད་པར་བྱེད་དོ། །བདག་ཅག་ཁ་དོག་གི་མངོན་པའི་ང་རྒྱལ་ཅན་རྣམས་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་བླངས་པའི་རྒྱུས་ས་ཞག་དེ་ནུབ་པར་གྱུར་ཏོ། །ས་ཞག་དེ་ནུབ་པ་ན་མྱུ་གུའི་ཚལ་ཁ་དོག་ཕུན་སུམ་ཚོགས་པ། དྲི་ཕུན་ སུམ་ཚོགས་པ། རོ་ཕུན་སུམ་ཚོགས་པ་བྱུང་བར་གྱུར་ཏེ་བདག་ཅག་དེ་ཟ་ཞིང་དེ་ཟས་སུ་ཟ་བ་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །བདག་ཅག་རྣམས་ལས་ཁ་ཟས་ཆེས་ཉུང་དུ་ཟ་བ་གང་ཡིན་པ་དེ་ནི་ཁ་དོག་དང་ལྡན་པར་གྱུར་ ཁ་ཟས་ཆེས་མང་དུ་ཟ་བ་གང་ཡིན་པ་དེ་ནི་ཁ་དོག་ངན་པར་གྱུར་ཏེ། ཁ་དོག་གི་རྣམ་པ་གཉིས་མངོན་ནོ། །ཁ་དོག་རྣམ་པ་གཉིས་ཡོད་པས། ཀྭའེ་སེམས་ཅན་ཁོ་བོ་ནི་ཁ་དོག་དང་ལྡན་ལ་ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ ཅན་གྱིས་སེམས་ཅན་ལ་ཁྱད་དུ་གསོད་པར་བྱེད་དོ། །བདག་ཅག་ཁ་དོག་གི་མངོན་པའི་ང་རྒྱལ་ཅན་རྣམས་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་བླངས་པའི་རྒྱུས་མྱུ་གུའི་ཚལ་ཏེ་ནུབ་པར་གྱུར་ཏོ། །མྱུ་གུའི་ཚལ་དེ་ནུབ་པ་ན་མ་ རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཚོན་བཞི་པ་ཕུབ་མ་མེད་པ། སྦུན་པ་མེད་པ། ཤུན་པ་མེད་པ། དག་པ། གཙང་མ་སྐྱེ་སྟེ། དེ་ནུབ་བརྔས་ན་ནང་སྐྱེ་ཞིང་སྨིན་པར་འགྱུར། ནང་བརྔས་ན་ནུབ་སྐྱེ་ཞིང་སྨིན་པར་འགྱུར་བས་བརྔས་ ཤིང་བརྔས་ཀྱང་སླར་ཡང་སྐྱེ་བས་བརྔས་པར་ཡང་མི་མངོན་ཏེ། བདག་ཅག་དེ་ཟ་ཞིང་ཟས་སུ་ཟ་བ་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །གང་ནས་བདག་ཅག་གིས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་སོགས་འཇོག་གི་ 67-1-120b ཡོངས་སུ་ལོངས་སྤྱད་པས་ཟོས་པ་དེ་ནས་སཱ་ལུ་དེའི་འབྲས་བུ་ཕུབ་མ་དང་། སྦུན་པ་དང་། ཤུན་པས་ཡོག་པར་གྱུར་ཏོ། །བརྔས་ཤིང་བརྔས་ན་ཡང་སླར་མི་སྐྱེ་བས་བརྔས་པར་ཡང་མངོན་ལ། སཱ་ལུ་ཡང་སྦུབས་སམ་ཡལ་གའི་སྦུབས་ལ་ ཡོད་པར་གྱུར་པས། མ་ལ་བདག་ཅག་ཚོགས་ཤིང་འདུས་ལ་ཞིང་གཞལ་ཏེ་མཚམས་བཅད་ལ། འདི་ནི་ཁྱོད་ཀྱིའོ། །འདི་ནི་ངའི་འོ་ཞེས་མུ་ཐུག་བྲེ་བར་བྱའོ་ཞེས་དེ་རྣམས་ཚོགས་ཤིང་འདུས་ནས་ཞིང་བགོས་ཏེ་མཚམས་སུ་མུ་ ཐུག་བྲེས་སོ། །གཽ་ཏ་མ་དག་འདི་ནི་འཇིག་རྟེན་དུ་མུ་ཐུག་བྲེ་བའི་ལས་ཀྱི་མཐའ་རྣམས་བྱུང་བའི་རྩོམ་པ་དང་པོ་ཡིན་ནོ། །དེ་ཡང་ཆོས་ཀྱིས་ཡིན་གྱི་ཆོས་མ་ཡིན་པས་མ་ཡིན་པས་དེ་ལ་རྒྱལ་བའི་དབང་པོའི་ཆོས་ལ་འདི་ནི་ ཆོས་ཀྱི་མཆོག་ཡིན་ནོ། །དེ་ནས་སེམས་ཅན་ཞིག་གིས་རང་གི་སཱ་ལུ་ཡོད་བཞིན་དུ་གཞན་གྱི་སཱ་ལུ་མ་བྱིན་པར་བླངས་སོ། །སེམས་ཅན་གཞན་དག་གིས་སེམས་ཅན་དེས་རང་གི་སཱ་ལུ་ཡོད་བཞིན་དུ་གཞན་གྱི་སཱ་ལུ་མ་ བྱིན་པར་བླངས་པ་མཐོང་ངོ་། །མཐོང་ནས་སེམས་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྭའེ་སེམས་ཅན་ཁྱོད་རང་གི་སཱ་ལུ་ཡོད་བཞིན་དུ་གཞན་གྱི་སཱ་ལུ་མ་བྱིན་པར་ཅིའི་ཕྱིར་བླང་ཞེས་དེ་ཕར་དྲངས་ཚུར་དྲངས་ནས་ཅི་ཙམ་ན་ འཁོར་མིའི་ནང་དུ་ཁྲིད་དེ། ཤེས་ལྡན་དག་སེམས་ཅན་འདི་རང་གི་སཱ་ལུ་ཡོད་བཞིན་དུ་ལན་གསུམ་གྱི་བར་དུ་གཞན་གྱི་སཱ་ལུ་མ་བྱིན་པར་ལེན་ཏོ་ཞེས་སྤྱོས་སོ། །དེ་ནས་སེམས་ཅན་དེ་རྣམས་ཀྱིས་སེམས་ཅན་དེ་ལ་འདི་སྐད་ ཅེས་སྨྲས་སོ། །ཀྭའེ་སེམས་ཅན་ཁྱོད་རང་གི་སཱ་ལུ་ཡོད་བཞིན་དུ་གཞན་གྱི་སཱ་ལུ་མ་བྱིན་པར་ཅིའི་ཕྱིར་བླང་། ཀྭའེ་སེམས་ཅན་ཁྱོད་སོང་ལ་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག །དེ་ནས་སེམས་ཅན་དེས་སེམས་ཅན་དེ་རྣམས་ ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་སེམས་ཅན་འདིས་བདག་སཱ་ལུའི་ཕྱིར་ཕར་དྲངས་ཚུར་དྲངས་ནས་ཇི་ཙམ་ན་འཁོར་གྱི་ནང་དུ་ཡང་ཕྱུང་ནས་སྤྱོས་སོ། །དེ་ནས་སེམས་ཅན་དེ་རྣམས་ཀྱིས་སེམས་ཅན་དེ་ལ་འདི་ 67-1-121a སྨྲས་སོ། ། ཀྭའེ་སེམས་ཅན་ཁྱོད་ཀྱིས་སེམས་ཅན་ལ་སཱ་ལུའི་ཕྱིར་ཕར་དྲངས་ཚུར་དྲངས་ནས་ཇི་ཙམ་ན་འཁོར་གྱི་ནང་དུ་ཡང་ཕྱུང་ནས་ཅིའི་ཕྱིར་སྤྱོ། ཀྭའེ་སེམས་ཅན་ཁྱོད་སོང་ལ་ཕྱིན་ཆད་དེ་ལྟར་མ་བྱེད་ཅིང་། དེ་ནས་སེམས་ཅན་དེ་རྣམས་འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག་སཱ་ལུའི་ཕྱིར་ཕར་འདྲེན་ཚུར་འདྲེན་ཅིང་ཅི་ཙམ་ན་འཁོར་གྱི་ནང་དུ་སྤྱོ་བ་ཡང་སྣང་བས། མ་ལ་བདག་ཅག་ཚོགས་ཤིང་འདུས་ལ་བདག་ཅག་གི་ནང་ན་སེམས་ ཅན་ལྷག་པར་གཟུགས་བཟང་བ། ལྷག་པར་བལྟ་ན་སྡུག་པ། ལྷག་པར་མཛེས་པ། ལྷག་པར་བསོད་ནམས་ཆེ་བར་གྲགས་པ་གང་ཡིན་པ་དེ་ནི་བདག་ཅག་གི་ཞིང་རྣམས་ཀྱི་བདག་པོར་བསྐོས་དང་། དེས་བདག་ཅག་ཆད་པས་གཅད་ པར་བྱ་བ་རྣམས་ནི་ཆད་པས་གཅོད་པར་འགྱུར། ཕན་བདགས་པར་བྱ་བ་རྣམས་ལ་ནི་ཕན་འདོགས་པར་འགྱུར་ཏེ། བདག་ཅག་གི་ཞིང་དག་ལས་འཁྲུངས་པ་གང་ཡིན་པ་དེ་ལས་དེ་ལ་ཆོས་བཞིན་དུ་ཐོག་ཤས་སྦྱིན་པར་བྱའོ་སྙམ་ནས་ དེ་རྣམས་ཚོགས་ཤིང་འདུས་ཏེ། དེ་རྣམས་ཀྱི་ནང་ནས་ལྷག་པར་གཟུགས་བཟང་བ། ལྷག་པར་བལྟ་ན་སྡུག་པ། ལྷག་པར་མཛེས་པ། ལྷག་པར་བསོད་ནམས་ཆེ་བར་གྲགས་པ་གང་ཡིན་པ་དེ་ཞིང་རྣམས་ཀྱི་བདག་པོར་བསྐོས་ ཏེ། འདི་སྐད་ཅེས་ཀྱེ་སེམས་ཅན་ཁྱོད་ཚུར་ཤོག །ཁོ་བོ་ཅག་ལས་ཆད་པས་གཅད་པར་བྱ་བ་རྣམས་ལ་ནི་ཆད་པས་ཆོད་ཅིག །ཕན་གདགས་པར་བྱ་བ་རྣམས་ལ་ནི་ཕན་ཐོགས་ཤིག །ཁོ་བོ་ཅག་གི་ཞིང་དག་ལ་འཁྲུངས་པ་གང་ ཡིན་པ་དེ་ལས་ཁྱོད་ལ་ཁོ་བོ་ཅག་གིས་ཆོས་བཞིན་དུ་ཐོག་ཤས་སྦྱིན་ནོ། །དེ་དེ་རྣམས་ལ་ཆད་པས་གཅད་པར་བྱ་བ་ལ་ནི་ཆད་པས་གཅོད། ཕན་གདགས་པར་བྱ་བ་རྣམས་ལ་ནི་ཕན་འདོགས་པར་བྱེད་ཅིང་དེ་ལ་དེ་རྣམས་ཀྱི་ཞིང་དག་ ལས་འཁྲུངས་པ་གང་ཡིན་པ་དེ་ལས་ཆོས་བཞིན་དུ་ཐོག་ཤས་དབུལ་ཏེ། སྐྱེ་བོའི་ཚོགས་ཆེན་པོས་བཀུར་ཞིང་སྐྱེ་བོའི་ཚོགས་ཆེན་པོས་བཀུར་བས་མང་པོས་བཀུར་བ་མང་པོས་བཀུར་བ་ཞེས་གྲགས་སོ། །ཞིང་དེ་རྣམས་ཀྱི་ 67-1-121b བདག་པོར་གྱུར་པ་ན་ཉམས་པ་ལས་སྐྱོབ་པར་བྱེད་པས་རྒྱལ་རིགས་རྒྱལ་རིགས་ཞེས་བྱ་བར་གྲགས་སོ། །ཆོས་ཀྱིས་སྐྱེ་དགུ་མགུ་བར་བྱེད་ཅིང་ཚུལ་ཁྲིམས་ཉམས་སུ་བླངས་ཏེ་གནས། ཤེས་རབ་ཉམས་སུ་བླངས་ཏེ་གནས་ པས་རྒྱལ་པོ་རྒྱལ་པོ་ཞེས་བྱ་བར་གྲགས་སོ། །གཽ་ཏ་མ་དག་རྒྱལ་པོ་མང་པོས་བཀུར་གྱི་ཚེ་མི་རྣམས་ཀྱི་མིང་སེམས་ཅན་སེམས་ཅན་ཞེས་བྱ་བར་གྱུར་ཏོ། །གཽ་ཏ་མ་དག་རྒྱལ་པོ་མང་པོས་བཀུར་བའི་བུ་འོད་མཛེས་ཞེས་བྱ་སྟེ། གཽ་ཏ་མ་དག་རྒྱལ་པོ་འོད་མཛེས་ཀྱི་ཚེ་མི་རྣམས་ཀྱི་མིང་ཚུར་ཤོག །ཚུར་ཤོག་ཅེས་བྱ་བར་གྱུར་ཏོ། །འོད་མཛེས་ཀྱི་བུ་དགེ་བ་ཞེས་བྱ་སྟེ། གཽ་ཏ་མ་དག་རྒྱལ་པོ་དགེ་བའི་ཚེ་མི་རྣམས་ཀྱི་མིང་སྨེ་བ་ཅན་སྨེ་བ་ཅན་ཞེས་བྱ་བར་གྱུར་ཏོ། །གཽ་ཏ་ མ་དག་དགེ་བའི་བུ་དགེ་མཆོག་ཅེས་བྱ་སྟེ། གཽ་ཏ་མ་དག་རྒྱལ་པོ་དགེ་མཆོག་གི་ཚེ་མི་རྣམས་ཀྱི་མིང་སྤྲིན་མགྲིན་སྤྲིན་མགྲིན་ཞེས་བྱ་བར་གྱུར་ཏོ། །དགེ་མཆོག་གི་བུ་གསོ་སྦྱོང་འཕགས་ཞེས་བྱ་སྟེ། གཽ་ཏ་མ་དག་རྒྱལ་པོ་གསོ་སྦྱོང་ འཕགས་ཀྱི་ཚེ་མི་རྣམས་ཀྱི་མིང་ཏ་ལའི་རྐང་ཏ་ལའི་རྐང་ཞེས་བྱ་བར་གྱུར་ཏོ། །རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོར་ཤ་རྨེན་ཞིག་སྐྱེས་པ་འཇམ་ཞིང་ཤིན་དུ་མཉེན་ཏེ། དཔེར་ན་ཤིང་བལ་གྱི་འདའ་བ་འམ། རས་བལ་གྱི་འདའ་ བ་བཞིན་དུ་ཆུང་ཟད་ཀྱང་གནོད་པ་མི་སྐྱེད་དོ། །དེ་སྨིན་ནས་བརྟོལ་བ་དང་། ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ་ཞིག་བྱུང་སྟེ། སྤྱི་བོ་ལས་ སྐྱེས་པས་སྤྱི་བོ་སྐྱེས་ཞེས་བྱ་བར་གྱུར་ཏོ། །གཞོན་ནུ་བྱུང་མ་ཐག་ཏུ་རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་བཙུན་མོ་དྲུག་ཁྲིའི་ནང་དུ་བཀྲི་བ་དང་། དེ་ཐམས་ཅད་ཀྱི་ནུ་མ་ལ་འོ་མ་ཟག་ནས་རེ་རེས་ང་ལས་ནུ་ང་ལས་ནུ་ཞེས་སྨྲས་པས་ང་ལས་ ནུ་ང་ལས་ནུ་ཞེས་བྱ་བར་གྲགས་སོ། །གཽ་ཏ་མ་དག་རྒྱལ་པོ་ང་ལས་ནུ་གང་གི་ཚེ་རྒྱལ་སྲིད་བྱེད་པ་དེའི་ཚེ་མི་རྣམས་སེམས་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་དེ། དེ་རྣམས་བསམས་གཞལ་ཉེ་བར་བརྟགས་ནས་ 67-1-122a བཟོའི་གནས་དང་། ལས་ཀྱི་གནས་ཐ་དད་པ་དག་བྱེད་དུ་འཇུག་པས་དེས་ན། དེ་རྣམས་ཡིད་ལས་སྐྱེས་ཡིད་ལས་སྐྱེས་ཞེས་བྱ་བར་གྲགས་སོ། །གཽ་ཏ་མ་དག་རྒྱལ་པོ་དྲུག་པོ་འདི་དག་ནི་ཚེ་ཚད་མེད་ཅིང་ཚེ་དཔག་ཏུ་མེད་པ་ཡིན་ནོ། །གཽ་ཏ་ མ་དག་རྒྱལ་པོ་ང་ལས་ནུའི་བརླ་གཡས་པར་ཤ་རྨེན་ཞིག་སྐྱེས་པ་འཇམ་ཞིང་ཤིན་དུ་མཉེན་ཏེ། དཔེར་ན་ཤིང་བལ་གྱི་འདའ་བ་འམ། རས་བལ་གྱི་འདའ་བ་བཞིན་དུ་ཆུང་ཟད་ཀྱང་གནོད་པ་མི་སྐྱེད་དོ། །དེ་སྨིན་ནས་བརྟོལ་བ་དང་། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་པ། མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ་ཞིག་བྱུང་སྟེ། བརླ་གཡས་པ་ལས་སྐྱེས་པས་མིང་མཛེས་པ་མཛེས་པ་ཞེས་བྱ་བར་གྱུར་ཏོ། །གཞོན་ནུ་དེ་ རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་པས་ད་དུང་ཡང་གླིང་བཞི་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་འཇུག་གོ། །གཽ་ཏ་མ་དག་རྒྱལ་པོ་མཛེས་པའི་བརླ་གཡོན་པར་ཤ་རྨེན་ཞིག་སྐྱེས་པ་འཇམ་ཞིང་ཤིན་དུ་མཉེན་ཏེ། དཔེར་ན་ཤིང་བལ་ གྱི་འདའ་བ་འམ། རས་བལ་གྱི་འདའ་བ་བཞིན་དུ་ཆུང་ཟད་ཀྱང་གནོད་པ་མི་སྐྱེད་དོ། །དེ་སྨིན་ནས་བརྟོལ་བ་དང་། ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ཀུན་ ནས་བརྒྱན་པ་ཞིག་བྱུང་སྟེ། བརླ་གཡོན་པ་ལས་སྐྱེས་པས་མིང་ཉེ་མཛེས་ཉེ་མཛེས་ཞེས་བྱ་བར་གྱུར་ཏོ། །གཞོན་ནུ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་པས་ད་དུང་ཡང་གླིང་གསུམ་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་ དུ་འཇུག་གོ། །གཽ་ཏ་མ་དག་རྒྱལ་པོ་ཉེ་མཛེས་ཀྱི་རྐང་པ་གཡས་པར་ཤ་རྨེན་ཞིག་སྐྱེས་པ་འཇམ་ཞིང་ཤིན་དུ་མཉེན་ཏེ། དཔེར་ན་ཤིང་བལ་གྱི་འདའ་བ་འམ། རས་བལ་གྱི་འདའ་བ་བཞིན་དུ་ཅུང་ཟད་ཀྱང་གནོད་པ་མི་སྐྱེད་དོ། ། དེ་སྨིན་ནས་བརྟོལ་བ་དང་། ཁྱེའུ་གཟུགས་བཟང་བ། །བལྟ་ན་སྡུག་པ། མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ་ཞིག་བྱུང་སྟེ། རྐང་པ་གཡས་པ་ལས་སྐྱེས་པས་མིང་མཛེས་ལྡན་ 67-1-122b མཛེས་ལྡན་ཞེས་བྱ་བར་གྱུར་ཏོ། །གཞོན་ནུ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་པས་ད་དུང་དུ་ཡང་གླིང་གཉིས་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་འཇུག་གོ། །གཽ་ཏ་མ་དག་རྒྱལ་པོ་མཛེས་ལྡན་གྱི་རྐང་པ་གཡོན་ པར་ཤ་རྨེན་ཞིག་སྐྱེས་པ་འཇམ་ཞིང་ཤིན་དུ་མཉེན་ཏེ། དཔེར་ན་ཤིང་བལ་གྱི་འདའ་བ་འམ། རས་བལ་གྱི་འདའ་བ་བཞིན་དུ་ཆུང་ཟད་ཀྱང་གནོད་པ་མི་སྐྱེད་དོ། །དེ་སྨིན་ནས་བརྟོལ་བ་དང་། ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ་ཞིག་བྱུང་སྟེ། རྐང་པ་གཡོན་པ་ལས་སྐྱེས་པས་མིང་ཉེ་མཛེས་ལྡན་ཉེ་མཛེས་ལྡན་ཞེས་བྱ་བར་གྱུར་ཏོ། ། གཞོན་ནུ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་པས་ད་དུང་དུ་ཡང་གླིང་གཅིག་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་འཇུག་གོ། །གཽ་ཏ་མ་དག་དེ་ལྟར་རྒྱལ་པོ་མང་པོས་བཀུར་གྱི་བུ་འོད་མཛེས་སོ། །འོད་མཛེས་ཀྱི་བུ་ དགེ་བའོ། །དགེ་བའི་བུ་དགེ་མཆོག །དགེ་མཆོག་གི་བུ་གསོ་སྦྱོང་འཕགས་སོ། །གསོ་སྦྱོང་འཕགས་ཀྱི་བུ་ང་ལས་ནུའོ། །ང་ལས་ནུའི་མཛེས་པའོ། །མཛེས་པའི་ཉེ་མཛེས་པའོ། །ཉེ་མཛེས་ཀྱི་མཛེས་ལྡན་དང་། ཉེ་མཛེས་ལྡན་དང་། བཟང་པོ་དང་། ལེགས་བཟངས་དང་། བཏང་བ་དང་། བཏང་གཟུང་དང་། ཡན་ལག་དང་། ཡན་ལག་ཤིང་རྟ་དང་། ངན་སྤོང་དང་། སྐལ་ལྡན་ཤིང་རྟ་དང་། རྒྱ་མཚོ་དང་། རྒྱ་མཚོའི་བུ་དང་། རྒྱ་མཚོ་ཆེན་པོ་ དང་། ཤ་ཀུ་ནི་དང་། ཤ་ཀུ་ནི་ཆེན་པོ་དང་། ཀུ་ཤ་དང་། ཉེ་བའི་ཀུ་ཤ་དང་། ཀུ་ཤ་ཆེན་པོ་དང་། ལེགས་མཐོང་དང་། ལེགས་མཐོང་ཆེན་པོ་དང་། རབ་ཐོབ་དང་། རབ་ཐོབ་ཆེན་པོ་དང་། རབ་ཏུ་སྒྲ་བསྒྲགས་དང་། རབ་ཏུ་སྒྲ་ བསྒྲགས་ཆེན་པོ་དང་། འོད་བྱེད་དང་། རྟུལ་ཕོད་པ་དང་། ལྷུན་པོ་ལྡན་དང་། ལྷུན་པོ་ཡོད་དང་། འོད་ཟེར་ལྡན་དང་། འོད་ཟེར་ཡོད་དང་། ཀུན་ནས་འོད་ཟེར་རོ། །གཽ་ཏ་མ་དག་ཀུན་ནས་འོད་ཟེར་ཀྱི་བུ་དང་། ཚ་བོ་དང་། ཡང་ཚ་དང་། 67-1-123a སུམ་ཚའི་རྒྱུད་རྒྱལ་པོ་བརྒྱ་ཐམ་པ་ཡུལ་གུ་འཛིན་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་དགྲ་འདུལ་ཞེས་བྱ་བ་བྱུང་སྟེ། དགྲ་འདུལ་བར་བྱེད་པས་དགྲ་འདུལ་དགྲ་འདུལ་ཞེས་བྱ་བར་གྱུར་ཏོ། །གཽ་ཏ་མ་དག་རྒྱལ་པོ་དགྲ་འདུལ་ གྱི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་ལྔ་ཁྲི་བཞི་སྟོང་ཡུལ་དམག་གིས་མི་ཚུགས་པར་བྱུང་ངོ་། །དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་མ་རྒྱལ་བ་ལས་རྒྱལ་བ་ཞེས་བྱ་བ་བྱུང་སྟི། མ་རྒྱལ་བ་ལས་རྒྱལ་བར་བྱེད་ པས་ན་མ་རྒྱལ་བ་ལས་རྒྱལ་བ་མ་རྒྱལ་བ་ལས་རྒྱལ་བ་ཞེས་བྱ་བར་གྲགས་སོ། །གཽ་ཏ་མ་དག་རྒྱལ་པོ་མ་རྒྱལ་བ་ལས་རྒྱལ་བའི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་སུམ་ཁྲི་དྲུག་སྟོང་ཡུལ་བཱ་ར་ཎ་སཱེར་ བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་བཟོད་དཀའ་ཞེས་བྱ་བ་བྱུང་ངོ་། །གཽ་ཏ་མ་དག་རྒྱལ་པོ་བཟོད་དཀའི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་ཀིམ་པི་ལའི་གྲོང་ཁྱེར་དུ་བྱུང་སྟེ། དེ་རྣམས་ ཀྱི་ཐ་མ་ནི་རྒྱལ་པོ་ཚངས་བྱིན་ཅེས་བྱ་བ་བྱུང་ངོ་། །གཽ་ཏ་མ་དག་རྒྱལ་པོ་ཚངས་བྱིན་གྱི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གླང་པོ་ཆེའི་གྲོང་ཁྱེར་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་གླང་ པོས་བྱིན་ཞེས་བྱ་བ་བྱུང་ངོ་། །གཽ་ཏ་མ་དག་རྒྱལ་པོ་གླང་པོས་བྱིན་གྱི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་ལྔ་སྟོང་ཡུལ་རྡོ་འཇོག་ཏུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་བལ་བུ་ཅན་ཞེས་བྱ་བ་བྱུང་ངོ་། །གཽ་ཏ་མ་ དག་རྒྱལ་པོ་བལ་བུ་ཅན་གྱི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གྲོང་ཁྱེར་བྲང་གིས་ཉལ་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་ཚན་པོ་ཆེ་འདུལ་ཞེས་བྱ་བ་བྱུང་ངོ་། །གཽ་ཏ་མ་དག་རྒྱལ་པོ་ ཚན་པོ་ཆེ་འདུལ་གྱི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གྲོང་ཁྱེར་མ་རྒྱལ་བ་ལས་རྒྱལ་བར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་རྒྱལ་བྱིན་ཞེས་བྱ་བ་བྱུང་ངོ་། །གཽ་ཏ་མ་དག་རྒྱལ་པོ་རྒྱལ་བྱིན་གྱི་བུ་དང་། 67-1-123b ཚ་བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གྲོང་ཁྱེར་ཀ་ནྱའ་ཀུབ་ཛར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་རྒྱལ་སྡེ་ཞེས་བྱ་བ་བྱུང་ངོ་། །གོ་ཏ་མ་དག་རྒྱལ་པོ་རྒྱལ་སྡེའི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ ཚའི་རྒྱུད་རྒྱལ་པོ་ཁྲི་བརྒྱད་སྟོང་གྲོང་ཁྱེར་ཙམ་པར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་ཀླུའི་ལྷ་ཞེས་བྱ་བ་བྱུང་ངོ་། །གཽ་ཏ་མ་དག་རྒྱལ་པོ་ཀླུའི་ལྷའི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་ཉི་ཁྲི་ལྔ་སྟོང་གྲོང་ཁྱེར་ཏ་ལའི་ ཕྲེང་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་མིའི་ལྷ་ཞེས་བྱ་བ་བྱུང་ངོ་། གཽ་ཏ་མ་དག་རྒྱལ་པོ་མིའི་ལྷའི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་ཁྲི་ཉིས་སྟོང་གྲོང་ཁྱེར་ཏ་མ་ལར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་ པོ་རྒྱ་མཚོའི་ལྷ་ཞེས་བྱ་བ་བྱུང་ངོ་། གཽ་ཏ་མ་དག་རྒྱལ་པོ་རྒྱ་མཚོའི་ལྷའི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་ཁྲི་བརྒྱད་སྟོང་གྲོང་ཁྱེར་བཱ་ར་ཎ་སཱིའི་གྲོང་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་བློ་གྲོས་བཟང་པོ་ ཞེས་བྱ་བ་བྱུང་ངོ་། གཽ་ཏ་མ་དག་རྒྱལ་པོ་བློ་གྲོས་བཟང་པོའི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་ཉི་ཁྲི་ལྔ་སྟོང་གྲོང་ཁྱེར་རྒྱལ་པོའི་ཁབ་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་མུན་སེལ་ཞེས་བྱ་བ་བྱུང་ངོ་། །གཽ་ཏ་ མ་དག་རྒྱལ་པོ་མུན་སེལ་གྱི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་བརྒྱ་ཐམ་པ་ཡང་གྲོང་ཁྱེར་བཱ་ར་ཎ་སཱིར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་དབང་ཕྱུག་ཆེན་པོའི་སྡེ་ཞེས་བྱ་བ་བྱུང་ངོ་། །གཽ་ཏ་མ་དག་རྒྱལ་པོ་ དབང་ཕྱུག་ཆེན་པོའི་སྡེའི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གྲོང་ཁྱེར་རྩྭ་ཅན་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་རྒྱ་མཚོའི་སྡེ་ཞེས་བྱ་བ་བྱུང་ངོ་། །གཽ་ཏ་མ་དག་རྒྱལ་པོ་རྒྱ་མཚོའི་སྡེའི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་སྟོང་ཡང་གྲོང་ཁྱེར་གྲུ་འཛིན་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་དཀའ་ཐུབ་སྤྱོད་ཅེས་བྱ་བ་བྱུང་ངོ་། །གཽ་ཏ་མ་དག་རྒྱལ་པོ་དཀའ་ཐུབ་སྤྱོད་ཀྱི་བུ་དང་། ཚ་བོ་དང་། ཡང་ཚ་དང་། 67-1-124a སུམ་ཚའི་རྒྱུད་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་ཡང་གྲོང་ཁྱེར་རྩྭ་ཅན་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་སའི་གདོང་ཞེས་བྱ་བ་བྱུང་ངོ་། །གཽ་ཏ་མ་དག་རྒྱལ་པོ་སའི་གདོང་གི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་ རྒྱལ་པོ་འབུམ་ཡང་གྲོང་ཁྱེར་བཱ་ར་ཎ་སཱིར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་སའི་བདག་པོ་ཞེས་བྱ་བ་བྱུང་ངོ་། །གཽ་ཏ་མ་དག་རྒྱལ་པོ་སའི་བདག་པོའི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་འབུམ་ཡང་གྲོང་ ཁྱེར་དམག་གིས་མི་ཚུགས་པར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་ས་འཛིན་ཞེས་བྱ་བ་བྱུང་ངོ་། །གཽ་ཏ་མ་དག་རྒྱལ་པོ་ས་འཛིན་གྱི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གྲོང་ཁྱེར་མི་ ཐི་ལར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བ་བྱུང་ངོ་། །གཽ་ཏ་མ་དག་རྒྱལ་པོ་ལྷ་ཆེན་པོའི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་ཡང་གྲོང་ཁྱེར་མི་ཐི་ལར་དྲང་སྲོང་གི་ཚངས་ པར་སྤྱོད་པ་ལ་སྤྱད་དེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་བྱུང་ངོ་། །མུ་ཁྱུད་ལས་འབྱིང་བ་དང་། སྲ་བའི་མུ་ཁྱུད་དང་། རྐོ་བ་དང་། ཉེ་བར་རྐོ་བ་དང་རྐོ་བ་ཡོད་དང་ཀུན་ནས་རྐོ་དང་། གྱ་ནོམ་སྣང་དང་། ཐོས་པའི་སྡེ་དང་། ཆོས་ཀྱི་ སྡེ་དང་། རྟོགས་པ་དང་། རྟོགས་པ་ཆེན་པོ་དང་། རྟོགས་པའི་སྡེ་དང་། མྱ་ངན་མེད་དང་། མྱ་ངན་བྲལ་དང་། བརྟན་པའི་སྡེ་དང་། རྒ་བར་སྦྱར་དང་། གླེན་བསད་དང་། སྐྱ་རེང་དང་། ཕྱོགས་ཀྱི་བདག་པོ་དང་། རྡུལ་ཅན་དང་། བདེ་བྱེད་དང་། ཀུན་དགའ་དང་། མེ་ལོང་གདོང་དང་། སྐྱེད་པ་དང་། ཀུན་ནས་སྐྱེད་པ་དང་། སྐྱེ་བོའི་ཁྱུ་མཆོག་དང་། བཟའ་བཏུང་ཅན་དང་། བཟའ་བཏུང་མང་པོ་ཅན་དང་། མི་ཐུབ་པ་དང་། གཞན་གྱིས་མི་ཐུབ་པ་དང་། གནས་པ་དང་། ཤིན་དུ་གནས་པ་ དང་། སྟོབས་ཆེན་དང་། སྟོབས་ཆེན་ཞོན་དང་། ལེགས་པའི་བློ་གྲོས་དང་། བརྟན་པ་ཞོན་དང་། གཞུ་བཅུ་པ་དང་། གཞུ་བརྒྱ་པ་དང་། གཞུ་དགུ་བཅུ་དང་། གཞུ་རྒྱལ་དང་། གཞུ་བཀྲ་དང་། གཞུ་སྲ་དང་། ཤིང་རྟ་བཅུ་པ་དང་། ཤིང་རྟ་ 67-1-124b བརྒྱ་པ་དང་། ཤིང་རྟ་དགུ་བཅུ་པ་དང་། ཤིང་རྟ་ཁྲ་བོ་དང་། ཤིང་རྟ་རྒྱལ་དང་། ཤིང་རྟ་སྲ་བའོ། །གཽ་ཏ་མ་དག་རྒྱལ་པོ་ཤིང་རྟ་སྲ་བའི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་བདུན་ཁྲི་བདུན་སྟོང་གྲོང་ཁྱེར་ཀུན་དུ་སྣང་བར་ བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་ཀྲི་ཀི་ཞེས་བྱ་བ་བྱུང་ངོ་། །དེའི་ཚེ་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་ མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་སྤྱན་སྔར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་མ་འོངས་ པ་ན་བྱང་ཆུབ་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་ནས་ཚངས་པར་སྤྱོད་པ་སྤྱད་དེ། དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་སོ། །གཽ་ཏ་མ་དག་རྒྱལ་པོ་ཀྲི་ཀིའི་བུ་ལེགས་སྐྱེས་སོ། །གཽ་ཏ་མ་དག་རྒྱལ་པོ་ལེགས་སྐྱེས་ཀྱི་བུ་དང་། ཚ་བོ་དང་། ཡང་ ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་བརྒྱ་ཐམ་པ་ཡང་གྲོང་ཁྱེར་གྲུ་འཛིན་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་རྣ་བ་ཅན་ཞེས་བྱ་བ་བྱུང་ངོ་། །གཽ་ཏ་མ་དག་རྒྱལ་པོ་རྣ་བ་ཅན་ལ་བུ་གཉིས་ཏེ། གཽ་ཏ་མ་དང་། བྷ་ར་དྭ་ཛའོ། །དེ་གཉིས་ལས་ གཽ་ཏ་མ་དག་ན་མངོན་པར་འབྱུང་བར་དགའོ། །བྷ་ར་དྭཱ་ཛ་ནི་རྒྱལ་སྲིད་ལ་མངོན་པར་དགའོ། །དེ་ཕ་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་པ་མཐོང་ནས་དེས་བསམས་པ། བདག་ཡབ་འདས་ནས་རྒྱལ་པོར་གྱུར་ཏེ། བདག་གིས་ ཀྱང་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱས་ནས་སེམས་ཅན་དམྱལ་བར་གཞོལ་བར་འགྱུར་བས་འདིར་ཅིའི་དུས་ལ་བབ་ཅེ་ན། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱའོ་སྙམ་དུ་བསམས་ནས། རྒྱལ་པོ་རྣ་བ་ཅན་གང་ན་བ་ དེར་སོང་སྟེ་ཕྱིན་པ་དང་རྐང་པ་གཉིས་ལ་གཏུགས་ཏེ་གསོལ་བ་བཏབ་པ། ཡབ་མཁྱེན་པར་མཛོད་ཅིག །བདག་ནི་དད་པས་ཁྱིམ་ནས་ཁྱིམ་མ་མཆིས་པར་རབ་ཏུ་འབྱུང་ངོ་། །དེས་སྨྲས་པ། བུ་གང་གི་ཕྱིར་མཆོད་སྦྱིན་མཆོད་པར་བྱེད་པ་དང་ 67-1-125a སྦྱིན་བསྲེག་སྲེག་པར་བྱེད་པ་དང་། དཀའ་ཐུབ་དཀའ་ཐུབ་སྤྱོད་པ་དེ་དག་ནི་འདིའི་ཆེད་ཡིན་ཏེ། ང་འདས་ན་རྒྱལ་སྲིད་ལག་མཐིལ་དུ་འོངས་ཏེ་རྒྱལ་པོ་བྱེད་པར་འགྱུར་ན་ཅིའི་ཕྱིར་རབ་ཏུ་འབྱུང་། དེས་སྨྲས་པ། ཡབ་བདག་གིས་ཆོས་ དང་ཆོས་མ་ཡིན་པས་རྒྱལ་སྲིད་བགྱིད་རྔོ་མི་ཐོག་གོ། །དེ་ལྟ་བས་ན་མཁྱེན་པར་མཛོད་ཅིག །རབ་ཏུ་འབྱུང་ངོ་། །དེ་ནས་རྒྱལ་པོས་གལ་གྱིས་འཆུ་བར་ཤེས་ནས་གནང་ངོ་། །དེའི་ཚེ་བསྟི་གནས་ཞིག་ན་དྲང་སྲོང་མདོག་གནག་ཅེས་བྱ་བ་ གནས་སོ། །དེ་ནས་གཞོན་ནུ་གཽ་ཏ་མ་རྒྱལ་པོས་གནང་ནས། དགའ་ཞིང་མགུ་ལ་དགའ་བ་རྒྱ་ཆེན་པོ་དང་ཡིད་བདེ་བ་སྐྱེས་ནས། དྲང་སྲོང་མདོག་གནག་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། སྤྱོད་ལམ་དུལ་བས་རྐང་པ་གཉིས་ལ་ཕྱག་ བྱས་ནས་སྨྲས་པ། དྲང་སྲོང་ཆེན་པོ་བདག་རབ་ཏུ་འབྱུང་བར་འདོད་ཀྱིས་བདག་རབ་ཏུ་ཕྱུང་ཤིག །དེས་དེ་རབ་ཏུ་ཕྱུང་ངོ་། །དྲང་སྲོང་མདོག་གནག་ནི་འབྲས་བུ་དང་། རྩ་བ་དང་། ཆུ་འཐུང་བས་དེ་ཡང་དྲང་སྲོང་གཽ་ཏ་མ་དྲང་སྲོང་གཽ་ ཏ་མ་ཞེས་བྱ་བར་གྱུར་ཏོ། །ཇི་ཙམ་ན་དུས་གཞན་ཞིག་ན་རྒྱལ་པོ་རྣ་བ་ཅན་ཤི་ནས་གཞོན་ནུ་བྷ་ར་དྭ་ཛ་ཕའི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་གོ། །ཇི་ཙམ་ན་དུས་གཞན་ཞིག་ན་དྲང་སྲོང་གཽ་ཏ་མས་མཁན་ པོ་ལ་སྨྲས་པ། མཁན་པོ་དགོན་པའི་གནས་ན་ཟས་ཀྱིས་འཚོ་བར་རྔོ་མི་ཐོག་གིས་གྲོང་འདབ་ཏུ་གནས་པར་བགྱིའོ། །དེས་སྨྲས་པ། བུ་རུང་གིས་གྲོང་ངམ། དགོན་པ་ན་གནས་པའི་དྲང་སྲོང་གིས་ནི་མདོར་ན་དབང་པོ་བསྲུང་ བ་ཡིན་གྱིས། ཁྱོད་སོང་ལ་གྲུ་འཛིན་གྱི་ཉེ་འཁོར་དུ་ལོ་མའི་སྤྱིལ་བུ་བྱོས་ལ་འདུག་ཤིག །མཁན་པོ་བཀའ་བཞིན་འཚལ་ཞེས་སྨྲས་ནས། དྲང་སྲོང་གཽ་ཏ་མ་གྲུ་འཛིན་གྱི་ཉེ་འཁོར་དུ་ལོ་མའི་སྤྱིལ་བུ་བྱས་ཏེ་གནས་སོ། །དེའི་ ཚེ་གྲོང་ཁྱེར་གྲུ་འཛིན་ན་སྨད་འཚོང་མ་བཟང་མོ་ཞེས་བྱ་བ་དང་། སྐྱེས་བུ་གཡོན་ཅན་པད་མའི་རྩ་ལག་ཅེས་བྱ་བ་གནས་ཏེ། དེས་དེ་ལ་དགའ་མགུར་སྤྱད་པའི་ཕྱིར་གོས་དང་རྒྱན་དག་སྐུར་རོ། །དེས་གོས་དང་རྒྱན་དག་ཐོགས་ 67-1-125b ནས་ཆས་པ་ལས། ཡང་མི་གཞན་ཞིག་ཀཱར་ཥཱ་པ་ཎ་ལྔ་བརྒྱ་ཐོགས་པ་ཞིག་འོངས་ནས། བཟང་མོ་དགའ་མགུར་སྤྱད་ཀྱིས་ཚུར་ཤོག །དེས་བསམས་པ། གལ་ཏེ་བདག་སོང་ན་ཀཱར་ཥཱ་པ་ཎ་ལྔ་བརྒྱ་ཡང་མི་འཐོབ་ལ་ཁྱིམ་དུ་འོངས་པ་སྤངས་ཏེ་ གཞན་དུ་འགྲོ་བ་འདི་ནི་ལེགས་པ་མ་ཡིན་ནོ་སྙམ་ནས་དེས་བུ་མོ་མངག་གཞུག་མ་ལ་སྨྲས་པ། སོང་ལ་པད་མའི་རྩ་ལག་ལ་ཇོ་མོའི་མཆིད་ནས་རེ་ཤིག་བདག་སྐབས་མ་མཆིས་ཏེ་སླད་ཀྱིས་མཆིའོ་ཞེས་སྨྲོས་ཤིག །དེས་དེའི་གན་དུ་སོང་ནས་ སྨྲས་སོ། །མི་དེ་ཡང་བྱ་བ་མང་པོ་ཞིག་ཡིན་པས་དེ་དེ་དང་དགའ་མགུར་སྤྱད་ནས་ཐུན་དང་པོ་ཉིད་ལ་སོང་ངོ་། །དེས་བསམས་པ། ནམ་ཚོད་རིང་དུ་ཡོད་པས་དེའི་སེམས་ཀྱང་བསྲུང་བར་ནུས་སོ་སྙམ་ནས་དེས་ཡང་བུ་མོ་དེ་ལ་བསྒོ་བ་ པད་མའི་རྩ་ལག་གི་གན་དུ་སོང་ལ་ཇོ་མོའི་མཆིད་ནས་སྟ་གོན་བགྱིས་ལགས་ན་བསྐྱེད་མོས་ཚལ་གང་དུ་མཆིས་ཞེས་སྨྲོས་ཤིག །དེས་དེའི་གན་དུ་སོང་ནས་སྨྲས་པ་དང་། དེས་སྨྲས་པ། ཁྱོད་ཀྱི་སྐད་ཅིག་ལ་སྐབས་མེད། སྐད་ཅིག་ལ་ སྐབས་ཡོད་ཅེ་འམ། བུ་མོ་དེ་དེ་དང་རེགས་མི་འཕྲོད་པ་ཞིག་པས། དེས་སྨྲས་པ་རྗེའི་སྲས་སྐབས་མ་མཆིས་པ་ནི་མ་ལགས་མོད་ཀྱི། དེ་ཁྱོད་ཀྱི་གོས་དང་རྒྱན་དག་གིས་སྐྱེས་པ་གཞན་དང་ལན་ཅིག་དགའ་མགུར་སྤྱད་དོ། །དེའི་འདོད་ཆགས་ཀྱི་ ཀུན་ནས་དཀྲིས་པ་གང་ཡིན་པ་དེ་དང་བྲལ་བར་གྱུར་ཅིང་གནོད་སེམས་ཀྱི་ཀུན་ནས་དཀྲིས་པ་སྐྱེས་ཏེ། དེ་མི་བཟོད་པ་སྐྱེས་ནས་སྨྲས་པ། བུ་མོ་སོང་ལ་བཟང་མོ་པད་མའི་རྩ་ལག་ན་རེ་བསྐྱེད་མོས་ཚལ་ག་གེ་མོ་ཞིག་ཏུ་ཤོག་ཤིག་ཅེས་ བྱོས་ཤིག །དེས་སོང་ནས་བཟང་མོ་ལ་སྨྲས་ནས། དེ་ནས་དེ་བསྐྱེད་མོས་ཚལ་དུ་སོང་བ་དང་། སྐྱེས་བུ་གཡོན་ཅན་པད་མའི་རྩ་ལག་གིས་སྨྲས་པ། ཁྱོད་ཁོ་བོའི་གོས་དང་རྒྱན་གྱིས་སྐྱེས་པ་གཞན་དང་ལྷན་ཅིག་དགའ་མགུར་སྤྱོད་པ་རིགས་ སམ། དེས་སྨྲས་པ། རྗེའི་སྲས་དེ་ནི་བདག་གིས་ནོངས་ཏེ་འོན་ཀྱང་བུད་མེད་ནི་རྟག་ཏུ་སྐྱོན་ཅན་ལགས་པས་བཟོད་པར་མཛོད་ཅིག །དེ་ནས་དེ་མི་བཟོད་པ་སྐྱེས་ནས་རལ་གྲི་ཤུབས་ནས་ཕྱུང་སྟེ་བསད་དོ། །དེ་ནས་བུ་མོ་མངག་གཞུག་མས་ 67-1-126a ཇོ་མོ་བསད་དོ། །ཇོ་མོ་བསད་དོ་ཞེས་ཀུ་ཅོའི་སྒྲ་ཆེན་པོ་བཏོན་པ་སྐྱེ་བོའི་ཚོགས་ཆེན་པོ་ཀུན་གྱིས་ཐོས་ནས་བརྒྱུགས་པ་དང་། དེ་ཇི་ཙམ་ན་བསྟི་གནས་དེ་ཉིད་ན་དྲང་སྲོང་གཽ་ཏ་མ་གནས་སོ། །དེ་ནས་སྐྱེས་བུ་གཡོན་ཅན་པད་མའི་ རྩ་ལག་དེ་སྐྲག་ནས་རལ་གྲི་ཁྲག་ཅན་དྲང་སྲོང་གཽ་ཏ་མའི་མདུན་དུ་བོར་ནས་སྐྱེ་བོའི་ཚོགས་དེ་ཉིད་ཀྱི་ནང་དུ་ཞུགས་སོ། །སྐྱེ་བོའི་ཚོགས་ཆེན་པོ་དེས་རལ་གྲི་ཁྲག་ཅན་མཐོང་ནས་སྨྲས་པ། རབ་ཏུ་བྱུང་བ་འདིས་བཟང་མོ་གསད་དོ་ ཞེས་དེ་ནས་དྲང་སྲོང་གཽ་ཏ་མ་དེ་བསྐོར་ཏེ། མི་བཟོད་པ་བསྐྱེད་ནས་སྨྲས་པ། ཀྭེའེ་རབ་ཏུ་བྱུང་བ་དྲང་སྲོང་གི་རྒྱལ་མཚན་ཐོགས་ནས་འདི་འདྲ་བའི་ལས་བྱེད་དམ། དེས་སྨྲས་པ། ཅི་བྱས། དེ་རྣམས་ཀྱིས་སྨྲས་པ། བཟང་མོ་དང་ཁྱོད་ ལྷན་ཅིག་དགའ་མགུར་སྤྱད་ནས་དེ་བསད་དོ། །དེས་སྨྲས་པ། ཁོ་བོའི་སྡིག་པ་ཞི་བས་ལས་དེ་མི་བྱེད་དོ་ཞེས་དེས་ཞི་བས་སྨྲས་ཀྱང་སྐྱེ་བོའི་ཚོགས་དེས་ལག་པ་ཕྱིན་ཀ་ལོག་ཏུ་དམ་དུ་བཅིངས་ནས་རྒྱལ་པོ་ལ་ཕུལ་ཏེ། ལྷ་རབ་ཏུ་བྱུང་བ་འདིས་ བཟང་མོ་དང་ལྷན་ཅིག་དགའ་མགུར་སྤྱད་ནས་དེ་བཀུམ་ལགས་སོ། །རྒྱལ་པོ་རྣམས་ནི་མི་རྟོག་པ་ཡིན་པས། དེས་སྨྲས་པ། གལ་ཏེ་དེ་ལྟར་གྱུར་ན་རབ་ཏུ་བྱུང་བ་འདི་ངས་སྤངས་ཀྱིས་གསལ་ཤིང་ལ་གཤོན་ཅིག །དེ་རབ་ཏུ་བྱུང་བ་དེ་མེ་ཏོག་ ཀ་ར་བི་རའི་ཕྲེང་བ་མགུལ་དུ་བཏགས་ཤིང་སྐྱེས་པ་གོས་སྔོན་པོ་གྱོན་པ་ལག་ན་མཚོན་ཐོགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་ལམ་པོ་ཆེ་དང་། ཚོང་འདུས་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་བསྒྲགས་པའི་སྒོར་བསྒྲགས་ཏེ་ གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྒོར་ཕྱུང་ནས་གསོན་པོ་ཉིད་དུ་གསལ་ཤིང་ལ་གཤོན་ནོ། །དེའི་མཁན་པོ་མདོག་གནག་དེ་དུས་དུས་སུ་བསྟི་གནས་སུ་འགྲོ་བ་ཡིན་པས་ཇི་ཙམ་དུ་ས་གཞན་ཞིག་ན་སོང་བ་ལས་མ་མཐོང་ནས་དེས་ཕན་ཚུན་དུ་བཙལ་བར་ བརྩམས་པ་དང་། ཇི་ཙམ་ན་དེ་གསལ་ཤིང་ལ་གཤོན་པ་མཐོང་ནས་དེ་སྐད་མི་གསལ་ཞིང་མིག་མཆི་མས་གང་ལ་སྙིང་རྗེ་བའི་ཚིག་གིས་དལ་བུ་དལ་བུས་སྨྲས་པ། ཀྱི་ཧུད་བུ་འདི་ཅི་ཞིག །དེས་ཀྱང་སྐད་མི་གསལ་ཞིང་ཡི་ཆད་ལ་ 67-1-126b གནད་ཏུ་བབ་པའི་གནོད་པའི་ཚོར་བ་སྐྱེས་ཤིང་གདུངས་པས་སྨྲས་པ། མཁན་པོ་གཞན་ཅི་ལགས་ལས་ལགས་མོད། དེས་སྨྲས་པ། བུ་རྨ་ཕྱུང་བ་འམ། གནོད་པ་ཞིག་མ་བྱས་གྲང་། མཁན་པོ་བདག་གི་ལུས་ཀྱིས་མ་ཕྱུང་ གི་སེམས་ཀྱིས་ནི་མ་ཡིན་ནོ། །བུ་ཇི་ལྟར་ཤེས། མཁན་པོ་བདེན་པ་གསོལ་གྱིས་གསོན་ཅིག །བདེན་པ་དང་། བདེན་པའི་ཚིག་གང་གིས་བདག་གི་ལུས་ཀྱི་རྨ་ཕྱུང་གི་སེམས་ཀྱིས་མ་ཡིན་ན། བདེན་པ་དང་བདེན་པའི་ཚིག་དེས་ མཁན་པོའི་ལྤགས་པའི་མདོག་ནག་པོ་གང་ཡིན་པ་འདི་གསེར་གྱི་ཁ་དོག་ཏུ་གྱུར་ཅིག །བདག་ཉིད་ཆེན་པོ་དེ་ལྷག་པའི་བསམ་པ་གོམས་པ་ཡིན་པས་ཚིག་སྨྲས་མ་ཐག་ཏུ་དྲང་སྲོང་མདོག་ནག་གི་ལྤགས་པ་ནག་པོ་མི་སྣང་ཞིང་ གསེར་གྱི་ཁ་དོག་ཏུ་གྱུར་ཏོ། །ཀུན་དུ་དྲང་སྲོང་མདོག་ནག་གསེར་གྱི་ཁ་དོག་ཏུ་གྱུར་ཏོ་ཞེས་སྒྲ་གྲགས་པས་དེའི་མིང་གསེར་མདོག་ཅེས་བྱ་བར་གྱུར་ཏོ། །དེ་ངོ་མཚར་མཆོག་ཏུ་གྱུར་ཏོ། །དེ་ནས་དྲང་སྲོང་གཽ་ཏ་མས་སྨྲས་པ། མཁན་པོ་ བདག་འདི་ནས་ཤི་འཕོས་ནས་འགྲོ་བ་ནི་གང་། སྐྱེ་བ་ནི་གང་། ཚེ་ཕྱི་མ་ནི་གང་ཞིག་ལགས། དེས་སྨྲས་པ། བུ་བྲམ་ཟེ་རྣམས་ཁྱེའུ་མེད་པ་ལ་འགྲོ་བ་མེད་དོ་ཞེས་ཟེར་ན་ཁྱོད་ཀྱིས་བུ་འགའ་བ་སྐྱེད་པ་ལྟ་ཡོད་དམ། མཁན་པོ་ཡབ་ ཀྱིས་རྒྱལ་སྲིད་ཀྱི་སླད་དུ་སྤྲོ་བ་བསྐྱེད་པ་ན་བདག་གཞོན་ནུ་ཉིད་དུ་རབ་ཏུ་བྱུང་བས་བུད་མེད་ཀྱི་རྒྱུས་ཀྱང་མ་འཚལ་ན། བདག་གི་བུ་སྐྱེ་བ་ལྟ་ག་ལ་མཆིས། བུ་གལ་ཏེ་དེ་ལྟ་ན་སྔོན་ཡུལ་ལ་སྤྱད་པ་རྗེས་སུ་དྲན་པར་གྱིས་ཤིག ། མཁན་པོ་ཚོར་བ་དྲག་པོས་ཉེན་པས་ད་ནི་བདག་གི་གནད་རྣམས་ཆད་ཅིང་ཚིགས་རྣམས་བྱེ་སྟེ། འགུམ་པ་གཅིག་ཏུ་དྲན་པར་བས་ན་ཇི་ལྟར་སྔོན་གྱི་ཡུལ་ལ་སྤྱད་པ་རྗེས་སུ་དྲན་པར་འགྱུར། དེའི་མཁན་པོ་མངོན་པར་ཤེས་པ་ཐོབ་པ་ ཡིན་པས་དེས་རྫུ་འཕྲུལ་གྱིས་རྫི་ཆར་ཆེན་པོ་སྤྲུལ་ནས་ཆར་པའི་ཐིགས་པས་དེའི་ལུས་ལ་ཕོག་པ་དང་། དེ་ནས་ཆར་པ་དང་རླུང་གྲང་མོ་རེག་པས་སྡུག་བསྔལ་རྣམ་པར་མནན་ནས། དེས་སྔོན་གྱི་ཡུལ་ལ་སྤྱད་པ་རྗེས་སུ་དྲན་པར་བྱ་བར་ 67-1-127a བརྩམས་སོ། །གང་གི་ཚེ་དེས་འཁྲིག་པའི་འདོད་ཆགས་རྗེས་སུ་དྲན་པར་བྱས་པ་ལས་ཁུ་བའི་ཐིགས་པ་གཉིས་ཁྲག་དང་ལྷན་ཅིག་ལྷུང་ངོ་། །བསམ་གྱིས་མི་ཁྱབ་པའི་གནས་ནི་བཞི་སྟེ། བདག་སེམས་པ་དང་། འཇིག་རྟེན་སེམས་པ་དང་། སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་སེམས་པ་དང་། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་སེམས་པའོ། །ཁུ་བའི་ཐིགས་པ་དེ་གཉིས་སྒོ་ང་གཉིས་སུ་གྱུར་ནས་ཉི་མ་ཤར་ བའི་དུས་ཀྱི་ཚེ་ཉི་མའི་འོད་ཟེར་གྱིས་སྨིན་ནས་རྡོལ་བ་དང་། ཁྱེའུ་གཉིས་ཤིག་བྱུང་ནས་དེ་དང་ཧ་ཅང་ཡང་མི་རིང་བའི་བུ་རམ་ཤིང་གི་ཚལ་གསེབ་དེར་དེ་གཉིས་ཞུགས་སོ། །དེ་ནས་ཉི་མའི་འོད་ཟེར་ཤིན་དུ་ཚ་བ་བྱུང་སྟེ། ཉི་མའི་ འོད་ཟེར་གྱིས་དྲང་སྲོང་གཽ་ཏ་མ་གདུངས་ནས་ཤིའོ། །དེ་ནས་དྲང་སྲོང་གསེར་མདོག་འོངས་ནས་ཤི་བ་མཐོང་ནས་དེས་གསལ་ཤིང་གི་ཉེ་འཁོར་དུ་བལྟས་ན། སྒོ་ང་རྡོལ་བའི་ཁོག་པ་གཉིས་ཤིག་འདུག་ནས། དེ་ཕན་ཚུན་རྗེས་ གཅོད་ཅིང་བུ་རམ་ཤིང་གི་ཚལ་གསེབ་ཏུ་ཞུགས་པ་ལས་ཇི་ཙམ་ན་ཁྱེའུ་གཉིས་ཤིག་མཐོང་ངོ་། །དེས་འདི་གཉིས་སུའི་བུ་ཡིན་ཞེས་བསམ་པ་ལ་ཞུགས་པ་དང་། དྲང་སྲོང་གཽ་ཏ་མའི་བུ་ཡིན་པར་གྱུར་ནས། དེ་ནས་དེ་ལྷག་ པར་སྡུག་པ་སྐྱེས་ཏེ། དེས་དེ་གཉིས་བསྟི་གནས་སུ་ཁྲིད་ནས་བསྣུན་གསོས་ཏེ། དེ་དེ་གཉིས་ཀྱི་མིང་བཏགས་པ་ཉི་མ་ཤར་བའི་ཚེ་ཉི་མའི་འོད་ཟེར་གྱིས་སྨིན་པར་བྱས་པ་ལས་འདི་གཉིས་སྐྱེས་པར་གྱུར་པས་དེ་བས་ན་ཉི་མའི་ རིགས་ཡིན་པས་དེས་ན་ཉི་མའི་རིགས་ཞེས་བྱ་བར་གྱུར་ཏོ། །དྲང་སྲོང་གཽ་ཏ་མའི་བུ་ཡིན་པས་མིང་གཉིས་པ་ལ་ནི་གཽ་ཏ་མའི་གཽ་ཏ་མ་ཞེས་བྱ་བར་གྱུར་ཏོ། །རང་གི་ཡན་ལག་ལས་སྐྱེས་པས་མིང་གསུམ་པ་ཡན་ལག་སྐྱེས་བྱ་ བར་གྱུར་ཏོ། །བུ་རམ་ཤིང་གི་ཚལ་གསེབ་ནས་རྙེད་པས་མིང་བཞི་པ་བུ་རམ་ཤིང་པ་བུ་རམ་ཤིང་པ་ཞེས་བྱ་བར་གྱུར་ཏོ། །ཇི་ཙམ་ན་དུས་གཞན་ཞིག་ན་རྒྱལ་པོ་བྷ་ར་དྭཱ་ཛ་བུ་མེད་པར་ཤི་ནས། བློན་པོ་རྣམས་འདུས་ནས་གྲོས་བྱ་ 67-1-127b བར་བརྩམས་པ། ཤེས་ལྡན་དག་སུ་ཞིག་རྒྱལ་པོར་དབང་བསྐུར་བར་བྱ། གཞན་དག་གིས་སྨྲས་པ། དེའི་གཅེན་གཽ་ཏ་མ་དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་སྟེ་རྒྱལ་སྲིད་འདི་ནི་དེའི་རིགས་རྒྱུད་དུ་འོངས་པ་ཡིན་པས་དེ་དབང་ བསྐུར་རོ། །དེ་ནས་དེ་རྣམས་ཀྱིས་གྲོས་བྱས་ནས་དྲང་སྲོང་གསེར་མདོག་གི་དྲུང་དུ་སོང་སྟེ་ཕྱིན་པ་དང་། རྐང་པ་གཉིས་ལ་བཏུགས་ནས་སྨྲས་པ། དྲང་སྲོང་ཆེན་པོ་གཽ་ཏ་མ་གང་དུ་མཆིས། དེས་སྨྲས་པ། ཁྱེད་ཅག་ཁོ་ནས་བསད་ དོ། །དེ་རྣམས་ཀྱིས་སྨྲས་པ། དྲང་སྲོང་ཆེན་པོ་བདག་ཅག་གིས་དེ་མཐོང་བར་ཡང་མི་དྲན་ན་ཇི་ལྟར་བསད། ཁོ་བོས་ཁྱེད་ཅག་དྲན་པར་བྱའོ་མ་ནོངས་སོ། །དེས་དེ་རྣམས་དྲན་པར་བྱས་པ་དང་། སྨྲས་པ། དྲང་སྲོང་ཆེན་པོ་ གལ་ཏེ་དེ་ལྟ་ན་སྡིག་པ་སྤྱོད་པ་དེ་མིང་ཙམ་སྨོས་པ་ཡང་བསྒྲགས་པ་མ་ཡིན་གྱིས་ཞོག་ཤིག །དེས་སྡིག་པའི་ལས་ཅི་བྱས། འདི་དང་འདིའོ། །སྐྱོན་མེད་པ་གནོད་པ་མི་བྱེད་པ་དེས་སྡིག་པའི་ལས་མ་བྱས་པར་ཁྱེད་ཅག་ གིས་བསད་དོ། །དེ་ལྟར་ཅི་མངོན། དེས་ཇི་ལྟར་གྱུར་པ་རྒྱས་པར་སྨྲས་པ་དང་། དེ་རྣམས་ཡིད་མི་བདེ་བ་སྐྱེས་ནས་སྨྲས་པ། དྲང་སྲོང་ཆེན་པོ་གལ་ཏེ་དེ་ལྟ་ན་དེས་མ་ལེགས་ཀྱི། བདག་ཅག་གིས་སྡིག་པའི་ལས་བགྱིས་སོ་ ཞེས་དེ་རྣམས་དེ་སྐད་དུ་སྨྲ་བར་བྱེད་པ་ན། ཁྱེའུ་དེ་གཉིས་ཀྱང་དྲང་སྲོང་གི་དྲུང་དུ་འོངས་སོ། །བློན་པོ་རྣམས་ཀྱིས་སྨྲས་པ། དྲང་སྲོང་ཆེན་པོ་ཁྱེའུ་འདི་གཉིས་སུའི་ལགས། དེས་སྨྲས་པ། དེ་ཁོ་ནའི་བུའོ། །དེ་རྣམས་ཀྱིས་སྨྲས་པ། འདི་གཉིས་ཇི་ལྟར་སྐྱེས། འདི་གཉིས་ཀྱི་མིང་ཅི་ལགས། དེས་བྱུང་བ་དང་བཅས་པར་རྒྱས་པར་སྨྲས་པ། བློན་པོ་རྣམས་ཀྱིས་དེ་ཐོས་ཏེ་མཆོག་ཏུ་ངོ་མཚར་སྐྱེས་ནས་དེ་རྣམས་ཀྱིས་དྲང་སྲོང་དེ་ལ་གསོལ་བ་བཏབ་ནས་དེ་ གཉིས་ལས་གཞོན་ནུ་ཕུ་བོ་ཤོས་རྒྱལ་སྲིད་ཀྱི་དབང་བསྐུར་བས་དབང་བསྐུར་བ་ལས་དེ་ཡང་བུ་མེད་པར་ཤིའོ། །དེ་ནས་གཅིག་ཤོས་ནུ་བོ་དབང་བསྐུར་ནས་དེའི་མིང་རྒྱལ་པོ་བུ་རམ་ཤིང་པ་ཞེས་བྱ་བར་གྱུར་ཏོ། །གཽ་ཏ་ 67-1-128a མ་དག་རྒྱལ་པོ་བུ་རམ་ཤིང་པའི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་བུ་རམ་ཤིང་པ་བརྒྱ་ཡང་གྲོང་ཁྱེར་གྲུ་འཛིན་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་བུ་རམ་ཤིང་པ་འཕགས་སྐྱེས་པོ་ཞེས་བྱ་བ་བྱུང་ ངོ་། །གཽ་ཏ་མ་དག་རྒྱལ་པོ་བུ་རམ་ཤིང་པ་འཕགས་སྐྱེས་པོ་ལ་བུ་བཞི་སྟེ། སྐར་མདའ་གཏོང་དང་། ལག་རྣ་དང་། གླང་པོ་ཆེ་འདུལ་དང་། རྐང་གདུབ་ཅན་ནོ། །དུས་གཞན་ཞིག་ན་དེའི་བཙུན་མོ་དམ་པ་ཤི་ནས་དེ་ལག་པ་འགྲམ་པ་ལ་ གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ། །བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ཅིའི་སླད་དུ་ཕྱག་ལ་ཞལ་གཏད་ནས་ཐུགས་མི་དགྱེས་ཤིང་བཞུགས། དེས་སྨྲས་པ། ངའི་བཙུན་མོ་དམ་པ་ཤི་ན་ཅིའི་ཕྱིར་སེམས་ཡོངས་སུ་ ཆུད་ཅིང་མི་འདུག །ལྷ་གལ་ཏེ་དེ་ལྟ་ན་ཉི་འོག་གི་རྒྱལ་པོ་རྣམས་ལ་བུ་མོ་མཆིས་ན་ཅིའི་སླད་དུ་ལྷའི་བཙུན་མོ་དམ་པ་མི་བཙལ། རྒྱལ་པོས་སྨྲས་པ། གཞོན་ནུ་འདི་དག་ནི་རྒྱལ་སྲིད་མངོན་པར་འདོད་པས་ཕྱིར་རྒོལ་བ་འདི་དག་ ཡོད་ན་ང་ལ་སུ་ཞིག་བུ་མོ་སྟེར་བར་འགྱུར། ལྷ་དགོངས་ཤིག་དང་། བདག་ཅག་གིས་བཙལ་ལོ། །ཇི་ཙམ་ན་རྒྱལ་པོ་གཞན་ཞིག་གི་བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་བཙུན་མོ་དམ་པར་འཆམ་པ་ཡོད་ པ་དེ་མི་རྣམས་ཀྱིས་བརྟགས་ཏེ། རྒྱལ་པོ་དེའི་དྲུང་དུ་དོང་ནས། དེ་རྣམས་ཀྱིས་གཅིག་ནས་གཅིག་ཏུ་རྒྱུད་དེ་རྒྱལ་པོ་དེ་ལ་རིག་པར་བྱས་པ་དང་རྒྱལ་པོས་བསྒོ་བ། ཁུག་ཤིག །དེ་ནས་དེ་རྣམས་རྒྱལ་པོའི་སྤྱན་སྔར་དོང་ནས་རྐང་པ་ གཉིས་ལ་གཏུགས་ཏེ་ཐོག་མར་གཏམ་བྱས་ནས་འདུག་གོ། །གཏམ་གྱི་སྐབས་རྙེད་ཅིང་རྒྱལ་པོའི་ཞལ་མཐོང་ནས་སྨྲས་པ། ལྷ་བཀྲ་ཤིས་པར་གྱུར་ཅིག །བཀྲ་ཤིས་པར་གྱུར་ཅིག །རྒྱལ་པོས་སྨྲས་པ། ཤིས་ལྡན་དག་ཁྱེད་ ཅི་གསོལ། རྒྱལ་པོ་བུ་རམ་ཤིང་པ་འཕགས་སྐྱེས་པོའི་བཙུན་མོ་དམ་པ་གུམ་ནས་དེའི་ཆེད་དུ་སྲས་མོ་སླང་ངོ་། །རྒྱལ་པོས་སྨྲས་པ། འཐབ་རིང་བབ་པའི་མཆོག་ཡིན་པས་རུང་ན་འོན་ཀྱང་དམ་ཞིག་བཅའ་སྟེ། གལ་ཏེ་ངའི་བུ་མོ་ 67-1-128b ལ་ཁྱེའུ་ཞིག་ཡོད་པར་གྱུར་ན་དེ་གལ་ཏེ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་གཞག་པ་ལྟ་ན་སྦྱིན་ནོ། །ལྷ་བཀའ་བཞིན་འཚལ་མཆིས་ལ་ལྷ་ལ་སྙན་དུ་གདས་པར་གསོལ་ལོ་ཞེས་དེ་རྣམས་དོང་ནས། རྒྱལ་པོ་བུ་རམ་ཤིང་པ་འཕགས་ སྐྱེས་པོ་ལ་ཇི་ལྟར་གྱུར་པ་སྨྲས་པ། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་གཞོན་ནུ་ཆེས་ཕུ་བོར་གྱུར་པ་རྒྱལ་སྲིད་ལ་མངོན་པར་དགའ་བ་རྣམས་སྤངས་ཏེ། ནུ་བོ་རྒྱལ་སྲིད་ལ་འཇོག་པ་དེ་ནི་འོས་པ་མ་ཡིན་ནོ། །ལྷ་དོན་འདི་ ལ་ངེས་པ་མ་མཆིས་ཏེ། རེ་ཤིག་བཙུན་མོ་བླངས་ལ་ལྷ་དེ་དང་ལྷན་ཅིག་རྩེད་མོ་དང་། དགྱེས་པ་དང་། དགྱེས་དགུར་སྤྱོད་པ་མཛོད་ཅིག །དེ་ལ་ཁྱེའུ་བཙའ་བར་འགྱུར་རམ། འོན་ཏེ་བུ་མོར་འགྱུར་རམ། །སྤྱི་མ་མཆིས་པར་འགྱུར་ བ་སུས་འཚལ། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་གལ་ཏེ་དེ་ལྟ་ན་དེང་ལ་ལོངས་ཤིག །དེ་རྣམས་དོང་ནས་བསུ་སྟེ། ཇི་ཙམ་ན་རྒྱལ་པོའི་དཔལ་གྱི་འབྱོར་པ་ཆེན་པོས་བླངས་ནས་དེ་ཡང་རྒྱལ་པོས་མངོན་པར་གྱུར་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་དུས་གཞན་ཞིག་ན་བཙུན་མོ་སེམས་ཅན་དང་ལྡན་པར་གྱུར་ཏོ། །དེ་ཟླ་བ་བརྒྱད་དམ་ དགུ་འདས་པ་དང་། ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཞིག་བཙས་སོ། །བཙས་ནས་དེའི་བཙས་སྟོན་རྒྱ་ཆེར་བྱས་ཏེ་ཁྱེའུ་འདིའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་འདི་ ལྟར་མ་སྐྱེས་པ་ཉིད་ནས་རྒྱལ་སྲིད་ལ་མངོན་པར་དགའ་བས་དེའི་སླད་དུ་ཁྱེའུའི་མིང་རྒྱལ་སྲིད་དགའ་ཞེས་བགྱིའོ། །ཁྱེའུ་རྒྱལ་སྲིད་དགའ་མ་མ་བརྒྱད་ལ་རྗེས་སུ་གཏད་དེ་ཞེས་བྱ་བ་ནས་རྫིང་ན་གནས་པའི་པད་མ་བཞིན་དུ་མྱུར་དུ་སྐྱེད་དྲག་ པར་བྱེད་དོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་རྒྱལ་ཚབ་ཀྱི་རྒྱལ་སྲིད་ལ་མ་བཞག་པ་དེའི་ཞང་པོ་རྒྱལ་པོས་ཐོས་ནས། དེས་དེ་ལ་ཕོ་ཉ་བཏང་སྟེ། ཚིག་རྩུབ་པོ་དང་ཆས་པའི་སྤྲིང་ཡིག་བསྐུར་བ། ཁྱེད་ཀྱིས་སྔོན་ཁས་བླངས་ 67-1-129a ཤིང་དམ་བཅས་པ་བཞིན་གལ་ཏེ་བྱེད་ན་དེ་ལྟ་ན་ལེགས། གལ་ཏེ་དེ་ལྟར་མ་བྱས་ན་ཁྱོད་ཀྱི་མཐུ་དང་བརྩོན་འགྲུས་ཀྱི་ཕ་རོལ་གནོན་པ་གང་ཡིན་པ་དེས་སྡོད་ཅིག །ཁོ་བོ་འོ་ནིར་འོངས་ནས་ཡུལ་འཁོར་བུར་མར་བརླག་གོ། །རྒྱལ་པོ་དེ་ མཐུ་ཆེན་པོ་དང་ལྡན་པས་དེས་ཐོས་ནས་སྐྲག་སྟེ། བློན་པོ་རྣམས་བསོགས་ནས་སྨྲས་པ། ཤེས་ལྡན་དག་ང་ལ་རྒྱལ་པོ་དེས་འདི་སྐད་ཅེས་སྤྲིང་ན་དེ་ལ་ཇི་ལྟར་བསྒྲུབ་པར་བྱ། དེ་རྣམས་ཀྱིས་སྨྲས་པ། ལྷ་རྒྱལ་སྲིད་དགའ་རྒྱལ་ཚབ་ཏུ་དབང་ བསྐུར་ལགས་མོད། དེས་སྨྲས་པ། ཤེས་ལྡན་དག་གཞོན་ནུ་ཆེས་ཕུ་བོར་གྱུར་པ་རྒྱལ་སྲིད་ལ་མངོན་པར་དགའ་བ་རྣམས་སྤངས་ཏེ། ནུ་བོ་རྒྱལ་སྲིད་ཀྱིས་དབང་བསྐུར་བ་འདི་ནི་འོས་པ་མ་ཡིན་ནོ། །དེ་རྣམས་ཀྱིས་སྨྲས་པ། ལྷ་རྒྱལ་པོ་དེ་ནི་ སྟོབས་དང་བཞོན་པ་རྒྱ་ཆེ་བས་གལ་ཏེ་འདིར་མཆིས་ན་གདོན་མི་འཚལ་བར་ཡུལ་བུར་མར་རློག་པ་གང་ལགས་པའི་གནས་དེ་མཆིས་པས་རྒྱལ་སྲིད་དགའ་རྒྱལ་ཚབ་ཀྱི་དབང་ཕྱུག་ལ་དབང་བགྱིད་པར་དབང་བསྐུར་ལ། གཞོན་ནུ་དེ་རྣམས་ནི་སྤྱུག་ཏུ་ གསོལ། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་སྐྱོན་མེད་ཅིང་གནོད་པ་མ་བྱས་པའི་གཞོན་ནུ་རྣམས་ཇི་ལྟར་སྤྱུག །ལྷ་བདག་ཅག་ནི་བློན་པོ་ལགས་ཏེ། ལྷ་ལ་སྨན་པར་བགྱི་བ་ལྷུར་ལེན་པ་ལགས་པས་སྐྱོན་མ་མཆིས་པ་དང་། ནོངས་པ་མ་མཆིས་པ་ ཡང་སྤྱུགས་ལ་སྐྱོན་མཆིས་པ་དང་། ནོངས་པ་བགྱིས་པ་ནི་གཞག་གོ། །རྒྱལ་པོས་བཏང་སྙོམས་སུ་གཞག་ནས་ཅང་མི་སྨྲ་བར་འདུག་གོ། །བློན་པོ་རྣམས་ཚོགས་ནས་ཕན་ཚུན་དུ་གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག་ཐབས་ཤིག་བཤམ་པར་བྱ་སྟེ། དེས་ན་རྒྱལ་པོ་གཞོན་ནུ་རྣམས་ལ་ཐུགས་བྱུང་བར་འགྱུར་བ་ཞིག་བྱའོ་ཞེས་དེ་ནས་དེ་རྣམས་ཀྱིས་བསྐྱེད་མོས་ཚལ་བྱི་དོར་བྱས་པ། རི་མོ་སྣ་ཚོགས་བྲིས་པར་ཤིན་དུ་དྲི་ཞིམ་པའི་པོག་པོར་ཉེ་བར་བཞག །དར་གྱི་ཆུན་འཕྱང་མང་པོ་བཏགས། མེ་ཏོག་སྣ་ཚོགས་ཀྱིས་དགའ་དགའ་ལྟར་བྱས་པ་ཞིག་བྱེད་ཏུ་བཅུག་གོ། །དེ་ནས་དེ་རྣམས་ཀྱིས་བློན་པོ་རྣམས་ཀྱིས་བསྐྱེད་མོས་ཚལ་དེའི་བྱི་དོར་བྱེད་པ་རྒྱང་རིང་པོ་ནས་མཐོང་ནས་གཞོན་ནུ་རྒོད་བག་ཅན་དེ་རྣམས་བསྐྱེད་མོས་ཚལ་གྱི་ཕྱོགས་སུ་དོང་ 67-1-129b ངོ་། །བློན་པོ་རྣམས་བསྐྱེད་མོས་ཚལ་གྱི་བྱི་དོར་བྱས་ནས་སྒོར་བྱུང་བ་དང་གཞོན་ནུ་རྣམས་ཀྱིས་དྲིས་པ། འདི་སུའི་བསྐྱེད་མོས་ཚལ་དེ་རྣམས་ཀྱིས་སྨྲས་པ། ལྷའི་ལགས་སོ། །དེ་རྣམས་སླར་ལོག་པར་བརྩམས་པ་དང་བློན་པོ་རྣམས་ཀྱིས་སྨྲས་པ། གཞོན་ནུ་རྣམས་ནང་དུ་ཞུགས་ཤིག །ཅིའི་ཕྱིར་སླར་ལྡོག །དེ་རྣམས་ཀྱིས་སྨྲས་པ། ལྷའི་བསྐྱེད་མོས་ཚལ་ཡིན་ན་འདིར་འཇུག་ཏུ་ག་ལ་རུང་། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་འམ་གཞོན་ནུ་རྣམས་རོལ་པ་འདི་ལ་འགལ་བ་ཅི་མཆིས། དེ་རྣམས་ ནང་དུ་ཞུགས་ཏེ་རྩེ་བར་བརྩམས་སོ། །བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ལྷ་བསྐྱེད་མོས་ཚལ་ལེགས་པར་བྱི་དོར་བགྱིས་ལགས་ཀྱིས་ལྷ་གཟིགས་པའི་དུས་ལ་བབ་ལགས་སོ། །རྒྱལ་པོ་ཆས་པ་དང་བསྐྱེད་མོས་ཚལ་ན་ཀུ་ཅོའི་སྒྲ་ཐོས་སོ། ། ཐོས་ནས་ཀྱང་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་བསྐྱེད་མོས་ཚལ་ན་ཀུ་ཅོའི་སྒྲ་གྲག་ན་འདི་ན་སུ་ཞིག་འདུག །བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་གཞོན་ནུ་རྣམས་སོ། །གལ་ཏེ་དེ་ལྟ་ན་ངས་གཞོན་ནུ་རྣམས་སྤངས་སོ། །བློན་པོ་རྣམས་ཀྱིས་རྐང་པ་གཉིས་ལ་ གཏུགས་ཏེ་སྨྲས་པ། ལྷ་བཟོད་པར་མཛད་ཅིང་གཞོན་ནུ་རྣམས་སྤང་བར་གསོལ། །རྒྱལ་པོས་སྨྲས་པ། དེ་བཞིན་དུ་བྱའོ་ཞེས་གཞོན་ནུ་དེ་རྣམས་སྤྱུག་པར་ཆད་པ་དང་རྒྱལ་པོའི་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། ལྷ་གལ་ཏེ་དེ་ལྟ་ན་བདག་ཅག་ འཁོར་གྱི་སྐྱེ་བོ་དང་ལྷན་ཅིག་མཆི་ན་དེ་ཅི་ནས་ཀྱང་མི་དགག་པ་ད་ལྟར་བཀའ་སྩལ་པའི་རིགས་སོ། །རྒྱལ་པོས་བསྒོ་ནས། དེ་རྣམས་ཆས་པ་ན། དེ་རྣམས་ལ་དགའ་བའི་ཕོ་བྲང་འཁོར་གྱི་མི་སྐྱེ་བོའི་ཚོགས་ཆེན་པོ་དང་དེ་རྣམས་ལྷན་ཅིག་ཆས་ཏེ་ ཞག་བདུན་དུ་གྲོང་ཁྱེར་གྲུ་འཛིན་གྱི་སྒོ་ཕྱེ་ནས་ནི་སྐྱེ་བོའི་ཚོགས་རྒྱུས་སོ། །བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ལྷ་གལ་ཏེ་གྲོང་ཁྱེར་གྱི་སྒོ་མ་བཀུམ་ན་རིང་པོ་མི་ཐོགས་པར་གྲུ་འཛིན་སྟོངས་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་སྒོ་ཆོད་ཅིག ། དེ་ནས་གཞོན་ནུ་དེ་རྣམས་རང་གི་སྲིང་མོ་ཁྲིད་ནས་མཐར་ཀྱིས་རི་བོ་གངས་རི་དང་ཉེ་བ་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ་ན། དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་མི་རིང་བ་ཞིག་ཏུ་ཕྱིན་ནས་དེ་རྣམས་ཀྱིས་དེར་ལོ་མའི་སྤྱིལ་བུ་དག་ 67-1-130a བྱས་ཏེ། གནས་བཏབ་ནས་རི་དགས་བསད་ཅིང་བསད་ནས་འཚོ་བ་བྱེད་ཅིང་དུས་གསུམ་དུ་དྲང་སྲོང་སེར་སྐྱའི་བསྟི་གནས་སུ་འདོང་བར་བྱེད་དོ། །ལང་ཚོ་དང་དར་ལ་བབ་པའི་དྲེགས་པས་ཟིན་པས་འདོད་ཆགས་ཀྱིས་ཤིན་ དུ་ཉེན་ཏེ། ཤ་བྲི་ངན་པ་སྐྱ་བོ་བསེང་བསེང་པོར་གྱུར་ཏོ། །ཇི་ཙམ་དུ་གཞན་ཞིག་ན་དྲང་སྲོང་སེར་སྐྱས་དེ་ལྟ་བུ་མཐོང་ནས་དྲིས་པ། ཁྱེད་ཅག་ཅིའི་ཕྱིར་སྐྱ་བོ་བསེང་བསེང་པོར་གྱུར། དེ་རྣམས་ཀྱིས་སྨྲས་པ། དྲང་སྲོང་ཆེན་པོ་ བདག་ཅག་འདོད་པའི་འདོད་ཆགས་ཀྱིས་ཤིན་དུ་ཉེན་པས་སོ། །དེས་སྨྲས་པ། རང་རང་གི་སྲིང་མོ་སྤོངས་ལ་མས་དབྱེན་གྱི་སྲིང་མོ་རྣམས་དང་ལྷན་ཅིག་འདུག་ཤིག །དྲང་སྲོང་ཆེན་པོ་བདག་ཅག་གིས་དེ་ལྟ་བུ་བགྱིར་རུང་ངམ། ཤེས་ལྡན་དག་ འདི་ལྟར་རྒྱལ་རིགས་རྒྱལ་སྲིད་སྟོར་བ་རྣམས་ཀྱིས་རུང་ངོ་། །དེ་ནས་དེ་རྣམས་དྲང་སྲོང་གི་ཚིག་ནི་ཚད་མ་ཡིན་ནོ་སྙམ་ནས་འདོད་པའི་འདོད་ཆགས་ཀྱིས་ཉེན་པས་དགའ་བ་དང་མགུ་བ་སྐྱེས་ཏེ། མས་དབྱེན་གྱི་སྲིང་མོ་རྣམས་དང་ལྷན་ཅིག་རྩེ་ བར་བྱེད། དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །དེ་རྣམས་དང་དེ་དག་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་པ་ན་བུ་ཕོ་དང་། བུ་མོ་དག་བཙས་ཏེ་དེ་རྣམས་ཆེན་པོར་གྱུར་པ་དང་། བསམ་ གཏན་གྱི་ཚེར་མ་ནི་སྒྲ་ཡིན་པས་དྲང་སྲོང་སེར་སྐྱ་སེམས་རྩེ་གཅིག་པ་ཉིད་ཏུ་མ་བཏུབ་ནས་ཤེས་ལྡན་དག་མཐོང་ཟིན་གྱིས་ཁོ་བོ་གཞན་དུ་འགྲོའོ། །དྲང་སྲོང་ཆེན་པོ་ཅིའི་ཕྱིར། བསམ་གཏན་གྱི་ཚེར་མ་ནི་སྒྲ་ཡིན་པས་ སེམས་རྩེ་གཅིག་པ་ཉིད་དུ་མ་བཏུབ་པས་སོ། །དྲང་སྲོང་ཆེན་པོ་ཁྱོད་འདི་ཉིད་ན་བཞུགས་ཤིག །བདག་ཅག་གཞན་དུ་མཆི་ན། འོན་ཀྱང་སའི་ཕྱོགས་ཤིག་བདག་ཅག་ལ་ཕོག་ཤིག །ཤེས་ལྡན་དག་རུང་ངོ་། །དྲང་སྲོང་བདག་ཉིད་ ཆེན་པོ་དེ་རྣམས་ནི་འདོད་པ་བཞིན་ཡིད་ལ་རེ་བ་འགྲུབ་པ་ཡིན་པས་དེས་གསེར་གྱི་བྱ་མ་བུམ་བླངས་ཏེ། ཆུའི་རྒྱུན་གྱིས་གྲོང་ཁྱེར་གྱི་རྣམ་པ་དག་བྲིས་ནས་དེ་རྣམས་ཀྱིས་གྲོང་ཁྱེར་བརྩིགས་སོ། །དྲང་སྲོང་སེར་སྐྱས་དེ་རྣམས་ཀྱི་ 67-1-130b གནས་ཀྱི་ཕྱིར་གཞི་ཡོངས་སུ་བཏང་བས་སེར་སྐྱའི་གཞི་སེར་སྐྱའི་གཞི་ཞེས་བྱ་བར་གྱུར་ཏོ། །དེ་རྣམས་དེར་འཕེལ་བར་གྱུར་པས་སྐྱེ་བོའི་ཚོགས་ཆེན་པོར་གྱུར་ཏེ། དོགས་པས་འཕེལ་ཆེ་བར་མ་གྱུར་ཏོ། །ལྷ་རྣམས་ཀྱི་ སེམས་ཀྱིས་དེ་རྣམས་ཀྱི་སེམས་ཤེས་ནས་ཕྱོགས་གཞན་ཞིག་བསྟན་པ་དང་། དེ་རྣམས་དེར་དོང་སྟེ་གྲོང་ཁྱེར་ཅིག་ཤོས་བརྩིགས་ནས་ལྷས་བསྟན་ལྷས་བསྟན་ཅེས་བྱ་བར་གྱུར་ཏོ། །དེ་ནས་དེ་རྣམས་ཚོགས་ཤིང་འདུས་ ནས་ཕན་ཚུན་གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག་གང་གི་ཕྱིར་བདག་ཅག་སྤྱུགས་པ་ནི་རིགས་མཉམ་པ་ལས་ཆུང་མ་མ་བླངས་པ་དེ་ལས་གྱུར་གྱིས་དེ་བས་ན་བདག་ཅག་ལས་སུས་ཀྱང་རིགས་མཉམ་པ་ལས་ཆུན་མ་ བླང་བར་མི་བྱ་སྟེ་གཅིག་ཁོ་ནས་ཆོག་ཤེས་པར་བྱའོ། །དེ་རྣམས་རིགས་མཉམ་པ་གཅིག་ཁོ་ན་ལས་ཆུང་མ་ལེན་གྱི་ཆུན་མ་ནི་མི་ལེན་ཏོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་འཕགས་སྐྱེས་པོ་བུ་སྡུག་པ་རྣམས་རྗེས་སུ་དྲན་ ནས་བློན་པོ་རྣམས་ལ་སྨྲས་པ། ཀྱེ་གྲོང་པ་དག་གཞོན་ནུ་དེ་རྣམས་ད་ལྟར་གང་ན་འདུག །དེ་རྣམས་ཀྱིས་སྨྲས་པ། ལྷས་ནོངས་པ་འགའ་ཞིག་ལ་སྤྱུགས་པ་ལས་དེ་རྣམས་རང་རང་གི་སྲིང་མོ་ཁྲིད་དེ་འདི་ནས་མཆིས་པ་ན་གངས་རི་དང་ ཉེ་བ་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ་དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་མི་རིང་བ་ཞིག་ཏུ་གནས་བཏབ་སྟེ་རང་རང་གི་སྲིང་མོ་སྤངས་ཏེ། མས་དབྱེན་གྱི་སྲིང་མོ་རྣམས་དང་ལྷན་ཅིག་རྩེ་བར་བགྱིད། དགའ་བར་བགྱིད། དགའ་དགུར་སྤྱོད་པར་ བགྱིད་དོ། །དེ་རྣམས་རྩེ་བར་བགྱིད། དགའ་བར་བགྱིད། དགའ་དགུར་སྤྱོད་པར་བགྱིད་པ་ན་བུ་ཕོ་དང་། བུ་མོ་དག་བཙས་སོ། །གྲོང་པ་དག་གཞོན་ནུ་རྣམས་ཀྱིས་དེ་ལྟར་བྱེད་ཕོད་དམ་ལྷ་རྔོ་ཐོགས་ལགས་སོ། །དེ་ནས་རྒྱལ་པོ་བུ་རམ་ཤིང་པ་ འཕགས་སྐྱེས་པོས་རོ་སྟོད་བསྲང་ནས་ལག་པ་གཡས་པ་བརྐྱང་སྟེ། ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ། ཀྱེ་མ་གཞོན་ནུ་རྣམས་ནི་ཕོད་པ་ཡིན་ནོ། །ཀྱེ་མ་གཞོན་ནུ་རྣམས་ནི་ཤིན་དུ་ཕོད་པ་ཡིན་ནོ་ཞེས་སེམས་ཅན་དབང་ཆེན་པོས་ཚིག་ཏུ་ཕྱུང་ 67-1-131a སྟེ། ཀྱེ་མ་གཞོན་ནུ་རྣམས་ནི་ཕོད་པ་ཡིན་ནོ། །ཀྱེ་མ་གཞོན་ནུ་རྣམས་ནི་ཤིན་དུ་ཕོད་པ་ཡིན་ནོ་ཞེས་བྱས་པས་དེ་རྣམས་ཤཱཀྱ་ཤཱཀྱ་ཞེས་བྱ་བར་གྱུར་ཏོ། །དེ་རྣམས་དུས་གཞན་ཞིག་ན་རྒྱལ་པོ་བུ་རམ་ཤིང་པ་འཕགས་ སྐྱེས་པོ་ཤི་ནས་རྒྱལ་སྲིད་དགའ་རྒྱལ་སྲིད་ལ་དབང་བསྐུར་རོ། །དེ་ཡང་བུ་མེད་པར་ཤི་ནས་སྐར་མདའ་གཏོང་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་ཏུ་བཅུག་གོ། །དེ་ཡང་བུ་མེད་པར་ཤི་ནས་ལག་རྣ་རྒྱལ་པོར་གྱུར་ཏོ། །དེ་ཡང་བུ་མེད་ པར་ཤི་ནས་གླང་པོ་ཆེ་འདུལ་རྒྱལ་པོར་གྱུར་ཏོ། །དེ་ཡང་བུ་མེད་པར་ཤི་ནས་རྐང་གདུབ་ཅན་རྒྱལ་པོར་གྱུར་ཏོ། །དེའི་བུ་གནས་འཇོག་གོ། །གཽ་ཏ་མ་དག་གནས་འཇོག་གི་བུ་ས་ཁྱིམ་མོ། །གཽ་ཏ་མ་དག་རྒྱལ་པོ་ས་ཁྱིམ་གྱི་བུ་དང་། ཚ་ བོ་དང་། ཡང་ཚ་དང་། སུམ་ཚའི་རྒྱུད་རྒྱལ་པོ་ལྔ་ཁྲི་ལྔ་སྟོང་གྲོང་ཁྱེར་སེར་སྐྱའི་གཞིར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་ཤིང་རྟ་བཅུ་པ་དང་། ཤིང་རྟ་བརྒྱ་པ་དང་། ཤིང་རྟ་དགུ་བཅུ་དང་། ཤིང་རྟ་ཁྲ་བོ་དང་། ཤིང་རྟ་རྒྱལ་དང་། བརྟན་པའི་ཤིང་རྟ་དང་། གཞུ་བཅུ་པ་དང་། གཞུ་བརྒྱ་པ་དང་། གཞུ་དགུ་བཅུ་དང་། གཞུ་རྒྱལ་དང་། གཞུ་བཀྲ་དང་། གཞུ་བརྟན་ནོ། །གཽ་ཏ་མ་དག་གཞུ་བརྟན་ལ་བུ་གཉིས་ཏེ། སེང་གེའི་འགྲམ་དང་། སེང་གེའི་སྒྲའོ། །གཽ་ཏ་མ་དག་འཛམ་བུའི་གླིང་གི་གཞུ་ཐོགས་ཇི་ སྙེད་ཡོད་པ་དེ་རྣམས་ཀྱི་ནང་ན་སེང་གེའི་འགྲམ་མཆོག་ཏུ་གྲགས་སོ། །གཽ་ཏ་མ་དག་སེང་གེའི་འགྲམ་ལ་བུ་བཞི་སྟེ། ཟས་གཙང་དང་། ཟས་དཀར་དང་། བྲེ་བོ་ཟས་དང་། བདུད་རྩིའི་ཟས་སོ། །བུ་མོ་གཙང་མ་དང་། དཀར་མོ་དང་། བྲེ་མོ་ མ་དང་། བདུད་རྩི་མའོ། །ཟས་གཙང་ལ་བུ་གཉིས་ཏེ། བཅོམ་ལྡན་འདས་དང་། ཚེ་དང་ལྡན་པ་དགའ་བོའོ། །ཟས་དཀར་ལ་བུ་གཉིས་ཏེ། ཚེ་དང་ལྡན་པ་རྒྱལ་དང་། ཤཱཀྱའི་རྒྱལ་པོ་བཟང་ལྡན་ནོ། །བྲེ་བོ་ཟས་ལ་བུ་གཉིས་ཏེ། མིང་ཆེན་ དང་། ཚེ་དང་ལྡན་པ་མ་འགགས་པའོ། །བདུད་རྩི་ཟས་ཀྱི་བུ་གཉིས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་སྦྱིན་ནོ། །གཙང་མའི་བུ་ནི་ལེགས་པར་རབ་སད་དོ། །དཀར་མོའི་བུ་ནི་ཕྲེང་བ་ཅན་ནོ། །བྲེ་བོ་མའི་བུ་ནི་བཟང་ལེན་ནོ། ། 67-1-131b བདུད་རྩི་མའི་བུ་ནི་དགེ་འཕེལ་ལོ། །བཅོམ་ལྡན་འདས་ཀྱི་སྲས་ནི་སྒྲ་གཅན་འཛིན་ཡིན་ཏེ། གཽ་ཏ་མ་དག་མང་པོས་བཀུར་གྱི་ཚེ་དང་ལྡན་པ་སྒྲ་གཅན་འཛིན་དུ་རྫོགས་སྲིད་པའི་བྲེང་རྒྱུད་ཆད། འཁོར་བ་ཟད་དེ་ད་ནི་ཡང་སྲིད་པ་མེད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽ་གལ་གྱི་བུ་ཆེན་པོའི་གཏམ་རྫོགས་པར་མཁྱེན་ནས་བཞེངས་ཏེ་བཞུགས་སོ། །བཞུགས་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་ལེགས་སོ་ ལེགས་སོ། །མཽད་གལ་གྱི་བུ་ཁྱོད་ཀྱིས་དགེ་སློང་རྣམས་ཀྱི་མདུན་དུ་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལས་བརྩམས་ནས་ཆོས་ཀྱི་གཏམ་སྨྲས་པ་ཡང་ཁྱོད་ལེགས་སོ། །མཽད་གལ་གྱི་བུ་ཡང་ཁྱོད་ཀྱིས་ཤཱཀྱ་རྣམས་ཀྱི་སྔོན་གྱི་ རིགས་རྒྱུད་ལས་བརྩམས་ཏེ་ཆོས་ཀྱི་གཏམ་རྟག་ཏུ་སྨྲོས་ཤིག་དང་། དེས་ནི་དེ་རྣམས་ལ་ཡུན་རིང་པོའི་དོན་དང་ཕན་པ་དང་བདེ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ ཁྱེད་ཀྱིས་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལས་བརྩམས་པའི་ཆོས་ཀྱི་གཏམ་ཆོངས་ཤིག །ཟུང་ཤིག །ལྷོགས་ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལས་བརྩམས་པའི་ཆོས་ཀྱི་ གཏམ་ནི་དོན་དང་ལྡན་ཆོས་དང་ལྡན་པ་ནས་ཚངས་པར་སྤྱོད་པའི་བར་དང་ལྡན་པ་ཡིན་ཏེ། དགེ་སློང་དག་རིགས་ཀྱི་བུ་དད་པས་རབ་ཏུ་བྱུང་བས་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལས་བརྩམས་པའི་ཆོས་ཀྱི་གཏམ་གཟུང་ཞིང་ བཀླག་པའི་རིགས་སོ། །དེ་ནས་སེར་སྐྱའི་གཞིའི་ཤཱཀྱ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ། རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ ཀྱིས་སྤྱན་སྔ་ནས་དོང་ངོ་། །དེའི་ཚེ་གྲོང་ཁྱེར་སེར་སྐྱའི་གཞི་ན་རྒྱལ་པོ་སེང་གེ་འགྲམ་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་སྟེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ། འཐབ་པ་དང་། 67-1-132a ཐབ་མོ་དང་། རྩོད་པ་དང་། འགྱེད་པ་དང་། ཆོམ་རྐུན་མེད་ཅིང་ནད་རབ་ཏུ་ཞི་བར་གྱུར་པ། འབྲས་དང་། བུ་རམ་ཤིང་གི་ཕྲེང་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་ན་བུ་གཅིག་པ་ལ་སྡུག་པ་བཞིན་དུ་རྒྱལ་སྲིད་སྐྱོང་བར་བྱེད་དོ། ། གྲོང་ཁྱེར་ལྷས་བསྟན་དུ་རྒྱལ་པོ་ལེགས་པར་རབ་སད་ཅེས་བྱ་བ་རྒྱལ་སྲིད་བྱེད་ཏུ་འཇུག་སྟེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ། འཐབ་པ་དང་། ཐབ་མོ་དང་། རྩོད་པ་དང་། འགྱེད་པ་ དང་། ཆོམ་རྐུན་མེད་ཅིང་ནད་རབ་ཏུ་ཞི་བར་བྱ་བར་གྱུར་པ། འབྲས་དང་། བུ་རམ་ཤིང་གི་ཕྲེང་བ་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་ན། བུ་གཅིག་པ་ལ་སྡུག་པ་བཞིན་དུ་རྒྱལ་སྲིད་སྐྱོང་བར་བྱེད་དོ། །རྒྱལ་པོ་ལེགས་པར་རབ་སད་ ཀྱི་བཙུན་མོ་དམ་པ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། ཡུལ་གྱི་བཟང་མོ་ལུམ་བི་ནཱི་ཞེས་བྱ་བ་ཡོད་དོ། །ལྷས་བསྟན་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་གནས་པ་དེའི་ཀུན་དགའ་ར་བ་མེ་ཏོག་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། ཆུ་ཕུན་སུམ་ཚོགས་པ་དང་། བྱ་སྣ་ཚོགས་སྐད་འབྱིན་ པས་དེའི་ཀུན་དགའ་ར་བ་དགའ་དགའ་ལྟར་འདུག་པ་དེར་རྒྱལ་པོ་དུས་དུས་སུ་བཙུན་མོའི་འཁོར་དང་ལྷན་ཅིག་ལྷགས་ནས་དེ་ན་དགའ་བའི་རྩེད་མོ་ཉམས་སུ་མྱོང་བར་བྱེད་དོ། །ལུམ་བི་ནིས་དེ་མཐོང་ནས་འདོད་པ་སྐྱེས་དེ། དེས་སྨྲས་ པ། ལྷ་ཀུན་དགའ་ར་བ་འདི་བདག་ལ་སྩལ་དུ་གསོལ། རྒྱལ་པོས་སྨྲས་པ། ད་ཀུན་དགའ་ར་བ་འདི་ཁྱིམ་བདག་གི་ཡིན་ན་ཇི་ལྟར་སྦྱིན། གལ་ཏེ་ཁྱོད་ལ་ཀུན་དགའ་ར་བ་དགོས་ན་ཁྱོད་ཀྱི་ཕྱིར་དེ་བས་ལྷག་པར་བཟང་བ་གཞན་ཞིག་ བྱའོ། །དེ་ནས་རྒྱལ་པོ་ལེགས་པར་རབ་སད་ཀྱིས་ལུམ་བི་ནཱིའི་ཆེད་དུ་དེ་བས་ཁྱད་པར་དུ་འཕགས་པའི་ཀུན་དགའ་ར་བ་ཞིག་བྱེད་དུ་བཅུག་ནས། དེའི་མིང་ལུམ་བི་ནཱིའི་ཚལ་ཞེས་བྱ་བར་གྱུར་ཏོ། །རྒྱལ་པོ་སེང་གེ་འགྲམ་ལ་ཡུན་རིང་ 67-1-132b པོ་ནས་ཀྱེ་མའོ་བདག་གི་རྒྱུད་ལ་འཁོར་ལོས་སྒྱུར་བ་སྐྱེ་བར་གྱུར་ཀྱང་ཅི་མ་རུང་སྙམ་པའི་བསམ་པ་འདི་ཡོད་དོ། །རྒྱལ་པོ་ལེགས་པར་རབ་སད་ལ་ཡང་ཡུན་རིང་པོ་ནས་ཀྱེ་མའོ་བདག་ནི་སེང་གེ་འགྲམ་དང་ལྷན་ཅིག་གཉེན་དུ་གྱུར་ཀྱང་ཅི་ མ་རུང་སྙམ་པའི་བསམ་པ་འདི་ཡོད་དོ། །ཇི་ཙམ་དུ་དུས་གཞན་ཞིག་ན་དེའི་བཙུན་མོ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་དགུར་སྤྱོད་པ་ལས་དུས་གཞན་ཞིག་ན་བཙུན་མོ་སེམས་ཅན་དང་ལྡན་པར་གྱུར་ནས། དེ་ཟླ་བ་ བརྒྱད་དམ་དགུ་འདས་པ་ན་བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། ཡན་ལག་དང་། ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །བཙས་པ་དེའི་གཟུགས་བཟང་པོས་རྒྱལ་པོ་ལེགས་པར་རབ་སད་ བཙུན་མོའི་འཁོར་དང་བཅས་པ་དང་ལྷས་བསྟན་ན་གནས་པའི་སྐྱེ་བོའི་ཚོགས་རྣམས་མཆོག་ཏུ་ངོ་མཚར་སྐྱེས་ཏེ། ཐེ་ཙོམ་དུ་གྱུར་ནས་ཅི་འདི་བུ་མོ་ཡིན་ནམ། འོན་ཏེ་ལས་སྣ་ཚོགས་པས་སྤྲུལ་པའི་སྒྱུ་འཕྲུལ་ཡིན་སྙམ་ མོ། །དེའི་བཙས་པའི་བཙས་སྟོན་ཉི་མ་བདུན་གསུམ་ཉི་ཤུ་གཅྀག་ཏུ་རྒྱ་ཆེར་བྱས་ནས་བུ་མོ་འདིའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །བློན་པོ་རྣམས་ཀྱིས་སྨྲས་པ། ལྷས་བསྟན་ན་གནས་པའི་སྐྱེ་བོའི་ ཚོགས་ལམ་པོ་ཆེ་དང་། ཚོང་འདུས་དང་། སུམ་མདོ་དང་། བཞི་མདོ་རྣམས་སུ་གླེང་བ་ཁ་ཅིག་གི་མཆིད་ནས་ནི་འདི་བུ་མོ་ཁོ་ན་ལགས་ཏེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་གཟུགས་བཟང་ཞིང་ཁ་དོག་ཕུན་སུམ་ཚོགས་པར་གྱུར་ ཏོ་ཞེས་མཆིའོ། །གཞན་དག་གི་མཆིད་ནས་ནི་འདི་བུ་མོ་མ་ལགས་ཀྱི་འོ་ན་ཅི་ཞེ་ན་ལས་སྣ་ཚོགས་པས་སྤྲུལ་པའི་སྒྱུ་འཕྲུལ་ལགས་སོ་ཞེས་མཆི་ལགས་པས། དེ་བས་ན་བུ་མོའི་མིང་སྒྱུ་འཕྲུལ་ཞེས་བགྱི་བར་གདགས་སོ་ ཞེས་བཏགས་སོ། །བུ་མོ་སྒྱུ་འཕྲུལ་མ་མ་བརྒྱད་ལ་རྗེས་སུ་གཏད་དེ་ཞེས་བྱ་བ་ནས་ཆེན་མོར་གྱུར་ཏོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ལ་མཚན་མཁན་རྣམས་ཀྱིས་ལུང་བསྟན་པ། མཚན་ཕུན་སུམ་ཚོགས་པ་དུ་མ་ 67-1-133a དང་ལྡན་པ་ཞིག་བཙའ་བར་འགྱུར་ཞིང་སྟོབས་ཀྱིས་འཁོར་ལོས་སྒྱུར་བར་འགྱུར་རོ་ཞེས་བསྟན་ཏོ། །ཡང་དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་པ་ལས་བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་ པ་མཛེས་པ། ཁ་དོག་བཟང་མོ་རྒྱས་པ་མཆོག་དང་ལྡན་པ་ཞིག་བཙས་སོ། །དེ་བཙས་པ་ན་གྲོང་ཁྱེར་དེ་དག་ཐམས་ཅད་སྣང་བ་རྒྱ་ཆེན་པོས་སྣང་བར་བྱས་ཏེ། སྒྱུ་འཕྲུལ་ལ་ཇི་ལྟ་བ་བཞིན་དུ་དེའི་གཟུགས་བཟང་བ་རྣམ་པ་ ཐམས་ཅད་དུ་དཔྱད་པར་མི་ནུས་སོ། །དེའི་བཙས་པའི་བཙས་སྟོན་ཡང་རྒྱ་ཆེར་བྱས་ནས། བུ་མོ་འདིའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །བློན་པོ་རྣམས་ཀྱིས་སྨྲས་པ། སྒྱུ་འཕྲུལ་བས་འདི་ལྷག་ པར་གཟུགས་བཟང་བས། སྒྱུ་འཕྲུལ་ཆེན་མོ་ཞེས་བགྱི་བར་གདགས་སོ་ཞེས་བཏགས་སོ། །དེ་ཡང་བསྐྱེད་བསྲིངས་ནས་ཆེན་མོར་གྱུར་པ་དང་། དེ་ལ་མཚན་མཁན་རྣམས་ཀྱིས་ལུང་བསྟན་པ། སྐྱེས་བུ་ཆེན་པོའི་ མཚན་སུམ་བཅུ་རྩ་གཉིས་དང་ལྡན་པ་ཞིག་བཙའ་བར་འགྱུར་ཏེ། དེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ལུང་བསྟན་ཏོ། །རྒྱལ་པོ་ལེགས་པར་རབ་སད་ཀྱིས་རྒྱལ་པོ་སེང་གེ་འགྲམ་ལ་ཕོ་ཉ་བཏང་སྟེ། བདག་ ལ་བུ་མོ་གཉིས་ཤིག་བཙས་པ་ནི་སྒྱུ་འཕྲུལ་དང་། སྒྱུ་འཕྲུལ་ཆེན་མོ་ལགས་ཏེ། དེ་ལ་གཅིག་ལ་ནི་མཚན་ཐམས་ཅད་ཕུན་སུམ་ཚོགས་པའི་བུ་ཞིག་བཙའ་བར་འགྱུར། དེ་ནི་སྟོབས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་ པོར་འགྱུར་རོ་ཞེས་ལུང་བསྟན་ཏོ། །གཅིག་ཤོས་ལ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པའི་བུ་ཞིག་བཙའ་བར་འགྱུར་ཞིང་དེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ལུང་བསྟན་ཀྱིས་འདི་ གཉིས་ལས་གང་བཞེད་པ། གཞོན་ནུ་ཟས་གཙང་གི་ཆུང་མར་སྣོམས་ཤིག །སེང་གེ་འགྲམ་གྱིས་སླར་སྤྲིང་པ། གཉིས་ཀ་ཡང་གཞོན་ནུ་ལ་དགོས་མོད་ཀྱི། འོན་ཀྱང་ཆུང་མ་འདྲ་བ་གཉིས་གཅིག་ལ་གཞག་པར་མི་ 67-1-133b བྱ་བས། གང་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པའི་བུ་བཙའ་བར་འགྱུར་བ་དེ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ལུང་བསྟན་པ་དེ་རེ་ཤིག་འདོད་དོ། །གཅིག་ཤོས་ཀྱང་ཚོགས་ལ་བརྟག་ པར་བྱའོ། །དེས་དེ་འཁོར་ལྔ་བརྒྱ་དང་བཀྲིའོ། །དེའི་ཚེ་ཤཱཀྱ་རྣམས་ཀྱི་ཕྱིར་རྒོལ་བ་སྐྱ་བསེང་ཞེས་བྱ་བ་རི་ཁྲོད་པ་ཅིག་ཡོད་ནས་ཤཱཀྱ་རྣམས་འདུས་ཏེ། རྒྱལ་པོ་སེང་གེ་འགྲམ་གྱི་དྲུང་དུ་སོང་ནས། ལྷ་སྐྱ་བསེང་རི་ཁྲོད་པ་བདག་ཅག་ ལ་གནོད་པ་བགྱིད་ཀྱིས་གྲོགས་མཛད་དུ་གསོལ། དེས་སྨྲས་པ། ཤེས་ལྡན་དག་ཁོ་བོ་རྒས་པས་དེ་རྣམས་དང་ལྷན་ཅིག་གཡུལ་སྤྲད་པར་མི་ནུས་སོ། །ལྷ་གཞོན་ནུ་ཟས་གཙང་གཏང་དུ་གསོལ། དམ་ཞིག་བཅའ་སྟེ། གལ་ཏེ་ གཞོན་ནུ་ཇི་ལྟ་བུ་འདོད་པའི་དམ་པ་གཅིག་བསླངས་པའི་དམ་པ་དེ་སྦྱིན་པ་བལྟ་ན་གཏང་ངོ་། །དེ་རྣམས་ཀྱིས་སྨྲས་པ། ལྷ་བཀའ་བཞིན་འཚལ་སྩལ་བར་བགྱིའོ། །རྒྱལ་པོས་དཔུང་གི་ཚོགས་ཡན་ལག་བཞི་པ་གཞོན་ནུ་ཟས་གཙང་ལ་ བསྔོ་ནས་དེས་རི་ཁྲོད་པ་དེ་རྣམས་བཅོམ། རབ་ཏུ་བཅོམ་སྟེ་རྨེག་བཏའོ། །དེ་ནས་ཤཱཀྱ་རྣམས་མགུ་ནས་རྒྱལ་པོ་སེང་གེ་འགྲམ་གྱི་དྲུང་དུ་དོང་སྟེ་ལྷ་གཞོན་ནུས་རི་ཁྲོད་པ་རྣམས་བཅོམ་རབ་ཏུ་བཅོམ་སྟེ་རྨེག་བཏའ་ལགས་པས་ བདག་ཅག་གློ་བ་དགའ་ན། གཞོན་ནུ་མཆོག་ཅི་བཞེད་གསུངས་ཤིག་དབུལ་ལོ། །ཤེས་ལྡན་དག་ཤཱཀྱ་རྣམས་ཀྱི་ཁྲིམས་སུ་བཅས་པ་སུས་ཀྱང་མཉམ་པ་ལས་ཆུན་མ་གཞག་པར་མི་བྱའོ་ཞེས་བཅས་སོ། །ལྷ་ཅི་ཁྲིམས་ འདྲལ་ལམ། དེས་སྨྲས་པ། ལྷག་པར་ཤིན་དུ་བསྡམ་གྱི་དྲལ་བར་མི་བྱ་ན། འོན་ཀྱང་གཞོན་ནུའི་དམ་པ་གཅིག་སློང་བ་ནི་མཉམ་པ་ལས་ཆུན་མ་བླང་བ་ཡིན་ནོ། །ལྷ་རུང་གིས་དེ་བཞིན་དུ་མཛོད་ཅིག །དེ་ནས་སེང་གེ་འགྲམ་གྱིས་ ལེགས་པར་རབ་སད་ལ་ཕོ་ཉ་བཏང་ནས། ཁོ་བོས་ཚོགས་བརྟགས་ཟིན་གྱིས་བུ་མོ་གཅིག་ཤོས་ཀྱང་བཀྲི་ཤིག །དེས་དེ་ཡང་འཁོར་ལྔ་བརྒྱ་དང་བཀྲི་སྟེ། གཞོན་ནུ་ཟས་གཙང་གིས་གཉི་ག་བླངས་སོ། །ཇི་ཙམ་དུས་ 67-1-134a གཞན་ཞིག་ན་རྒྱལ་པོ་སེང་གེ་འགྲམ་ཤི་ནས། སེར་སྐྱའི་གཞི་ན་རྒྱལ་པོ་ཟས་གཙང་རྒྱལ་སྲིད་བྱེད་དུ་བཅུག་སྟེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ། འཐབ་པ་ དང་། ཐབ་མོ་དང་། རྩོད་པ་དང་། འགྱེད་པ་དང་། ཆོམ་རྐུན་མེད་ཅིང་། ནད་རབ་ཏུ་ཞི་བར་གྱུར་པ། འབྲས་དང་། བུ་རམ་ཤིང་གི་ཕྲེང་བ་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་ན། བུ་གཅིག་པ་ལ་སྡུག་པ་བཞིན་དུ་རྒྱལ་སྲིད་སྐྱོང་ བར་བྱེད་དོ། །དེ་དུས་གཞན་ཞིག་ན་བཙུན་མོ་སྒྱུ་འཕྲུལ་ཆེན་པོ་དང་ལྷན་ཅིག་སྟེང་གི་ཁང་བཟངས་ཀྱི་གཞི་སྐྱེས་པ་མེད་པར་དོང་ནས། རོལ་མོས་རྩེ་བར་བྱེད། དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །འདི་ནི་ཆོས་ཉིད་ཡིན་ཏེ། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ན་འཇིག་རྟེན་ལ་གཟིགས་པ་ལྔས་གཟིགས་པར་མཛད་དོ། །རིགས་ལ་གཟིགས་པ་དང་། ཡུལ་ལ་གཟིགས་པ་དང་། དུས་ལ་གཟིགས་པ་དང་། རྒྱུད་ལ་གཟིགས་པ་ དང་། བུད་མེད་ལ་གཟིགས་པ་སྟེ། རྒྱ་ཆེར་མདོ་སྔ་མ་དང་སྦྱར་རོ། །མངོན་པར་འབྱུང་བའི་མདོ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་དྷརྨ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། ༄༅༅། །རྒྱ་གར་སྐད་དུ། བྷིཀྵུ་པྲ་རེ་ཛུ་སཱུ་ཏྲ་ནཱ་མ། བོད་སྐད་དུ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་པད་མ་རྒྱས་པ་ཞེས་བྱ་བའི་གཙུག་ལག་ཁང་ན་བཞུགས་ཏེ། དེ་ནས་དགེ་སློང་གི་དགེ་འདུན་འཁོར་སྟོང་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་གཅིག་གོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་འཁོར་འདུས་ པ་དེའི་ནང་ན་འཕགས་པ་ཉེ་བར་འཁོར་ཞེས་བྱ་བ་དབང་པོ་དུལ་བ། ཐོས་པ་དང་ལྡན་པ། ཤེས་རབ་ཟབ་པ། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ལྷག་པར་མོས་ཤིང་མཆོག་ཏུ་འཛིན་པར་གནས་པ་རང་ 67-1-134b གི་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟེར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ནས་ལག་པ་གཉིས་ཀྱི་ཐལ་མོ་སྙིང་ཀར་སྦྱར་བ་བྱས་ཏེ། འཛུམ་དམུལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། འཁོར་བའི་འདམ་ནས་པད་མ་ལྟར་བྱུང་བའི། །སྐྱོབ་མཛད་རི་བོ་ལྟ་བུར་མི་བསྐྱོད་ཐུབ་པའི་སྐུ། །དཔེ་བྱད་རྒྱན་གྱིས་བརྒྱན་ཅིང་མཚན་གྱི་མེ་ཏོག་མཛེས། །བལྟ་བས་མི་ངོམས་རབ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་བདག་ ཅག་འདིར་འདུས་འདི་དག་ལ། །དགེ་སློང་འབའ་ཤིག་གནས་པས་དགེ་སློང་གི། ངོ་བོ་དབྱེ་དང་སྒྲ་འཇུག་ཆེད་བྱ་བ། །བཞི་པོ་འདི་དག་ཐུབ་པས་གསུང་དུ་གསོལ། །དེ་ནས་བཅོམ་ལྡན་བདེ་གཤེགས་རབ་དགྱེས་ཏེ། །ཉེ་བར་འཁོར་ལ་ སྤྱན་གཟིགས་འདི་སྐད་གསུངས། །ལེགས་པར་ཉོན་ཅིག་བུ་ཁྱོད་ཉེ་བར་འཁོར། །ངས་ནི་ཁྱོད་ཀྱི་སེམས་རངས་བྱ་ཕྱིར་དང་། །དགེ་སློང་རྣམས་ལ་ཕན་ཕྱིར་དེ་བཤད་དོ། །དགེ་སློང་ཞེས་བྱ་ཆོས་ཀྱི་རྒྱལ་མཚན་ཏེ། །དགེ་སློང་ཞེས་བྱ་ རྡོ་རྗེ་སྲོག་ཤིང་ཡིན། །དགེ་སློང་ཞེས་བྱ་སྡུག་བསྔལ་སྤངས་པ་སྟེ། །དགེ་སློང་ཞེས་བྱ་རྒྱལ་བའི་སྲས་པོ་ཡིན། །དགེ་སློང་ཞེས་བྱ་ཉོན་མོངས་སྲོག་བཅད་དེ། །དགེ་སློང་ཞེས་བྱ་ཐར་པའི་ཚལ་འགྲོའོ། །དགེ་སློང་རང་གི་ངོ་བོ་བསྡམས་ པ་སྟེ། །རྩ་བ་བཞི་སོགས་ཉིས་བརྒྱ་ལྔ་བཅུ་པ། །ཆེད་དུ་བྱ་བ་རྣམ་དག་ཚུལ་ཁྲིམས་ཡིན། །དབྱེ་བ་མིང་གི་དགེ་སློང་གང་ཡིན་དང་། །རྟགས་ཙམ་འཛིན་དང་ཡང་དག་དགེ་སློང་སྟེ། །སྒྲ་འཇུག་རྣམ་པར་ཟད་ཕྱིར་དང་། །དགེ་བ་སློང་ དང་ཟས་སློང་དང་། །ཞི་བར་གནས་དང་ལམ་ཞུགས་དང་། །ལེགས་པར་འཚོ་དང་ཆགས་སྤངས་དང་། །ཡིད་འོང་ཕྱིར་ན་དགེ་སློང་ངོ་། །དགེ་སློང་ཞེས་བྱ་བརྒྱན་པ་སྟེ། །རྒྱན་སྤངས་རྒྱན་གྱིས་ལེགས་པར་བརྒྱན། །ཆགས་སྤངས་ ཆགས་པ་ཆེན་པོས་སྤྱད། །བྱུག་པ་ཁྲུས་དང་བཟའ་བ་དང་། །རྒྱན་དང་གོས་དང་ཁ་དོག་དང་། །རྟ་དང་གླང་པོ་ཁྱོགས་སོགས་ཀྱི། །བཞོན་པ་བླ་མེད་དེ་ཡང་བཞོན། །དེ་དག་འབྱོར་པ་དགེ་སློང་སྟེ། །དེ་དག་མི་འབྱོར་དགེ་སློང་མིན། ། 67-1-135a དེ་ནས་ཉེ་བར་འཁོར་དེ་ཡིས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །ཅི་དེ་བདེ་བར་གཤེགས་པ་ཡིས། །སྐད་བྱིངས་རྟོགས་པར་དཀའ་བ་གསུངས། །དེ་ཉིད་བདེ་བར་གཤེགས་པ་ཡིས། །ཚིག་གི་མུན་པ་ ཚིག་གི་ནི། །མར་མེས་གསལ་བར་མཛད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གསེར་ལས་སོགས་པ་འཇིག་རྟེན་རྒྱན། །རབ་ཏུ་སྤངས་པས་སྙིང་རྗེ་ཡི། །རྒྱན་གྱི་མཆོག་གིས་བརྒྱན་པར་བྱ། །འཇིག་ རྟེན་མ་ཡིན་བསླབ་པ་ཡི། །གོས་གྱོན་གོས་མཆོག་བཟང་པོ་ཡིན། །ག་པུར་ལ་སོགས་མ་ཡིན་པའི། །ཚུལ་ཁྲིམས་བྱུག་པ་མཆོག་གིས་བྱུག །དཀར་དམར་ལ་སོགས་མ་ཡིན་པའི། །དད་པའི་ཁ་དོག་རྣམ་པར་མཛེས། ། འཇིག་རྟེན་མ་ཡིན་བརྩོན་འགྲུས་ཀྱི། །བཞོན་པ་བླ་མེད་མགྱོགས་པའི་མཆོག །བསམ་གཏན་ཆོས་སྤྱོད་ཟས་མཆོག་ནི། །འབྲས་ཆན་པས་ནི་རོ་མཆོག་ལྡན། །དགེ་འདུན་ཚོགས་ཀྱི་གཞལ་ཡས་ཁང་། །ཞི་གནས་སྟན་ལ་རབ་ ཏུ་སྤྱད། །དེ་དག་ལྡན་ཞིང་ཕྱིར་མི་ལྡོག །དེ་ནི་ཡང་དག་དགེ་སློང་ཡིན། །གཙོ་བོ་གསུམ་དང་འཁོར་ལྔར་ལྡན། །དྲང་སྲོང་སྣོད་བཅས་མཁར་བསིལ་ལྡན། །ལུས་ངག་ཡིད་གསུམ་རྣམ་པར་བསྡམས། །རང་གི་སྤྱོད་པ་བརྟུལ་ཞུགས་ བསྟན། །དེ་ཡང་ཡང་དག་དགེ་སློང་ཡིན། །དེ་གཉིས་ཐར་པའི་གྲོང་ཁྱེར་ལ། །བསྙེན་པས་ཐར་པའི་བདེ་བའི་མཆོག །ཡང་དག་མ་ཡིན་གཉིས་ཤོས་ནི། །ལྷུང་གཟེད་ལ་སོགས་རབ་འབར་བས། །དམྱལ་བར་ཁྲོ་ཆུ་ལྟ་བུར་ནི། ། བསྐལ་པ་སྟོང་ཕྲག་བཞི་རུ་འཚེད། །ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། །ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་རྒྱུ། །ཚུལ་ཁྲིམས་ལྡན་པ་བདེ་བའི་མཆོག །ཚུལ་ཁྲིམས་འཆལ་བ་སྡུག་བསྔལ་ཡིན། །ཤིན་དུ་ལེགས་པར་ཚུལ་ ཁྲིམས་གང་། །བསྡམས་པས་མི་དེ་མཛེས་པའི་གཟུགས། །འདུལ་བ་ལ་ནི་ཉེ་བར་གནས། །ཚུལ་ཁྲིམས་བསླབ་པ་རང་ཡིད་ཆེས། །མི་དེ་ཉི་མ་གཅིག་ལ་ཡང་། །བསོད་ནམས་ཕུང་པོ་དཔག་མེད་པ། །སོག་ཅིང་སངས་རྒྱས་ 67-1-135b འབྲས་བུ་སྐྲུན། །རང་གིས་རང་ལ་བསླུས་འདེབས་ཤིང་། །བསླབ་པ་ལ་ནི་མི་གནས་ཤིང་། །བདེ་བར་གཤེགས་པའི་རྒྱལ་མཚན་འཛིན། །གཟུགས་ཙམ་ལ་ནི་བརྟེན་ནས་སུ། །ང་ནི་དགེ་སློང་ཡིན་ཟེར་བ། །གླང་སྨྱོན་སྣལ་ རལ་བཏགས་པ་འམ། །སྦྲུམ་མ་སྐྱུར་རྩི་འཐུངས་པ་ལྟར། །མི་དེ་ཉི་མ་གཅིག་ལ་ཡང་། །སྡིག་པའི་ས་བོན་དཔག་མེད་དང་། །རང་ལ་གནོད་པ་སྣ་ཚོགས་པ། །བྱེད་པར་འགྱུར་བ་ཁོ་ན་ཡིན། །གང་ཞིག་བསླབ་ལ་མི་གནས་ ཤིང་། །བདེར་གཤེགས་རྒྱལ་མཚན་འཛིན་པ་བས། །བསླབ་པ་མི་གནས་སྐད་ཅིག་ལ། །གཟུགས་པོར་ཁྱིམ་པར་གནས་པ་བཟང་། །བསླབ་པ་མི་གནས་རྟགས་འཛིན་པ། །འཇིག་རྟེན་པ་ནི་ཐམས་ཅད་ཀྱི། །སྙིང་དུ་ སྡུག་པར་མི་འགྱུར་ཞིང་། །ཀུན་གྱི་ཚིག་གི་ངན་སྣོད་ས། །དཔེར་ན་སྡོང་པོ་བཟང་པོ་ལ། །ཡུན་རིང་ཡལ་ཀ་འཁྲུང་བ་བཞིན། །མི་དེ་རྟགས་ཙམ་ཡུན་རིང་ན། །ཁ་ན་མ་ཐོའི་གཏམ་འཕེལ་དང་། །སྡིག་པའི་ལས་རྣམས་ འཕེལ་བར་བཤད། །ཚུལ་ཁྲིམས་འདི་ནི་བདེ་བའི་མཆོག །ཚུལ་ཁྲིམས་འདི་ནི་ཐར་པའི་ལམ། །ཚུལ་ཁྲིམས་འདི་ནི་ཡོན་ཏན་ཞིང་། །ཚུལ་ཁྲིམས་འདི་ནི་སངས་རྒྱས་རྒྱུ། །ཚུལ་ཁྲིམས་འདི་ནི་རབ་མཆོག་ཡིན། །མིག་ གི་འབྲས་བུ་བཞིན་དུ་སྲུངས། །སྲོག་ལ་བབ་ཀྱང་ཚུལ་ཁྲིམས་ནི། །གཏོང་བ་མི་མཁས་བླུན་པོ་ཡིན། །སྲོག་ཆད་ཕྱི་མར་སྐྱེ་བ་སྟེ། །ཚུལ་ཁྲིམས་ཕྱི་ནས་དེ་ལྟར་མིན། །དེ་བས་ཉེ་བར་འཁོར་སོགས་ཀྱིས། །འདི་ཉིད་ལ་ ནི་བརྟན་པར་ཟུང་། །དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། ཉེ་བར་འཁོར་ལ་སོགས་པ་དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ཞེས་བྱ་བ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཤཱི་ལ་སཾ་ཡུག་ཏ་སཱུ་ཏྲ། བོད་སྐད་དུ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ 67-1-136a དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་ རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཤེས་པ་ནི་འགྲིབ། སྲོག་ནི་ཆད། ཚེའི་འདུ་བྱེད་ནི་ངེས་པར་འཇོམས་པར་འགྱུར་ན། ཅིའི་ཕྱིར་བརྩོན་འགྲུས་དང་། བརྟུལ་བ་བརྟན་པོས་སྒྲུབ་པར་མི་བྱེད། མིའི་ལུས་ནི་ཤིན་དུ་ རྙེད་པར་དཀའ་ན་དེ་ཐོབ་ནས་དེས་རྙེད་པའི་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་ཡང་རྙེད་ན་ཐར་པའི་དོན་དང་མི་མཐུན་པ་དག་གིས་བསླུས་ཏེ་སྡུག་བསྔལ་བར་གྱུར་ཏ་རེ། སྲོག་དང་བྲལ་ཞིང་ཤྀ་བ་ནི་སླའི། ཚུལ་ཁྲིམས་ཉམས་ པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་བ་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་འགྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་ བ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ཕྱིར་སྟོན་པས་ཚུལ་ཁྲིམས་རབ་བསྔགས་བཤད། །ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་དང་ཕྲད། །ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག །ཚུལ་ཁྲིམས་འབྱོར་ བ་དྲི་དང་བྱུག་པ་ཡིན། །ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས། །ཚུལ་ཁྲིམས་ལྡན་པ་གདུང་བ་སེལ་བའི་ཆུ། །ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །ཚུལ་ཁྲིམས་དག་གིས་འགྲོ་བ་དམ་ པ་མནོས། །ཇི་ལྟར་སྦྲུལ་གདུག་ཀླུ་ཆེན་ནག་པོ་ཡང་། །ཚུལ་ཁྲིམས་ཅན་ལ་གནོད་མེད་གཞན་ཅི་སྨོས། །ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན། །ཚུལ་ཁྲིམས་ལྡན་པ་གྲགས་འགྱུར་བདེ་བ་ཐོབ། །ཚུལ་ཁྲིམས་ ལྡན་པ་མཐོ་རིས་འགྲོ་བའི་རྒྱུ། །ཇི་ལྟར་མིག་མེད་གཟུགས་མཐོང་མི་རུང་ལྟར། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། །ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། ། 67-1-136b ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད། །དེ་བཞིན་ཚུལ་ཁྲིམས་ཆོས་རྣམས་སྐྱེད་པའི་གཞི། །ཇི་ལྟར་བུམ་ཆག་རིན་ཆེན་སྣོད་མི་རུང་། །དེ་བཞིན་ཚུལ་ཁྲིམས་རལ་བས་ཆོས་ཀུན་གཏུགས། །དང་པོ་ཚུལ་ཁྲིམས་མེད་ པར་གྱུར་པ་དེས། །ཕྱི་ནས་མྱ་ངན་འདས་པ་ཐོབ་སྙམ་འམ། །སྣ་དང་རྣ་རྡུམ་ལ་སོགས་གང་ཡིན་པ། །དེ་ལ་མེ་ལོང་དག་ནི་དགོས་མི་འགྱུར། །རྣ་བས་མ་ཐོས་མིག་སྔར་མ་མཐོང་བཞིན། །བསྟན་སྲུང་མི་དེ་མཐོ་རིས་ འགྲོ་བར་འགྱུར། །ཐོས་མང་ཐོས་ལྡན་ཐོས་སྲུང་མཐོ་རིས་ཉིད། །བུད་མེད་བསྟེན་དུ་ག་ལ་རུང་། །རྒྱལ་པོའི་ཕོ་བྲང་ག་ལ་དགའ། །དབུ་བ་སྙིང་པོ་ག་ལ་ཡོད། །ལོངས་སྤྱོད་རྟག་པ་ག་ལ་ཡིན། །བུད་མེད་དག་ལ་རུང་བ་ མེད། །རྒྱལ་སྲིད་དག་ལ་དགའ་བ་མེད། །དབུ་བ་དག་ལ་སྙིང་པོ་མེད། །ལོངས་སྤྱོད་དག་ལ་རྟག་པ་མེད། །ལོངས་སྤྱོད་དག་ནི་འབབ་ཆུ་བཞིན། །གྲུ་དེ་ཅི་འདྲ་ཁྱིམ་དེ་འདྲ། །མེ་ཏོག་ཅི་འདྲ་གཟུགས་དེ་བཞིན། །སྲོག་ནི་ཆུ་ བུར་འདྲ་བ་ཡིན། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། །དགེ་སློང་དེ་དག་ཡི་རངས་ཏེ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། པཉྩཱ་པཏྟི་ནི་ཀཱ་ཡ་ཤུ་བྷཱ་ཤུ་བྷ་ཕ་པ་རིཀྵ་སཱུ་ཏྲ། བོད་སྐད་དུ། ལྟུང་བ་སྡེ་ལྔའི་དགེ་བ་དང་མི་དགེ་བའི་འབྲས་བུ་བརྟག་པའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་ འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་ སྩལ་པ། དགེ་སློང་དག་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ལོ་ལྔ་བཅུ་གང་ཡིན་པ་དེ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ 67-1-137a ཏུ་རྩིས་པའི་ལོ་ལྔ་བརྒྱ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་དོ། །དགེ་སློང་དག་བསླབ་པའི་ཆོས་གང་དག་བསྲུང་བ་དང་། སྦེད་པ་དང་། ཡོངས་སུ་སྐྱོང་བ་དང་། འདའ་བར་མི་བྱེད་པ་དང་། དེ་དག་ལས་འདས་པ་སྟོན་པ་དང་། རབ་ཏུ་སྟོན་པ་ནི་ལུས་ཞིག་ནས་བདེ་འགྲོ་རྒྱལ་ཆེན་བཞི་པའི་རིས་ཀྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་ལྷའི་ཚེ་དང་། ལྷའི་ཁ་དོག་དང་། ལྷའི་སྟོབས་དང་། ལྷའི་བདེ་བ་དང་། ལྷའི་དབང་ཕྱུག་ལ་དབང་བྱེད་ཅིང་ལྷའི་ གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ལྷའི་གཡོག་འཁོར་དང་ལྡན་པར་འགྱུར་རོ། །དགེ་སློང་དག་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལོ་ལྔ་བརྒྱ་གང་ཡིན་པ་དེ་ནི་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་གོ། ། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་རྩིས་པའི་ལོ་ལྔ་བརྒྱ་ནི་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཚེའི་ཚད་དོ། །དགེ་སློང་དག་བསླབ་པའི་ཆོས་གང་དག་མི་སྲུང་བ་དང་། མི་སྦེད་པ་དང་། ཡོངས་སུ་མི་སྐྱོང་བ་དང་། དེ་དག་ལས་འདའ་བར་བྱེད་པ་དང་། འདས་པ་དེ་དག་མི་སྟོན་པ་དང་། རབ་ཏུ་མི་སྟོན་པ་དེ་ནི་ལུས་ཞིག་ནས་ཤི་བའི་འོག་ཏུ་དམྱལ་བ་ཆེན་པོ་ཡང་སོས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་སྡུག་བསྔལ་དྲག་པ་དང་། རྩུབ་པ་དང་། ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་འགྱུར་རོ། །དགེ་སློང་དག་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་ནི་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག ། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་རྩིས་པའི་ལོ་སྟོང་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཚེའི་ཚད་དོ། །དགེ་སློང་དག་སོ་སོར་བཤགས་པའི་ཆོས་གང་དག་སྲུང་བ་དང་། སྦེད་པ་དང་། ཡོངས་སུ་སྐྱོང་བ་དང་། འདའ་བར་མི་བྱེད་ པ་དང་། དེ་དག་ལས་འདས་པ་སྟོན་པ་དང་། རབ་ཏུ་སྟོན་པ་དེ་ནི་ལུས་ཞིག་ནས་བདེ་འགྲོ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་ལྷའི་ཚེ་དང་ལྷའི་ཁ་དོག་དང་། ལྷའི་སྟོབས་དང་། ལྷའི་བདེ་བ་དང་། 67-1-137b ལྷའི་དབང་ཕྱུག་ལ་དབང་བྱེད་ཅིང་ལྷའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ལྷའི་གཡོག་འཁོར་དང་ལྡན་པར་འགྱུར་རོ། །དགེ་སློང་དག་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ལོ་སྟོང་གང་ཡིན་པ་དེ་ནི་དམྱལ་བ་ཆེན་པོ་ཐིག་ནག་གི་ཉིན་ཞག་ གཅིག་གོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་རྩིས་པའི་ལོ་སྟོང་ནི་དམྱལ་བ་ཆེན་པོ་ཐིག་ནག་གི་ཚེའི་ཚད་དོ། །དགེ་སློང་དག་སོ་སོར་བཤགས་པའི་ཆོས་གང་དག་མི་སྲུང་བ་དང་། མི་སྦེད་པ་དང་། ཡོངས་སུ་མི་སྐྱོང་བ་དང་། དེ་དག་ལས་འདའ་བར་བྱེད་པ་དང་། འདས་པ་དེ་དག་མི་སྟོན་པ་དང་། རབ་ཏུ་མི་སྟོན་པ་དེ་ནི་ལུས་ཞིག་ནས་ཤི་བའི་འོག་ཏུ་དམྱལ་བ་ཆེན་པོ་ཐིག་ནག་ཏུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་སྡུག་བསྔལ་དྲག་པ་དང་། རྩུབ་པ་དང་། ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་འགྱུར་རོ། །ཉེས་བྱས་ཀྱི་ལྟུང་བ་བརྟག་པའོ། །དགེ་སློང་དག་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ལོ་ཉིས་བརྒྱ་གང་ཡིན་པ་དེ་ནི་མཚེ་མའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། །ཉིན་ ཞག་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་རྩིས་པའི་ལོ་ཉིས་སྟོང་ནི་མཚེ་མའི་ལྷ་རྣམས་ཀྱི་ཚེའི་ཚད་དོ། །དགེ་སློང་དག་ལྟུང་བྱེད་ཀྱི་ཆོས་གང་དག་སྲུང་བ་དང་། སྦེད་པ་དང་། ཡོངས་སུ་སྐྱོང་བ་དང་། འདའ་བར་མི་ བྱེད་པ་དང་། དེ་དག་ལས་འདས་པ་སྟོན་པ་དང་། རབ་ཏུ་སྟོན་པ་དེ་ནི་ལུས་ཞིག་ནས་བདེ་འགྲོ་མཚེ་མའི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་ལྷའི་ཚེ་དང་། ལྷའི་ཁ་དོག་དང་། ལྷའི་སྟོབས་དང་། ལྷའི་བདེ་བ་དང་། ལྷའི་དབང་ཕྱུག་ལ་དབང་བྱེད་ཅིང་ལྷའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ལྷའི་གཡོག་འཁོར་དང་ལྡན་པར་འགྱུར་རོ། །དགེ་སློང་དག་མཚེ་མའི་ལྷ་རྣམས་ཀྱི་ལོ་ཉིས་སྟོང་གང་ཡིན་པ་ དེ་ནི་དམྱལ་བ་ཆེན་པོ་བསྡུས་འཇོམས་ཀྱི་ཉིན་ཞག་གཅིག་གོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་རྩིས་པའི་ལོ་ཉིས་སྟོང་ནི་དམྱལ་བ་ཆེན་པོ་བསྡུས་ 67-1-138a འཇོམས་ཀྱི་ཚེའི་ཚད་དོ། །དགེ་སློང་དག་ལྟུང་བྱེད་ཀྱི་ཆོས་གང་དག་མི་སྲུང་བ་དང་། མི་སྦེད་པ་དང་། ཡོངས་སུ་མི་སྐྱོང་བ་དང་། དེ་དག་ལས་འདའ་བར་བྱེད་པ་དང་། འདས་པ་དེ་དག་མི་སྟོན་པ་དང་། རབ་ཏུ་མི་སྟོན་པ་དེ་ནི་ལུས་ ཞིག་ནས་ཤི་བའི་འོག་ཏུ་དམྱལ་བ་ཆེན་པོ་བསྡུས་འཇོམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་སྡུག་བསྔལ་ཤིན་དུ་དྲག་པ་དང་། རྩུབ་པ་དང་ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་འགྱུར་རོ། །ལྟུང་བྱེད་ཀྱི་ལྟུང་བ་བརྟག་པའོ། །དགེ་སློང་དག་འཛམ་བུའི་ གླིང་པའི་མི་རྣམས་ཀྱི་ལོ་བཞི་བརྒྱ་གང་ཡིན་པ་དེ་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་རྩིས་པའི་ལོ་བཞི་སྟོང་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ ཚེའི་ཚད་དོ། །དགེ་སློང་དག་སྦོམ་པོའི་ཆོས་གང་དག་སྲུང་བ་དང་། སྦེད་པ་དང་། ཡོངས་སུ་སྐྱོང་བ་དང་། འདའ་བར་མི་བྱེད་པ་དང་། དེ་དག་ལས་འདས་པ་སྟོན་པ་དང་། རབ་ཏུ་སྟོན་པ་དེ་ནི་ལུས་ཞིག་ནས་བདེ་འགྲོ་དགའ་ལྡན་གྱི་ལྷ་རྣམས་ སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་ལྷའི་ཚེ་དང་། ལྷའི་ཁ་དོག་དང་། ལྷའི་སྟོབས་དང་། ལྷའི་བདེ་བ་དང་། ལྷའི་དབང་ཕྱུག་ལ་དབང་བྱེད་ཅིང་ལྷའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ལྷའི་གཡོག་འཁོར་དང་ལྡན་ པར་འགྱུར་རོ། །དགེ་སློང་དག་དགའ་ལྡན་གྱི་ལྷ་རྣམས་ཀྱི་ལོ་བཞི་སྟོང་གང་ཡིན་པ་དེ་ནི་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་ཉིན་ཞག་གཅིག་གོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག་གོ། །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་རྩིས་པའི་ ལོ་བཞི་སྟོང་ནི་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་ཚེའི་ཚད་དོ། །དགེ་སློང་དག་སྦོམ་པོའི་ཆོས་གང་དག་མི་སྲུང་བ་དང་། མི་སྦེད་པ་དང་། ཡོངས་སུ་མི་སྐྱོང་བ་དང་། དེ་དག་ལས་འདའ་བར་བྱེད་པ་དང་། འདས་པ་དེ་དག་མི་སྟོན་པ་དང་། རབ་ཏུ་ མི་སྟོན་པ་དེ་ནི་ལུས་ཞིག་ནས་ཤི་བའི་འོག་ཏུ་དམྱལ་བ་ཆེན་པོ་ངུ་འབོད་དུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་སྡུག་བསྔལ་ཤིན་དུ་དྲག་པ་དང་། རྩུབ་པ་དང་། ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་འགྱུར་རོ། །སྦོམ་པོའི་ལྟུང་ 67-1-138b བ་བརྟག་པའོ། །དགེ་སློང་དག་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ལོ་བརྒྱད་བརྒྱ་གང་ཡིན་པ་དེ་ནི་འཕྲུལ་དགའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག་གོ། །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་རྩིས་ པའི་ལོ་བརྒྱད་སྟོང་ནི་འཕྲུལ་དགའི་ལྷ་རྣམས་ཀྱི་ཚེའི་ཚད་དོ། །དགེ་སློང་དག་ལྷག་མའི་ཆོས་གང་དག་སྲུང་བ་དང་། སྦེད་པ་དང་། ཡོངས་སུ་སྐྱོང་བ་དང་། འདའ་བར་མི་བྱེད་པ་དང་། དེ་དག་ལས་འདས་པ་སྟོན་པ་དང་། རབ་ཏུ་སྟོན་ པ་དེ་ནི་ལུས་ཞིག་ནས་བདེ་འགྲོ་འཕྲུལ་དགའི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་ལྷའི་ཚེ་དང་། ལྷའི་ཁ་དོག་དང་། ལྷའི་སྟོབས་དང་། ལྷའི་བདེ་བ་དང་། ལྷའི་དབང་ཕྱུག་ལ་དབང་བྱེད་ཅིང་ལྷའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ལྷའི་གཡོག་འཁོར་དང་ལྡན་པར་འགྱུར་རོ། །དགེ་སློང་དག་འཕྲུལ་དགའི་ལྷ་རྣམས་ཀྱི་ལོ་བརྒྱད་སྟོང་གང་ཡིན་པ་དེ་ནི་དམྱལ་བ་ངུ་འབོད་ཆེན་པོའི་ཉིན་གཅིག་གོ། །ཉིན་ཞག་དེ་སུམ་བཅུ་ལ་ ཟླ་བ་གཅིག་གོ། །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་རྩིས་པའི་ལོ་བརྒྱད་སྟོང་ནི་དམྱལ་བ་ངུ་འབོད་ཆེན་པོའི་ཚེའི་ཚད་དོ། །དགེ་སློང་དག་ལྷག་མའི་ཆོས་གང་དག་མི་སྲུང་བ་དང་། མི་སྦེད་པ་དང་། ཡོངས་སུ་མི་སྐྱོང་བ་དང་། དེ་དག་ ལས་འདའ་བར་བྱེད་པ་དང་། འདས་པ་དེ་དག་མི་སྟོན་པ་དང་། རབ་ཏུ་མི་སྟོན་པ་དེ་ནི་ལུས་ཞིག་ནས་ཤི་བའི་འོག་ཏུ་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོར་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་སྡུག་བསྔལ་ཤིན་དུ་དྲག་པ་དང་། རྩུབ་པ་དང་། ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་འགྱུར་རོ། །ལྷག་མའི་ལྟུང་བ་བརྟག་པའོ། །དགེ་སློང་དག་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ལོ་བརྒྱ་ཕྲག་བཅུ་དྲུག་གང་ཡིན་པ་དེ་ནི་གཞན་འཕྲུལ་དབང་ བྱེད་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག་གོ། །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་རྩིས་པའི་ལོ་སྟོང་ཕྲག་བཅུ་དྲུག་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་དོ། ། 67-1-139a དགེ་སློང་དག་ཕམ་པར་འགྱུར་བའི་ཆོས་བཞི་པོ་གང་དག་སྲུང་བ་དང་། སྦེད་པ་དང་། ཡོངས་སུ་སྐྱོང་བ་དང་། འདའ་བར་མི་བྱེད་པ་དང་། དེ་དག་ལས་འདས་པ་སྟོན་པ་དང་། རབ་ཏུ་སྟོན་པ་དེ་ནི་ལུས་ཞིག་ནས་བདེ་འགྲོ་ གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་ལྷའི་ཚེ་དང་། ལྷའི་ཁ་དོག་དང་། ལྷའི་སྟོབས་དང་། ལྷའི་བདེ་བ་དང་། ལྷའི་དབང་ཕྱུག་ལ་དབང་བྱེད་ཅིང་ལྷའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ལྷའི་གཡོག་འཁོར་དང་ལྡན་པར་འགྱུར་རོ། །དགེ་སློང་དག་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལོ་སྟོང་ཕྲག་བཅུ་དྲུག་གང་ཡིན་པ་དེ་ནི་དམྱལ་བ་ཆེན་པོ་ཚ་བའི་ཉིན་ཞག་གཅིག་གོ། །ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་ གཅིག་གོ། །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་རྩིས་པའི་ལོ་ཁྲི་དྲུག་སྟོང་ནི་དམྱལ་བ་ཆེན་པོ་ཚ་བའི་ཚེའི་ཚད་དོ། །དགེ་སློང་དག་ཕམ་པར་འགྱུར་བའི་ཆོས་བཞི་པོ་གང་དག་མི་སྲུང་བ་དང་། མི་སྦེད་པ་དང་། ཡོངས་སུ་མི་སྐྱོང་ བ་དང་། དེ་དག་ལས་འདའ་བར་བྱེད་པ་དང་། འདས་པ་དེ་དག་མི་སྟོན་པ་དང་། རབ་ཏུ་མི་སྟོན་པ་དེ་ནི་ལུས་ཞིག་ནས་ཤི་བའི་འོག་ཏུ་དམྱལ་བ་ཆེན་པོ་ཚ་བར་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་སྡུག་བསྔལ་ཤིན་དུ་དྲག་པ་དང་། རྩུབ་པ་དང་། ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་འགྱུར་རོ། །ཕམ་པར་འགྱུར་བའི་ཆོས་བཞིའི་ལྟུང་བ་བརྟག་པའོ། །དགེ་སློང་དག་དེ་ལྟ་བས་ན། གང་དེ་དག་བསྟན་བཅོས་ཐོས་པ་རྣམས་ཀྱིས་བདག་ལ་ཕན་པར་ བྱ་བ་དང་། སྙིང་བརྩེ་བ་དང་། སྙིང་རྗེ་བ་དང་། དོན་འདོད་པ་དང་། ཕན་པ་ཚོལ་བས་སྙིང་བརྩེ་བ་འདིས་ཁྱེད་ཅག་རྣམས་ཀྱིས་འདི་ལྟར་བྱ་སྟེ། དགེ་སློང་དག་དགོན་པ་དང་། ཤིང་དྲུང་དང་། ཁང་སྟོང་དང་། རི་ཁྲོད་དང་། རི་ཕུག་དང་། པ་ལ་པུན་ཛཱ་བྷྱ་བ་ཀ་ཤ་དང་། དུར་ཁྲོད་དང་། ནགས་མདབ་དང་། བས་མཐའི་གནས་མལ་དུ་གནས་ཏེ་འདི་དག་ངེས་པར་བསམ་པར་བྱའོ། །དགེ་སློང་དག་བག་ཡོད་པར་གྱིས་ཤིག །ཅི་ནས་ཀྱང་ཕྱིས་འགྱོད་པར་འགྱུར་བ་ 67-1-139b དེ་ལྟར་མ་བྱེད་ཅིག །འདི་ནི་ངའི་རྗེས་སུ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ལྟུང་བ་སྡེ་ལྔའི་དགེ་བ་ དང་། མི་དགེ་བའི་འབྲས་བུ་བརྟག་པའི་མདོ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་ཛྙཱ་ན་ཤྲཱི་གུབ་ཏ་དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ། ། མཆོག་ཏུ་གདགས་པའི་མདོ། ༄༅། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ ཀ་ལན་ད་ཀ་གནས་པར་དབྱར་གནས་པར་དམ་བཅས་ཏེ་བཞུགས་སོ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་གསུམ་ན་མཆོག་ཏུ་གདགས་པ་ཡིན་ཏེ། གསུམ་གང་ཞེ་ན། སངས་རྒྱས་ མཆོག་ཏུ་གདགས་པ་དང་། ཆོས་མཆོག་ཏུ་གདགས་པ་དང་། དགེ་འདུན་མཆོག་ཏུ་གདགས་པའོ། །དེ་ལ་སངས་རྒྱས་མཆོག་ཏུ་གདགས་པ་གང་ཞེ་ན། སེམས་ཅན་རྐང་མེད་རྣམས་སམ། རྐང་གཉིས་རྣམས་སམ། རྐང་བཞི་རྣམས་ སམ། རྐང་མངས་རྣམས་སམ། གཟུགས་ཅན་རྣམས་སམ། གཟུགས་ཅན་མ་ཡིན་པ་རྣམས་སམ། འདུ་ཤེས་ཅན་རྣམས་སམ། འདུ་ཤེས་ཅན་མ་ཡིན་པ་རྣམས་སམ། འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མེད་པ་ ཡང་མ་ཡིན་པ་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཆོག་ཡིན་པར་བསྟན་ཏོ། །སངས་རྒྱས་ལ་མངོན་པར་དགའ་བ་སུ་ཡང་རུང་བ་དེ་དག་ནི་མཆོག་ ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་ནི་རྣམ་པར་སྨིན་པ་ཡང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཤིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། 67-1-140a འདི་ནི་སངས་རྒྱས་མཆོག་ཏུ་གདགས་པ་ཞེས་བྱའོ། །ཆོས་མཆོག་ཏུ་གདགས་པ་གང་ཞེ་ན། འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་རྣམས་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་འདོད་ཆགས་དང་བྲལ་བའི་ཆོས་ མཆོག་ཡིན་པར་བསྟན་ཏོ། །ཆོས་ལ་མངོན་པར་དགའ་བ་སུ་ཡང་རུང་བ་དེ་དག་ནི། མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་ནི། རྣམ་པར་སྨིན་པ་ཡང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་ སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཤིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། འདི་ནི་ཆོས་མཆོག་ཏུ་གདགས་པ་ཞེས་བྱའོ། །དགེ་འདུན་མཆོག་ཏུ་གདགས་པ་གང་ཞེ་ན། ཚོགས་སམ། འདུས་པ་འམ། མང་པོ་ འམ། འཁོར་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱི་དགེ་འདུན་མཆོག་ཡིན་པར་བསྟན་ཏོ། །དགེ་འདུན་ལ་མངོན་པར་དགའ་བ་སུ་ཡང་རུང་ བ་དེ་དག་ནི་མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་ནི་རྣམ་པར་སྨིན་པ་ཡང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཤིག་ཏུ་འགྱུར་ བར་ཤེས་པར་བྱ་སྟེ། འདི་ནི་དགེ་འདུན་མཆོག་ཏུ་གདགས་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །མཆོག་ཏུ་ གདགས་པའི་མདོ་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། བི་མུག་ཏ་མཱར་ག་དྷུ་ཏ་གུ་ཎ་ནིར་དེ་ཤ་ནཱ་མ། བོད་སྐད་དུ། རྣམ་པར་གྲོལ་བའི་ལམ་ལས་སྦྱངས་པའི་ཡོན་ཏན་བསྟན་པ་ཞེས་བྱ་བ། འཇམ་དཔལ་གཞོན་ ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དེ་ནས་དེ་ལྟར་ཚུལ་ཁྲིམས་རྣམ་པར་དག་པའི་རྣལ་འབྱོར་པ་སྤྱོད་པ་སྒྲུབ་པར་འདོད་པ། ཡོན་ཏན་དོན་དུ་གཉེར་བས་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་ཏེ་འཇུག་པར་བྱའོ། །རྣལ་འབྱོར་སྤྱོད་པ་ 67-1-140b སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་ནི་རྣམ་གྲངས་དུ་མས་ཡོངས་སུ་རྟོག་པའི་རང་བཞིན་ཅན་དེ་འདི་སྙམ་དུ་གང་དག་བྱིས་པ་བླུན་པོ་མི་གསལ་བ། མི་མཁས་པ་དེ་ཡང་དངོས་པོ་འདི་དག་ཤེས་ན་འདོད་ཆགས་ཀྱི་སེམས་མི་སྐྱེད་ན་ ཤེས་རབ་དང་ལྡན་པའི་རང་བཞིན་ཅན་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་སེམས་སོ་ཞེས་ཇི་སྐད་གང་ངས་བཤད་པ་ལྟ་བུའོ། །དོན་རྣམ་པར་ངེས་པའི་མདོ་ལས་ཀྱང་འབྱུང་སྟེ། དགེ་སློང་དག་འདི་ལ་དགེ་སློང་དག་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ལུས་འདི་ཉིད་ལ་འོག་གི་རྐང་མཐིལ་ཡན་ཆད་སྐྲ་དང་། གླད་པ་ལ་ཐུག་གི་བར་དུ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་སྟེ་ ལུས་འདི་ལ་ཡོད་པ་སྐྲ་དང་། སྤུ་དང་། སེན་མོ་དང་། སོ་དང་། རྔུལ་དང་། དྲི་མ་དང་། ལྤགས་པ་དང་། ཤ་དང་། རུས་པ་དང་། རྒྱུས་པ་དང་། རྩ་དང་། མཁལ་མ་དང་། སྙིང་དང་། གློ་བ་དང་། མཆིན་པ་དང་། ཕོ་བ་དང་། ལོང་ཀ་དང་། སྒྱུ་མ་དང་། གཉེ་མ་དང་། ལྒང་ པ་དང་། སུལ་མངས་དང་། མཚེར་བ་དང་། ཕྱི་ས་དང་། མཆིལ་མ་དང་། རྔུལ་དང་། ངར་སྣབས་དང་། མཆི་མ་དང་། ཞག་དང་། ཆུ་སེར་དང་། རྐང་དང་། ཚིལ་དང་། རྣག་དང་། བད་ཀན་དང་། མཁྲིས་པ་དང་། ཁྲག་དང་། གླད་པ་དང་། གླད་རྒྱས་དང་། གཅིན་ དང་། མིག་རྡུལ་དང་། རྣ་སྤབས་དང་། སེན་མོའི་དྲི་མ་དང་། ལྕེའི་དྲི་མ་དག་ཡོད་དེ། མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་གོ། །དགེ་སློང་དག་འདི་ལྟ་སྟེ་དཔེར་ན། འབྲས་སཱ་ལུ་དང་། འབྲུ་དང་། ནས་དང་། གྲོ་དང་། མོན་སྲན་གྲེའུ་དང་། མོན་སྲན་སྡེའུ་དང་། རྒྱ་སྲན་དང་། འབྲས་ནི་སྤ་བ་དང་། སྲན་ཆུང་དང་། མོན་སྲན་ནེ་གུ་དང་། ཉུངས་དཀར་དང་། འབྲུ་རྣམས་པ་སྣ་ཚོགས་ཀྱིས་གང་བའི་སྦྱང་བ་ཞིག་ཁ་ཕྱེ་བ་དེ་ལ་མིག་དང་ལྡན་ པའི་མི་ཞིག་གིས་བླུགས་ནས་སོ་སོར་རྟོག་སྟེ། སོ་སོར་བརྟགས་ན་འདི་དག་ནི་འབྲས་སཱ་ལུའོ། །འདི་དག་ནི་འབྲུའོ། །འདི་དག་ནི་ནས་སོ། །འདི་དག་ནི་གྲོའོ། །འདི་དག་ནི་མོན་སྲན་གྲེའུ་འོ། །འདི་དག་ནི་མོན་སྲན་སྡེའུ་འོ། །འདི་དག་ནི་ 67-1-141a རྒྱ་སྲན་ནོ། །འདི་དག་ནི་འབྲས་ནི་སྤ་བའོ། །འདི་དག་ནི་སྲན་ཆུང་ངོ་། །འདི་དག་ནི་མོན་སྲན་ནེ་གུའོ། །འདི་དག་ནི་ཏིལ་ལོ། །འདི་དག་ནི་འབྲས་དྲུས་པའོ། །འདི་དག་ནི་ཉུངས་དཀར་རོ་ཞེས་བྱ་བར་ཤེས་སོ། །དགེ་སློང་དག་དེ་ བཞིན་དུ་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་སྟེ། ལུས་འདི་ཉིད་ལ་འོག་གི་རྐང་མཐིལ་ཡན་ཆད་སྐྲ་དང་། གླད་པ་ལ་ཐུག་གི་བར་དུ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་ བ་བཞིན་དུ་སོ་སོར་རྟོག་ཅེས་གསུངས་སོ། །དཔས་བྱིན་གྱི་ཞུས་པའི་མདོ་ལས་ཀྱང་། འདི་ལ་བྱང་ཆུབ་སེམས་དཔའ་ལུས་འདི་ཐོག་མའི་དང་ཐ་མའི་རྒྱུ་ལ་སོ་སོར་བརྟག་པར་བྱའོ། །ཕ་མའི་ཁུ་ཆུ་དང་ཁྲག་འདུས་པ་ལས་འབྱུང་སྟེ། ལུས་འདི་ལ་ཁ་ཆུ་དང་། ཁྲག་ནི་ལུས་ཀྱི་ཐོག་མའི་རྒྱུ་ཡིན་ནོ། །ཐ་མའི་རྒྱུ་ནི་ཟས་འདུ་བ་ལ་སོགས་པ་སྟེ། ཁམ་གྱིས་བཟའ་བ་ཟས་ཟོས་མ་ཐག་ཏུ་བད་ཀན་གྱི་གནས་སུ་འགྲོའོ། །བད་ཀན་གྱི་གནས་སུ་ཕྱིན་ནས། བད་ཀན་གྱིས་ རྐྱང་རྐྱང་པོར་བྱས་ཏེ། ཤིན་དུ་མི་གཙང་བར་འགྱུར་རོ། །དེའི་འོག་ཏུ་མཁྲིས་པའི་གནས་སུ་འགྲོ་སྟེ། མཁྲིས་པའི་གནས་སུ་ཕྱིན་ནས་ཞུ་ཞིང་སྐྱུར་བོར་གྱུར་ཏེ། རླུང་གི་གནས་སུ་འགྲོའོ། །ཞུ་སྟེ་རླུང་གི་གནས་སུ་ཕྱིན་ནས་རླུང་གིས་ ཚིགས་མ་ལོགས་ཤིག །དངས་མ་ལོགས་ཤིག་ཏུ་རྣམ་པར་འབྱེད་དེ་ཚིགས་མ་ལས་ནི་གཅིན་དང་། ངན་སྐྱུགས་ལ་སོགས་ཏེ། དྲི་མ་རྣམས་འབྱུང་། དངས་མ་ལས་ནི་ཁྲག་ཏུ་འགྱུར་ཏེ། ཁྲག་ལས་ཤའོ། །ཤ་ལས་ཚིལ་ལོ། ། ཚིལ་ལས་རུས་པའོ། །རུས་པ་ལས་རྐང་ངོ་། །རྐང་ལས་ཁུ་ཆུའོ། །ཁུ་ཆུ་ལས་འདི་ལྟ་སྟེ། དེ་ལྟར་ཐོག་མ་དང་ཐ་མའི་རྒྱུ་མི་གཙང་བའི་ཕྱིར་ལུས་མི་གཙང་བར་བྱང་ཆུབ་སེམས་དཔའ་བསམ་པར་བྱའོ་ཞེས་གསུངས་སོ། །ཡང་དེ་ ཉིད་ལས་འབྱུང་བ་འདི་ལྟར། མི་གཙང་བ་ཡི་ཕུང་པོའི་ལུས་ལ་ནི། །གཟུགས་མངོན་ང་རྒྱལ་ཅན་གང་གུས་བྱེད་པ། །བྱིས་པའི་བློ་ཅན་དེ་ནི་སྔོན་བཞིན་དུ། །མི་ཤེས་ངན་སྐྱུགས་བུམ་པ་ཐོགས་ཤིང་འགྲོ། །དེ་ཡི་སྣ་ནས་རྣག་གི་རྣམ་པར་ 67-1-141b འཛག །ཁ་ནས་དྲི་མི་ཞིམ་པ་རྟག་ཏུ་འབྱུང་། །མིག་རྔུ་ཆགས་ཤིང་སྐྱེ་བོ་སུན་བུ་ཅན། །དེ་ལ་སུ་ཞིག་ཆགས་ཤིང་གུས་པར་བྱེད། །དཔེར་ན་བྱིས་པ་སོལ་བ་ཐོགས་ནས་སུ། །འདི་ནི་དཀར་པོར་བྱ་ཞེས་བདར་ཀྱང་ནི། །དཀར་པོའི་དངོས་པོར་ མི་འགྱུར་ཟད་པར་འགྱུར། །བྱིས་བློ་ཕྱིན་ཅི་ལོག་གི་ང་རྒྱལ་ཅན། །དེ་ལྟར་མི་གཙང་གཙང་སྦྲའི་བློ་གྲོས་ཅན། །ང་ཡང་ལུས་འདི་གཙང་བར་བྱ་ཞེས་ཏེ། །བསྐུས་ཕྱིས་འབབ་སྟེགས་བརྒྱར་ནི་ཁྲུས་བྱས་ཀྱང་། །འཆི་བདག་དབང་གིས་ཟད་ འགྱུར་གཙང་མི་འགྱུར་ཞེས་གསུངས་སོ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་། དེ་ནས་ལིད་ཙ་བི་དྲི་མ་མེད་པར་གྲགས་པ་ཚད་མེད་པའི་ཐབས་ལ་མཁས་པའི་ཡེ་ཤེས་དང་ལྡན་པ་དེ། ཡངས་པའི་ གྲོང་ཁྱེར་ཆེན་པོ་ན་གནས་ཤིང་འདུག་གོ། །དེ་ཐབས་ལ་མཁས་པས་བདག་ཉིད་ན་བ་ལྟ་བུར་གྱུར་ནས། དེ་ལ་ནད་དྲི་བའི་ཕྱིར་ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། གཞོན་ནུ་དང་། འཁོར་དང་། བྲམ་ ཟེ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། གྲོང་བ་དང་། ཡུལ་གྱི་མི་དང་། དེ་མ་ཡིན་པའི་སྲོག་ཆགས་སྟོང་ཕྲག་མང་པོ་ནད་འདྲིར་འོངས་སྟེ། དེར་ལྷགས་པ་དེ་དག་ལ་ལིད་ཙ་བ་དྲི་མ་མེད་པར་གྲགས་པས་འབྱུང་བ་ཆེན་པོ་བཞིའི་ལུས་ འདི་ཉིད་ལས་བརྩམས་ནས་ཆོས་སྟོན་ཏེ། གྲོགས་པོ་རྣམས་ལུས་འདི་ནི་འདི་ལྟར་མི་རྟག་པ། འདི་ལྟར་མི་བརྟན་པ། འདི་ལྟར་ཡིད་བརྟན་དུ་མི་རུང་བ། འདི་ལྟར་ཉམ་ཆུང་བ། འདི་ལྟར་སྙིང་པོ་མེད་པ། འདི་ལྟར་ཞིག་པ། འདི་ལྟར་ ཡུན་ཐུང་བ། འདི་ལྟར་སྡུག་བསྔལ་བ། འདི་ལྟར་ནད་མང་བ། འདི་ལྟར་འགྱུར་བའི་ཆོས་ཅན་ནོ། །གྲོགས་པོ་དག་འདི་ལྟར་ལུས་འདི་ནི་ནད་མང་པོའི་སྣོད་དེ། མཁས་པར་དེ་ལ་གནས་པར་མི་བྱའོ། །གྲོགས་པོ་དག་ལུས་འདི་ནི་ ཅང་མི་བཟོད་པ་སྟེ། དབུ་བ་རྡོས་པ་ལྟ་བུའོ། །ལུས་འདི་ནི་རིང་དུ་མི་གནས་པ་སྟེ། ཆུའི་ཆུ་བུར་ལྟ་བུའོ། །ལུས་འདི་ནི་ཉོན་མོངས་པའི་སྲེད་པས་བྱུང་བ་སྟེ་སྨྱིག་རྒྱུ་ལྟ་བུའོ། །ལུས་འདི་ནི་སྙིང་པོ་མེད་པ་སྟེ་ཆུ་ཤིང་གི་ཕུང་པོ་ལྟ་བུའོ། ། 67-1-142a ཀྱེ་མ་ལུས་འདི་ནི་རུས་པ་ལ་རྒྱུས་པས་འབྲེལ་པ་སྟེ་འཁྲུལ་འཁོར་ལྟ་བུའོ། །ལུས་འདི་ནི་ཕྱིན་ཅི་ལོག་ལས་བྱུང་བ་སྟེ། སྒྱུ་མ་ལྟ་བུའོ། །ལུས་འདི་ནི་ཡང་དག་པ་མ་ཡིན་པ་མཐོང་བ་སྟེ། རྨི་ལམ་ལྟ་བུའོ། །ལུས་འདི་ནི་སྔོན་གྱི་ ལས་ཀྱི་གཟུགས་བརྙན་སྣང་བ་སྟེ། གཟུགས་ལྟ་བུའོ། །ལུས་འདི་ནི་རྐྱེན་ལ་རག་ལས་པའི་ཕྱིར་བྲག་ཆ་ལྟ་བུའོ། །ལུས་འདི་ནི་སེམས་འཁྲུག་ཅིང་འགྱེས་པའི་མཚན་མ་སྟེ་སྤྲིན་ལྟ་བུའོ། །ལུས་འདི་ནི་སྐད་ཅིག་ཏུ་འཇིག་པ་དང་ལྡན་ ཞིང་མི་གནས་པ་སྟེ། གློག་དང་མཚུངས་པའོ། །ལུས་འདི་ནི་རྐྱེན་སྣ་ཚོགས་ལས་བྱུང་བ་སྟེ། བདག་པོ་མེད་པའོ། །ལུས་འདི་ནི་ས་དང་འདྲ་སྟེ་བྱེད་པ་མེད་པའོ། །ལུས་འདི་ནི་ཆུ་དང་འདྲ་སྟེ་བདག་མེད་པའོ། །ལུས་འདི་ནི་མེ་དང་འདྲ་སྟེ་སྲོག་མེད་ པའོ། །ལུས་འདི་ནི་རླུང་དང་འདྲ་སྟེ་གང་ཟག་མེད་པའོ། །ལུས་འདི་ནི་ནམ་མཁའ་དང་འདྲ་སྟེ། རང་བཞིན་མེད་པའོ། །ལུས་འདི་ནི་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་ཏེ། ཡང་དག་པ་མ་ཡིན་པའོ། །ལུས་འདི་ནི་བདག་དང་བདག་གི་མེད་པ་སྟེ་ སྟོང་པའོ། །ལུས་འདི་ནི་རྩྭ་དང་། ཤིང་དང་། རྩིག་པ་དང་། བོང་བ་དང་། མིག་ཡོར་ལྟ་བུ་སྟེ་བེམས་པོའོ། །ལུས་འདི་ནི་རླུང་གི་འཁྲུལ་འཁོར་དང་ལྡན་པས་འབྱུང་སྟེ་ཚོར་བ་མེད་པའོ། །ལུས་འདི་ནི་རྣག་དང་མི་གཙང་བ་བསགས་པ་སྟེ། གསོག་གོ། །ལུས་འདི་ནི་རྟག་ཏུ་བྱུག་པ་དང་། མཉེ་བ་དང་། འཇིག་པ་དང་། དགྱེས་པའི་ཆོས་ཅན་ཏེ་གསོབ་བོ། །ལུས་འདི་ནི་ནད་བཞི་བརྒྱ་རྩ་བཞིས་གཙེས་པའོ། །ལུས་འདི་ནི་རྟག་ཏུ་རྒ་བས་ཟིལ་གྱིས་ནོན་པ་སྟེ། ཁྲོན་པ་རྙིང་པ་དང་ འདྲའོ། །ལུས་འདི་ནི་འཆི་བའི་མཐར་ཐུག་པ་སྟེ། མཐར་མི་གནས་པའོ། །ལུས་འདི་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་ཡོངས་སུ་ཟིན་པ་སྟེ། གཤེད་མ་དང་། དུག་དྲག་པོ་དང་། གྲོང་སྟོང་ལྟ་བུའོ། །ཁྱེད་ཀྱིས་དེ་ལྟ་བུའི་ལུས་དེ་ལ་ སུན་པ་དང་། སྐྱོ་བ་བསྐྱེད་ཅིང་དེ་བཞིན་གཤེགས་པའི་སྐུ་ལ་མོས་པ་བསྐྱེད་པར་བྱའོ། །གྲོགས་པོ་རྣམས་དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ། བསོད་ནམས་ལས་སྐྱེས་པའོ། །དེ་བཞིན་གཤེགས་པའི་སྐུ་ནི་སྦྱིན་པ་ལས་ 67-1-142b སྐྱེས་པ། ཚུལ་ཁྲིམས་ལས་སྐྱེས་པ། ཏིང་ངེ་འཛིན་ལས་སྐྱེས་པ། ཤེས་རབ་ལས་སྐྱེས་པ། རྣམ་པར་གྲོལ་བ་ལས་སྐྱེས་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལས་སྐྱེས་པ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་ སྙོམས་ལས་སྐྱེས་པ། སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་ལས་སྐྱེས་པ། དགེ་བ་བཅུའི་ལས་ཀྱི་ལམ་ལ་སྐྱེས་པ། བཟོད་པ་དང་དེས་པ་ལས་སྐྱེས་པ། བརྩོན་འགྲུས་བརྟན་པའི་དགེ་བའི་རྩ་བ་ལས་སྐྱེས་པ། བསམ་ གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལས་སྐྱེས་པ། ཐོས་པ་དང་། ཤེས་རབ་དང་། ཐབས་ལས་སྐྱེས་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ལས་སྐྱེས་པ། ཞི་གནས་དང་། ལྷག་ མཐོང་ལས་སྐྱེས་པ། སྟོབས་བཅུ་ལས་སྐྱེས་པ། མི་འཇིགས་པ་བཞི་ལས་སྐྱེས་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལས་སྐྱེས་པ། ཕ་རོལ་དུ་ཕྱིན་པ་ཐམས་ཅད་ལས་སྐྱེས་པ། མངོན་པར་ཤེས་པ་དང་། རིག་པ་ལས་སྐྱེས་ པ། མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་ལས་སྐྱེས་པ། དགེ་བའི་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ལས་སྐྱེས་པ། བདེན་པ་ལས་སྐྱེས་པ། ཡང་དག་པ་ཉིད་ལས་སྐྱེས་པ། བག་ཡོད་པ་ལས་སྐྱེས་པའོ། །གྲོགས་པོ་དག་དེ་ བཞིན་གཤེགས་པའི་སྐུ་ནི་དགེ་བའི་ལས་ཚད་མེད་པ་ལས་སྐྱེས་པ་སྟེ། ཁྱོད་ཀྱིས་དེ་ལྟ་བུར་སྐུ་ལ་མོས་པ་བསྐྱེད་པར་བྱའོ་ཞེས་གསུངས་སོ། །དབང་ཕྱུག་གི་གནས་རྙེད་ན་ཡང་སུས་ཀྱང་ལོག་པར་བསྒྲུབ་པར་མི་བྱ་སྟེ། ཡང་དག་པར་ བསྒྲུབ་པ་ལ་ནན་ཏན་དུ་བྱའོ། །དེ་ལ་ཡང་དག་པར་བསྒྲུབ་པ་ནི་བདེན་པའི་ལེའུ་ལས་འབྱུང་བ། སྐྱེ་དགུ་བསྐྱང་བ་ལ་བརྩོན་པའི་ཆོས་ཀྱི་རྒྱལ་པོས་འདུ་ཤེས་ལ་གནས་པ་བརྒྱད་ཀྱིས་མང་དུ་གནས་པར་བྱའོ། །བརྒྱད་གང་ཞེ་ན། སྐྱེ་ དགུའི་རིས་སུ་གཏོགས་པའི་སེམས་ཅན་རྣམས་ལ་བུའི་འདུ་ཤེས་དང་། མི་སྲུན་པ་རྣམས་ལ་ནད་པའི་འདུ་ཤེས་དང་། སྡུག་བསྔལ་བ་རྣམས་ལ་སྙིང་རྗེའི་འདུ་ཤེས་དང་། བདེ་བ་རྣམས་ལ་དགའ་བའི་འདུ་ཤེས་དང་། མི་མཛའ་བ་ 67-1-143a རྣམས་ལ་དེའི་གཞི་ལ་ཉེས་པར་ལྟ་བའི་འདུ་ཤེས་དང་། མཛའ་བ་རྣམས་ལ་རྗེས་སུ་སྲུང་བའི་འདུ་ཤེས་དང་། ལོངས་སྤྱོད་རྣམས་ལ་སྨན་གྱི་འདུ་ཤེས་དང་། བདག་ལ་བདག་མེད་པའི་འདུ་ཤེས་སོ། །རྒྱལ་པོ་ཆེན་པོ་དེ་ལ་སྐྱེ་ དགུའི་རིས་སུ་གཏོགས་པའི་སེམས་ཅན་རྣམས་ལ་བུའི་འདུ་ཤེས་ཀྱིས་གནས་པ་ནི་རྒྱལ་པོ་དེ་ཕས་བུ་བཅོས་པ་ལྟར་མི་སྲུན་ཚར་གཅོད་པ་ལ་འདུག་ཀྱང་སྙིང་རྗེའི་བསམ་པ་མི་གཏོང་བའོ། །མི་སྲུན་པ་རྣམས་ལ་ནད་པའི་འདུ་ ཤེས་གནས་པ་ནི་སྨན་པ་ལྟར་གནོད་པ་བྱེད་པ་ལ་མི་ཁྲོ་ཞིང་། སྐྱོན་རབ་ཏུ་བསལ་བའི་ཕྱིར་སྦྱོར་བའོ། །སྡུག་བསྔལ་བ་རྣམས་ལ་སྙིང་རྗེའི་འདུ་ཤེས་ཀྱིས་གནས་པ་ནི་གནོད་པ་ཐམས་ཅད་ཡོངས་སུ་སྤོང་ཞིང་ཕན་པ་བསྒྲུབ་ པའི་ཕྱིར་འཇུག་པའོ། །བདེ་བ་རྣམས་ལ་དགའ་བའི་འདུ་ཤེས་ཀྱིས་གནས་པ་ནི་གཞན་གྱི་ནོར་དང་ཡོ་བྱད་ལ་བརྣབ་སེམས་དང་། ཕྲག་དོག་གི་སེམས་མི་སྐྱེད་པའོ། །མི་མཛའ་བ་རྣམས་ལ་དེའི་གཞི་ལ་ཉེས་པར་ལྟ་བའི་ འདུ་ཤེས་ཀྱིས་གནས་པ་ནི་གཞི་ཡོངས་སུ་སྤོང་བ་སྟེ། དེས་སྐྱེ་བོ་གཞན་ལྟ་ཅི་སྨོས་ཀྱི་དགྲ་རྣམས་དང་ཡང་མཛའ་བར་བྱེད་པའོ། །མཛའ་བ་རྣམས་ལ་རྗེས་སུ་སྲུང་བའི་འདུ་ཤེས་ཀྱིས་གནས་པ་ནི་མཛའ་བ་བརྟན་པ་དང་ཐམས་ ཅད་དང་མཛའ་བའོ། །ལོངས་སྤྱོད་རྣམས་ལ་སྨན་གྱི་འདུ་ཤེས་ཀྱིས་གནས་པ་ནི་འདོད་པ་ལ་ལོག་པར་གཡེམ་པ་ལ་ཡོངས་སུ་མི་སྤྱོད་ཅིང་ལོངས་སྤྱོད་རྣམས་ལ་མ་ཆགས་པར་ཡོངས་སུ་སྤྱོད་པའོ། །བདག་ལ་བདག་མེད་པའི་འདུ་ཤེས་ ཀྱིས་གནས་པ་ནི་ཆོས་དོན་དུ་གཉེར་ཞིང་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་དྲུང་དུ་སོང་སྟེ། རྗེས་སུ་འཐུན་པའི་ཆོས་སྒྲུབ་པ་ལ་འཇུག་པ་སྟེ། རྒྱལ་པོ་ཆེན་པོ་འདུ་ཤེས་ལ་གནས་པ་བརྒྱད་པོ་དེ་དག་གིས་གནས་པའི་ཆོས་དང་ལྡན་པའི་རྒྱལ་ པོ་ནི་སྐྱེས་ཕུལ་བ་ཙམ་གྱིས་ཀྱང་ལོངས་སྤྱོད་རྣམས་ཤིན་དུ་མང་དུ་འཕེལ་བར་འགྱུར་གྱི། ཆོས་དང་མི་ལྡན་པ་ནི་གཡོའི་སྦྱོར་བ་དང་། འདུན་པ་རྣམ་པ་ཐམས་ཅད་ཀྱིས་བསྒྲུབས་ཀྱང་དེ་ལྟར་འཕེལ་བར་མི་འགྱུར་རོ་ཞེས་གསུངས་སོ། ། 67-1-143b ཡིད་གཉིས་ལེགས་པར་འཇོམས་པའི་མདོ་ལས་ཀྱང་། ཆོས་བཞི་དང་ལྡན་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལོག་པར་མི་ལྟུང་བའི་ཆོས་ཅན་དུ་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་མྱུར་དུ་མཉེས་པར་བྱེད་ཅིང་། ལོངས་སྤྱོད་ཆེན་པོ་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་འཛིན་ཏོ། །བཞི་གང་ཞེ་ན། འདི་ལྟ་སྟེ་དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བའི་ཕྱིར་གནས་པ་ཡིན། སྡིག་པ་མི་ དགེ་བའི་ཆོས་ལ་སྨོད་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་ཡོངས་སུ་འཛིན་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ་ཞེས་གསུངས་སོ། །མི་དགེ་ བ་ཡོངས་སུ་སྤང་བར་བྱ་བ་གང་ཞེ་ན། ཉི་མའི་སྙིང་པོའི་ལེའུ་ལས་འབྱུང་བ་མ་འོངས་པའི་དུས་ན་རྒྱལ་རིགས་དང་། བྲམ་ཟེའི་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དག་ཆོས་ཀྱིས་གནས་པའི་དགེ་སློང་རྣམས་ ལ་བྱིན་པའི་ཁྱིམ་གྱི་གཞི་དང་། ཞིང་གི་གཞི་དང་། ཀུན་དགའི་ར་བའི་གཞི་དང་། བསྐྱེད་མོས་ཚལ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་ནས། རྐང་འགྲོས་ ཀྱི་བར་དུ་བྱིན་པ་ལ་རྐུ་བ་དང་རིལ་གྱིས་འཕྲོག་པ་དག་འབྱུང་བར་འགྱུར་ཏེ། རྒྱལ་རིགས་ནས་དམངས་རིགས་ཀྱི་བར་དུ་དེ་དག་ཚེ་འདི་ལ། མི་འདོད་པའི་ཆོས་ཉི་ཤུ་དང་མྱུར་དུ་ལྡན་པར་འགྱུར་རོ། །ཉི་ཤུ་གང་ཞེ་ན། ལྷ་འཕང་ བར་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་སུ་དེའི་མི་སྙན་པ་གྲགས་པར་འགྱུར་བ་དང་། དེའི་མཛའ་བ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་ཀྱིས་བོར་བར་འགྱུར་བ་དང་། དེ་ལ་དགྲ་མང་བར་འགྱུར་བ་དང་། ནོར་དང་ འབྲུ་དང་། ཡོ་བྱད་འགྲིབ་པར་འགྱུར་བ་དང་། གཡེང་བ་མང་བར་འགྱུར་བ་དང་། ཡན་ལག་མ་ཚང་བར་འགྱུར་བ་དང་། དེ་གཉིད་མེད་པར་འགྱུར་བ་དང་། དེ་རྟག་ཏུ་སྐོམ་པས་ཉེན་པར་འགྱུར་བ་དང་། དེ་ལ་བཏུང་བ་ཡང་དུག་ཏུ་འགྱུར་བ་དང་། 67-1-144a མཛའ་བ་ཡིད་དུ་འཐད་པ་དང་ཡང་མྱུར་དུ་འབྲལ་བ་དང་། རྟག་ཏུ་གཞན་དང་འཐབ་པར་འགྱུར་བ་དང་། ཕ་མ་དང་། ཆུང་མ་དང་། བུ་ཕོ་དང་། བུ་མོ་དང་། བྲན་ཕོ་དང་། བྲན་མོ་དང་། བྲན་དག་བསྒོ་བའི་རྗེས་སུ་འཐུན་པར་མི་བྱེད་པར་ འགྱུར་བ་དང་། དེའི་ཚིག་གསང་བ་དང་། ནོར་གསང་བ་དང་། བཙུན་མོའི་འཁོར་གསང་བ་དང་། དེ་གསང་བའི་དངོས་པོ་ཐམས་ཅད་སྣང་ཞིང་མངོན་པར་འགྱུར་བ་དང་། བགོ་སྐལ་ལ་སྤྱོད་པ་མི་སྡུག་པ་དག་གི་ལོངས་སྤྱོད་རྣམས་ཆུད་ གསོན་པར་འགྱུར་བ་དང་། མྱུར་དུ་ནད་དྲག་པོས་བཏབ་པར་འགྱུར་བ་དང་། སྨན་དང་ནད་གཡོག་མེད་ཅིང་ཤ་དང་ཁྲག་སྐམས་པ་སྡུག་བསྔལ་མྱོང་བར་འགྱུར་བ་དང་། བདག་གི་གཅིན་གྱིས་ཀྱང་རེག་སྟེ་འཆི་བའི་དུས་བྱེད་པར་འགྱུར་ཏེ། རྒྱལ་པོ་ ཆེན་པོ་མི་འདོད་པའི་ཆོས་ཉི་ཤུ་པོ་འདི་དག་དང་མྱུར་དུ་ཕྲད་པར་འགྱུར་རོ། །གང་ཆོས་ཀྱིས་གནས་པའི་དགེ་སློང་རྣམས་ལ་སྦྱིན་པ་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་དང་། ནོར་དང་། ཡོ་བྱད་ཕྲོགས་སམ། བདག་སྤྱོད་དམ། གཞན་སྤྱོད་དུ་ འཇུག་ན། དེ་འཆི་བའི་དུས་བྱས་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་སྟེ། དེ་ན་ཚེ་བསྐལ་པའི་བར་དུ་ཟངས་བཞུ་བའི་ཁུ་བ་འཐུང་ཞིང་། ལྕགས་ཀྱི་ཐུ་ལུམ་ཟ་ལ། མེའི་གོས་གྱོན་ཅིང་ཤིན་དུ་མི་བཟད་པའི་སྡུག་ བསྔལ་སྣ་ཚོགས་མྱོང་བར་འགྱུར་རོ། །བསྐལ་པར་འདུག་པའི་ཚེ་ཟད་ནས་མྱ་ངམ་དགོན་པ་ཆུ་མེད་པ་ན་ལམ་གོལ་བའི་ཡི་དགས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་རྐང་པ་དང་། ལག་པ་དང་། མིག་མེད་པར་སྐྱེའོ། །དེ་ནི་ཕྱོགས་ བཞིའི་རླུང་ཚ་བས་སྲེག་ཅིང་སྤུ་གྲི་འདྲ་བའི་སོ་ལེས་འགྲ་སྟེ། ལོ་བརྒྱ་སྟོང་དུ་མའི་བར་དུ་དེ་ན་འདི་འདྲ་བར་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་བརྒྱ་ལ་ཅི་སྟེ་དེ་ནས་ཤི་འཕོས་ན་ཡང་རྒྱ་མཚོ་ཆེན་པོར་ཤ་སྣ་ཁུའི་ལུས་དཔག་ཚད་བརྒྱ་བར་ སྐྱེ་སྟེ། དེའི་སྔོན་གྱི་ལས་ཀྱི་རྒྱུས་དཔག་ཚད་བརྒྱ་ཁོ་ར་ཁོར་ཡུག་ཏུ་ཆུ་ཟངས་བཞུ་བའི་ཁུ་བ་འདྲ་བ་བྱུང་ནས། དེའི་ཆུའི་ནང་དུ་ལོ་བརྒྱ་སྟོང་དུ་མའི་བར་དུ་སེམས་ཅན་དམྱལ་བའི་གནོད་པ་མྱོང་བར་འགྱུར་རོ། །དེ་ནས་ཤི་འཕོས་ནས་ 67-1-144b ཀྱང་མྱ་ངམ་དགོན་པར་བརྫུས་ཏེ་སྐྱེས་ནས། ཤ་སྣ་ཁུ་ཆེན་པོ་རི་ཙམ་དུ་འགྱུར་ཏེ། དེ་ཕྱོགས་གཞན་ནས་རླུང་ཤིན་དུ་ཚ་བས་སྲེག་ཅིང་དེར་ཕྱོགས་བཞི་ནས་གཅན་ཟན་དང་བྱ་ཀུན་ལྷགས་ཏེ་ཟའོ། །དེ་བརྒྱ་ལ་ཅི་སྟེ་ཡུན་མོ་ཞིག་ན། དེ་ནས་ཤི་འཕོས་ནས་ཀྱང་སེམས་ཅན་དམྱལ་བ་ཆེན་པོར་སྐྱེའོ། །དེ་ནས་ཤི་འཕོས་ནས་ཀྱང་རྣམ་པ་འདི་ལྟ་བུའི་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ། །ཡོངས་སུ་བརྟག་པ་བཟུང་སྟེ། དེ་བརྒྱ་ལ་ཅི་སྟེ་མི་རྣམས་དང་སྐལ་བ་མཉམ་ པར་སྐྱེས་ན་ཡང་། སངས་རྒྱས་མེད་པའི་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་ཅན་དུ་སྐྱེས་ཤིང་། མིག་མེད་ལ་མི་སྡུག་པར་འགྱུར་ཏེ། རྒྱལ་པོ་ཆེན་པོ་ཆོས་ཀྱིས་གནས་པའི་དགེ་སློང་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་དང་ ནོར་དང་ཡོ་བྱད་ཕྲོགས་ན་དེ་ལྟ་བུར་སྡུག་བསྔལ་བར་འགྱུར་རོ་ཞེས་གསུངས་སོ། །ནམ་མཁའི་སྙིང་པོའི་ལེའུ་ལས་ཀྱང་། རིགས་ཀྱི་བུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་ལྟུང་བའི་རྩ་བ་ལྔ་སྟེ། ལྟུང་བའི་ རྩ་བ་དེ་དག་གིས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཆུད་གཟན་ཏེ། ཕམ་ཞིང་ལྷ་དང་མིའི་བདེ་བའི་གནས་ཐམས་ཅད་ནས་ལྷུང་ནས་ངན་སོང་དུ་འགྲོ་བར་འགྱུར་རོ། །ལྔ་གང་ཞེ་ན། རིགས་ཀྱི་བུ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་མཆོད་རྟེན་གྱི་རྫས་ཕྲོགས་སམ། དགེ་འདུན་གྱི་དང་ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བ་འཕྲོག་ཏུ་འཇུག་པ་འདི་ནི་ལྟུང་བའི་རྩ་བ་དང་པོའོ། །གང་ཡང་ཆོས་སྤོང་ཞིང་འགོག་ཏུ་འཇུག་སྟེ་ ཉན་ཐོས་ངེས་པར་འབྱུང་བ་བཤད་པ་འམ། རང་སངས་རྒྱས་ངེས་པར་འབྱུང་བ་བཤད་པ་འམ། ཐེག་པ་ཆེན་པོས་ངེས་པར་འབྱུང་བ་བཤད་པ་སྤོང་ཞིང་འགོག་ཏུ་འཇུག་པ་འདི་ནི་ལྟུང་བའི་རྩ་བ་གཉིས་པའོ། །གང་ཡང་ངའི་ཕྱིར་རབ་ཏུ་བྱུང་ སྟེ། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་གྱོན་པ་བསླབ་པ་བཟུང་ཡང་རུང་བསླབ་པ་མ་བཟུང་ཡང་རུང་། ཚུལ་ཁྲིམས་འཆལ་པ་ཡང་རུང་། ཚུལ་ཁྲིམས་ལྡན་པ་ཡང་རུང་། དེའི་གོས་ངུར་སྨྲིག་ཕྱོགས་སམ། ཁྱིམ་ན་གནས་ 67-1-145a པར་བྱེད་དུ་འཇུག་གམ། ལུས་ཀྱི་ཆད་པ་གཞུ་སྡེག་བྱེད་དམ། ཆད་པས་གཅོད་དུ་འཇུག་གམ། བཙོན་རར་འཇུག་གམ། སྲོག་དང་བྲལ་བར་བྱེད་དུ་འཇུག་པ་འདི་ནི་ལྟུང་བའི་རྩ་བ་གསུམ་པའོ། །རྒྱལ་རིགས་གང་ཡང་ཆེད་དུ་བསམས་ ཏེ་མའི་སྲོག་གཅོད་པ་དང་། ཕ་དང་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགྲ་བཅོམ་པའི་སྲོག་གཅོད་པ་དང་། དགེ་འདུན་འདུམ་པ་འབྱེད་པ་དང་། ཆེད་དུ་བསམས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་ དང་། མཚམས་མེད་པའི་ལས་ལྔ་པོ་འདི་དག་ལས་གང་ཡང་རུང་བའི་ལས་བྱེད་པ་ནི་རྩ་བའི་ལྟུང་བ་བཞི་པའོ། །རྒྱལ་རིགས་གང་ཡང་རྒྱུ་མེད་པར་སྨྲ་བར་གྱུར་ལ། འཇིག་རྟེན་ཕ་རོལ་ལ་གཡེལ་ཏེ། མི་དགེ་བ་བཅུའི་ལས་ ཀྱི་ལམ་ཡང་དག་པར་བཟུང་ནས་གནས། སེམས་ཅན་གཞན་མང་པོ་དག་ཀྱང་། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་སྟེ། འདུལ་ཞིང་འཛུད་ལ་འགོད་པ་དེ་ནི་ལྟུང་བའི་རྩ་བ་ལྔ་པའོ། །ཡང་བློན་པོའི་ལྟུང་ བའི་རྩ་བ་ལྔ་སྟེ། ལྔ་གང་ཞེ་ན། བློན་པོ་གང་མཆོད་རྟེན་གྱི་རྫས་སམ། དགེ་འདུན་གྱི་དང་། ཕྱོགས་བཞིའི་དགེ་འདུན་གྱི་རྫས་འཕྲོག་པ་འདི་ནི་རྩ་བའི་ལྟུང་བ་དང་པོའོ། །གང་ཡང་གྲོང་འཇོམ་པ་དང་། ལྗོངས་འཇོམ་པ་དང་། གྲོང་ཁྱེར་ འཇོམ་པ་དང་། ཡུལ་འཁོར་འཇོམ་པར་བྱེད་པ་འདི་ནི་ལྟུང་བའི་རྩ་བ་གཉིས་པའོ། །ཡང་བློན་པོ་གང་ཆོས་སྤོང་སྟེ། ཉན་ཐོས་ངེས་པར་འབྱུང་བ་ཁ་འདོད་པ་ཆུང་བ་ཉིད་དང་། ཆོག་ཤེས་པ་ཉིད་དང་། ཡོ་བྱད་བསྙུངས་པ་རྒྱས་པ་དང་། བརྩོན་འགྲུས་རྩོམ་པ་དང་། དགང་སླ་བ་ཉིད་དང་། རིག་པར་གནས་པ་ཉིད་དང་། ཡོངས་སུ་ཞེན་པ་རབ་ཏུ་གཅོད་པར་འགྱུར་ཞིང་། འདི་ནི་ཚུལ་ཁྲིམས་ལེགས་པར་བསྲུངས་པ་དང་། ཏིང་ངེ་འཛིན་གྱི་ཚོགས་དང་། འཕགས་པའི་རིགས་ སྣང་བར་འགྱུར་ལ། ཡོན་ཏན་གྱི་མཆོག་དག་ལ་ཡང་སྣང་བར་འགྱུར་རོ། །དེ་ལ་སྦྱངས་པའི་ཡོན་ཏན་བཅུ་གསུམ་ལ་གོས་དང་ལྡན་པ་གཉིས་ཏེ། ཕྱག་དར་ཁྲོད་པ་ཉིད་དང་། ཆོས་གོས་གསུམ་པ་ཉིད་དོ། །ཟས་དང་ལྡན་པ་ལྔ་སྟེ། 67-1-145b བསོད་སྙོམས་པ་ཉིད་དང་། མཐར་ཆགས་སུ་རྒྱུ་བ་ཉིད་དང་། སྟན་གཅིག་པ་ཉིད་དམ། ཟས་ཆོག་པ་པ་ཉིད་དང་། ཟས་ཕྱིས་མི་ལེན་པ་ཉིད་དོ། །གནས་མལ་དང་ལྡན་པ་ལ་ལྔ་སྟེ། དགོན་པ་པ་ཉིད་དང་། ཤིང་དྲུང་པ་ཉིད་དང་། བླ་གབ་མེད་པ་ ཉིད་དང་། དུར་ཁྲོད་པ་ཉིད་དང་། གཞི་ཇི་བཞིན་པ་ཉིད་དོ། །བརྩོན་འགྲུས་དང་ལྡན་པ་གཅིག་སྟེ། ཅོག་པུ་པ་ཉིད་དོ། །དེ་ལ་ཕྱག་དར་ཁྲོད་པའི་ཡན་ལག་གི་ངོ་བོ་ཉིད་ནི་ཕྱག་དར་ཁྲོད་པ་ཉིད་དོ། །ལྷག་མ་རྣམས་ཀྱི་ཚིག་གི་དོན་ཡང་དེ་བཞིན་དུ་ བརྗོད་པར་བྱའོ། །དེ་ལ་ཕྱག་དར་ཁྲོད་པ་ཉིད་ནི་ཁྱིམ་བདག་གིས་གོས་སྤོང་བ་ཡིན་ནོ། །ཆོས་གོས་གསུམ་པ་ཉིད་ནི་གོས་བཞི་པ་སྤོང་བ་ཡིན་ནོ། །བསོད་སྙོམས་པ་ཉིད་ནི་འགྲོན་དུ་འགྲོ་བ་སྤོང་བ་ཡིན་ནོ། །མཐར་ཆགས་སུ་སུ་རྒྱུ་བ་ ཉིད་ནི་བརྙོགས་པར་རྒྱུ་བ་སྤོང་བ་ཡིན་ནོ། །སྟན་གཅིག་པ་ཉིད་ནི་ལན་གཉིས་སུ་འདུག་པ་སྤོང་བ་ཡིན་ནོ། །ཟས་ཆོག་པ་པ་ཉིད་ནི་ཟས་མང་པོ་སྤོང་བ་ཡིན་ནོ། །ཟས་ཕྱིས་མི་ལེན་པ་ཉིད་ནི་ཟས་ལྷག་པར་ལེན་པ་སྤོང་བ་ཡིན་ནོ། ། དགོན་པ་པ་ཉིད་ནི་གྲོང་མཐར་གནས་པ་སྤོང་བ་ཡིན་ནོ། །ཤིང་དྲུང་པ་ཉིད་ནི་གཡོགས་པར་གནས་པ་སྤོང་བ་ཡིན་ནོ། །བླ་གབ་མེད་པ་ཉིད་ནི་གཡོགས་པ་དང་། ཤིང་དྲུང་དུ་གནས་པ་སྤོང་བ་ཡིན་ནོ། །དུར་ཁྲོད་པ་ཉིད་ནི་གཞན་དུ་གནས་པ་སྤོང་ བ་ཡིན་ནོ། །གཞི་ཇི་བཞིན་པ་ཉིད་ནི་བརྐམ་ཆགས་ཀྱི་གནས་མལ་སྤོང་བ་ཡིན་ནོ། །ཅོག་པུ་པ་ཉིད་ནི་ཉལ་བ་སྤོང་བ་ཡིན་ནོ། །དེ་ལ་ཕྱག་དར་ཁྲོད་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཞེ་ན། ཁྱིམ་བདག་གི་གོས་ཚོལ་བ་ཉིད་དང་། ཡོངས་སུ་འཛིན་པ་ དང་། གཞན་ལ་གསོལ་བ་བྱེད་པའི་ཉེས་དམིགས་ཀྱང་མཐོང་། ཕྱག་དར་ཁྲོད་པ་ཉིད་ཀྱི་ཡོན་ཏན་ཡང་མཐོང་ནས་གོས་ནར་མ་ལ་གནས་པ་འདི་སྐད་དུ། དེང་སླན་ཆད་ཁྱིམ་བདག་གི་གོས་སྤོང་སྟེ། ཕྱག་དར་ཁྲོད་པ་ཉིད་ནི་ཡང་དག་པར་ལེན་ ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་ཕྱག་དར་ཁྲོད་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། གནས་དམ་བཅས་པ་ཉིད་དང་འཐུན་པ་ཉིད་དང་། གཞན་ལ་རག་མ་ལས་པ་ཉིད་དང་། མི་རུང་བ་མི་བྱེད་པ་ཉིད་དང་། ཡོངས་སུ་སྤྱོད་པ་ན་ལྷག་ 67-1-146a པར་མ་ཆགས་པ་ཉིད་དང་། བརྐམ་ཆགས་མེད་པ་ཉིད་དང་། ཆོམ་རྐུན་གྱིས་མི་འཕོགས་པ་ཉིད་དང་། དུས་མ་ལགས་པ་ཉིད་དང་། འབགས་པ་ཆུང་བ་ཉིད་དང་། ཡོ་བྱད་བསྙུངས་པའི་ཚུལ་ཅན་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་། དང་བར་བྱེད་པའི་ཡོན་ཏན་དང་ལྡན་པ་ཉིད་དང་། སྐྱེས་བུ་ཕྱི་མས་མཐོང་ནས་རྗེས་སུ་འཇུག་པ་ཉིད་དང་། ཡང་དག་པའི་སྒྲུབ་པ་སྣང་བ་ཉིད་དང་། རྒྱལ་བས་བསྔགས་པ་སྟེ། དེ་ལྟ་བུ་ལ་སོགས་པ་ནི་ཕྱག་དར་ཁྲོད་པ་ཉིད་ཀྱི་ཡོན་ཏན་དག་ ཡིན་ནོ། །ཕྱག་དར་ཁྲོད་པ་ཉིད་ནི་རྣམ་པ་དུ་ཞིག །ཕྱག་དར་ཁྲོད་པ་ནི་གང་ཞིག་ཡིན། གང་གིས་ནི་ཕྱག་དར་ཁྲོད་པ་ཉིད་འཇིག་ཅེ་ན། ཕྱག་དར་ཁྲོད་པ་ནི་རྣམ་པ་གཉིས་ཏེ། བདག་པོ་མེད་པ་དང་། རང་བཞིན་གྱིས་མི་རྣམས་ཀྱིས་སྨད་པར་ གྲགས་པའོ། །དེ་ལ་ཕྱག་དར་ཁྲོད་དམ། ཕྱག་དར་གྱི་ཕུང་པོ་འམ། ཚོང་འདུས་སམ། ལམ་པོ་ཆེ་ནས་དམ་དུམ་དག་བཏུས་ནས་སྣམ་སྦྱར་བྱས་ཏེ་འཆང་བ་འདི་ནི་བདག་པོ་མེད་པའི་ཕྱག་དར་ཁྲོད་པ་ཡིན་ནོ། །ཁ་ཚར་བཅད་པ་དང་། ཕུན་ ཚར་བཅད་པ་དང་། བ་ལང་གིས་ཟོས་པ་དང་། བྱི་བས་ཟོས་པ་དང་། མེས་ཚིག་པ་དང་། ཡ་སྟགས་དང་། རོ་བག་གི་གོས་དང་། མུ་སྟེགས་ཅན་གྱི་མཚན་མ་འདི་དག་ནི་རང་བཞིན་གྱིས་མི་རྣམས་ཀྱིས་སྨད་པར་གྲགས་པའི་ཕྱག་དར་ཁྲོད་པ་ཡིན་ ནོ། །ཕྱག་དར་ཁྲོད་པ་ནི་ཁྱིམ་བདག་གིས་གོས་སྤོང་བ་ཡིན་ནོ། །ཁྱིམ་བདག་གི་གོས་བླངས་པས་ནི་ཕྱག་དར་ཁྲོད་པ་ཉིད་འཇིག་གོ། །ཆོས་གོས་གསུམ་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཞེ་ན། ཆོས་གོས་ལྷག་པ་ཚོལ་བ་དང་། སྦེད་པ་དང་ རུང་བར་བྱ་བ་དང་། འབགས་པའི་ཉེས་དམིགས་ཀྱང་མཐོང་། ཆོས་གོས་གསུམ་པ་ཉིད་ཀྱི་ཡོན་ཏན་ཡང་མཐོང་ནས། འདི་སྐད་དུ་དེང་སླན་ཆད་གོས་བཞི་པ་སྤོང་སྟེ། ཆོས་གོས་གསུམ་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ ལེན་ཏོ། །དེ་ལ་ཆོས་གོས་གསུམ་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། འགོར་ཡང་བའི་ཚུལ་ཅན་ཉིད་དང་། གསོག་འཇོག་ཡོངས་སུ་སྤངས་པ་ཉིད་དང་། ཁུར་ཆུང་བ་ཉིད་དང་། ལུས་འཚོ་བ་ཙམ་གྱིས་ཆོག་ཤེས་པ་ཉིད་དང་། 67-1-146b བྱ་བཞིན་དུ་གང་དགའ་བར་འགྲོ་བ་ཉིད་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ན་ཆོས་གོས་གསུམ་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །ཆོས་གོས་གསུམ་པ་ཉིད་ནི་ཅི་ཞིག་ཡིན། ཆོས་གོས་གསུམ་པ་ཉིད་ནི་གང་ཞིག །གང་གིས་ནི་ཆོས་གོས་གསུམ་པ་ཉིད་འཇིག་ཅེ་ན། སྣམ་སྦྱར་དང་བླ་གོས་དང་མཐང་གོས་ཏེ། འདི་དག་ནི་ཆོས་གོས་གསུམ་པ་དག་ཡིན་ནོ། །ཆོས་གོས་གསུམ་པ་ནི་གོས་བཞི་པ་སྤོང་བ་ ཡིན་ནོ། །གོས་བཞི་པ་འཆང་བས་ནི་ཆོས་གོས་གསུམ་པ་ཉིད་འཇིག་གོ། །བསོད་སྙོམས་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཅེ་ན། འགྲོན་དུ་སོང་ནས་རང་གི་ལས་ཉམས་པ་དང་། གཞན་གྱི་དབང་དུ་གྱུར་པ་དང་། མི་མཐུན་པ་དང་ཕྲད་ པ་དང་། འདུག་ན་ཉམ་ང་བའི་ཉེས་དམིགས་ཀྱང་མཐོང་། བསོད་སྙོམས་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་འགྲོན་དུ་འགྲོ་བ་སྤོང་སྟེ། བསོད་སྙོམས་པ་ཉིད་ཡང་དག་པར་ལེན་ཏོ། །ཞེས་ཡང་དག་པར་ ལེན་ཏོ། །དེ་ལ་བསོད་སྙོམས་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། གནས་དམ་བཅས་པ་དང་འཐུན་པ་ཉིད་དང་། རང་དབང་ཡོད་པ་ཉིད་དང་། གཞན་མི་གསོ་བ་ཉིད་དང་། ལེ་ལོ་མེད་པ་ཉིད་དང་། ང་རྒྱལ་བཅོམ་པ་ཉིད་དང་། སེམས་ ཅན་ལ་ཕན་འདོགས་པར་ཞུགས་པ་ཉིད་དང་། རོའི་སྲེད་པ་ལས་ལྡོག་པ་ཉིད་དང་། ཕྱོགས་རྣམས་སུ་ཐོགས་པ་མེད་པ་ཉིད་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་ བསོད་སྙོམས་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །འགྲོན་ཡན་ལག་དུ་པ་ཡིན། །བསོད་སྙོམས་པ་གང་ཡིན། །གང་གིས་ནི་བསོད་སྙོམས་པ་ཉིད་འདི་འཇིག་ཅེ་ན། འགྲོན་ནི་ཡན་ལག་གསུམ་པ་སྟེ། ཟས་རྣམས་ལྟ་ཡང་རུང་བ་ཞིག་ལ་ དེ་རིང་ངམ་སང་ངམ་ནམ་དགའ་བ་ན་འགྲོན་དུ་བོས་པ་ནི་འགྲོན་ཡིན་ནོ། །བསོད་སྙོམས་པ་ནི་འགྲོན་དུ་འགྲོ་བ་སྤོང་བ་ཡིན་ནོ། །འགྲོན་ཁས་ལེན་པས་ནི་བསོད་སྙོམས་པ་ཉིད་འཇིག་གོ། །མཐར་ཆགས་སུ་རྒྱུ་བ་ཉིད་ཇི་ལྟར་ཡང་ 67-1-147a དག་པར་ལེན་ཅེ་ན། ནར་མར་སྟེར་བ་ལ་གང་དང་གང་དུ་མང་པོ་དང་གྱ་ནོམ་པ་ནར་མ་རྙེད་པ་དེ་དང་དེ་ཁོ་ནར་འགྲོ་ན་ཟན་ནར་མ་དང་འདྲ་བས་ཡོ་བྱད་བསྙུངས་པ་མ་ཡིན་པའི་ཉེས་དམིགས་ཀྱང་མཐོང་། མཐར་ཆགས་སུ་རྒྱུ་བ་ ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་དུ་ནར་མར་སྟེར་བ་སྤོང་སྟེ། མཐར་ཆགས་སུ་རྒྱུ་བ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་མཐར་ཆགས་སུ་རྒྱུ་བ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། སེམས་ སྙོམས་པ་ཉིད་དང་། སེམས་ཅན་ལ་སྙིང་བརྩེ་བ་ཉིད་དང་། ཁྱིམ་ལ་སེར་སྣ་སྤོང་བ་ཉིད་དང་། ཁྱིམ་དུ་འགོ་བའི་ཉེས་དམིགས་མེད་པ་དག་འབོད་པ་ལ་མངོན་པར་མི་དགའ་བ་ཉིད་དང་། ཟས་བཟང་པོ་མི་འདམ་པ་ཉིད་དང་། མིའི་ འཛིན་པ་ལས་ཡོངས་སུ་གྲོལ་བ་དང་། ལྷན་ཅིག་སྤྱོད་པ་རྣམ་པར་སྤོང་བ་ཉིད་དང་། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་མཐར་ཆགས་སུ་རྒྱུ་བ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །མཐར་ཆགས་སུ་རྒྱུ་བ་ནི་ གང་ཞིག་ཡིན། བརྙོགས་པར་རྒྱུ་བ་གང་གིས་སྤོང་། གང་གིས་ནི་མཐར་ཆགས་སུ་རྒྱུ་བ་ཉིད་འཇིག་ཅེ་ན། །མཐར་གྱིས་རྒྱུ་བ་ནི་བསོད་སྙོམས་སྤྱོད་པ་ན་ཁྱིམ་དང་པོ་ནས་བཟུང་སྟེ་ཁྱིམ་མཐར་ཆགས་སུ་རྒྱུ་བ་ཡིན་ནོ། །མཐར་ ཆགས་སུ་རྒྱུ་བ་ནི་བརྙོགས་པར་རྒྱུ་བ་སྤོང་བ་ཡིན་ནོ། །བརྙོགས་པར་རྒྱུ་བས་ནི་མཐར་ཆགས་སུ་རྒྱུ་བ་ཉིད་འཇིག་གོ། །སྟན་གཅིག་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཅེ་ན། ལན་གཉིས་སུ་འདུག་སྟེ་ཟ་ན་ཡང་དང་ཡང་དུ་འདུག་ ནས་བྱིན་ལེན་བྱ་བ་དང་། ཡོངས་སུ་ལོངས་སྤྱོད་པའི་བཟོད་པས་ཡོ་བྱད་བསྙུངས་པ་མ་ཡིན་པའི་ཉེས་དམིགས་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་ལན་གཉིས་སུ་འདུག་སྟེ་ཟ་བ་སྤོང་སྟེ། སྟན་གཅིག་པ་ཉིད་ཡང་དག་པར་ལེན་ ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་སྟན་གཅིག་པ་ཉིད་ཀྱི་ཡོན་ཏན་འདི་དག་ཡིན་ཏེ། ཟོས་པ་འཇུ་བ་ཉིད་དང་། བརྐམ་ཆགས་མེད་པ་ཉིད་དང་། ཟས་ལྷག་པར་མི་ཟ་བ་ཉིད་དང་། འདོད་པ་ཆུང་བ་ཉིད་དང་། ཟོ་མདོག་བདེ་བ་ཉིད་དང་། 67-1-147b རང་གི་ལས་མི་ཉམས་པ་ཉིད་དང་། རེག་པར་གནས་པ་ཉིད་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་སྟན་གཅིག་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །སྟན་གཅིག་པ་ནི་དུ་ཞིག ། སྟན་གཅིག་པ་ནི་གང་ཞིག་ཡིན། ཟས་ཀྱི་མཐའ་ནི་གང་ཡིན། གང་གིས་ནི་སྟན་གཅིག་པ་ཉིད་འདི་འཇིག་ཅེ་ན། སྟན་གཅིག་པ་གསུམ་སྟེ་སྟན་གྱི་མཐའ་པ་དང་། ཆུའི་མཐའ་པ་དང་། ཟས་ཀྱི་མཐའ་པའོ། །དེ་ལ་སྟན་གྱི་མཐའ་པ་ཞེས་བྱ་བ་ ནི་ཟོས་ནས་སྟན་ལས་ལངས་ཏེ་ཡང་མི་ཟ་བ་ཡིན་ནོ། །ཆུའི་མཐའ་པ་ཞེས་བྱ་བ་ནི་ཟོས་ནས་སྟན་ལ་འདུག་ཀྱང་ལྷུང་བཟེད་དུ་ཆུ་བླངས་ནས་ཡང་མི་ཟ་བ་ཡིན་ནོ། །ཟས་ཀྱི་མཐའ་པ་ཞེས་བྱ་བ་ནི་ཟ་བ་ན་ཁམ་གྱི་ཐ་མ་མིད་ནས་ཡང་མི་ཟ་བ་ ཡིན་ནོ། །སྟན་གཅིག་པ་ལ་ནི་ལན་གཉིས་སུ་འདུག་སྟེ་ཟ་བ་སྤོང་བ་ཡིན་ནོ། །ཟས་ཀྱི་མཐའ་ནི་ཆུ་དང་སྨན་མ་གཏོགས་པ་མེད་པར་བྱ་བ་གང་ཅུང་ཟད་ཅི་ཡང་རུང་བ་ཡིན་ནོ། །ལན་གཉིས་སུ་འདུག་སྟེ་ཟ་བས་ནི་སྟན་གཅིག་པ་ཉིད་འཇིག་གོ། ། ཟས་ཆོག་པ་པ་ཇི་ལྟར་ཡང་དག་པར་ལེན་ཅེ་ན། ཟས་མང་དུ་ཟོས་ན་ལུས་ལྕི་བར་བྱེད་པ་དང་། ཕུལ་སྐྱེ་བ་དང་། འདོད་ཆེན་ཆེ་བ་ཉིད་དང་། ཡོ་བྱད་བསྙུངས་པ་མ་ཡིན་པའི་ཉེས་དམིགས་ཀྱང་མཐོང་། ཟས་ཆོག་པ་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་ མཐོང་ནས་འདི་སྐད་དུ་དེང་སླན་ཆད་ཟས་མང་པོ་སྤོང་སྟེ། ཟས་ཆོག་པ་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་ཟས་ཆོག་པ་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། ཕུལ་མི་སྐྱེ་བ་ཉིད་དང་། ཟས་ཀྱི་ཚོད་ཟིན་པ་ཉིད་དང་། ཟས་མང་དུ་ཟ་བའི་གནད་ཤེས་པ་ཉིད་དང་། ལུས་ཀྱི་གནས་ངན་ལེན་བསྲབས་པ་དང་། དེ་ལ་ཆགས་པ་སྤོང་བ་དང་། གནོད་པ་ཆུང་བ་ཤེས་པ་དང་། ཀུན་ནས་ལྡང་བ་ཡང་དག་པར་སྤོང་བ་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་། ཡོ་བྱད་ བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་ཟས་ཆོག་པ་པའི་ཡོན་ཏན་དག་ཡིན་ནོ། །ཟས་ཀྱི་ཚད་ནི་ཇི་ལྟར་འཛིན། ཟས་ཀྱི་ཆོག་པ་པ་ནི་གང་ཡིན། གང་གིས་ནི་ཟས་ཆོག་པ་པ་འཇིག་ཅེ་ན། འབྲས་བྲེའུ་ཆུང་གང་གིས་འབྲས་ 67-1-148a ཆན་ལྷུང་བཟེད་དུ་བླངས་ནས་ཆོག་པའི་མཚན་མ་ལ་ཉེ་བར་རྟོག་ཅིང་། དེའི་འོག་ཏུ་མི་བླང་བའི་མཚན་མ་ལ་མཁས་པ་ཡིན་ཏེ། གོམས་པ་ན་ལྟོའི་ཚད་ཀྱང་ཤེས་པར་འགྱུར་རོ། །ཟས་ཆོག་པ་པ་ནི་ཟས་མང་པོ་སྤོང་བ་ཡིན་ནོ། ཟས་ཚད་ལས་ལྷག་པས་ནི་ཟས་ཆོག་པ་པ་ཉིད་འཇིག་གོ། །ཟས་ཕྱིས་མི་ལེན་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཅེ་ན། ཟས་ལྷག་པར་ཟོས་ན་ཕུལ་སྐྱེ་བ་དང་། གཞན་ལ་རག་ལས་པ་ཉིད་དང་། ཡོ་བྱད་བསྙུངས་པ་མ་ཡིན་པའི་ཉེས་ དམིགས་ཀྱང་མཐོང་། ཟས་ཕྱིས་མི་ལེན་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་ཟས་ལྷག་པ་སྤོང་སྟེ། ཟས་ཕྱིས་མི་ལེན་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་ཟས་ཕྱིས་མི་ལེན་པ་ ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། རེ་བ་རབ་ཏུ་ཆད་པ་དང་། དགང་སླ་བ་དང་། གཞན་ལ་རག་མ་ལས་པ་ཉིད་དང་། གསོག་འཇོག་ཡོངས་སུ་སྤོང་བ་དང་། ཡང་མི་ཚོལ་བ་ཉིད་དང་། བརྐམ་ཆགས་མེད་པ་ཉིད་དང་། ཕུལ་མི་སྐྱེ་བ་ཉིད་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་། ཡོ་བྱད་བསྙུངས་པའི་ཚུལ་ཏེ། དེ་ལྟ་བུ་ལ་སོགས་པ་ནི་ཟས་ཕྱིས་མི་ལེན་པའི་ཡོན་ཏན་དག་ཡིན་ནོ། །ཟས་ཕྱིས་མི་ལེན་པ་ནི་དུ་ཞིག །ཟས་ཕྱིས་མི་ལེན་པ་ནི་གང་ཞིག་ཡིན། གང་གིས་ནི་ཟས་ ཕྱིས་མི་ལེན་པ་ཉིད་འཇིག་ཅེ་ན། ཟས་ཕྱིས་མི་བླང་བ་ནི་གཉིས་ཏེ། ལྷག་པའི་མཐའ་པ་ཉིད་དང་། གཟུང་བའི་མཐའ་པའོ། །དེ་ལ་ལྷག་པའི་མཐའ་པ་ཞེས་བྱ་བ་ནི་ཟོས་ཏེ་སྤངས་ནས་མི་ཟ་བའོ། །བཟུང་བའི་མཐའ་པ་ཞེས་བྱ་ བ་ནི་བདག་ཉིད་ཀྱི་རང་བཞིན་གྱིས་སྐལ་བ་གཅིག །ཟས་ཕྱིས་མི་ལེན་པ་ནི་ཟས་ལྷག་པར་སྤོང་བ་ཡིན་ནོ། །ཟས་ལྷག་པ་ཟ་བས་ནི་ཟས་ཕྱིས་མི་ལེན་པ་ཉིད་འཇིག་གོ། །དགོན་པ་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཞེ་ན། གྲོང་མཐར་ གནས་ན་མི་འདོད་པའི་ཡུལ་གྱིས་འཁྲུག་པ་དང་། ཆགས་པ་སྐྱེ་བ་དང་། འཛིངས་པར་གནས་པ་ཉིད་ཀྱི་ཉེས་དམིགས་ཀྱང་མཐོང་། དགོན་པ་པ་ཉིད་ཀྱི་ཡོན་ཏན་དག་གྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་གྲོང་མཐར་གནས་པ་སྤོང་སྟེ། 67-1-148b དགོན་པར་གནས་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་དགོན་པ་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། མི་འདོད་པའི་ཡུལ་ཡོངས་སུ་སྤོང་བ་ཉིད་དང་། གཏམ་གྱི་གཞི་བཅུ་ཡང་དག་པར་སྟོན་པ་དང་། ཤིན་དུ་མཛེས་པ་ཉིད་དང་། ལྷས་བསྐུལ་བ་ཉིད་དང་། འདུ་འཛི་ལ་དགའ་བ་དོན་དུ་མི་གཉེར་བ་ཉིད་དང་། དབེན་པའི་བདེ་བ་ཅི་འདོད་པ་ཐོབ་པ་ཉིད་དང་། སྒྲ་ཆུང་བས་རྣལ་འབྱོར་དང་འཐུན་པ་ཉིད་དང་། སྐྱེས་བུ་དམ་པའི་སྤྱོད་པ་ ཉིད་དང་། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་དགོན་པ་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །དགོན་པ་པའི་གནས་མལ་གྱི་མཐའ་ནི་གང་ཡིན། དགོན་པ་པ་ནི་གང་ཡིན། གང་གིས་ནི་དགོན་པ་པ་ཉིད་འཇིག་ཅེ་ན། གྲོང་དང་། གྲོང་གི་ཉེ་འཁོར་དང་། ཀུན་དགའི་ར་བ་དང་། ཀུན་དགའི་ར་བའི་ཉེ་འཁོར་མ་གཏོགས་པ་མི་འབྲིང་གི་ཁྲུ་བཞི་ལ་གཞུ་སྟེ། གཞུ་དེ་ལྟ་བུའི་གཞུ་ལྔ་བརྒྱ་འདི་ནི་དགོན་པའི་གནས་མལ་གྱི་མཐའ་ཡིན་ནོ། །དགོན་པ་པ་ནི་གྲོང་ མཐར་གནས་པ་སྤོང་བ་ཡིན་ནོ། །གྲོང་མཐར་གནས་པས་ནི་དགོན་པ་པ་ཉིད་འཇིག་གོ། །ཤིང་དྲུང་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཞེ་ན། གཡོགས་པར་གནས་པ་ཡོངས་སུ་བཟུང་བ་དང་། བཅོས་ལེགས་བྱ་བ་དང་། གཞན་ ལ་གསོལ་བ་དང་། ལོངས་སྤྱོད་ཀྱི་ཉེས་དམིགས་དག་ཀྱང་མཐོང་། ཤིང་དྲུང་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་དུ། དེང་སླན་ཆད་གཡོགས་པར་གནས་པ་སྤོང་སྟེ། ཤིང་དྲུང་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ ཡང་དག་པར་ལེན་ཏོ། །དེ་ལ་ཤིང་དྲུང་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། གནས་དམ་བཅས་པ་དང་འཐུན་པ་ཉིད་དང་། ཡོ་བྱད་བསྙུངས་པ་ཉིད་དང་། ལས་ལ་དགའ་བ་ཡོངས་སུ་སྤོང་བ་ཉིད་དང་། ལྷས་བསྐུལ་བ་ཉིད་དང་། གནས་ལ་སེར་སྣ་སྤོང་བ་ཉིད་དང་། ཆགས་པ་རབ་ཏུ་གཅོད་པ་ཉིད་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་། ཡོ་བྱད་བསྙུངས་པ་སྟེ་དེ་ལྟ་བུ་ལ་སོགས་པ་ནི་ཤིང་དྲུང་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །ཤིང་དྲུང་གི་ཚད་ཇི་ཙམ་ཞིག་ 67-1-149a ཡིན། ཤིང་ཇི་ལྟ་བུ་ནི་སྤང་བར་བྱ། ཤིང་དྲུང་པ་ནི་གང་ཡིན། གང་གིས་ནི་ཤིང་དྲུང་པ་ཉིད་འཇིག་ཅེ་ན། ཉི་མ་གུང་གི་དུས་སུ་གྲིབ་མས་ཇི་སྲིད་ཁྱབ་པ་དང་། རླུང་མེད་པར་ལོ་མ་དག་ཇི་སྲིད་དུ་ལྷགས་པ་དེ་སྲིད་ནི་ཤིང་ དྲུང་གི་ཚད་ཡིན་ནོ། །ཤིང་དྲུང་པས་སྡོང་རྒན་དང་། ཤིང་ཁོང་སྟོང་དང་། ཤིང་ཉེན་ཅན་སྤང་བར་བྱའོ། །ཤིང་དྲུང་པ་ནི་གཡོགས་པར་གནས་པ་སྤོང་བ་ཡིན་ནོ། །གཡོགས་པར་གནས་པས་ནི་ཤིང་དྲུང་པ་ཉིད་འཇིག་གོ། ། བླ་གབ་མེད་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཞེ་ན། གཡོགས་པ་དང་། ཤིང་དྲུང་གི་གནས་ཚོལ་བ་དང་། ཡོངས་སུ་བཟུང་བས་ཡོ་བྱད་བསྙུངས་པ་མ་ཡིན་པའི་ཉེས་དམིགས་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་གཡོགས་ པ་དང་། ཤིང་དྲུང་དུ་གནས་པ་སྤོང་སྟེ། བླ་གབ་མེད་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་བླ་གབ་མེད་པའི་ཡོན་ཏན་ནི་འདི་དག་ཡིན་ཏེ། བརྩོན་པ་མི་གཏོང་བ་ཉིད་དང་། རྨུགས་པ་དང་གཉིད་སྤང་པ་དང་། རི་དགས་ལྟ་བུ་ཉིད་དང་། ཕྱོགས་བཞི་ཕྱད་པ་དང་། རྟེན་པ་མེད་པ་ཉིད་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་བླ་གབ་མེད་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །བླ་གབ་མེད་པ་ ནི་གང་ཞིག་ཡིན། གང་གིས་ནི་བླ་གབ་མེད་པ་ཉིད་འདི་འཇིག་ཅེ་ན། བླ་གབ་མེད་པ་ནི་གཡོགས་པ་དང་། ཤིང་དྲུང་དུ་གནས་པ་སྤོང་བ་ཡིན་ནོ། །གཡོགས་པ་དང་ཤིང་དྲུང་ན་གནས་པས་ནི། བླ་གབ་མེད་པ་ཉིད་འདི་འཇིག་གོ། །དུར་ཁྲོད་ པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཞེ་ན། གཞན་དུ་གནས་ན་སེམས་ཡིད་མི་འབྱུང་བ་ཉིད་དང་། བག་མེད་པ་མང་བ་ཉིད་ཀྱི་ཉེས་དམིགས་ཀྱང་མཐོང་། དུར་ཁྲོད་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་དུ། དེང་སླན་ཆད་ གཞན་དུ་གནས་པ་སྤོང་སྟེ། དུར་ཁྲོད་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་དུར་ཁྲོད་པའི་ཡོན་ཏན་ནི་འདི་དག་ཡིན་ཏེ། འཆི་བ་རྗེས་སུ་དྲན་པ་འཐོབ་པ་དང་། མི་སྡུག་པའི་མཚན་མ་འཐོབ་པ་དང་། 67-1-149b མིས་བླ་མར་བཀུར་བ་དང་། མི་མ་ཡིན་པས་བླ་མར་བཀུར་བ་དང་། བག་ཡོད་པའི་རྒྱུ་སྐྱེ་བ་དང་། འདོད་པའི་འདོད་ཆགས་རྣམ་པར་སྤོང་བ་ཉིད་དང་། ཡིད་འབྱུང་བ་མང་བ་ཉིད་དང་། འཇིགས་པ་དང་སྐྲག་པ་བཟོད་པ་ཉིད་དང་། གསོན་ པས་རྒྱགས་པ་སྤོང་བ་ཉིད་དང་། ལུས་ཀྱི་རང་བཞིན་ལ་ཡང་དང་ཡང་དུ་སོ་སོར་རྟོག་པ་ཉིད་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་དུར་ཁྲོད་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ ནོ། །དུར་ཁྲོད་ཇི་ལྟ་བུར་ནི་གནས་པར་བྱ། དུར་ཁྲོད་པ་ནི་གང་ཡིན། གང་གིས་ནི་དུར་ཁྲོད་པ་ཉིད་འཇིག་ཅེ་ན། དང་པོར་ནི་རྟག་ཏུ་སྲེག་པ་དང་། དུ་བ་དང་། འབར་བ་དང་། དུ་བ་ཡོད་པ་དེ་ལྟ་བུའི་དུར་ཁྲོད་དུ་གནས་པར་བྱ་ལ། དེ་ནས་ནི་དུར་ཁྲོད་གཞན་གང་ཡང་རུང་བར་གནས་པར་བྱའོ། །དུར་ཁྲོད་པས་དུར་ཁྲོད་དུ་སྤྱིལ་བུ་དང་། ཁང་པ་མི་བྱ། རླུང་ཡས་ལྡང་བ་དང་། མས་ལྡང་བར་གནས་པར་མི་བྱ། ཁུམ་འཕྲིག་ཅན་དུ་གནས་པར་མི་བྱ། ཉ་ཤ་དང་། ཤ་དང་། འོ་མ་དང་། ཏིལ་གྱི་ཆུར་བེད་དང་། མོན་སྲན་གྲེའུ་ཡི་བཟའ་བ་བསྟེན་པར་མི་བྱ། ལྷུང་བཟེད་སྦྱིན་པར་མི་བྱ། ཁྱིམ་དུ་འདུག་པར་མི་བྱ། སྐྱེ་བོ་མང་པོའི་ཚོགས་ལྷགས་ན་ཁྲིའུ་དང་། ཆོས་གོས་དང་། རིལ་བ་བླངས་ཏེ་སོང་ ན་སྲེག་པ་ནས་ཧ་ཅང་ཡང་མི་རིང་བ། རྡོ་རྒྱང་གིས་སླེབ་ཙམ་གྱི་ནང་དུ་དུར་ཁྲོད་དུ་གནས་པར་བྱ་ཞིང་སྐྱ་རེང་ཤར་ནས་ཁྲེའུ་དང་། ཆོས་གོས་དང་། རིལ་བ་བླངས་ནས་སླར་འགྲོ་བར་བྱ་བ་འདི་ནི་འདིའི་སྤྱོད་པ་མ་ཡིན་ནོ། །དུར་ ཁྲོད་པ་ནི་གཞན་དུ་གནས་པ་སྤངས་པ་ཡིན་ནོ། །གཞན་དུ་གནས་པ་ཁས་ལེན་པས་ནི་དུར་ཁྲོད་པ་ཉིད་འཇིག་གོ། །གཞི་ཇི་བཞིན་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཞེ་ན། བརྐམ་ཆགས་ཀྱི་གནས་མལ་ལ་ཕན་ཚུན་ལྡང་བ་ཕ་ རོལ་ལ་གནོད་པ་བྱེད་པའི་ཉེས་དམིགས་ཀྱང་མཐོང་། གཞི་ཇི་བཞིན་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་ཅེས་དེང་སླན་ཆད་བརྐམ་ཆགས་ཀྱི་གནས་མལ་སྤོང་སྟེ། གཞི་ཇི་བཞིན་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ 67-1-150a ཡང་དག་པར་ལེན་ཏོ། །དེ་ལ་གཞི་ཇི་བཞིན་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། ནང་དུ་ཡང་དག་པར་འཇོག་ལ་བླ་མར་བཀུར་བ་དང་། དེ་ལྟར་རྙེད་པས་ཆོག་ཤེས་པ་དང་། དེ་ལ་ཆགས་པ་སྤོང་བ་དང་། བྱམས་པའི་སེམས་ དང་། གཅིག་པུ་ཉིད་ལ་དགའ་བ་དང་། དད་པར་བྱ་བ་ཉིད་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་གཞི་ཇི་བཞིན་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །གཞི་ཇི་བཞིན་ པ་ནི་གང་ཡིན། གང་གིས་ནི་གཞི་ཇི་བཞིན་པ་ཉིད་འདི་འཇིག་ཅེ་ན། གཞི་ཇི་བཞིན་པ་ནི་བརྐམ་ཆགས་ཀྱི་གནས་མལ་སྤོང་བ་ཡིན་ཏེ། བརྐམ་ཆགས་ཀྱི་གནས་མལ་སྤོང་བ་ཞེས་བྱ་བ་ནི་སྔ་ན་འདུག་པ་བསླང་ནས་གནས་ མལ་ལེན་པར་མི་བྱེད་དོ། །བརྐམ་ཆགས་ཀྱི་གནས་མལ་ལེན་པས་ནི་གཞི་ཇི་བཞིན་པ་ཉིད་འཇིག་གོ། །ཇི་ལྟར་ཅོག་པུ་པ་ཉིད་ཡང་དག་པར་ལེན་ཞེ་ན། ཉལ་ན་རྨུགས་པ་དང་། གཉིད་དང་། ལེ་ལོའི་དབང་དུ་འགྲོ་བའི་ཉེས་ དམིགས་ཀྱང་མཐོང་། ཅོག་པུ་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་ཅེས། དེང་སླན་ཆད་ཉལ་བ་སྤོང་སྟེ། ཅོག་པུ་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་ཅོག་པུ་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ ཡིན་ཏེ། ལེ་ལོའི་གཞི་ཡོངས་སུ་སྤོང་བ་དང་། ལུས་ལ་ཆགས་པ་དང་སེར་སྣ་ཡོངས་སུ་སྤོང་བ་དང་། འཕྲེས་པའི་བདེ་བ་ལ་མ་ཆགས་པ་དང་། བཙལ་བ་ཉུང་བ་དང་། གཉིད་ཆུང་བ་དང་། རྣལ་འབྱོར་དང་འཐུན་པ་དང་། ལུས་ཀྱི་ གནས་རྒྱ་སྐྱེ་བ་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་ཅོག་པུ་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །ཅོག་པུ་པ་ནི་གང་ཡིན། གང་གིས་ནི་ཅོག་པུ་པ་ཉིད་འདི་འཇིག་ཅེ་ན། ཅོག་པུ་པ་ནི་ཉལ་བ་སྤོང་བ་ཡིན་ནོ། །ཉལ་བ་ཁས་ལེན་པས་ནི་ཅོག་པུ་པ་ཉིད་འཇིག་གོ། །དེ་ལ་ཕྱག་དར་ཁྲོད་པ་ཉིད་ཀྱི་སྐབས་ཕྱེ་བ་ནི་ཕྱག་དར་ཁྲོད་པ་ནར་མར་སྤྱོད་པ་ལ་གལ་ཏེ་ཁྱིམ་བདག་དག་གིས་ཆོས་གོས་གསོ་རས་ 67-1-150b སམ། རས་བལ་གྱི་རས་སམ། མོན་དར་རམ། ལ་བ་དག་བྱིན་པར་གྱུར་ན་སྐབས་ཕྱེ་བས་བླང་བར་བྱ་སྟེ། ཕྱག་དར་ཁྲོད་པ་ཉིད་ཉམས་པར་མི་འགྱུར་རོ། །ཆོས་གོས་གསུམ་པ་ཉིད་ཀྱི་སྐབས་ཕྱེ་བ་ནི་ཁ་བཀང་བའི་རེ་བ་ ཡོད་ན་གོས་ལྷག་ཞག་བཅུར་འཆང་བ་དང་། གནས་མལ་སྲུང་བའི་ཕྱིར་གདིང་བ་དང་། སྟེང་དུ་གདིང་བ་དང་། ནད་ཀྱི་རྐྱེན་གཡན་པ་དགབ་པ་དང་། གདོང་ཕྱིས་ཀྱི་གོས་དང་། དབྱར་གྱི་རས་ཆེན་དང་། གཞན་གྱི་རུང་བ་བཅོལ་བ་སྐབས་ ཕྱེ་བས་བླང་བར་བྱ་སྟེ། ཆོས་གོས་གསུམ་པ་ཉིད་ཉམས་པར་མི་འགྱུར་རོ། །བསོད་སྙོམས་པ་ཉིད་ཀྱི་སྐབས་ཕྱེ་བ་ནི་བསྐོས་པའི་ཟས་དང་། ཚུལ་ཤིང་གི་ཟས་དང་། ཟླ་བ་ཕྱེད་པའི་ཟས་དང་། གསོ་སྦྱོང་བ་དང་། དགེ་འདུན་གྱི་ཟས་དང་། གཙུག་ལག་ཁང་གི་ཟས་སྐབས་ཕྱེ་བས་ཡོངས་སུ་ལོངས་སྤྱད་པར་བྱ་སྟེ། བསོད་སྙོམས་པ་ཉིད་འཇིག་པར་མི་འགྱུར་རོ། །འོན་ཀྱང་ཉེས་དམིགས་སུ་ལྟ་བས་ནི་ཡོངས་སུ་ལོངས་སྤྱད་པར་བྱའོ། །མཐར་ཆགས་སུ་རྒྱུ་བ་ཉིད་ཀྱི་སྐབས་ ཕྱེ་བ་ནི་ཁྱིམ་གྱི་སྒོ་ན་གླང་པོ་ཆེ་དང་། རྟ་འམ། ཁྱུ་མཆོག་གམ། ཁྱི་འམ། འཐབ་པ་འམ། ངོ་ཚ་བར་འགྱུར་བ་དེ་ལྟ་བུ་གཞན་མཐོང་ནས་ཐོད་རྒལ་དུ་རྒྱུ་བ་དང་། ཟས་བཟར་མི་རུང་བའི་ཁྱིམ་འམ། ལྷུང་བཟེད་ཁ་སྦུབས་པ་འམ། སློང་བར་ གྲགས་པའི་ཁྱིམ་རྒལ་ནས་རྒྱུ་བ་དང་། སློབ་དཔོན་ནམ། མཁན་པོ་འམ། གློ་བུར་བ་འམ། ལྷན་ཅིག་རྒྱུ་ན་སྐབས་ཕྱེ་བས་ཐོད་རྒལ་དུ་ཡང་རྒྱུ་བར་བྱ་སྟེ། མཐར་ཆགས་སུ་རྒྱུ་བ་ཉིད་ཉམས་པར་མི་འགྱུར་རོ། །སྟན་གཅིག་པ་ཉིད་ཀྱི་ སྐབས་ཕྱེ་བ་ནི་ཟས་ཟ་བ་ན་གླང་པོ་ཆེ་འམ། རྟ་འམ། ཁྱུ་མཆོག་གམ། སྦྲུལ་ལམ། ཐོག་འབབ་པ་འམ། མཁན་པོ་འམ། སློབ་དཔོན་ནམ། གློ་བུར་བ་འོངས་པ་མཐོང་ནས། གལ་ཏེ་ལངས་པར་གྱུར་ན་སྐབས་ཕྱེ་བས་ཡང་བཟའ་ བར་བྱ་སྟེ། སྟན་གཅིག་པ་ཉིད་འཇིག་པར་མི་འགྱུར་རོ། །ཟས་ཆོག་པ་པ་ཉིད་དང་། ཟས་ཕྱིས་མི་ལེན་པ་ཉིད་ལ་ནི་སྐབས་ཕྱེ་བ་མེད་དོ། །དགོན་པ་པ་ཉིད་ཀྱི་སྐབས་ཕྱེ་བ་ནི་བསྙེན་པར་རྫོགས་པའི་ལས་ཀྱི་ཆེད་དམ། ལྷུང་བ་ལས་ 67-1-151a བསླང་བའི་ཆད་དམ། ཆོས་མཉན་པའི་ཆེད་དམ། གསོ་སྦྱོང་འམ། དགག་དབྱེ་འམ། ན་བ་འམ། ནད་པའི་བྱ་བ་འམ། མངོན་པར་མི་ཤེས་པའི་མདོ་ཀུན་ཆུབ་པར་བྱ་བ་འམ། གཞན་ཡང་དེ་ལྟ་བུའི་རྐྱེན་ཡོད་ན་སྐབས་ཕྱེ་ བས་གྲོང་མཐར་གནས་པར་བྱ་སྟེ། དགོན་པ་པ་ཉིད་འཇིག་པར་མི་འགྱུར་རོ། །ཤིང་དྲུང་པ་ཉིད་སྐབས་ཕྱེ་བ་ནི་རྐྱེན་དེ་ལྟ་བུ་འམ། ཁྱིམ་དུ་ཞུགས་པ་ལས་ཆར་གྱིས་ནོན་ན། དེ་ཉིད་དུ་སྐྱ་རེངས་ཤར་ཡང་ཤིང་དྲུང་པ་ཉིད་ཉམས་པར་མི་འགྱུར་ རོ། །དགོན་པ་པའི་སྐབས་ཕྱེ་བ་ཇི་སྙེད་པ་ནི་ཤིང་དྲུང་པ་ཉིད་དང་། བླ་གབ་མེད་པ་ཉིད་དང་། དུར་ཁྲོད་པ་ཉིད་ལ་ཡང་བལྟ་བར་བྱའོ། །གཞི་ཇི་བཞིན་པ་ཉིད་ཀྱི་སྐབས་ཕྱེ་བས་ནི་རྐྱེན་དེ་ལྟ་བུ་ཡོད་ལ་གཞན་གྱིས་གནས་མལ་རྙེད་ན་ རྗེས་སུ་གནང་ངོ་། །ཅོག་པུ་པ་ལ་ནི་སྐབས་ཕྱེ་བ་མེད་དོ། །ཁ་ཅིག་ན་རེ་སྣའི་དཔྱད་བྱེད་ན་སྐབས་ཕྱེ་བར་བྱ་སྟེ། ཅོག་པུ་པ་ཉིད་ཉམས་པར་མི་འགྱུར་རོ་ཞེས་ཟེར་རོ། །སྦྱངས་པའི་ཡོན་ཏན་བཅུ་གསུམ་པོ་དེ་དག་ནི་མདོར་བསྡུས་ན་ བརྒྱད་ཁོ་ནར་འགྱུར་ཏེ། ཆོས་མངོན་པ་ལས་ཇི་སྐད་དུ་སྦྱངས་པའི་ཡོན་ཏན་ནི་བརྒྱད་དོ་ཞེས་འབྱུང་བ་ལྟ་བུའོ། །གལ་ཏེ་དེ་ཇི་ལྟ་བུ་ཡིན་ཞེ་ན། ཟས་ཆོག་པ་པ་ཉིད་དང་། སྟན་གཅིག་པ་ཉིད་ནི་ཟས་ཕྱིས་མི་ལེན་པ་ཉིད་ཀྱི་ནང་དུ་འདུ་ བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གཟུང་བའི་མཐའ་བའི་བདག་ཉིད་ཀྱི་རང་སྐལ་ཅིག་ལེན་པ་ཡིན་ཏེ། དེ་ལྟ་བས་ན་ཟས་ཆོག་པ་པ་ཉིད་ཀྱི་ནང་དུ་འདུ་བར་འགྱུར་རོ། །ཡང་ལན་གཉིས་སུ་མི་ཟ་སྟེ། དེ་ལྟ་བས་ན་སྟན་གཅིག་པ་ ཉིད་དུ་འདུ་བར་འགྱུར་རོ། །ཤིང་དྲུང་པ་ཉིད་དང་། བླ་གབ་མེད་པ་ཉིད་དང་། དུར་ཁྲོད་པ་ཉིད་ནི་དགོན་པ་པ་ཉིད་ཀྱི་ནང་དུ་འདུ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགོན་པ་པ་ནི་དགོན་པར་སྤྱིལ་བུ་དང་། ཡང་ཐོག་ལ་སོགས་པ་བྱེད་ན་ ལས་ལ་དགའ་བ་ཉིད་དང་། །ཡོངས་སུ་འཛིན་པ་དང་། ཆགས་པ་ནི་བདག་གི་ཆ་མ་ཡིན་ནོ་སྙམ་ནས་ཤིང་དྲུང་ངམ། བླ་གབ་མེད་པ་འམ། དུར་ཁྲོད་དུ་གནས་སོ། །དེ་ལྟ་བས་ན་བརྒྱད་ཁོ་ནར་འགྱུར་ལ། བརྒྱད་པོ་དེ་དག་ཀྱང་དགོན་པ་ 67-1-151b པ་ཉིད་དང་། ཕྱག་དར་ཁྲོད་པ་ཉིད་དང་། བསོད་སྙོམས་པ་ཉིད་དང་གསུམ་གྱིས་རྫོགས་པར་འགྱུར་རོ། །དེ་ལྟར་ན་སྦྱངས་པའི་སྒོ་གསུམ་རྫོགས་པར་བྱེད་ན། སྦྱངས་པའི་ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཛེས་དགའ་བོ་ལ་བརྟེན་ནས་དགའ་བོ་ནམ་ཞིག་དགོན་པ་དང་། ཕྱག་དར་ཁྲོད་པ་དང་། ངན་ངོན་གྱིས་འཚོ་འདོད་པ་རྣམས་ལ་ནི་ལྟ་བ་མེད་པ་མཐོང་ཞིག་གུ་ཞེས་གསུངས་སོ། །དེ་ལ་ སྦྱངས་པའི་ཡན་ལག་ནི་ཅི་ཞིག་ཡིན། སྦྱངས་པའི་ཆོས་ནི་དུ་ཞིག་ཡོད། ཅི་སྤྱོད་པའི་གང་ཟག་དག་ནི་སྦྱངས་པའི་ཡོན་ཏན་བསྟན་པར་དགའ། སྦྱངས་པའི་ཡན་ལག་ནི་དུ་ཞིག །མཐར་ཐུག་པ་ནི་དུ་ཞིག །ཅི་སྦྱངས་པའི་དེ་ཉིད་ སྦྱངས་པ་སྨྲ་བ་ཡང་དེ་ཡིན་ནམ་ཞེ་ན། དེ་ལ་སྦྱངས་པའི་ཡན་ལག་ཅེས་བྱ་བ་ནི་གཞི་བཅུ་གསུམ་པོ་དེ་དག་གི་སྤོང་བ་གང་ཡིན་པ་དེ་ནི་སྦྱངས་པའི་ཡན་ལག་ཡིན་ནོ། །སྦྱངས་པའི་ཡོན་ཏན་ཅིར་བརྗོད་པར་བྱ་ཞེ་ན། དགེ་བར་བརྗོད་པར་བྱའོ། །སྦྱངས་པའི་ཆོས་དུ་ཞེ་ན། སྦྱངས་པའི་ཆོས་ནི་གཉིས་ཏེ། མ་ཆགས་པ་དང་། གཏི་མུག་མེད་པ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཕྱག་དར་ཁྲོད་པ་གང་ཡིན་པ་དེ་ནི་འདོད་པ་ཆུང་བ་ཉིད་ལ་ བརྟེན། ཆོག་ཤེས་པ་ཉིད་ལ་བརྟེན། ཡོ་བྱད་བསྙུངས་པ་ཉིད་ལ་བརྟེན། རབ་ཏུ་དབེན་པ་ཉིད་ལ་བརྟེན། འདིས་ཆོག་པ་ཉིད་ལ་བརྟེན་ནས་ཕྱག་དར་ཁྲོད་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །རྣམ་པ་གཅིག་ཏུ་ནི་མ་ ཆགས་པས་རྗེས་སུ་གནང་བ་འཚམ་པར་བསྟེན་པས་འདོད་པའི་བསོད་སྙོམས་ཀྱི་རྗེས་སུ་བརྩོན་པའི་སླུ་བ་སེལ་ལ། སྦྱངས་པའི་ཡོན་ཏན་གཏི་མུག་མེད་པ་ནི་ཡོ་བྱད་བསྙུངས་པར་འཚམ་པར་བསྟེན་པས་བདག་ཉིད་ དུབ་པའི་རྗེས་སུ་བརྩོན་པའི་སླུ་བ་སེལ་ཏེ། དེ་ལྟ་བས་ན་སྦྱངས་པའི་ཆོས་ནི་གཉིས་ཏེ། མ་ཆགས་པ་དང་། གཏི་མུག་མེད་པ་ཡིན་ནོ། །དེ་ལ་འདོད་པ་ཆུང་བ་ཉིད་དང་། ཆོག་ཤེས་པ་ཉིད་དང་། རབ་ཏུ་དབེན་པ་ཉིད་ནི་མ་ 67-1-152a ཆགས་པ་ཡིན་ནོ། །ཡོ་བྱད་བསྙུངས་པ་ཉིད་དང་། འདིས་ཆོག་པ་ཉིད་ནི་གཏི་མུག་མེད་པ་ཉིད་ཡིན་ནོ། །དེ་ལ་མ་ཆགས་པས་ནི་སྤང་བའི་གཞི་བཅུ་གསུམ་ལ་ཆགས་པ་སེལ་ལ། གཏི་མུག་མེད་པས་ནི་ གཞི་དེ་དག་ཉིད་ལ་ཉེས་དམིགས་མི་ཤེས་པ་སེལ་ཏོ། །ཡང་ཅི་སྤྱོད་པའི་གང་ཟག་རྣམས་སྦྱངས་པའི་ཡོན་ཏན་སྟེན་པར་དགའ་ཞེ་ན། འདོད་ཆགས་སྤྱོད་པ་དང་། གཏི་མུག་སྤྱོད་པ་སྦྱངས་པའི་ཡོན་ཏན་སྟེན་པར་དགའི། ཞེ་ སྡང་སྤྱོད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་འདོད་ཆགས་སྤྱོད་པ་དང་། གཏི་མུག་སྤྱོད་པ་སྦྱངས་པའི་ཡོན་ཏན་སྟེན་གྱི། ཞེ་སྡང་སྤྱོད་པའི་མ་ཡིན་ཞེ་ན། སྦྱངས་པའི་ཡོན་ཏན་སྟེན་པ་ནི། བསྒྲུབ་དཀའ་བ་ཡིན་པས་འདོད་ཆགས་སྤྱོད་པ་ བསྒྲུབ་དཀའ་བ་ལ་བརྟེན་ནས་འདོད་ཆགས་རྣམ་པར་གནོན་པར་འགྱུར་ལ། གཏི་མུག་སྤྱོད་པ་ཡང་སྦྱངས་པའི་ཡོན་ཏན་སྟེན་པ་ཡང་དག་པར་བླངས་པ་ཡོ་བྱད་བསྙུངས་པ་ལ་བརྟེན་ནས་རྟག་ཏུ་བག་ཡོད་པར་འགྱུར་ཞིང་བག་ ཡོད་ན་གཏི་མུག་རྣམ་པར་གནོན་པར་འགྱུར་རོ། །དེ་ལྟ་བས་ན་འདོད་ཆགས་སྤྱོད་པ་དང་། གཏི་མུག་སྤྱོད་པ་སྦྱངས་པའི་ཡོན་ཏན་སྟེན་པར་དགའི། །ཞེ་སྡང་སྤྱོད་པ་ནི་སྒྲུབ་དཀའ་ན་མཁྲིས་པའི་ནད་ལ་དྲོད་བག་བྱིན་པ་བཞིན་དུ་ ཕྱིར་ཞེ་སྡང་སྐྱེ་བར་འགྱུར་ཏེ། དེ་ལྟ་བས་ན་ཞེ་སྡང་སྤྱོད་པ་ནི་སྦྱངས་པའི་ཡོན་ཏན་བསྟེན་པར་དཀའ་བ་ཡིན་ནོ། །གཞན་དག་ན་རེ་ཞེ་སྡང་སྤྱོད་པ་ནི་དགོན་པ་པ་ཉིད་དང་། ཤིང་དྲུང་པ་ཉིད་དགའོ། །དེ་ཅིའི་ཕྱིར་ཞེ་ན། དགོན་པ་དང་། ཤིང་ དྲུང་ན་གནས་ན་དེ་དག་ཏུ་མི་འདོད་པས་གཙེ་བའི་ཉེས་པ་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །སྦྱངས་པའི་ཡན་ལག་ནི་དུས་ཀྱི་མཐར་ཐུག་པ་ནི་དུ་ཞིག་ཅེས་བྱ་བ་ནི། སྦྱངས་པའི་ཡན་ལག་གསུམ་པོ་ཤིང་དྲུང་པ་ཉིད་དང་། བླ་གབ་མེད་པ་ ཉིད་དང་། དུར་ཁྲོད་པ་ཉིད་ནི་ཟླ་བ་བརྒྱད་ཀྱི་མཐར་ཐུག་པར་བྱ་སྟེ། དབྱར་ནི་གཡོགས་པར་གནས་པར་བཅོམ་ལྡན་འདས་ཀྱིས་གནང་ངོ་། །ཅི་སྦྱངས་པ་དེ་ཉིད་སྦྱངས་པ་སྨྲ་བ་ཡང་དེ་ཡིན་ནམ་ཞེས་བྱ་བ་ནི་སྦྱངས་པ་ཡིན་ལ་སྦྱངས་པ་སྨྲ་ 67-1-152b བ་ཡིན་པ་ཡང་ཡོད། སྦྱངས་པ་མ་ཡིན་ལ་སྦྱངས་པ་སྨྲ་བ་ཡིན་པ་ཡང་ཡོད། སྦྱངས་པ་ཡིན་ལ་སྦྱངས་པ་སྨྲ་བ་མ་ཡིན་པ་ཡང་ཡོད། སྦྱངས་པ་ཡང་མ་ཡིན་སྦྱངས་པ་སྨྲ་བ་ཡིན་པ་ཡང་ཡོད་དོ། །དེ་ལ་སྦྱངས་པ་ཡང་ཡིན། སྦྱངས་པ་སྨྲ་བ་ཡང་ ཡིན་པ་ཡང་ཡོད་ཅེས་བྱ་བ་ནི་དགྲ་བཅོམ་པ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་དང་ལྡན་པའོ། །སྦྱངས་པ་མ་ཡིན་ལ་སྦྱངས་པ་སྨྲ་བ་ཡིན་པ་ཡང་ཡོད་ཅེས་བྱ་བ་ནི་དགྲ་བཅོམ་པ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་དང་ མི་ལྡན་པའོ། །སྦྱངས་པ་ཡིན་ལ་སྦྱངས་པ་སྨྲ་བ་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་ནི་སློབ་པ་འམ། སོ་སོའི་སྐྱེ་བོ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་དང་ལྡན་པའོ། །སྦྱངས་པ་ཡང་མ་ཡིན་སྦྱངས་པའི་ཡོན་ཏན་སྨྲ་བ་ཡང་མ་ ཡིན་པ་ཡང་ཡོད་ཅེས་བྱ་བ་ནི་སློབ་པ་འམ། སོ་སོའི་སྐྱེ་བོ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་དང་མི་ལྡན་པའོ། །སྦྱངས་པའི་ཡོན་ཏན་གྱི་མཚན་ཉིད་ནི་ཅི་ཡིན། མནོག་ནི་ཅི་ཡིན། ཉེ་བར་གནས་པ་ནི་ཅི་ཡིན་ཞེ་ན། སྦྱངས་པའི་ཡོན་ཏན་གྱི་མཚན་ཉིད་ནི་འདོད་པ་ཆུང་བ་ཉིད་དོ། །མནོག་ནི་ཆོག་ཤེས་པའོ། །ཉེ་བར་གནས་པ་ནི་ཡོ་བྱད་བསྙུངས་པའོ། །རྣམ་པ་གཅིག་ཏུ་ན་མཚན་ཉིད་ནི་མ་འབགས་པའོ། །མནོག་ནི་ཉེས་དམིགས་མེད་པའོ། ། ཉེ་བར་གནས་པ་ནི་བརྩོན་པ་མི་འདོར་བའོ། །སྦྱངས་པའི་ཡོན་ཏན་གྱི་ཐོག་མ་ནི་གང་ཡིན། བར་མ་ནི་གང་ཡིན། ཐ་མ་ནི་གང་ཡིན་ཞེ་ན། སྦྱངས་པའི་ཡོན་ཏན་གྱི་ཐོག་མ་ནི་ཡང་དག་པར་ལེན་པའོ། །བར་མ་ནི་སྟེན་པའོ། ། ཐ་མ་ནི་རབ་ཏུ་དགའ་བའོ། །རྣམ་པར་གྲོལ་བའི་ལམ་ལས་སྦྱངས་པའི་ཡོན་ཏན་བསྟན་པ་ཞེས་བྱ་བ་སྟེ་ཀུན་ནས་བཏུས་པ་གསུམ་པ་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་དཔལ་བརྩེགས་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །༄༅། ། རྒྱ་གར་སྐད་དུ། ། ཨཱ་ཡུ་པ་རྱཱནྟ་སཱུ་ཏྲ། བོད་སྐད་དུ། ཚེའི་མཐའི་མདོ། དཀོན་མཆོག་ 67-1-153a གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་སེམས་ཅན་རྣམས་ཀྱི་ཚེའི་མཐའ་ཐོས་པར་འདོད་དམ། བཅོམ་ལྡན་འདས་དེའི་དུས་ལ་བབ་ལགས་སོ། །བདེ་བར་གཤེགས་པ་དེའི་དུས་ལ་བབ་ལགས་སོ། ། བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་ཚེའི་མཐའ་བསྟན་པ་བཅོམ་ལྡན་འདས་ལས་ཐོས་ནས་དགེ་སློང་དག་འཛིན་པར་བགྱིད་ལགས་སོ། །དགེ་སློང་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། དགེ་སློང་དག་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་རིང་ན་བསྐལ་པ་གཅིག་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་དུད་འགྲོ་རྣམས་ཀྱི་ཚེའི་ཚད་ནི་རིང་ན་བསྐལ་པ་གཅིག་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་ དག་མི་རྣམས་ཀྱི་ཉིན་ཞག་སུམ་བཅུ་གང་ཡིན་པ་དེ་ཡི་དགས་རྣམས་ཀྱི་ཉིན་ཞག་གཅིག་གོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ཡི་དགས་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་ རྩིས་པའི་ལྔ་བརྒྱ་ཐུབ་སྟེ། དེ་མིའི་ལྟར་རྩིས་ན་ལོ་ཁྲི་ལྔ་སྟོང་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཇི་ལྟར་རབ་ཏུ་ཆེ་བའི་ལུས་འགྲེང་ཞིང་། ། མཆུ་དང་མིག་སྐམས་ཤིན་དུ་སྡུག་བསྔལ་བ། །རང་གི་སྐྲས་ཡོག་ཁ་གདངས་གནམ་དུ་ལྟ། །སྣ་ནི་ཁབ་ལྟར་རབ་ཏུ་ཕྲ་བ་དང་། །རུས་གོང་འདྲ་ལུས་གཅེར་བུ་རང་སྐྲས་ཡོག །གཟུགས་མི་སྡུག་པ་འགྲེང་ཞིང་ཐོད་པ་ཐོགས། ། བཀྲེས་དང་སྐོམ་དང་ངལ་བས་རབ་གཟིར་གང་། །ཆོ་ངེས་འདེབས་ཤིང་ཀུན་དུ་རྒྱུག་པ་དག །ཉམ་ཐག་སྐད་འབྱིན་སྡུག་བསྔལ་ཚོར་བ་མྱོང་། །ཕན་ཚུན་ཕྲག་དོག་སེར་སྣ་འདིར་བསྟེན་ཅིང་། །འདིར་ནི་སྡིག་པའི་ལས་དག་བྱས་པ་ 67-1-153b ཡིས། །ཡི་དགས་འཇིག་རྟེན་དུ་ནི་དེ་དག་སྐྱེས། །དགེ་སློང་དག་ཤར་གྱི་ལུས་འཕགས་ཀྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་ཉིས་བརྒྱ་ལྔ་བཅུ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ནུབ་ཀྱི་བ་ལང་སྤྱོད་ཀྱི་མི་རྣམས་ཀྱི་ ཚེའི་ཚད་ནི་ལོ་ལྔ་བརྒྱ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་སྟེ། བར་མ་དོར་འཆི་བ་ནི་མེད་དོ། །རྒྱུ་གང་གིས་སྒྲ་མི་སྙན་པ་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་ཐུབ་ལ་བར་ མ་དོར་འཆི་བ་ནི་མེད་ཅེ་ན། དགེ་སློང་དག་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ནི་བདག་གི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་ལ་ཚེ་ངེས་པ་ཡོད་ཅིང་འདི་ནས་ཤི་འཕོས་ནས་ཀྱང་ཁྱད་པར་དུ་འགྲོ་བ་སྟེ། ཕྱི་མ་ལ་མཐོ་རིས་སུ་ཉེ་བར་ འགྲོའོ། །དགེ་སློང་དག་རྒྱུ་དེས་ན་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་ཐུབ་ལ་བར་མ་དོར་འཆི་བ་ནི་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། དབུལ་བས་སྡུག་བསྔལ་ སེམས་ཅན་དག །གཞན་གྱི་ནོར་ལ་སྨོན་པར་བྱེད། །དེ་དག་དམ་པ་མ་བསྟེན་པས། །གཞན་གྱི་མངག་གཞུག་ངན་ཅིང་དམན། །ལོངས་སྤྱོད་དག་དང་ལྡན་པ་ཡི། །ཕྱུག་ཅིང་ནོར་མང་སེམས་ཅན་ནི། །ནོར་དང་འབྲུ་དང་སྐྱེ་བོར་ ལྡན། །དེ་དག་དམ་པ་སྟེན་པ་ཡིན། །བསོད་ནམས་ཕྱུག་པས་ཉེར་འཚོ་བའི། །དགེ་བའི་ལས་ནི་འདིར་བྱས་པས། །འབྱོར་པ་ཆེན་པོ་ཕུན་སུམ་ཚོགས། །ལྷ་བཞིན་དུ་ནི་དགའ་བར་བྱེད། །ལྐོག་གྱུར་གང་ཡིན་མི་སྣང་སྟེ། མངོན་སུམ་འདི་ལས་བལྟ་བར་བྱོས། །གང་ཟག་ཁ་ཅིག་འཇིག་རྟེན་ན། །བདེ་ལྡན་སྔོན་བྱིན་འབྲས་བུ་ཡིན། །བྱང་ཕྱོགས་གླིང་གི་མི་རྣམས་ནི། །བྱ་དག་གི་མེད་ཅིང་ཡོངས་འཛིན་མེད། །དཔག་བསམས་ལས་བྱུང་གོས་སྟེན་ པ། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །དེ་དག་གྲང་དང་ཚ་བ་མེད། །དེ་དག་ལ་ནི་ནད་མེད་ཅིང་། །གཟུགས་དང་ཁ་དོག་ཕུན་སུམ་ཚོགས། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །བྱང་ཕྱོགས་གླིང་ན་མ་ཉམས་ཤིང་། །མ་གྲུགས་དག་ཅིང་ 67-1-154a གཙང་བ་དང་། །ཤིན་དུ་དཀར་བའི་སཱ་ལུ་སྐྱེ། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །ནོར་བུ་འོད་བྱེད་འབར་བ་ཡིས། །དེ་རྣམས་རྟག་ཏུ་མཛེས་པ་དང་། །དེ་དག་ཟས་ནི་འཇུ་བྱེད་གང་། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། ། དེ་དག་ལ་ནི་ཚོད་མ་དང་། །སྲན་ཚོད་ཀྱང་ནི་ཆུང་ཟད་མེད། །ཁ་དོག་དྲི་དང་རོར་ལྡན་པའི། །སཱ་ལུ་དག་ནི་རྟག་ཏུ་ཟ། །ཟས་ནི་ལན་ཅིག་བྱིན་པ་ཡིས། །སྟན་ལས་མ་ལངས་བར་དུ་ནི། །ཟད་མི་ཤེས་པར་སྡེར་ལ་ཡོད། །དེ་ནི་སྔོན་ བྱིན་འབྲས་བུ་ཡིན། །ཀུ་བའི་འབྲས་བུ་འདྲ་བ་དང་། །བཅད་ཀྱང་ཡལ་ཀ་ལ་སྐྱེས་ཏེ། །བརྔས་ནས་བཙོ་མི་དགོས་པར་ཟ། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །དེ་དག་འབབ་ཆུ་བསིལ་བ་དང་། །འཐུངས་ཀྱང་ལྟོ་ལ་མི་གནོད་པའི། ། ཡན་ལག་བརྒྱད་ལྡན་ཆུ་ལ་ཡོད། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །རོལ་མོའི་ལྗོན་ཤིང་གང་དག་གིས། །དེ་དག་རྟག་ཏུ་རྩེ་ཞིང་དགའ། །ཡིད་ནི་རྟག་ཏུ་བདེ་དང་ལྡན། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །དེ་དག་རོལ་མོའི་ལྗོན་ཤིང་ བཟང་། །གོས་ཀྱི་ལྗོན་ཤིང་མང་པོ་དང་། །སྤོས་ཀྱི་ལྗོན་ཤིང་ཕུན་སུམ་ཚོགས། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །སྤོས་དང་མེ་ཏོག་རོལ་མོ་དང་། །དེ་བཞིན་དུ་ནི་གོས་རྣམས་ཀྱང་། །གང་དག་ཇི་ལྟར་འདོད་པ་བཞིན། །དེ་དག་ དེ་བཞིན་འབྱུང་བར་འགྱུར། །ནེའུ་བསིང་དག་ནི་སྔོན་པོ་ལ། །ཤིང་བལ་ལྟ་བུར་རབ་འཇམ་པ། །གང་དུ་དེ་དག་རྟག་རྩེ་བ། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །དེ་དག་ལ་ནི་ཁོ་མེད་ཅིང་། །སེར་སྣ་དང་ནི་ཕྲག་དོག་མེད། །ཕན་ཚུན་དག་ཏུ་ རྩེ་བྱེད་པ། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །མཚན་མོ་ཐུན་ཚོད་དང་པོ་ལ། །སྐད་ཅིག་ཙམ་ཞིག་ཆར་འབེབས་ཅིང་། །རྡུལ་རྣམས་མེད་པར་བྱེད་པ་སྟེ། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །དེ་དག་ཡོངས་སུ་འཛིན་མེད་པས། ། མ་དང་བུར་ཡང་མི་ཤེས་ཤིང་། །སྡུག་བསྔལ་མེད་པས་མྱ་ངན་མེད། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །མ་དག་གིས་ཀྱང་རང་གི་བུ། །ལམ་སྟོང་དག་ཏུ་བོར་ཏེ་འགྲོ། །མཐེ་བོ་ལས་ནི་འོ་མ་འཛག །དེ་ནི་སྔོན་བྱིན་འབྲས་བུ་ཡིན། 67-1-154b དེ་དག་གང་ཡང་ངུ་བ་མེད། །ཤི་ན་ཡང་ནི་བོར་ཏེ་འགྲོ། །བྱ་དག་གིས་ནི་གླིང་འཕྱག་པ། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །ཁོར་ཡུག་ཏུ་ནི་འོབས་ཀྱིས་བསྐོར། །གླུ་གར་ཡིད་དུ་འོང་བ་ཡིས། །གང་དུ་རྩེ་ཞིང་དགའ་བར་བྱེད། །དེ་ནི་སྔོན་བྱིན་ འབྲས་བུ་ཡིན། །མི་ཡི་ཚེ་ནི་ལོ་སྟོང་པོ། །ཟད་པ་དག་ཏུ་བྱས་ནས་ནི། །བར་མ་དོར་ནི་འཆི་མེད་པ། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །དཔལ་ནི་རྒྱས་པར་སྤྱད་ནས་སུ། །མི་ཡི་ལུས་ནི་བོར་ནས་ཀྱང་། །ལྷ་ཡི་ནང་དུ་སྐྱེ་བར་འགྱུར། ། དེ་ནི་སྔོན་བྱིན་འབྲས་བུ་ཡིན། །དགེ་སློང་དག་འཛམ་བུའི་གླིང་གི་མི་རྣམས་ལ་ནི་ཡར་འཕེལ་བ་དང་། མར་འགྲིབ་པ་ཡོད་དེ། དགེ་སློང་དག་འཛམ་བུའི་གླིང་གི་མི་རྣམས་ནི་ཚེ་ལོ་དཔག་ཏུ་མེད་པར་ཡང་འགྱུར། ཚེ་ལོ་བརྒྱད་ཁྲི་པ་དང་། ཚེ་ལོ་བརྒྱ་པ་དང་། ཚེ་ལོ་བཅུ་པར་ཡང་འགྱུར་རོ། །དགེ་སློང་དག་འཛམ་བུའི་གླིང་གི་མི་རྣམས་ཀྱི་ད་ལྟར་གྱི་ཚེའི་ཚད་ནི་ལོ་བརྒྱ་པ་ཡིན་ནོ། །དགེ་སློང་དག་ད་ལྟར་ནི་འཛམ་བུའི་གླིང་གི་མི་རྣམས་ལས་རིང་དུ་འཚོ་བ་གང་ཡིན་པས་ལེགས་ པར་བདེ་བར་གནས་ན་ལོ་བརྒྱ་འམ། ལོ་བརྒྱ་ལས་ཆུང་ཟད་ཅིག་ལྷག་པར་ཐུབ་བོ། །དགེ་སློང་དག་འཚོ་བའི་གནས་སྐབས་ནི་བཅུ་མྱོང་བར་འགྱུར་ཏེ། གནས་སྐབས་དང་པོ་ནི་ཞན་ཅིང་གན་རྐྱལ་དུ་ཉལ་བ་སྟེ་བྱིས་པ་ཡིན་ནོ། །གནས་ སྐབས་གཉིས་པ་ནི་རྩེ་བའི་རང་བཞིན་ཅན་ཏེ་གཞོན་ནུ་ཡིན་ནོ། །གནས་སྐབས་གསུམ་པ་ནི་འདོད་པ་ལ་སྤྱོད་པ་སྟེ། ལང་ཚོ་ལ་བབ་པ་ཡིན་ནོ། །གནས་སྐབས་བཞི་པ་ནི་སྤྲོ་བ་དང་ལྡན་ཞིང་ཉམས་སྟོབས་དང་ལྡན་པ་ཡིན་ནོ། ། གནས་སྐབས་ལྔ་པ་ནི་སྟོབས་དང་ལྡན་ཞིང་ཤེས་རབ་དང་ལྡན་པ་ཡིན་ནོ། །གནས་སྐབས་དྲུག་པ་ནི་དཔྱོད་པའི་རང་བཞིན་ཅན་ཏེ་དྲན་པ་དང་ལྡན་པ་ཡིན་ནོ། །གནས་སྐབས་བདུན་པ་ནི་ཆོས་ལུགས་ཁོང་དུ་ཆུད་པ་ཡིན་ནོ། །གནས་སྐབས་ བརྒྱད་པ་ནི་རྒྱལ་པོས་བཀུར་ཞིང་རྒན་རབས་སུ་བཀུར་བ་ཡིན་ནོ། །གནས་སྐབས་དགུ་པ་ནི་རྒས་ཤིང་འཁོགས་པ་སྟེ་རྒན་པོ་ཡིན་ནོ། །གནས་སྐབས་བཅུ་པ་ནི་ཚེའི་མཐར་ཐུག་པ་སྟེ་འཆིར་ཉེ་བ་ཡིན་ནོ། །དགེ་སློང་དག་ལོ་བརྒྱར་ 67-1-155a འཚོ་བས་གནས་སྐབས་བཅུ་པོ་དེ་དག་མྱོང་བར་འགྱུར་རོ། །དགེ་སློང་དག་ལོ་བརྒྱར་འཚོ་བ་ནི་དུས་ཚིགས་སུམ་བརྒྱར་འཚོ་སྟེ། དགུན་གྱི་དུས་ཚིགས་བརྒྱ་དང་། དཔྱིད་ཀྱི་དུས་ཚིགས་བརྒྱ་དང་། དབྱར་གྱི་དུས་ཚིགས་བརྒྱ་ རྣམས་སོ། །དུས་ཚིགས་སུམ་བརྒྱར་འཚོ་བ་ནི་ཟླ་བ་བཅུ་གཉིས་ཕྲག་བརྒྱར་འཚོ་བ་སྟེ། དགུན་བཞི་དང་། དཔྱིད་བཞི་དང་། དབྱར་བཞི་རྣམས་སོ། །ཟླ་བ་བཅུ་གཉིས་ཕྲག་བརྒྱར་འཚོ་བ་ནི་ཟླ་བ་ཕྱེད་ཉིས་སྟོང་བཞི་བརྒྱར་འཚོ་སྟེ། དགུན་བརྒྱད་དང་། དཔྱིད་བརྒྱད་དང་། དབྱར་བརྒྱད་རྣམས་སོ། །ཟླ་བ་ཕྱེད་ཉིས་སྟོང་བཞི་བརྒྱར་འཚོ་བ་ནི། ཉིན་ཞག་སུམ་ཁྲི་དྲུག་སྟོང་དུ་འཚོ་སྟེ། དགུན་བཅུ་གཉིས་དང་། དཔྱིད་བཅུ་གཉིས་དང་། དབྱར་བཅུ་གཉིས་རྣམས་སོ། །ཉིན་ ཞག་སུམ་ཁྲི་དྲུག་སྟོང་དུ་འཚོ་བ་ནི་བར་ཆད་དུ་གྱུར་པ་མ་གཏོགས་པར་ཟན་བདུན་ཁྲི་ཉིས་སྟོང་ཟའོ། །དེ་ལ་འདི་དག་ནི་ཟན་བར་ཆད་དུ་འགྱུར་བ་ཡིན་ཏེ། འཁྲུགས་ནས་མ་ཟོས་པ་དང་། སྡུག་བསྔལ་བར་གྱུར་པས་མ་ཟོས་པ་དང་། ཕོངས་པ་བྱུང་ནས་མ་ཟོས་པ་དང་། བསྙུང་བ་བྱས་ཏེ་མ་ཟོས་པ་དང་། མ་རྙེད་པས་མ་ཟོས་པ་དང་། རྙེད་ཀྱང་མ་ཟོས་པ་དང་། གཉིད་ལོག་ནས་མ་ཟོས་པ་དང་། ར་རོ་སྟེ་མ་ཟོས་པ་དང་། རབ་ཏུ་མྱོས་པས་མ་ཟོས་པ་སྟེ། ཟོས་པ་གང་ ཡིན་པ་དང་། མ་ཟོས་པ་གང་ཡིན་པ་དེ་དག་གཅིག་ཏུ་བསྡོམས་ན་མའི་ནུ་ཞོ་འཐུང་བ་གཏོགས་པར་ཟ་མ་བདུན་ཁྲི་ཉིས་སྟོང་དུ་འགྱུར་རོ། །དགེ་སློང་དེ་ལྟར་ངས་འཛམ་བུའི་གླིང་གི་མི་རྣམས་ཀྱི་ཚེ་ཡང་བཤད། དུས་ཚིགས་དང་། ཟླ་བ་དང་། ཟླ་བ་ཕྱེད་པ་དང་། ཉིན་ཞག་དང་། ཟན་དང་། ཟན་བར་ཆད་དུ་གྱུར་པ་ཡང་བཤད་པ་ཡིན་ནོ། །དགེ་སློང་དག་མི་རྣམས་ཀྱི་ཚེ་ལོ་ལྔ་བཅུ་གང་ཡིན་པ་དེ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། དེ་སུམ་བཅུ་ལ་ཟླ་བ་ གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་རྩིས་པའི་ལྷའི་ལོ་ལྔ་བརྒྱ་སྟེ། དེ་མིའི་ལོ་ལྟར་རྩིས་ན་ལོ་ས་ཡ་ཕྲག་དགུ་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ། །དེ་ནི་སེམས་ 67-1-155b ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་གོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་སེམས་ཅན་དམྱལ་བ་རྣམས་ཀྱི་ཚེ་ཚད་ནི་ལོ་དེ་ལྟ་བུ་རྩིས་ པའི་ལོ་ལྔ་བརྒྱ་སྟེ། དེ་མིའི་ལྟར་རྩིས་ན་ལོ་བྱེ་བ་ཕྲག་འབུམ་དྲུག་ཁྲི་ཉིས་སྟོང་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ལུས་ཀྱིས་ཉེས་པར་སྤྱད་བྱས་ཤིང་། ། ངག་གིས་ཉེས་པར་སྤྱད་པ་དང་། །ཡིད་ཀྱིས་ཉེས་པར་སྤྱད་བྱས་ཤིང་། །གང་ཞིག་ཉེས་པ་གཞན་ལྡན་པའི། །ལས་དེ་དག་གིས་ཡང་སོས་ཀྱི། །དམྱལ་བ་དག་ཏུ་སྐྱེ་འགྱུར་ཏེ། །ལོ་ནི་བྱེ་བ་ཕྲག་སྟོང་དུ། །བཏགས་ཤིང་བཅོམ་ ཡང་ཡང་འཚོའོ། །ཕན་ཚུན་ཁོན་དག་ཆགས་པ་ཡི། །མི་རྣམས་གསོད་པའི་མི་དག་ནི། །ལས་དེ་དག་གིས་ཡང་སོས་ཀྱི། །དམྱལ་བ་དག་ཏུ་སྐྱེ་བར་འགྱུར། །དགེ་སློང་དག་མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་ནི་སུམ་བཅུ་ རྩ་གསུམ་པའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག་གོ། །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་རྩིས་པའི་ལྷའི་ལོ་སྟོང་ཐུབ་ པོ། །དེ་མིའི་ལྟར་རྩིས་ན་ལོ་བྱེ་བ་ཕྲག་གསུམ་དང་། ས་ཡ་ཕྲག་དྲུག་ཡོད་དོ། བར་མ་དོར་འཆི་བ་ནི་ཡོད་དོ། །དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གི་ཉིན་ཞག་གཅིག་གོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག་གོ། ། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གི་ཚེའི་ཚད་ནི་དེ་ལྟ་བུར་རྩིས་པའི་ལོ་སྟོང་ཐུབ་པོ། །དེ་མིའི་ལྟར་རྩིས་ན་ལོ་བྱེ་བ་ཕྲག་ས་ཡ་ཉི་འབུམ་དགུ་ཁྲི་དྲུག་སྟོང་རྩ་བཅུ་གཉིས་ཡོད་དེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཕ་མ་དག་དང་སངས་རྒྱས་དང་། །ཉན་ཐོས་རྣམས་ལ་འཁུ་བྱེད་པ། །དེ་དག་ཐིག་ནག་སྐྱེ་འགྱུར་ཏེ། །སྡུག་བསྔལ་ 67-1-156a ཚོར་བ་མྱོང་བར་འགྱུར། །གང་ཞིག་མི་བརྩོན་འཇོག་པ་དང་། །མི་རྣམས་མཛའ་བའི་དབྱེན་བྱེད་པ། །ཐིག་ནག་ཏུ་ནི་སྐྱེ་བར་འགྱུར། །བརྫུན་སྨྲ་བ་ཡང་དེ་བཞིན་ཏེ། །ལས་དེ་ཡིས་ནི་ཐིག་ནག་གི། དམྱལ་བ་རྣམས་ སུ་དེ་དག་སྐྱེ། །དགེ་སློང་དག་མི་རྣམས་ཀྱི་ལོ་ཉིས་བརྒྱ་གང་ཡིན་པ་དེ་ནི་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། འཐབ་བྲལ་བའི་ལྷ་ རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་རྩིས་པའི་ལྷའི་ལོ་ཉིས་སྟོང་ཐུབ་བོ། །དེ་མིའི་ལྟར་རྩིས་ན་ལོ་བྱེ་བ་ཕྲག་བཅུ་བཞི་དང་། ལོ་ཁྲི་བཞི་སྟོང་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ། །དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་ འཇོམས་ཀྱི་ཉིན་ཞག་གཅིག་གོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་བསྡུས་འཇོམས་ཀྱི་སེམས་ཅན་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་ བུར་རྩིས་པའི་ལོ་ཉིས་སྟོང་ཡོད་དེ། དེ་མིའི་ལྟར་རྩིས་ན་ལོ་བྱེ་བ་ཕྲག་སུམ་འབུམ་དྲུག་ཁྲི་བརྒྱད་སྟོང་རྩ་གཅིག་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་ པ། མི་དགེའི་ལས་རྣམ་གསུམ་བྱས་ཤིང་། །ལས་དགེ་རྣམ་གསུམ་མ་བྱས་ཏེ། །ལས་དེ་དག་གིས་བསྡུས་འཇོམས་ཀྱི། །དམྱལ་བ་དག་ཏུ་སྐྱེ་བར་འགྱུར། །བ་ལང་ར་ལུག་མ་ཧེ་དང་། །རི་དགས་བྱ་གག་ཕག་རྣམས་དང་། ། དེ་བཞིན་སྲོག་ཆགས་གཞན་གསོད་པ། །བསྡུས་གཞོམ་དག་ཏུ་སྐྱེ་བར་འགྱུར། །དགེ་སློང་དག་མི་རྣམས་ཀྱི་ལོ་བཞི་བརྒྱ་གང་ཡིན་པ་དེ་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག ། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། དགའ་ལྡན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་རྩིས་པའི་ལྷའི་ལོ་བཞི་སྟོང་ཐུབ་སྟེ། དེ་མིའི་ལྟར་བྱས་ན་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང་ལོ་ས་ཡ་ཕྲག་དྲུག་ཡོད་དེ། བར་མ་དོར་ 67-1-156b འཆི་བ་ནི་ཡོད་དོ། །དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་ཉིན་ཞག་གཅིག་གོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་སེམས་ཅན་ དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་དེ་ལྟ་བུར་རྩིས་པའི་ལོ་བཞི་སྟོང་ཐུབ་སྟེ། དེ་མིའི་ལྟར་རྩིས་ན་ལོ་བྱེ་བ་ཕྲག་ས་ཡ་གཉིས་དང་། བྱེ་བ་ཕྲག་དགུ་འབུམ་བཞི་ཁྲི་བཞི་སྟོང་དང་། བྱེ་བ་ཕྲག་བརྒྱད་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། འཇིགས་སུ་རུང་ལ་དྲག་ཤུལ་ཅན། །ལག་པ་གཉིས་ནི་ཁྲག་གིས་བསྐུས། །སྡིག་པའི་ལས་ནི་སྤྱོད་པ་ཡིས། །རྟག་ཏུ་ངུ་འབོད་འགྲོ་བར་འགྱུར། ། གཞལ་ལུགས་གཡོ་དང་སྒྱུ་བྱེད་མི། །སྐྱེ་བོ་དག་ནི་ཡིད་ཕྱུང་བས། །འཇིགས་སུ་རུང་བའི་སྒྲ་འབྱིན་ཅིང་། །ཡུན་རིང་དུ་ནི་འབོད་སྲེག་འགྱུར། །དགེ་སློང་དག་མི་རྣམས་ཀྱི་ལོ་བརྒྱད་བརྒྱ་གང་ཡིན་པ་དེ་འཕྲུལ་དགའི་ལྷ་རྣམས་ཀྱི་ཉིན་ ཞག་གཅིག་གོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། འཕྲུལ་དགའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་རྩིས་པའི་ལོ་བརྒྱད་སྟོང་ཐུབ་སྟེ། དེ་མིའི་ལྟར་རྩིས་ན་ལོ་བྱེ་བ་ཕྲག་ཉིས་བརྒྱ་སུམ་བཅུ་ དང་། ལོ་ས་ཡ་ཕྲག་བཞི་ཡོད་དེ་བར་མ་དོར་འཆི་བ་ནི་ཡོད་དོ། །དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོའི་ཉིན་ཞག་གཅིག་གོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་ དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོའི་སེམས་ཅན་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་རྩིས་པའི་ལོ་བརྒྱད་སྟོང་ཡོད་དོ། །དེ་མིའི་ལྟར་རྩིས་ན་ལོ་བྱེ་བ་ཕྲག་ས་ཡ་གསུམ་དང་། བྱེ་བ་ཕྲག་ལྔ་འབུམ་ཁྲི་ཉིས་སྟོང་དྲུག་བཅུ་རྩ་ དྲུག་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། བལྟ་བའི་ཐིབས་པོས་ཁེབས་གྱུར་ཅིང་། །སྲེད་པའི་གཡོག་པས་གཡོགས་པ་དག །སྡིག་པའི་ཆོས་ནི་ 67-1-157a སྤྱོད་པ་ཡིས། །ངུ་འབོད་དག་ཏུ་སྐྱེ་བར་འགྱུར། །ཡིད་གཅུགས་ཉམས་པའི་མི་དག་ནི། །བ་སྤུ་སློང་ཞིང་འབར་བ་ཡིས། །བསྐོར་བའི་ཁྱིམ་གྱི་ནང་ཆུད་ནས། །ངུ་འབོད་ཆེན་པོར་སྲེག་པར་འགྱུར། །གཏམས་པ་བརྣོགས་ པའི་མི་དག་ནི། །རལ་གྲི་ཡིས་ནི་ལུས་གཏུབ་ཅིང་། །བྱ་རྒོད་བྱ་རོག་འུག་པ་ཁྱིས། །འགུལ་བཞིན་དུ་ནི་ཟ་བར་འགྱུར། །དགེ་སློང་དག་མི་རྣམས་ཀྱི་ལོ་སྟོང་དྲུག་བརྒྱ་གང་ཡིན་པ་དེ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་ གཅིག་གོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་རྩིས་པའི་ལྷའི་ལོ་ཁྲི་དྲུག་སྟོང་ཐུབ་པོ། །དེ་མིའི་ལྟར་རྩིས་ན་ལོ་ས་ཡ་ ཕྲག་དྲུག་དང་། ལོ་བྱེ་བ་ཕྲག་དགུ་བརྒྱ་ཉི་ཤུ་རྩ་གཅིག་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ། །དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་ཉིན་ཞག་གཅིག་གོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ སྟེ། སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་སེམས་ཅན་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་རྩིས་པའི་ལོ་ཁྲི་དྲུག་སྟོང་ཡོད་དོ། །དེ་མིའི་ལྟར་རྩིས་ན་ལོ་བྱེ་བ་ས་ཡ་ཕྲག་བརྒྱད་དང་། བཞི་འབུམ་དང་། ལོ་བྱེ་བ་ཕྲག་ཁྲི་དྲུག་ སྟོང་ལྔ་བརྒྱ་སུམ་བཅུ་ཡོད་དེ་བར་མ་དོར་འཆི་བ་ནི་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། དགེ་སློང་བྲམ་ཟེ་དགེ་བ་དང་། །དེ་བཞིན་དུ་ནི་ཕ་མ་ལ། །གང་ཞིག་རྟག་ཏུ་རྡུང་བྱེད་པ། །དེ་ནི་ཚ་ བར་སྐྱེ་བར་འགྱུར། །འདིར་ནི་གང་ཞིག་གདུང་བ་ཡིས། །སྐྱེ་བོ་མང་པོ་གདུང་བྱེད་པ། །ལས་དེ་དག་གིས་ཚ་བ་ཡི། །དམྱལ་བ་རྣམས་སུ་སྐྱེ་བར་འགྱུར། །དགེ་སློང་དག་ཁྱེད་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་མཐའ་ ཉན་པར་འདོད་དམ། བཅོམ་ལྡན་འདས་དེའི་དུས་ལ་བབ་ལགས་སོ། །བདེ་བར་གཤེགས་པ་དེའི་དུས་ལ་བབ་ལགས་སོ། །བཅོམ་ལྡན་འདས་ལས་དགེ་སློང་དག་གིས་གང་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ 67-1-157b ཚེའི་མཐའ་བསྟན་པ་ཐོས་ནས་དགེ་སློང་དག་འཛིན་པར་བགྱིད་ལགས་སོ། །དགེ་སློང་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །དགེ་སློང་དག་འདི་ལྟ་སྟེ། འདི་ལ་ཏིལ་ཡུལ་ཀོ་ས་ལའི་ ཁལ་བཅུ་ཚད་ཉི་ཤུ་ཤོང་བའི་ཁལ་བཅུ་ཚད་ཉི་ཤུ་པ་ཏིལ་གྱིས་བྱུར་བུར་གང་བར་གྱུར་པ་དེ་ལས་མི་ལ་ལ་ཞིག་གིས་ལོ་བརྒྱ་འདས་ཤིང་ཏིལ་འབྲུ་གཅིག་བོར་ཏེ། ཏིལ་ཁལ་བཅུ་ཚད་ཉི་ཤུ་ཤོང་བའི་ཁལ་བཅུ་ཉི་ཤུ་ པ་དེ་ཐབས་འདིས་མྱུར་དུ་ཡོངས་སུ་ཟད་ཅིང་གཏུགས་པར་གྱུར་ཀྱང་། དགེ་སློང་དག་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་དེ་ལྟ་མ་ཡིན་པར་ང་སྨྲའོ། །ཆུ་བུར་ཅན་གྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་ཆུ་བུར་རྡོལ་གྱི་ གཅིག་ཡིན་ནོ། །ཆུ་བུར་རྡོལ་གྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་སོ་ཐམས་ཐམས་ཀྱི་གཅིག་ཡིན་ནོ། །སོ་ཐམས་ཐམས་ཀྱི་ཉི་ཤུ་ཇ་ལྟ་བ་དེ་ལྟར་ཀྱི་ཧུད་ཟེར་གྱི་གཅིག་ཡིན་ནོ། །ཀྱི་ཧུད་ཟེར་གྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་ཨ་ཅུ་ཟེར་གྱི་གཅིག་ ཡིན་ནོ། །ཨ་ཅུ་ཟེར་གྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་ཨུད་པ་ལ་ལྟར་གས་པའི་གཅིག་ཡིན་ནོ། །ཨུད་པ་ལ་ལྟར་གས་པའི་ཉི་ཤུ་ཇི་ལྟ་བ་དེ་ལྟར་པད་མ་ལྟར་གས་པའི་གཅིག་ཡིན་ནོ། །པད་མ་ལྟར་གས་པའི་ཉི་ཤུ་ཇི་ལྟ་བ་དེ་ལྟར་པད་ མ་ལྟར་གས་པ་ཆེན་པོའི་གཅིག་ཡིན་ནོ། །ལྷ་སྦྱིན་གྱི་ཕྱོགས་དགེ་སློང་ཀོ་ཀ་ལི་ཀས་དགེ་སློང་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ལ་ཞེ་སྡང་གི་སེམས་བསྐྱེད་པས་རང་གི་ལུས་དེ་ཉིད་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་པད་མ་ལྟར་ གས་པ་ཆེན་པོར་སྐྱེས་སོ། །དགེ་སློང་དག་དེ་ལྟ་བས་ན་དེའི་ཕྱིར་འདི་ལྟར་བསླབ་པར་བྱ་སྟེ། སྡོང་དུམ་ཚིག་པ་ལ་ཡང་ཞེ་སྡང་གི་སེམས་བསྐྱེད་པར་མི་བྱ་ན་རྣམ་པར་ཤེས་པ་དང་ལྡན་པའི་ལུས་ལ་ལྟ་སྨོས་ཀྱང་ཅི་དགོས་པ་དེ་ལྟར་དགེ་ སློང་དག་ཁྱེད་ཀྱིས་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། མི་ཞིག་སྐྱེས་པར་གྱུར་པ་ན། །གང་གིས་བདག་ནི་གཅོད་བྱེད་པའི། །ཁ་ནས་སྟ་རེའི་ཚིག་འབྱུང་བ། 67-1-158a ཉེས་པར་སྨྲ་བས་སྨྲ་བ་ནི། །གང་དག་སྨད་བྱ་སྟོད་བྱེད་ཅིང་། །སྐྱེ་བོ་བསྟོད་བྱ་སྨོད་བྱེད་པའི། །སྡིག་གང་བདེ་བ་མི་མྱོང་བའི། །སྡིག་དེ་དེའི་ཁ་ན་སོགས། །གང་འདིར་རྒྱན་པོས་བདག་ནོར་ཡལ། །འདི་ནི་སྡིག་པ་ཆུང་ངུ་སྟེ། གང་ཞིག་བདེ་གཤེགས་སྡང་སེམས་བསྐྱེད། །འདིར་ནི་སྡིག་པ་དེ་ཆེའོ། །ངག་དང་ཡིད་ཀྱིས་ཀྱང་ནི་སྡིག་བྱས་ཤིང་། །གང་ཞིག་འཕགས་ལ་སྨོད་པ་དམྱལ་འགྲོ་སྟེ། །སྟོང་ཕྲག་བརྒྱར་ནི་ཆུ་བུར་རྡོལ་ནས་སུ། །ཆུ་བུར་ཅན་དུ་སུམ་ བཅུ་རྩ་དྲུག་གོ། །སྡིག་པའི་སེམས་ཀྱིས་བདེན་པར་མི་སྨྲ་བ། །བདག་ཉིད་བརླག་ཅིང་དམྱལ་བར་འཕེན་པར་བྱེད། །དེ་ཡིད་དྲི་མས་མ་རྙོགས་པར་བྱེད་དེ། །ཁ་ན་མ་ཐོ་མེད་པ་དེ་བཟོད་དོ། །དགེ་སློང་དག་སེམས་ཅན་དམྱལ་བ་ཆེན་པོ་ རབ་ཏུ་ཚ་བའི་ཚེའི་ཚད་ནི་བསྐལ་པ་ཕྱེད་གཅིག་ཡིན་ཏེ། བར་མ་དོར་འཆི་བ་ནི་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། འབྲས་བུ་ཡིད་འོང་མཐོ་རིས་སུ། །སྐྱེ་འགྱུར་དགེ་བ་སྤངས་ ནས་ནི། །འདིར་ནི་མི་སྡུག་ལས་བྱས་པས། །རབ་ཏུ་ཚ་བར་སྐྱེ་བར་འགྱུར། །དགེ་སྦྱོང་བྲམ་ཟེ་དགེ་བ་དང་། །ཕ་དང་མ་ཡང་དེ་བཞིན་ཏེ། །གང་ཡང་བླ་མ་གཞན་གསོད་པ། །རབ་ཏུ་ཚ་བར་དེ་འཚེད་དོ། །དགེ་སློང་དག་དམྱལ་ བ་ཆེན་པོ་མནར་མེད་པའི་ཚེའི་ཚད་ནི་བསྐལ་པ་གཅིག་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །མི་གཏི་མུག་ཅན་ལྷ་བྱིན་གྱིས་དགེ་འདུན་འཐུན་པ་ཕྱེ་བ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། དགེ་སློང་ མ་དགྲ་བཅོམ་པ་བསད་པས་རང་གི་ལུས་དེ་ཉིད་ཀྱིས་དམྱལ་བ་ཆེན་པོ་མནར་མེད་པ་དེར་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། འཕགས་པ་རྣམས་ཀྱིས་བསྟན་པ་ཡི། ཆོས་གྱིས་འོས་པར་འཚོ་རྣམས་ལ། །སྡིག་པའི་ལྟ་བ་ལ་བརྟེན་ནས། །བློ་ངན་གང་ཞིག་སྨོད་བྱེད་པ། །ཚེར་ཅན་འོད་མའི་འབྲས་བུ་ལྟར། །དེ་ནི་འབྲས་བུ་རླག་པར་བྱེད། །དགེ་བར་འགྱུར་བ་བརྗོད་བྱ་སྟེ། །སྡིག་པ་ཅན་ 67-1-158b དག་མི་བརྗོད་དོ། །དགེ་བ་སྨྲས་ན་ལེགས་པར་འགྱུར། །སྡིག་པ་སྨྲས་ན་སྲེག་འགྱུར་བས། །གལ་ཏེ་སྨྲ་ན་དགེ་བ་སྨྲའི། །སྡིག་པ་སྨྲས་ན་རླག་པར་འགྱུར། །བྱིས་པ་རྣམས་ནི་སྡིག་སྨྲ་སྟེ། །འཕགས་པ་རྣམས་ནི་མ་ཡིན་ནོ། ། འདིར་ནི་ངན་འགྲོར་འགྲོ་བ་ཡི། །ལས་ནི་ཤས་ཆེར་བྱས་པས་ན། །ལས་དེ་དག་གིས་མནར་མེད་པའི། །དམྱལ་བ་དག་ཏུ་སྐྱེ་བར་འགྱུར། །དགེ་སློང་དག་ཚངས་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཕྱེད་དེ། བར་མ་དོར་ འཆི་བ་ནི་ཡོད་དོ། །དགེ་སློང་དག་ཚངས་པའི་མདུན་ན་འདོན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པའི་བཞི་ཆ་གསུམ་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ཚངས་ཆེན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ གཅིག་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་འོད་ཆུང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་གཉིས་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ཚད་མེད་འོད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ བཞི་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་འོད་གསལ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་དགེ་ཆུང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ བཅུ་དྲུག་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ཚད་མེད་དགེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སུམ་བཅུ་རྩ་གཉིས་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་དགེ་རྒྱས་ཀྱི་ལྷ་རྣམས་ ཀྱི་ཚེའི་ཚད་ནི་བསྐལ་པ་དྲུག་ཅུ་རྩ་བཞི་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་སྤྲིན་མེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱ་ཉི་ཤུ་རྩ་ལྔ་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ བསོད་ནམས་སྐྱེས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉིས་བརྒྱ་རྩ་ལྔ་བཅུ་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ལྔ་བརྒྱ་ཐུབ་སྟེ། བར་མ་ 67-1-159a དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་འདུ་ཤེས་མེད་པའི་སེམས་ཅན་དང་མི་ཆེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སྟོང་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་མི་གདུང་བའི་ལྷ་རྣམས་ཀྱི་ཚེའི་ ཚད་ནི་བསྐལ་པ་ཉིས་སྟོང་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ཤིན་དུ་མཐོང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཞི་སྟོང་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་གྱ་ནོམ་སྣང་གི་ལྷ་རྣམས་ ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་སྟོང་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་འོག་མིན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཁྲི་དྲུག་སྟོང་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ནམ་མཁའ་ མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉི་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ བཞི་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་དྲུག་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་འདུ་ཤེས་མེད་འདུ་ཤེས་མེད་ མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དགེ་སློང་དག་དེ་ལྟར་དམྱལ་བ་ཆེན་པོ་མནར་མེད་པ་ནས་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱྀ་བར་དེ་དག་ནི་དགེ་སློང་ དག་སྲིད་པའི་རྩེ་མོ་དང་། དེ་དག་ནི་སྲིད་པའི་རྩེ་མོ་ཡིན་ནོ། །དེ་དག་ནི་སྲིད་པ་འབྱུང་བ་ཡིན་ཏེ། དེ་དག་ནི་འགྲོ་བ་ལྔའི་སེམས་ཅན་རྣམས་འོང་བ་དང་། འགྲོ་བ་དང་། གནས་པ་དང་། འཆི་བ་དང་། སྐྱེ་བར་སྣང་ངོ་། །སྲིད་པའི་འབྱུང་བས་ ཆོག་ཤེས་པར་གྱིས་ཤིག །ང་ནི་སྲིད་པ་མངོན་པར་སྒྲུབ་པ་ཆུང་ངུ་ལ་ཡང་། ཐ་ན་དེའི་སྐད་ཅིག་ཙམ་ཡང་བསྔགས་པ་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། སྲིད་པ་མངོན་པར་སྒྲུབ་པ་ནི་སྡུག་བསྔལ་ཡིན་པའི་ཕྱིར་ཏེ། དཔེར་ན་མི་ 67-1-159b གཙང་བ་ནི་ཉུང་ངུ་ཡང་མི་ཞིམ་ན་མང་པོ་ལྟ་ཅི་སྨོས། དེ་ལྟར་དེ་བཞིན་དུ་ང་ནི་སྲིད་པ་མངོན་པར་སྒྲུབ་པ་ཆུང་ངུ་ལ་ཡང་ཐ་ན་དེའི་སྐད་ཅིག་ཙམ་ཡང་བསྔགས་པ་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སྲིད་པ་མངོན་པར་ སྒྲུབ་པ་ནི་སྡུག་བསྔལ་ཡིན་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་བྱིས་པ་ཐོས་པ་དང་མི་ལྡན་པ་དེ་དག་ནི་འགྲོ་བ་ལྔ་པོའི་འཁོར་བ་གང་དུ་ཡང་དང་ཡང་དུ་དམྱལ་བ་རྣམས་དང་། ཡང་དང་ཡང་དུ་དུད་འགྲོ་རྣམས་དང་། ཡང་དང་ཡང་དུ་ངན་ སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་ཀུན་དུ་རབ་ཏུ་རྒྱུག་གོ། །དགེ་སློང་དག་དེ་ལྟ་བས་ན་དེའི་ཕྱིར་འདི་ལྟར་བསླབ་པར་བྱ་སྟེ། སྲིད་པ་རྒྱུན་ཆད་པར་བྱ་བ་གང་ཡིན་པ་ལ་བརྩོན་པར་བྱ་ཞིང་སྲེད་པ་མངོན་པར་མི་བསྒྲུབ་པར་བྱའོ། ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཚེའི་མཐའི་མདོ་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་བི་ཤུད་དྷ་སིང་ཧ་དང་། ལོ་ཙྪ་བ་བན་དེ་དགེ་བའི་དཔལ་གྱིས་བསྒྱུར། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིང་ཧ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དཔལ་བརྩེགས་གྱིས་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པ། ། ༄༅། །རྒྱ་གར་སྐད་དུ། ཨཱ་ཡུ་བད་ཏི་ཡ་ཐཱ་ཀཱ་རོ་པྲྀ་ཙྪཱ་སཱུ་ཏྲ། བོད་སྐད་དུ། ཚེ་འཕོ་བ་ཇི་ལྟར་འགྱུར་བ་ཞུས་པའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་སེར་སྐྱར་ཁྱིམ་བདག་ཐམས་ཅད་འདུལ་བའི་དུས་ལ་བབ་པར་གཟིགས་ནས་དེ་དག་དད་པ་བསྐྱེད་པར་བྱ་བའི་ཕྱིར་འཁོར་ལྔ་བརྒྱ་དང་བཅས་པར་གཤེགས་པ་ལས། དེའི་ཚེ་ཤཱཀྱ་དགའ་སྐྱེས་ཤེས་བྱ་བ་དར་ལ་བབ་པ། གཉེན་གྱི་སྐྱེ་བོ་ཐམས་ཅད་ལ་རབ་ཏུ་གཅེས་པ། མི་ཐམས་ཅད་ཀྱིས་བཀུར་བའི་གནས་སུ་གྱུར་པ་ཞིག་ཚེ་འཕོས་པའི་ཕུང་པོའི་དྲུང་ན་དེའི་བུ་དང་། ཆུང་མ་དང་། སྤུན་དང་། གཡོག་ 67-1-160a འཁོར་རྣམས་ཀྱིས་རྟའི་ཚོགས་དང་། གླང་པོ་ཆེའི་ཚོགས་དང་། གོས་དང་རྒྱན་སྣ་ཚོགས་པ་ཡང་བསགས། གསེར་དངུལ་དང་། མུ་ཏིག་དང་། ཤེལ་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་པ་ཡང་བསགས། བཟའ་བ་དང་། བཏུང་བ་ རོ་ཞིམ་པོ་མངར་བ་སྣ་ཚོགས་པ་ཡང་བསགས་ཏེ། སྨྲེ་སྔགས་འདོན་ཅིང་དགའ་སྐྱེས་ལ་གསོལ་ལོ་ཞེས་མཆོད་པ་བྱེད་པ་དང་། རྒྱལ་པོ་ཟས་གཙང་མས་བསམས་པ། འདི་ལྟར་ཚེ་འཕོས་པ་ལ་མཆོད་ཅིང་གསོལ་པ་དང་། བརྗེད་པ་ནི་ བྲམ་ཟེ་དག་གི་སྨྲང་ལས་ཟེར་ན་འདི་དག་ལ་སྨན་པ་དང་བདེ་བ་ཅི་ཡོད་པ་བཅོམ་ལྡན་འདས་ལ་དྲིའོ་སྙམ་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་ཚེ་འཕོས་པ་ཇི་ ལྟར་འགྱུར་བའི་དོན་ཞུ་བར་འཚལ་ན་སྐབས་དབྱེ་བར་ཅི་གནང་། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་རྒྱལ་པོ་ཆེན་པོ་ཅི་དང་ཅི་བཞེད་པ་ཞུས་ཤིག་དང་། རྒྱལ་པོ་ཆེན་པོའི་སེམས་རངས་པར་ བཤད་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་ཟས་གཙང་མས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་འདི་ནས་ཚེ་ཕ་རོལ་ཏུ་འཕོས་པའི་སེམས་ཅན་རྣམས་ཕ་རོལ་དུ་ སྐྱེ་བ་དེ་ལྷ་རྣམས་ཀྱང་ལྷར་སྐྱེ་འམ། དེ་བཞིན་དུ་མི་དང་། དུད་འགྲོ་དང་། ཡི་དགས་དང་། དམྱལ་བ་རྣམས་ཀྱང་མི་དང་། དུད་འགྲོ་དང་། ཡི་དགས་དང་། དམྱལ་བ་རྣམས་སུ་ཚེ་འཕོས་པར་རིགས་མ་འདྲེས་པར་སོ་སོར་སྐྱེ་འམ། བཅོམ་ལྡན་འདས་གཞན་ཡང་ལྷ་རྣམས་ནས་ཚེ་འཕོས་པ་མི་ལ་སོགས་པ་གཞན་རྣམས་སུ་སྐྱེའམ། དེ་བཞིན་དུ་མི་དང་། དུད་འགྲོ་དང་། ཡི་དགས་དང་། དམྱལ་བ་རྣམས་ནས་ཚེ་འཕོས་ན་ཡང་ལྷ་ལ་སོགས་པ་གཞན་རྣམས་སུ་ ཡང་སྐྱེ་བར་འགྱུར། བཅོམ་ལྡན་འདས་གཞན་ཡང་སེམས་ཅན་ཐམས་ཅད་འདི་ནས་ཚེ་འཕོས་ནས་ཡེ་མེད་པར་གྱུར་ཏེ། མེ་ཤི་བའི་ཐལ་བ་བཞིན་དུ་གྱུར་ནས་སྐྱེ་བར་ཡེ་མ་མཆིས་སམ། བཅོམ་ལྡན་འདས་གཞན་ཡང་སེམས་ 67-1-160b ཅན་ཐམས་ཅད་འདི་ནས་ཚེ་འཕོས་ནས་ཕ་དང་། མེས་པོ་དང་། ཡང་མེས་ལ་སོགས་པ་ཐོག་མ་མེད་པ་ནས་བཟུང་བའི་བར་དུ་བརྒྱུད་པའི་རིས་འཐུན་པ་རྣམས་འཇིག་རྟེན་ཕ་རོལ་དུ་སྐྱེ་བ་མི་ལེན་པར་འདིར་ཅི་སྤྱད་པ་བཞིན་འགྲོགས་ཏེ་ གནས་སོ་ཞེས་འཇིག་རྟེན་པ་དག་མཆིས་ན་དེ་ལྟར་ལགས་སམ། བཅོམ་ལྡན་འདས་གཞན་ཡང་འདི་ན་ཕྱུག་དྲེགས་རྒྱགས་པ་རྣམས་ཕ་རོལ་ཏུ་ཡང་ཕྱུག་དྲེགས་རྒྱགས་པར་འགྱུར་རམ། འདི་ན་དབུལ་རྒུད་ཉམས་ཆུང་བ་རྣམས་ཕ་ རོལ་དུ་ཡང་དབུལ་རྒུད་ཉམས་ཆུང་བར་འགྱུར་རམ། འོན་ཏེ་དེ་གཉིས་མི་འདྲ་བར་ཕན་ཚུན་བསྣོལ་མར་འགྱུར། བཅོམ་ལྡན་འདས་གཞན་ཡང་འདི་ན་རྟ་དང་གླང་པོ་ཆེ་ལ་སོགས་པ་ཞོན་པ་དང་། འདི་ན་གོས་གྱོན་པ་དང་། རྒྱན་ཐོགས་པ་ དང་། འདི་ན་ཟས་བཟའ་བ་དང་། བཏུང་བ་དང་ལྡན་པ་རྣམས་ཤི་འཕོས་ནས་ཕ་རོལ་དུ་ཡང་དེ་བཞིན་དུ་ཞོན་པ་དང་། གྱོན་པ་དང་། ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆི་ན་དེ་ལྟར་ལགས་སམ། བཅོམ་ལྡན་འདས་གཞན་ཡང་འདི་ ནས་ཤི་འཕོས་པ་ལ་ཕ་མའམ། སྤུན་ནམ། བུ་ལ་སོགས་པ་ཉེ་རིས་རྣམས་ཀྱིས་བཟའ་བ་དང་། བཏུང་བ་ཉུང་ངུ་ཉུང་ངུར་གཏང་བ་འམ། བསྔོས་པ་ཡང་བསྐལ་པ་མང་པོའི་བར་དུ་ཟད་པར་མི་འགྱུར་བར་ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་ པ་དག་མཆི་ན་དེ་ལྟར་ལགས་སམ། བཅོམ་ལྡན་འདས་གཞན་ཡང་སེམས་ཅན་འདི་ནས་ཚེ་འཕོས་པ་ན་ཕ་མའམ། སྤུན་ནམ། བུ་ལ་སོགས་པ་ལ་གཏམ་བྱས་ཏེ་ཚིག་ཅི་སྨྲས་པ་དང་། གཟུགས་བྱད་ཅི་འདྲ་བ་དག་ཚེ་འཕོས་ནས་ཕྱིས་པ་ མ་འམ། སྤུན་ནམ། བུ་ལ་སོགས་པ་ལ་སྔོན་ཚེ་མ་འཕོས་པའི་དུས་ན་གཏམ་བྱས་པ་ལ་སོགས་པ་སྨྲ་བ་དང་། གཟུགས་བྱད་དག་སྟོན་ཏེ། མཐོང་བ་དང་ཐོས་པ་ཡོད་ཅེས་འཇིག་རྟེན་པ་དག་མཆི་ན་དེ་ལྟར་ལགས་སམ། དེ་སྐད་ཅེས་ གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་རྒྱལ་པོ་ཆེན་པོ་འདི་ནས་ཤི་འཕོས་ནས་ལྷ་རྣམས་ལྷར་སྐྱེ་བ་ལ་སོགས་པ་དེ་ལྟར་མ་ལགས་ཏེ། ལྷ་རྣམས་ཚེ་ 67-1-161a འཕོས་པ་ཡང་ལྷར་སྐྱེས་ནས་འགྲོ་བ་རིས་གཞན་རྣམས་སུ་མི་སྐྱེ་བ་ལགས་པ་ནས་དེ་བཞིན་དུ་མི་ལ་སོགས་པ་འགྲོ་བ་གཞན་རྣམས་ཀྱང་ཚེ་འཕོས་ནས་འགྲོ་བ་གཞན་དང་གཞན་རྣམས་སུ་མི་སྐྱེ་བར་རང་རང་གི་ སྔ་མའི་རིས་རྣམས་སུ་སྐྱེ་བ་ལགས་ན་ནི། ཀྱེ་རྒྱལ་པོ་ཆེན་པོ་མི་རྣམས་དང་པོ་ལྷ་ལས་གྱུར་པ་ལགས་ལ། ངན་སོང་གསུམ་པོ་རྣམས་ནི་མི་རྣམས་ཀྱིས་མི་དགེ་བ་སྤྱད་པ་ལས་གྱུར་པ་ལགས་པའི་ཕྱིར་གང་ལྷ་ལ་སོགས་པ་ཚེ་ འཕོས་པ་དེ་འགྲོ་བ་རིས་གཞན་དང་གཞན་རྣམས་སུ་སྐྱེ་བ་ལགས་སོ། །ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་རྒྱལ་པོ་ཆེན་པོས་གསུངས་པ་ལྟར་ལགས་ན་མི་ད་ལྟར་གྱི་འགྲོ་བ་རིས་དྲུག་པོ་རྣམས་མང་བ་དང་ཉུང་བ་རྣམས་ཇི་ལྟར་ཡོད་པ་ བཞིན་དུ་དུས་ཐམས་ཅད་དུ་དེ་ལྟར་འགྱུར་བའི་རིགས་ན། མི་རྣམས་ལས་མི་དགེ་བ་སྤྱད་པ་མང་བའི་རྒྱུས་ངན་སོང་གསུམ་པོ་རྣམས་ཕྱིར་ཞིང་མང་བ་ལ་གཟིགས། ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་ད་ལྟར་གྱི་དགྲ་བཅོམ་པ་འདི་དག་ ནི་མི་ལས་གྱུར་པ་ལགས་ན། འགྲོ་བ་རིས་སོ་སོར་མ་འདྲེས་པར་ཡང་རིས་སོ་སོར་སྐྱེ་བ་ནི་མི་རིགས་སོ། །དགྲ་བཅོམ་པའི་འབྲས་བུ་ཐོབ་པར་ཡང་མི་རིགས་སོ། །ཀྱེ་རྒྱལ་པོ་ཆེན་པོ་དེའི་ཕྱིར་ན་ལས་དགེ་བ་དང་མི་དགེ་བའི་དབང་གིས་ མཐོ་རིས་དང་ངན་སོང་ལ་སོགས་པར་རིས་ཐ་དད་པར་སྐྱེ་བར་འགྱུར་རོ། །ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་ལྷ་རྣམས་ཚེ་འཕོས་ནས་མི་ལ་སོགས་པ་གཞན་རྣམས་སུ་སྐྱེའམ་ཞེས་བྱ་བ་ལ་སོགས་པ་དྲིས་པ་ནི་དེ་དེ་བཞིན་ལགས་ ཏེ། དེ་དེ་ལྟར་ལགས་སོ། །ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་སེམས་ཅན་ཐམས་ཅད་ཚེ་འཕོས་ནས་ཡེ་མེད་པར་གྱུར་ཏེ་མེ་ཤི་བའི་ཐལ་བ་བཞིན་དུ་སྐྱེ་བ་ཡེ་མ་མཆིས་སམ་ཞེས་གསུངས་པ་ནི་དེ་ལྟར་མ་ལགས་ཏེ། ཀྱེ་རྒྱལ་པོ་ ཆེན་པོ་དཔེར་ན་ས་བོན་ཡོད་ན་འབྲས་བུ་འབྱུང་སྟེ། ཚེ་འདི་ས་བོན་ལྟ་བུ་ལས་ཚེ་ཕྱི་མ་འབྲས་བུ་ལྟ་བུ་ཡོད་དོ། །ཀྱེ་རྒྱལ་པོ་ཆེན་པོ་ཉི་མ་ཤར་ནས་ཁད་ཀྱིས་ནུབ་སྟེ་སྨག་ཏུ་གྱུར་པ་ལས་ཡང་ནང་པར་འཆར་བ་བཞིན་དུ་ཚེ་འདི་འཕོས་ 67-1-161b ནས་ཡང་སྐྱེ་བ་ཕྱི་མ་ལེན་ནོ། །ཀྱེ་རྒྱལ་པོ་ཆེན་པོ་ཚེ་འཕོས་ནས་ཕྱི་མར་སྐྱེ་བ་ཡེ་མ་མཆིས་ན་འགྲོ་བ་རྣམས་ཟད་པའི་རིགས་སོ། །ཀྱེ་རྒྱལ་པོ་ཆེན་པོ་ཕྱི་རོལ་གྱི་རྩྭ་དང་ཤིང་རྣམས་ཀྱང་དུས་ཀྱི་དབང་གིས་སྐམས་པ་དེ་ཡང་ཕྱིར་ སྐྱེའོ། །དེ་བཞིན་དུ་སེམས་ཅན་རྣམས་ལས་དང་ཉོན་མོངས་པ་དུས་འགྱུར་བ་དང་འདྲ་བའི་དབང་གིས་སྐྱེ་བ་དང་འཆི་བར་འགྱུར་རོ། །དེའི་ཕྱིར་ན་རྒྱལ་པོ་ཆེན་པོ་ཚེ་ཕྱི་མ་ངེས་པར་ཡོད་པར་མཁྱེན་པར་མཛོད་ཅིག །ཀྱེ་རྒྱལ་པོ་ ཆེན་པོ་རྒྱལ་པོ་ཆེན་པོས་སེམས་ཅན་ཐམས་ཅད་འདི་ནས་ཚེ་འཕོས་ནས་ཕ་དང་། མེས་པོ་དང་། ཡང་མེས་ལ་སོགས་པ་ཐོག་མ་མེད་པ་ནས་བཟུང་བའི་བར་དུ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རིས་འཐུན་པ་རྣམས་འཇིག་རྟེན་ཕ་ རོལ་ན་སྐྱེ་བ་མི་ལེན་པར་འདི་ན་ཅི་སྤྱོད་པ་བཞིན་འགྲོགས་ཏེ་གནས་སོ་ཞེས་འཇིག་རྟེན་པ་དག་མཆི་ན། དེ་དེ་ལྟར་ལགས་སམ། ཞེས་གསུང་བ་ནི་ཀྱེ་རྒྱལ་པོ་ཆེན་པོ་འདི་ན་ཕ་དང་བུ་ལ་སོགས་པ་གཅིག་ལ་གཅིག་སྣང་བ་ནི་གཟུགས་ དངོས་པོ་ཅན་གཅིག་ལ་གཅིག་སྣང་གི། སེམས་གཅིག་གིས་གཅིག་མཐོང་བ་ནི་མ་ཡིན་ཏེ། གཟུགས་ཀྱི་ཕུང་པོ་འདིར་ཞིག་སྟེ་མེད་ན། ཕ་རོལ་ན་སེམས་གཅིག་ལ་གཅིག་ཇི་ལྟར་སྣང་སྟེ་འགྲོགས། ཚེ་འཕོས་པའི་ཕ་དང་། མེས་པོ་དང་། ཡང་མེས་ལ་སོགས་པ་ད་ལྟར་ཚེ་མ་འཕོས་པའི་བུ་ཚ་གཟུགས་ཡོད་པས་ཀྱང་མི་མཐོང་ན་ཕ་རོལ་དུ་ཚེ་འཕོས་པའི་ལུས་མེད་པས་ཕ་དང་། མེས་པོ་དང་། ཡང་མེས་ལ་སོགས་པ་གཟུགས་མེད་པ་ཇི་ལྟར་མཐོང་ ནས་འགྲོགས། ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་འདི་ན་ཕ་དང་། བུ་དང་། སྤུན་མང་པོ་འགྲོགས་པའི་དུས་ན་ཡང་གཟུགས་སོ་སོར་སྣང་བ་ལས་མ་གཏོགས་པ་རང་གི་སེམས་ཀྱང་རང་གིས་མི་མཐོང་ན་སྤད་དང་སྤུན་གྱི་སེམས་ གཅིག་གིས་གཅིག་ལྟ་ག་ལ་མཐོང་ན། ཚེ་འཕོས་ནས་ཇི་ལྟར་མཐོང་སྟེ། ཕ་རོལ་ན་སྤད་དང་། སྤུན་དང་། མེས་པོ་དང་། ཡང་མེས་ལ་སོགས་པ་ཇི་ལྟར་སྣང་ནས་འགྲོགས། ཀྱེ་རྒྱལ་པོ་ཆེན་པོ་ཐོག་མ་མེད་པའི་དུས་ན་དེ་བས་སྔ་བ་ 67-1-162a མེད་པའི་མེས་པོ་དང་། ད་ལྟའི་བུ་ཚ་རྣམས་ཕ་རོལ་ན་འགྲོགས་ན་ད་ལྟ་མིའི་རུས་དང་། རིགས་དང་། ཕྱོགས་དང་། རིས་མི་གཅིག་པ་ཐ་དད་པ་མང་པོ་ཇི་སྙེད་པ་རྣམས་སོ་སོར་དགྲར་གྱུར་པ་རྣམས་དང་། གནས་གང་ན་ འདུག་པ་དང་། རུས་རིགས་གཅིག་པ་དང་། སྐད་དང་ཆ་ལུགས་མ་ཐོས་པ་དང་མ་མཐོང་བ་དག་ཀྱང་ཐོག་མ་མེས་པོ་གཅིག་ལས་གྱེས་པ་ཡིན་ན་ད་ལྟར་སྤད་དང་། སྤུན་དང་མེས་པོ་ལ་སོགས་པ་འགྲོགས་མི་འགྲོགས་ཀྱི་མཚམས་སྤུན་དང་སྤད་ གང་ལ་གཟུང་། དང་པོ་མེས་པོ་ནས་བཟུང་སྟེ་ད་ལྟར་སྤུན་དང་སྤད་ཀྱི་བར་དུ་བརྒྱུད་པ་རྣམས་ཀྱང་ད་ལྟར་གྱི་སྤད་དང་སྤུན་འདྲ་བར་སོ་སོ་ན་བརྩེ་ཞིང་གདུང་བར་འདྲ་ན་གང་གང་ནི་འགྲོགས། གང་གང་ནི་མི་འགྲོགས། ད་ལྟར་གྱི་མི་རྣམས་ སོ་སོ་ནས་བདག་ཅག་གི་མེས་པོ་འདི་ཡིན་ནོ་ཞེས་ཕྱོགས་དང་རིས་བཟུང་སྟེ། བདག་ཅག་འདི་དང་ཕ་གཅིག་གི་བུའོ་ཞེས་ཕྱོགས་དང་རིས་སུ་བཅད་ན་དེ་དག་གིས་མེས་པོ་ཞེས་སོ་སོར་བཟུང་བ་དེ་ཀུན་གྱི་ཡང་ཕ་དང་། མེས་པོ་དང་། ཡང་མེས་དང་། ཞེ་མེས་ནས་དང་པོའི་མེས་པོ་ལ་ཐུག་གི་བར་དུ་བརྒྱུད་པ་ནི་ད་ལྟར་སོ་སོར་ན་བདག་ཅག་གི་མེས་པོ་ཞེས་བཟུང་བ་ཡིན་ན་འཇིག་རྟེན་པ་དག་སྨྲ་བ་ལྟར་འདི་ནས་ཚེ་འཕོས་ནས་སྐྱེ་བ་མི་ལེན་པར་ཕ་རོལ་ན་སྤད་དང་སྤུན་ འགྲོགས་ན་ད་ལྟར་རུས་རིགས་དང་། ཕྱོགས་མི་གཅིག་པ་དང་། དགྲར་གྱུར་པ་ཀུན་ཀྱང་ཕྱོགས་གཅིག་ནས་འགྲོགས་དགོས་སོ། །ཀྱེ་རྒྱལ་པོ་ཆེན་པོ་ད་ལྟར་གྱི་ཚེ་འདི་གཟུགས་ཅན་དངོས་པོར་སྣང་བ་ཡང་མུན་པ་དང་། ཕག་ན་ འདུག་པ་དག་གཅིག་གིས་གཅིག་མི་མཐོང་ན་ཚེ་འཕོས་པའི་སེམས་ཅན་གཟུགས་མེད་པས་གཅིག་གིས་གཅིག་ཇི་ལྟར་མཐོང་ནས་འགྲོགས་པར་འགྱུར། ཀྱེ་རྒྱལ་པོ་ཆེན་པོ་ད་ལྟར་གྱི་སེམས་ཅན་གཟུགས་དང་ལྡན་པས་ཀྱང་ མི་མཐོང་བའི་གནས་ཡུལ་མི་གཅིག་པ་དང་། གནས་ཐ་དད་པ་དག་ལ་རང་གི་གཟུགས་སྣང་བར་སྟོན་མི་ནུས་ན་ཚེ་འཕོས་ནས་ཇི་ལྟར་གཟུགས་སྣང་བར་སྟོན་ནུས། ཀྱེ་རྒྱལ་པོ་ཆེན་པོ་འཇིག་རྟེན་པ་ཁ་ཅིག་གིས་གྲགས་པ་དང་རྙེད་པ་ 67-1-162b དག་བཙལ་བའི་ཕྱིར་བསླུས་པའི་གཏམ་གྱིས་གཞན་སླུ་བར་བྱེད་པ་ལ་གསན་པར་མི་རིགས་སོ། །ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་འདི་ན་ཕྱུག་དྲེགས་རྒྱགས་པ་རྣམས་ཕ་རོལ་དུ་ཡང་ཕྱུག་དྲེགས་རྒྱགས་པར་འགྱུར་རམ། འདི་ན་དབུལ་རྒུད་ཉམས་ཆུང་བ་རྣམས་ཕ་རོལ་དུ་ཡང་དབུལ་རྒུད་ཉམ་ཆུང་བར་འགྱུར་རམ། འོན་ཏེ་དེ་གཉིས་མི་འདྲ་བར་ཕན་ཚུན་སྣོལ་བར་འགྱུར་ཞེས་གསུངས་པ་གང་ཡིན་པ་དེ་ནི་ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་རྣམས་ཚེ་མ་འཕོས་ པའི་སྐྱེ་བ་འདི་ལ་ཡང་ལ་ལ་སྐྱེས་མ་ཐག་ཏུ་ཕྱུག་དྲེགས་རྒྱགས་པར་གྱུར་པ་ལས་ལོ་ལྔ་བཅུ་དང་དྲུག་བཅུ་ནས་འཁོགས་པའི་བར་དུ་དབུལ་རྒུད་ཉམ་ཆུང་བ་ཡང་ཡོད། ལ་ལ་སྐྱེས་ནས་གཞོན་དར་བའི་ཚེ་ལ་དབུལ་རྒུད་པ་ལས་ ལོ་ལྔ་བཅུ་དང་དྲུག་བཅུ་ནས་འཁོགས་པའི་བར་དུ་ཕྱུག་དྲེགས་རྒྱགས་པ་དག་ཡོད་ན་ཚེ་འཕོས་ནས་ཕྱུག་དབུལ་མི་རྟག་པ་ལྟ་ཅི་སྨོས། ཀྱེ་རྒྱལ་པོ་ཆེན་པོ་དཔེར་ན་འཇིག་རྟེན་ན་རྩྭ་དང་ཤིང་ལ་སོགས་པ་དྲོ་བ་དང་བརླན་པའི་རྐྱེན་ ཚོགས་པའི་ཚེ་ནི་ལོ་མ་དང་འདབ་མ་རྒྱས་པར་འགྱུར་ལ། གྲང་ཞིང་རླན་མེད་པའི་རྐྱེན་གྱིས་སྐམས་པར་འགྱུར་བ་བཞིན་དུ་སྦྱིན་པ་ལ་སོགས་པའི་རྐྱེན་གྱིས་ནི་ཕྱུག་དྲེགས་རྒྱགས་པར་འགྱུར་ལ། རྐུ་འཕྲོག་དང་། སེར་སྣའི་དབང་གིས་ ནི་དབུལ་རྒུད་པར་འགྱུར་རོ། །ཀྱེ་རྒྱལ་པོ་ཆེན་པོ་སྦྱིན་པ་རྒྱུན་མ་ཆད་པས་ཚེ་རབས་ནས་ཚེ་རབས་སུ་ཕྱུག་དྲེགས་རྒྱགས་པ་ཡང་ཡོད། ཕྱོགས་ཆ་དང་སྦྱིན་པ་ལ་འགྱོད་པ་བྱས་པས་ཚེ་འགའ་དང་། ཚེ་སྟོད་སྨད་ལ་དབུལ་རྒུད་པ་ཡང་ ཡོད། དུས་ཐམས་ཅད་དུ་རྐུ་འཕྲོག་དང་སེར་སྣ་དག་ལ་གནས་པས་ཚེ་རབས་ནས་ཚེ་རབས་སུ་དབུལ་རྒུད་པ་ཡང་ཡོད། རྐུ་འཕྲོག་དང་སེར་སྣ་ལ་འགྱོད་པ་བྱས་པས་ཚེ་འགའ་འམ། ཚེ་སྟོད་སྨད་ལ་ཕྱུག་དྲེགས་པ་ཡང་ཡོད་དོ། ། ཀྱེ་རྒྱལ་པོ་ཆེན་པོ་སྦྱིན་པའི་རྐྱེན་གྱིས་དབུལ་རྒུད་པ་ཡང་མི་འབྱུང་ངོ་། །སེར་སྣའི་དབང་གིས་ཕྱུག་དྲེགས་པ་ཡང་མི་འབྱུང་ངོ་། །ཕྱུག་དྲེགས་པ་དང་དབུལ་རྒུད་པ་འདི་གཉིས་ཚེ་སྔ་ཕྱི་ལ་རྗེ་བ་ཡང་མ་ལགས་སོ། །ཀྱེ་རྒྱལ་པོ་ཆེན་ 67-1-163a པོ་རྒྱལ་པོ་ཆེན་པོས་འདི་ན་རྟ་དང་གླང་པོ་ཆེ་ལ་སོགས་པ་ཞོན་པ་དང་། འདི་ན་གོས་གྱོན་པ་དང་། རྒྱན་ཐོགས་པ་དང་། འདི་ན་ཟས་བཟའ་བ་དང་། བཏུང་བ་དང་ལྡན་པ་རྣམས་ཚེ་འཕོས་ནས་ཕ་རོལ་དུ་ཡང་དེ་བཞིན་དུ་ཞོན་པ་ དང་། གྱོན་པ་དང་། ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆི་ན་དེ་དེ་ལྟར་ལགས་སམ་ཞེས་གསུངས་པ་ནི་ཀྱེ་རྒྱལ་པོ་ཆེན་པོ་མི་རྣམས་ཚེ་འཕོས་པའི་ཚེ་ལས་དགེ་སྡིག་གང་སྤྱད་པ་བཞིན་མཐོ་རིས་དང་ངན་སོང་དག་ཏུ་སྐྱེ་བ་ལེན་ ཏེ། རྒྱལ་པོ་ཆེན་པོ་འཇིག་རྟེན་པ་དག་མཆི་བ་ལྟར་མ་ལགས་སོ། །ཚེ་འཕོས་པ་འདིའི་ཆ་ལུགས་ལྟར་སྣང་བ་ནི་བར་སྣང་གི་ཁམས་འདི་ན་དྲི་ཟའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་མཐར་ཐུག་ པ་མེད་པ་དེ། །དྲི་ཟ་འཆི་ཀ་མའི་སེམས་ལ་ཉེ་བར་འཇུག་པ་ཞེས་བྱ་བའི་རིགས་ཡོད་དེ། དེས་དྲི་ཟའི་ཟས་བཙལ་བའི་ཕྱིར་ཚེ་རབས་སྔ་མའི་ལུས་དང་། གོས་དང་། རྒྱན་དང་ཆ་ལུགས་ལྟ་བུ་དག་སྤྲུལ་པར་བྱེད་དེ། ཚེ་འཕོས་པ་དེའི་ཚེ་ ལུགས་དང་གཏམ་དག་བྱེད་ཅིང་སྤྲུལ་པ་སྟོན་པ་ཡང་ཡོད་དོ། །ཀྱེ་རྒྱལ་པོ་ཆེན་པོ་འདི་ལ་གཞན་ཡང་ཡོད་དེ། དྲི་ཟ་ལས་མ་གཏོགས་པ་གཞན་ཡང་གནོད་སྦྱིན་དང་། ཤ་ཟ་དང་། འབྱུང་པོ་ལ་སོགས་པས་ཚེ་འཕོས་པའི་ཕ་འམ། བུ་འམ། སྤུན་ལ་སོགས་པ་བསླུ་བའི་ཕྱིར་མི་མ་ཡིན་པ་དེ་ཡིས་འཇིག་རྟེན་པའི་རྫུ་འཕྲུལ་གྱིས་ཚེ་འཕོས་པའི་གཏན་ཚིགས་དང་། ས་མལ་དང་། ལོ་རྒྱུས་དག་ཤེས་པར་བྱས་ནས་མི་མ་ཡིན་པ་དེའི་བྱིན་གྱིས་ཕ་མ་ལ་སོགས་ པས་མཐོང་བ་དང་། རྨི་ལམ་དུ་འབྱུང་བ་ཡང་ཡོད་དོ། །ཀྱེ་རྒྱལ་པོ་ཆེན་པོ་འདི་ལ་གཞན་ཡང་ཡོད་དེ། སྤད་དང་སྤུན་ལ་སོགས་པ་ཡུན་རིང་པོར་ལྷན་ཅིག་པའི་བག་ཆགས་རྟས་པས་མཐོང་བ་དང་རྨི་ལམ་དུ་སྣང་བ་ཡང་ཡོད་དེ། དཔེར་ན་མི་ཞིག་གིས་ད་ལྟར་ཚེ་མ་འཕོས་པའི་རང་གི་ཕ་མ་འམ། སྤུན་ཟླ་འམ། བྲན་ཁོལ་ལམ། གཞན་སུ་ཡང་རུང་བ་དག་དང་འགྲོགས་པ་དང་། ལོངས་སྤྱོད་ཀྱི་བདེ་བ་འམ། དགྲ་རྐུན་དང་འཐབ་རྩོད་ལ་སོགས་པ་བདེ་ 67-1-163b བ་དང་། སྡུག་བསྔལ་གང་ཡང་རུང་བ་དག་རྨིས་ན་མི་དེས་རྨིས་པ་བཞིན་དུ་གང་རྨིས་པའི་ཕ་མ་འམ། སྤུན་ཟླ་འམ། བྲན་ཁོལ་ལམ་གཞན་སུ་ཡང་རུང་བ་རྨི་ལམ་ན་སྣང་བ་དེས་ཚོར་བ་ཡོད་ན་ནི་རྨིས་པ་དེ་བདེན་པ་ཡིན་ན་དེས་རྨིས་ པའི་ཕ་མ་འམ། སྤུན་ཟླ་འམ། བྲན་ཁོལ་ལམ། གཞན་སུ་ཡང་རུང་བ་རྨི་ལམ་ན་སྣང་བ་དེ་བདེན་པར་ཇི་ལྟར་བཟུང་། ཀྱེ་རྒྱལ་པོ་ཆེན་པོ་ཚེ་མ་འཕོས་པ་ཡང་གཅིག་གིས་རྨིས་པ་གཅིག་གིས་མི་ཚོར་ན་ཚེ་འཕོས་པའི་རྨིས་ པ་ཚེ་འཕོས་པ་དེ་ཡིན་པར་ག་ལ་འགྱུར་ཏེ་བག་ཆགས་རྟས་པ་ཡིན་ནོ། །ཀྱེ་རྒྱལ་པོ་ཆེན་པོ་བག་ཆགས་ལགས་པའི་དཔེ་ནི་གཞན་ཡང་མཆིས་ཏེ། མི་ཞིག་སྔོན་ཚེ་སྟོད་ལ་མཆིས་པའི་མཁར་དང་། ཁང་པ་དང་། གྲོང་གང་ ཡིན་པ་ཞིག་བོར་ཏེ། ཡུལ་གཞན་ཞིག་ཏུ་ཚེ་སྨད་ལ་འདུག་པ་ན་སྔོན་གྱི་གྲོང་དེ་ཡང་ཞིག་སྟེ། སྔོན་མི་འདྲ་བ་ལས་མི་དེས་སྔོན་གྱི་ཁང་པའི་དབྱིབས་དང་རྒྱ་ཅི་འདྲ་བ་མ་ཞིག་པ། མ་འདྲམས་པ་རྨིས་ན་གྲོང་དང་ཁང་པ་དེ་ལ་སེམས་ ཡོད་ན་ནི་ཁང་པ་དེའི་སེམས་སྣང་དུ་རུང་ན། ཁང་པ་དང་གྲོང་དེས་རྡོ་བེམས་པོ་ཡིན་ན་མི་དེས་རྨིས་པ་དེ་ཅིའི་ཕྱིར་བག་ཆགས་རྟས་པ་མ་ཡིན། དེ་བཞིན་དུ་ཚེ་འཕོས་པའི་དན་རྟགས་དང་བཅས་པ་ཡང་ཁང་པ་མ་ཞིག་པ་རྨིས་ པ་དང་འདྲ་སྟེ། ཚེ་འཕོས་པའི་སེམས་ཀྱང་ལས་གར་འཐུན་པར་སྐྱེ་བ་བླངས་ཟིན་ན་དེ་སྣད་དུ་བཏུབ་བམ། ཀྱེ་རྒྱལ་པོ་ཆེན་པོ་དེའི་ཕྱིར་བག་ཆགས་མཐུ་རྟས་པའི་དབང་གིས་ཚེ་འཕོས་པའི་གཏན་ཚིགས་དང་། ཆ་ལུགས་མཐོང་བ་ དང་རྨིས་པ་ཡིན་ནོ། །དེ་བཞིན་དུ་རལ་གྲི་ལ་སོགས་པའི་གོ་མཚོན་ཐོགས་པ་དང་། གོས་དང་རྒྱན་ལ་སོགས་པ་གྱོན་པ་དང་། རྟ་དང་གླང་པོ་ཆེ་ལ་སོགས་པ་ཞོན་པར་སྣང་བ་དང་རྨི་ལམ་དུ་འབྱུང་བ་ཡང་བག་ཆགས་སྣང་བ་ཡིན་ཏེ། ཁང་པའི་དཔེ་བཞིན་དུ་རིག་པར་བྱའོ། །ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་འདི་ནས་ཤི་འཕོས་པ་ལ་ཕ་མ་འམ། སྤུན་ནམ། བུ་ལ་སོགས་པ་ཉེ་རིས་རྣམས་ཀྱིས་བཟའ་བ་དང་། བཏུང་བ་ཉུང་ངུ་ཉུང་ངུར་གཏད་པ་དང་། བསྔོས་པ་ཡང་ 67-1-164a བསྐལ་པ་མང་པོའི་བར་དུ་ཟད་པར་མི་འགྱུར་བར་ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆིས་ན་དེ་ལྟར་ལགས་སམ་ཞེས་གསུངས་པ་ནི་ཀྱེ་རྒྱལ་པོ་ཆེན་པོ་གླིང་བཞི་པ་ནས་སྟོང་གི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་ པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ན་བཟའ་བ་དང་བཏུང་བ་ཉུང་ངུ་ཉུང་ངུས་དུས་ཐམས་ཅད་དང་། བསྐལ་པ་ མང་པོར་ཟ་བའི་སེམས་ཅན་གཟིགས་སམ། གསན་ནམ། ཀྱེ་རྒྱལ་པོ་ཆེན་པོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ཅི་བསམས་པའི་འདོད་པ་འབྱུང་བ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཡོད་པ་ཡང་སྔོན་བསྐལ་པ་མང་པོར་བསོད་ ནམས་ཀྱི་ཚོགས་ཚད་མེད་པས་བསགས་པ་ལས་བྱུང་བ་ཡིན་ཏེ། གནམ་བབས་དང་། གློ་བུར་དུ་བྱུང་བ་ནི་མ་ཡིན་ན་བཟའ་བ་དང་བཏུང་བ་ཉུང་ངུ་དེ་བསྐལ་པ་མཐའི་བར་དུ་མི་ཟད་པ་དེ་རིགས་སམ། ཀྱེ་རྒྱལ་པོ་ཆེན་པོ་ཚེ་མ་ འཕོས་པའི་ཕ་སྤད་དང་། སྤུན་གཅིག་ལ་གཅིག་འབྲེལ་པར་འཛིན་པ་ཕན་པར་འདོད་པ་རྣམས་ད་ལྟར་མ་ཤི་བ་ལུས་དང་ལྡན་པ་ཡང་གཅིག་ཡུལ་གཞན་དུ་སོང་ན་དེ་ལ་ཕ་མ་འམ། བུ་འམ། སྤུན་གང་ཡང་རུང་བས་ཟས་སྐོམ་མང་ པོར་སྦྱིན་ནོ་གསོལ་ལོ་ཞེས་བསྔོས་པ་ཡང་ཡུལ་གཞན་དུ་སོང་བའི་རྨི་ལམ་དུ་ཡང་མི་འབྱུང་ན་དངོས་པོར་ཟ་ཞིང་འཐུང་བ་ལྟ་ག་ལ་ཡོད། ཚེ་འཕོས་ནས་ལུས་དང་བྲལ་བ་ལ་བསྔོས་ཞིང་གཏད་པ་ཟ་ཞིང་འཐུང་བ་ལྟ་ག་ལ་ཡོད། ཀྱེ་རྒྱལ་པོ་ཆེན་པོ་ཚེ་འཕོས་ནས་སེམས་ལུས་དང་བྲལ་བ་དེས་བུ་དང་སྤུན་ལ་སོགས་པས་གཏད་པའི་ཟས་དང་། སྐོམ་དངོས་པོ་ཅན་འདི་དག་སེམས་དངོས་པོ་མེད་པ་གཟུགས་མེད་པས་ཇི་ལྟར་བདག་པོ་བྱེད་པར་འགྱུར། དེ་ཅིའི་ ཕྱིར་ཞེ་ན། བཟའ་བ་དང་བཅའ་བ་ནི་ལུས་ཡོད་པའི་ཡན་ལག་གི་རྩོལ་བ་ལ་རག་ལུས་ན་སེམས་ལ་ལུས་ཀྱི་ཡན་ལག་དེའི་རྩོལ་བ་ཡོད་དམ། རྒྱལ་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ལགས་ན་ཚེ་འཕོས་པ་ 67-1-164b ལ་འདི་ན་ཕན་འདོགས་པའི་བཟའ་བཏུང་དང་། བཞོན་པ་དང་། གོས་དང་། རྒྱན་གཏོང་བ་འདི་དག་ལ་དོན་མ་མཆིས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཚེ་འཕོས་པ་དེས་ལས་གང་སྤྱད་པའི་ རྣམ་པར་སྨིན་པས་འགྲོ་བ་རིས་ཐ་དད་པ་གང་དུ་སྐྱེ་བ་ལེན་པ་དེ་ལ་མི་དགེ་བ་དང་མ་འབྲེལ་པའི་བསོད་ནམས་ཀྱི་ཚོགས་སུ་འགྱུར་བའི་ལས་དགེ་བ་སྣ་ཚོགས་པས་བསྟངས་ན་མཐོ་རིས་དང་ཐར་པར་ཡང་སྐྱེ་ལ། གལ་ཏེ་སྐྱེ་བ་བླངས་ པ་ཞིག་ལ་བསོད་ནམས་སུ་འགྱུར་བའི་ལས་དགེ་བ་ཞིག་གིས་བསྟངས་ན་སྐྱེ་བ་བླངས་པ་དེས་ནོར་རྙེད་པ་དང་། ལོ་ལེགས་པ་དང་། འདོད་པའི་ལོངས་སྤྱོད་འཕེལ་བ་དང་། འགྲོ་བ་གཞན་ཐམས་ཅད་ཀྱིས་མཆོད་ཅིང་བཀུར་བར་ འགྱུར་བའི་ཕན་པ་ཡོད་ཀྱི། ཚེ་འཕོས་པ་སྐྱེ་བ་མི་ལེན་པར་གཤིན་གྱི་འཇིག་རྟེན་ཡོད་ནས་བཟའ་བཏུང་དང་། བཞོན་པ་དང་། གོས་དང་། རྒྱན་དག་བདག་པོར་བྱེད་པ་མ་ཡིན་ནོ། །ཀྱེ་རྒྱལ་པོ་ཆེན་པོ་འཇིག་རྟེན་པ་དག་གང་གིས་ མཐོང་བ་དང་། ཕ་མ་ལ་སོགས་པས་རྨི་ལམ་དུ་རྨིས་ཏེ། ཚེ་འཕོས་པ་ལས་བསྔོས་པས་གཤིན་དེ་བཟའ་བཏུང་གིས་མགུའོ། །བཞོན་པ་ཞོན་ནོ། །གོས་གྱོན་ནོ། །རྒྱན་ཐོགས་སོ་ཞེས་སྨྲ་ཞིང་དེ་ལྟར་སྣང་བ་དེ་ཡང་བཟའ་བཏུང་ གིས་མ་མགུའོ། །བཞོན་པ་མེད་དོ། །གོས་མི་གྱོན་ནོ། །རྒྱན་མི་ཐོགས་སོ་ཞེས་སྨྲ་ཞིང་དེ་ལྟར་སྣང་བ་དག་དྲི་ཟ་འཆི་ཀའི་སེམས་ལ་ཉེ་བར་འཇུག་པ་དང་། མི་མ་ཡིན་པ་དག་གིས་དེ་ལྟར་སྣང་བར་བྱེད་པ་ཡོད་དོ། །ཀྱེ་རྒྱལ་པོ་ཆེན་པོ་ རྒྱལ་པོ་ཆེན་པོས་སེམས་ཅན་དག་འདི་ནས་ཚེ་འཕོ་ཁ་ན་ཕ་མ་འམ། སྤུན་ནམ། བུ་ལ་སོགས་པ་ལ་གཏམ་བྱས་པ་དང་། ཚིག་ཅི་སྨྲས་པ་དང་། གཟུགས་ཅི་འདྲ་བ་དག་དེ་ཚེ་འཕོས་ནས་ཕྱིས་ཕ་མ་དང་། སྤུན་ནམ། བུ་ལ་སོགས་པ་ལ་ དེ་སྔོན་ཚེ་མ་འཕོས་པའི་དུས་ན་གཏམ་བྱས་པ་ལ་སོགས་པ་སྨྲ་བ་དང་གཟུགས་བྱད་སྟོན་ཏེ། དེ་ལྟ་བུ་མཐོང་བ་དང་སྟོན་པ་ཡོད་ཅེས་འཇིག་རྟེན་པ་དག་མཆི་ན། དེ་ལྟར་ལགས་སམ་མ་ལགས་ཞེས་གསུངས་པ་ནི་ཀྱེ་རྒྱལ་པོ་ཆེན་ 67-1-165a པོ་སྨྲ་བ་ནི་ལུས་ཡོད་པའི་ཁ་ལྕེ་ལ་བརྟེན་ནས་སྨྲ་བ་ལགས་ན་ཚེ་འཕོས་པའི་ལུས་ནི་འདིར་བཞག་ན་སེམས་གཟུགས་མེད་པ་དེ་ཇི་ལྟར་སྨྲ། དེ་སྟེ་ཤི་བ་དེ་ལ་ལུས་ཡོད་དོ་ཞེས་ཟེར་བ་ནི་སྐྱེ་བ་བླངས་པ་ཡིན་ཏེ། དེ་ལ་ ཕ་མ་དགོས་པས་གཤིན་གྱི་འཇིག་རྟེན་ཡང་མེད་དོ། །ཀྱི་རྒྱལ་པོ་ཆེན་པོ་དེ་ལྟ་བུའི་ཚེ་མ་འཕོས་པའི་མཚན་མ་དང་དན་རྟགས་འཇིག་རྟེན་པ་གང་དག་སྨྲ་བ་ནི་དྲི་ཟ་ཁྱབ་བྱེད་ཅེས་བྱ་བའི་རིགས་ཡོད་པས་བྱེད་དེ། དཔེར་ན་རླུང་ ཆེན་པོས་ཐང་དང་ཀླུངས་ཡངས་པ་དག་ཏུ་དུས་གཅིག་ཏུ་རླུང་ལྡང་བ་བཞིན་དུ་འཆི་འཕོ་བ་ཐམས་ཅད་ཀྱི་སེམས་ལ་ཁྱབ་པར་བྱེད་པའི་རིགས་དྲི་ཟ་བི་ཙ་ན་ཞེས་བྱ་བ་དང་། གནོད་སྦྱིན་སྨྲ་འདོད་ཀྱི་རིགས་དང་། འབྱུང་པོ་བར་ཧི་ན་ཏ་ ཀུན་དུ་རྟོགས་འདོད་ཅེས་བྱ་བ་དག་གིས་བསྒྲུབས་ནས་མི་མ་ཡིན་པ་དེ་དག་གིས་ཤི་བ་དེས་སྔོན་ཇི་ལྟར་གཏམ་བྱས་པ་དང་། ཆ་ལུགས་ཀྱི་དན་རྟགས་དག་འཇིག་རྟེན་པ་དག་བསླུ་བའི་ཕྱིར་སྟོན་ཅིང་སྨྲ་བ་དག་ཡིན་ནོ། །དེའི་ཚེ་ལྷ་སྦྱིན་ དེ་ན་འདུག་པས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་དེ་ལ་ཡིད་མ་ཆེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་སེམས་ཅན་ཚེ་འཕོས་ནས་ཅིར་འགྱུར་བའི་དན་རྟགས་ཕ་རོལ་ན་ཡོད་པ་དང་མེད་པ་ བཀའ་སྩལ་པ་དེ་གཽ་ཏ་མས་ཐོག་མ་སུ་ལ་གསན། དུས་ནམ་གྱི་ཚེ་མཁྱེན་པར་མཛད། གསན་པ་དང་མཁྱེན་པར་མཛད་པའི་གྲོགས་པོ་ནི་སུ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་སྦྱིན་ ངས་ནི་རང་གི་ལུས་བཏང་བ་ལ་སོགས་པ་དཀའ་བ་མང་པོ་དག་བསྐལ་པ་གྲངས་མེད་པར་སྤྱད་དེ་སྒྲིབ་པ་ཐམས་ཅད་ནི་སྦྱངས། ཚོགས་ཆེན་པོ་ཡང་དག་པར་བསགས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་སྟེ། འདས་པའི་དུས་ ན་སྔོན་བྱུང་བ་དང་། ད་ལྟར་གྱི་དུས་ན་ཕྱོགས་བཅུ་མཐའ་ཡས་པ་ན་ཤེས་བྱ་གང་དག་ཅི་ཡོད་པ་དང་། མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་ཤེས་བྱ་ཐམས་ཅད་ལ་མི་མཁྱེན་པར་གྱུར་པ་གང་ཡང་མེད་དེ། དཔེར་ན་འཛམ་ 67-1-165b བུའི་གླིང་འདིར་ཉི་མ་ཤར་བ་དེ་ཁད་དང་རིམ་གྱིས་ཤར་བ་མ་ཡིན་ཏེ། དུས་གཅིག་ཏུ་གསལ་བར་ཤར་བ་བཞིན་དུ་ཤེས་བྱ་ཐམས་ཅད་སྐད་ཅིག་མ་གཅིག་ལ་མཁྱེན་པའི་ཕྱིར་ང་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བ་ཞེས་ བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་ལ་ཡང་ལྷ་སྦྱིན་ཡིད་མ་ཆེས་ནས་ཐམས་ཅད་མཁྱེན་པ་མངའ་བ་དེ་ཉམས་སད་པའི་ཕྱིར་འཛམ་བུ་གླིང་འདི་ན་ཤིང་གི་རིགས་ཙན་དན་དང་། བླག་ཤ་དང་། སེང་ལྡེང་ལ་སོགས་པ་ཤིང་ཐ་དད་པ་ བརྒྱ་སྟོང་བྱེ་བ་དག་བཅད་དེ། སོ་སོར་བསྲེགས་ནས་ཐལ་བའི་ཕུར་མ་བྱས་ནས་རང་གི་མི་ནོར་བར་བྱ་བའི་ཕྱིར་ཐལ་བ་ལ་ཤིང་གང་དང་གང་གི་མིང་ཡི་གེར་བཏགས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས་བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཁྱོད་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་ན། འདི་ཤིང་གང་གི་ཐལ་བ་འདི་ཤིང་གང་གི་ཐལ་བ་ལགས་ཞེས་ཐར་ཆགས་སུ་ཐལ་བའི་ཕུར་མ་ཐམས་ཅད་བསྟན་པ་ལས་བཅོམ་ ལྡན་འདས་ཀྱིས་ཤིང་གང་གི་ཐལ་བ་ཡིན་པ་མ་ནོར་བར་འདི་ནི་ཙན་དན་གྱི་ཐལ་བའོ། །འདི་ནི་བླག་ཤའི་ཐལ་བའོ། །འདི་ནི་སེང་ལྡེང་གི་ཐལ་བའོ་ཞེས་ཐལ་བའི་ཕུར་མ་ཐམས་ཅད་མ་ནོར་བར་བཤད་པ་ལས། ལྷ་སྦྱིན་བཅོམ་ ལྡན་འདས་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བར་ཡིད་ཆེས་པར་གྱུར་ཏེ། ཚེ་འཕོས་པ་ཅིར་འགྱུར་བ་གསུངས་པ་བདེན་པར་བསམས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་བསྟོད་དོ། །བཅོམ་ལྡན་འདས་ ནི་ཀུན་མཁྱེན་ལགས། །ཤིང་མང་ཐལ་བའི་བྱེ་བྲག་རྣམས། །མ་གཟིགས་མ་གསན་ངེས་པར་མཁྱེན། །ཚེ་འཕོས་ཅི་འགྱུར་གསུངས་པ་ངེས། །ཞེས་བསྟོད་ནས་སྤོབས་པ་མེད་པར་གྱུར་ཏོ། །དེའི་ཚེ་ཤཱཀྱ་མིང་ཆེན་དེ་ན་འདུག་ པས་ཚེ་འཕོས་པ་ཅིར་འགྱུར་བཀའ་སྩལ་པ་ལ་ཡིད་མ་ཆེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚེ་འཕོས་པའི་སེམས་ཅན་རྣམས་ཅིར་འགྱུར་བ་གསུངས་པ་དེ་མངོན་སུམ་དུ་གཟིགས་སམ་ 67-1-166a འོན་ཏེ་གཞན་ཞིག་ལ་གསན་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིང་ཆེན་ངའི་སངས་རྒྱས་ཀྱི་སྤྱན་གྱིས་མི་གཟིགས་པ་ནི་འཇིག་རྟེན་ན་མེད་དེ། སྐྱུ་རུ་ར་རློན་པ་ལག་ མཐིལ་དུ་བཞག་ན་ལག་པའི་བྱེ་བྲག་ཐམས་ཅད་གསལ་བ་དེ་བཞིན་དུ་དུས་གསུམ་གྱི་ཤེས་བྱ་ལ་ངས་མ་གཟིགས་པ་ཅི་ཡང་མི་མངའ་སྟེ། ཐོས་པ་ལ་བརྟེན་པ་ནི་མ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཤཱཀྱ་མིང་ཆེན་ གྱིས་ཐམས་ཅད་གཟིགས་པ་དེ་བདེན་བརྫུན་ཉམས་སད་པའི་ཕྱིར་སེར་སྐྱའི་གྲོང་ཁྱེར་ཆེན་པོར་སོང་སྟེ། ཁྱིམ་ཇི་སྙེད་ཡོད་པ་ལ་འབྲས་ཀྱི་ཕུར་མ་རེ་རེ་བླངས་ཏེ། རང་གིས་འབྲས་ཀྱི་ཕུར་མ་མི་གང་ལ་བླངས་པ་མི་ནོར་བར་བྱ་ བའི་ཕྱིར་ཤཱཀྱ་གང་ལ་བླངས་པའི་མིང་རྣམས་བྲིས་ཏེ། འབྲས་ཕུར་མའི་ནང་དུ་བཅུག་ནས་འབྲས་ཀྱི་ཕུར་མ་གླང་པོ་ཆེའི་ཁལ་ལོངས་པ་ཅིག་དང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་སྤྱན་གྱིས་ཐམས་ཅད་གཟིགས་ན་འབྲས་ཀྱི་ཕུར་མ་འདི་དག་མི་དབྱེ་བར་ཤཱཀྱ་གང་གང་གི་འབྲས་གང་གང་ལགས་པ་མཁྱེན་པར་མཛོད་ཅིག་ཅེས་ གསོལ་ནས་གླང་པོ་ཆེའི་ཁལ་གྱི་འབྲས་ཀྱི་ཕུར་མ་རྣམས་དྲུང་དུ་བཞག་པ་ལས། བཅོམ་ལྡན་འདས་ཀྱིས་འབྲས་ཀྱི་ཕུར་མ་རེ་རེ་བླངས་ཤིང་འདི་ཤཱཀྱ་དགའ་བྱེད་ཀྱིའོ། །འདི་ཤཱཀྱ་ཀ་ཡའི་འོ། །འདི་ཤཱཀྱ་འདོད་སྲེད་ཀྱིའོ་ཞེས་བྱ་བ་ལ་ སོགས་པ་འབྲས་ཕུར་མ་རེ་རེ་ལ་ཤཱཀྱ་འདི་ཡིའོ་ཞེས་མིང་མ་ནོར་བར་རིམ་པར་རྫོགས་པར་གསུངས་པ་ལས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་སྤྱན་གྱིས་ཐམས་ཅད་གཟིགས་པ་ལ་ཤཱཀྱ་མིང་ཆེན་ལ་སོགས་པ་ཐམས་ཅད་ ཡིད་ཆེས་ཏེ། བཅོམ་ལྡན་འདས་ཀྱིས་ཚེ་འཕོས་པ་ཅིར་འགྱུར་བ་བཤད་པ་ནི་ངེས་སོ་སྙམ་ནས་བཅོམ་ལྡན་འདས་ལ་བསྟོད་པ། སངས་རྒྱས་སྤྱན་གྱིས་ཐམས་ཅད་གཟིགས། །འཇིག་རྟེན་པ་ལྟར་བརྫུན་མི་མངའ། །ཤཱཀྱའི་གྲོང་ 67-1-166b ཁྱེར་ཇི་སྙེད་པའི། །འབྲས་ཀྱི་ཕུར་མ་མ་ནོར་མཁྱེན། །སེམས་ཅན་ཚེ་འཕོས་ཕ་རོལ་ན། །ཇི་ལྟར་སྣང་བ་འཇིག་རྟེན་བརྫུན། །བཅོམ་ལྡན་འདས་ཀྱིས་གསུངས་པ་མད། །ཀུན་གཟིགས་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་ བསྟོད་ནས་སྤོབས་པ་མེད་དེ་མི་སྨྲ་བར་འདུག་གོ། །དེ་ནས་ཡབ་རྒྱལ་པོ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་གང་དག་གིས་མཚམས་མེད་པ་ལ་སོགས་པའི་ལས་མི་དགེ་བ་དག་བགྱིས་པས་ དེའི་རྣམ་པར་སྨིན་པ་མི་བཟད་པ་མྱོང་བར་འགྱུར་བ་དག་གིས་ཇི་ལྟར་བགྱིས་ན་བདེ་བ་ཐོབ་པར་འགྱུར་བ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་གང་དག་གིས་མཚམས་ མེད་པ་ལ་སོགས་པའི་ལས་མི་དགེ་བ་བྱས་པ་དག་གིས་སྒྱུ་མེད་པའི་སེམས་དང་བས་རྣམ་པར་སྨིན་པ་ལ་ཡིད་ཆེས་པར་བྱས་ཏེ། སེམས་ཐག་པ་ནས་བཤགས་ན་འབྱང་བར་འགྱུར་རོ། །འཆི་བའི་ཚེ་མི་དགེ་བ་སྔར་བྱས་པ་དག་ལ་ འགྱོད་པ་བསྐྱེད་དེ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ན་སྡིག་པ་འབྱང་བར་འགྱུར་རོ། །མཐོ་རིས་སུ་ཡང་སྐྱེ་བར་འགྱུར་རོ། །ཚེ་ཕྱི་མ་མེད་པའི་འདུ་ཤེས་བསྐྱེད་པར་མི་བྱའོ། སྐྱེ་བ་ལེན་པ་ནི་དབང་ཕྱུག་དང་། འདོད་རྒྱལ་དང་། གྱི་ན་ལ་སོགས་པ་དག་གིས་བྱེད་པར་མི་བལྟའོ། །འཇིག་རྟེན་པའི་བདེ་བ་དང་འཁོར་བ་ཐམས་ཅད་ལ་ཆགས་པར་མི་བྱའོ། །ཀྱེ་རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ནས་ཕ་རོལ་དུ་འཕོ་སྟེ། སྐྱེ་བ་ལེན་པ་ན་རྟག་པ་འཕོ་བ་ཡང་མ་ཡིན་ནོ། །ཆད་པ་འགགས་ཏེ་མེད་པ་ཡང་མ་ཡིན་ནོ། །རྒྱུ་མེད་པ་ཡང་མ་ཡིན་ནོ། །རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ནོ། །བྱེད་པ་པོས་བྱས་པ་ཡང་མ་ཡིན་ཏེ། ལས་དང་ཉོན་མོངས་པའི་རྒྱུ་ རྐྱེན་ཚོགས་པ་ལས་སྐྱེ་བར་བལྟའོ། །རྒྱལ་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་རྣམས་ཚེ་འཕོས་ནས་སྐྱེ་བ་ལེན་པ་དེ་དེ་ལྟར་རྟག་པ་ཡང་མི་འཕོ། ཆད་པ་ཡ་མ་ལགས། རྒྱུ་མེད་པ་ཡང་མ་ལགས། བྱེད་པ་པོས་ 67-1-167a ཀྱང་མ་བྱས། འཇིག་རྟེན་ཕ་རོལ་དུ་སྐྱེ་བ་ཡང་འགྲུབ་པ་དེ་རྟོགས་པར་དཀའ་ན་འདི་ལ་འཐུན་པའི་དཔེ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་རྒྱལ་པོ་ཆེན་པོ་འདི་ལ་འཐུན་པའི་དཔེ་བརྒྱད་ཡོད་དོ། །བླ་མས་ ཁ་ཏོན་བརྗོད་པ་སློབ་མས་ཤེས་པའི་དཔེ་དང་། མར་མེ་ལས་མར་མེ་འབྱུང་བའི་དཔེ་དང་། མེ་ལོང་ལས་གཟུགས་བརྙན་འབྱུང་བའི་དཔེ་དང་། རྒྱ་ལས་རྒྱའི་འབུར་དང་རི་མོ་འབྱུང་བའི་དཔེ་དང་། མེ་ཤེལ་ལས་མེ་འབྱུང་བའི་དཔེ་དང་། ས་ བོན་ལས་མྱུ་གུ་འབྱུང་བའི་དཔེ་དང་། སྐྱུར་ཞེས་བརྗོད་པས་འགྲམ་ཆུ་ལྡང་བའི་དཔེ་དང་། བྲག་ཆའི་སྒྲ་རྣམས་ཀྱི་དཔེས་རྟོགས་པར་བྱ་སྟེ། ཀྱེ་རྒྱལ་པོ་ཆེན་པོ་དཔེ་བརྒྱད་པོ་འདི་དག་གིས་སྔ་མ་སྔ་མས་ནི་ཕྱི་མ་ཕྱི་མ་རྣམས་འབྱུང་བ་ཡང་ ཡོད་པ་ནི་རྟག་པ་འཕོ་བ་མ་ཡིན་པའི་དཔེའོ། །ཕྱི་མ་ཕྱི་མ་ནི་སྔ་མ་སྔ་མ་རྣམས་ལས་འབྱུང་བས་རྒྱུ་མེད་པ་ལས་འབྱུང་བ་མ་ཡིན་པའི་དཔེ་དང་། ཆད་པ་འགག་པ་མ་ཡིན་པའི་དཔེའོ། །ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་དཔེ་འདི་དག་ནི་རྐྱེན་ གསུམ་གསུམ་ཚོགས་པ་ལས་འབྱུང་སྟེ། བླ་མ་དང་སློབ་མ་དེ་གཉིས་དབང་པོ་རྣམས་ཚང་བ་ལས་ཁ་ཏོན་འབྱུང་ཞིང་སྨྲ་ཤེས་པའོ། །མར་དང་སྡོང་བུ་དང་སྣོད་ཚོགས་པ་ལས་མར་མེ་འབྱུང་ངོ་། །ནམ་མཁའ་དང་བ་དང་། གདོང་དང་མེ་ ལོང་ཚོགས་པ་ལས་གཟུགས་བརྙན་འབྱུང་ངོ་། །རྒྱ་དང་འཇིམ་པའི་གོང་བུ་དང་སྐྱེས་བུ་ལག་པའི་རྩོལ་བ་རྣམས་ཚོགས་པ་ལས་འབུར་དང་རི་མོ་འབྱུང་ངོ་། །ཤེལ་དང་ཉི་མའི་འོད་དང་རྩྭ་ཤིང་ཚོགས་པ་ལས་མེ་འབྱུང་ངོ་། །ས་བོན་ དང་ས་གཞི་དང་རླན་པ་རྣམས་ཚོགས་པ་ལས་མྱུ་གུ་འབྱུང་ངོ་། །ཚྭ་དང་ཚྭ་ཆུ་འཐུང་མྱོང་བ་དང་། སྐྱུར་ཞེས་བརྗོད་པ་ཚོགས་པ་ལས་འགྲམ་ཆུ་ལྡང་ངོ་། །མིས་བརྗོད་པའི་སྒྲ་དང་སྒྲ་དྲག་པོ་གཞན་མེད་པ་དང་། རི་བྲག་རྣམས་ཚོགས་ པ་ལས་བྲག་ཅ་འབྱུང་སྟེ། དེ་དག་ནི་སེམས་ཅན་སྐྱེ་བ་ནི་བྱེད་པ་པོས་མ་བྱས་ཏེ། ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་གྱིས་བསྐྱེད་པའི་དཔེའོ། །ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་བླ་མ་ནི་ཚེ་འདིའི་དཔེའོ། །སློབ་མ་ནི་ཚེ་ཕ་རོལ་གྱི་ 67-1-167b དཔེའོ། །ཁ་ཏོན་ནི་རྣམ་པར་ཤེས་པ་ཉིང་མཚམས་སྦྱོར་བའི་དཔེའོ། །མར་མེ་སྔ་མ་ནི་ཚེ་འདིའི་དཔེའོ། །ཕྱི་མ་ནི་ཕ་རོལ་གྱི་དཔེའོ། །མར་མེ་སྔ་མ་ལས་ཕྱི་མ་བྱུང་བ་ཡང་སྔ་མ་ཡོད་པ་ནི་རྟག་པ་འཕོ་བ་མ་ཡིན་པའི་དཔེའོ། །ཕྱི་མ་དེ་ སྔ་མ་ལས་བྱུང་བ་རྒྱུ་མེད་པ་ལས་མ་བྱུང་བའི་དཔེའོ། །མེ་ལོང་ནི་ཚེ་འདི་ཡོད་པའི་སྒོ་ནས་ཕྱི་མ་ཡང་ཡོད་ལ། དངོས་པོ་ཡང་མི་འཕོ་ཞིང་ཕ་རོལ་ཡང་ཡོད་ངེས་པའི་དཔེའོ། །རྒྱ་ནི་འདིར་ལས་ཅི་སྤྱད་པ་འཐུན་པར་ཕ་རོལ་དུ་ཡང་སྐྱེ་ བ་ལེན་པའི་དཔེའོ། །མེ་ཤེལ་ནི་འགྲོ་བ་རིས་མི་འདྲ་བ་ནས་མི་འདྲ་བར་སྐྱེ་བའི་དཔེའོ། །ས་བོན་ནི་འགགས་ནས་མེད་པར་མི་འགྱུར་བའི་དཔེའོ། །སྐྱུར་ནི་མྱོང་བའི་ལས་ཀྱིས་སྐྱེ་བ་ལེན་པའི་དཔེའོ། །སྒྲ་ནི་རྒྱུ་རྐྱེན་ཚོགས་ནས་ གནོད་པའི་རྐྱེན་གཞན་མེད་ན་སྐྱེ་བ་ལེན་ཏེ། གཅིག་པ་དང་ཐ་དད་པ་མ་ཡིན་པའི་དཔེའོ། །ཀྱེ་རྒྱལ་པོ་ཆེན་པོ་དཔེ་བརྒྱད་པོ་འདི་ཚང་བར་མ་སྨོས་ཏེ། འགའ་ཞིག་བསྟན་ན་དབང་ཕྱུག་དང་། འདོད་རྒྱལ་དང་། གྱི་ན་དང་། རྒྱུ་མེད་པར་སྨྲ་ བ་དག་གིས་དགེ་སྦྱོང་གཽ་ཏ་མའི་དཔེ་འདི་དག་ཁ་ཏོན་གྱི་དཔེས་ནི་འདིའི་ཕུང་པོ་དང་རྣམ་པར་ཤེས་པ་གཉིས་མ་བྲལ་བར་ཕ་རོལ་དུ་རྣམ་པར་ཤེས་པ་འཕོ་བར་འགྱུར་ཞེས་སྨྲ་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །མར་ མེའི་དཔེས་ནི་འདི་དང་ཕ་རོལ་གཉི་གར་ཕུང་པོ་དུས་གཅིག་ཡོད་དོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །མེ་ལོང་གི་དཔེས་ནི་འདྲ་བའི་དཔེ་ཡིན་པས་གྲུམ་པོ་ལས་གྲུམ་པོར་སྐྱེ། དཀར་པོ་ལས་དཀར་པོར་ སྐྱེའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །རྒྱའི་དཔེས་ནི་ལྷ་འཕོས་པ་ལྷར་སྐྱེ། མི་འཕོས་པ་མིར་སྐྱེ་བ་ལ་སོགས་པ་ངེས་པའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །མེ་ཤེལ་ གྱི་དཔེས་ནི་མི་འདྲ་བའི་དཔེ་ཡིན་པས་དགེ་བས་ངན་སོང་དང་མི་དགེ་བས་མཐོ་རིས་འགྲུབ་བོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །ས་བོན་གྱི་དཔེས་ནི་ཤེས་པ་གཅིག་ལས་མང་པོར་འཕེལ་ལོ་ཞེས་ 67-1-168a ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །སྐྱུར་གྱི་དཔེས་ནི་མྱོང་བའི་དཔེ་ཡིན་པས་ལྷའི་ལོ་རྒྱུས་ཡོད་པ་དག་དགེ་བའི་བསོད་ནམས་མ་བྱས་ཀྱང་ལྷར་སྐྱེའོ། །ངན་སོང་གི་ལོ་རྒྱུས་ཡོད་པ་དག་མི་དགེ་ བ་མ་བྱས་ཀྱང་ངན་སོང་དུ་སྐྱེའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །སྒྲའི་དཔེས་ནི་བྱེད་པ་པོའི་དཔེ་ཡིན་པས་རྒྱུ་རྐྱེན་ལས་མ་བྱུང་ངོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །དེའི་ ཕྱིར་དཔེ་བརྒྱད་བསྟན་ཏོ། །ཀྱེ་རྒྱལ་པོ་ཆེན་པོ་ཚེ་ཞིག་སྟེ་ཕ་རོལ་དུ་སྐྱེ་བ་མེད་དེ། ཆད་པ་དང་འགག་པ་ཡང་མ་ཡིན་ནོ། །ཚེ་འདི་དངོས་པོ་རྟག་པ་མ་ཉམས་པར་ཕ་རོལ་དུ་འཕོ་བ་ཡང་མ་ཡིན་ནོ། །ཚེ་འདི་ལ་མ་བསྟེན་པར་ཕ་རོལ་དུ་ སྐྱེ་བ་ལེན་པ་ཡང་མ་ཡིན་ནོ། །བདག་གིས་སྐྱེ་བ་འདི་བླང་ངོ་ཞེས་བསམས་པས་ཀྱང་སྐྱེ་བ་མི་ལེན་ཏོ། །བདག་གིས་དབང་ཕྱུག་ཆེན་པོ་ལ་སོགས་པ་ལ་བརྟེན་ཏེ་མཐོ་རིས་སུ་སྐྱེ་བར་བྱའོ་སྙམ་པས་ཀྱང་མ་ཡིན་ནོ། །བདག་མཐོ་ རིས་དང་ངན་སོང་གར་འདོད་པར་སྐྱེ་བར་བྱའོ་སྙམ་པས་ཀྱང་མ་ཡིན་ནོ། །ཅི་ཡང་མ་བྱས་ཏེ་རྒྱུ་རྐྱེན་ལ་བརྟེན་མི་དགོས་པར་སྐྱེའོ་སྙམ་པས་ཀྱང་མ་ཡིན་ནོ། །ཕུང་པོ་འདི་ཞིག་སྟེ་ཤི་ནས་ཅི་ཡང་མེད་དོ་ཞེས་སྨྲ་བ་ཡང་མ་ཡིན་ནོ། འདིར་ཚེ་འཕོས་ནས་ཕ་རོལ་ན་གཤིན་གྱི་ཁམས་སུ་མུ་ཆགས་སུ་མཆིས་པས་འདི་ན་ཅི་སྤྱོད་པ་བྱེད་དེ་སྐྱེ་བ་མི་ལེན་ཞེས་ཟེར་བ་ཡང་མ་ཡིན་ནོ། །ཚེ་འདིའི་རྣམ་པར་ཤེས་པ་མ་འགགས་པར་རྣམ་པར་ཤེས་པས་སྐྱེ་བ་ལེན་ཞེས་ ཟེར་བ་ཡང་མ་ཡིན་ནོ། །འདི་དང་ཕ་རོལ་གཉིས་གར་ཕུང་པོ་དུས་གཅིག་ཡོད་ཅེས་ཟེར་བ་ཡང་མ་ཡིན་ནོ། །གྲུམ་པོ་ལས་གྲུམ་པོར་སྐྱེ། དཀར་པོ་ལས་དཀར་པོར་སྐྱེ་ཞེས་བྱ་བ་ལ་སོགས་པ་ཡང་མ་ཡིན་ནོ། །ལྷ་ཚེ་འཕོས་པ་ཡང་ ལྷར་སྐྱེའོ། །མི་ཚེ་འཕོས་པ་ཡང་མིར་སྐྱེའོ་ཞེས་ཟེར་བ་ཡང་མ་ཡིན་ནོ། །དགེ་བས་ངན་སོང་དང་། མི་དགེ་བས་མཐོ་རིས་སུ་འགྲུབ་ཅེས་ཟེར་བ་ཡང་མ་ཡིན་ནོ། །ཤེས་པ་གཅིག་ལས་མང་པོ་འཕེལ་བ་ཡང་མ་ཡིན་ནོ། །དགེ་བ་ 67-1-168b མ་བྱས་ཀྱང་ལྷར་སྐྱེ་བ་དང་། མི་དགེ་བ་མ་བྱས་ཀྱང་ངན་སོང་དུ་སྐྱེ་བ་ཡང་མ་ཡིན་ནོ། །སྐྱེ་བ་ནི་བྱེད་པ་པོས་བྱས་པ་ཡང་མ་ཡིན་ནོ། །དེ་དག་ཅིའི་ཕྱིར་མ་ཡིན་ཞེ་ན་ཁ་ཏོན་གྱི་དཔེ་ལ་གང་དག་གིས་རྣམ་པར་ཤེས་པ་འདི་མ་འགགས་ པར་ཕ་རོལ་དུ་སྐྱེ་བ་ལེན་ནོ་ཞེས་ཟེར་བའི་སྐྱོན་བསལ་བའི་ཕྱིར་ས་བོན་གྱི་དཔེ་བསྟན་ཏེ། ས་བོན་དེ་མ་རུལ་བར་མྱུ་གུ་སྐྱེ་ན་ནི་བདག་ཏུ་སྨྲ་བ་དག་བདེན་ན་ས་བོན་དེ་རུལ་ནས་སྔ་མ་ལས་གྱུར་ཏེ་མི་འདྲ་བར་གྱུར་པ་ལས་མྱུ་གུ་སྐྱེའོ། ། མར་མེའི་དཔེ་ལ་གང་གིས་མར་མེ་གཅིག་ལས་གཅིག་སྦར་ན་གཉི་ག་ཡོད་པས་འདི་དང་ཕ་རོལ་གཉི་གར་ཕུང་པོ་དུས་གཅིག་ཡོད་དོ་ཞེས་ཟེར་བའི་སྐྱོན་བསལ་བའི་ཕྱིར་སྒྲའི་དཔེ་བསྟན་ཏེ། བྲག་ཅ་ནི་མིས་མ་བརྗོད་པར་སྒྲ་མི་གྲག་ སྟེ། དུས་གཅིག་ཏུ་མི་འབྱུང་བས་ཕུང་པོ་ཡང་དུས་གཅིག་ཏུ་མི་འབྱུང་ངོ་། །མེ་ལོང་གི་དཔེ་ལ་འདྲ་བའི་ཕྱིར་གྲུམ་པོ་ལས་གྲུམ་པོར་སྐྱེ་བ་དག་དགག་པའི་ཕྱིར་མེ་ཤེལ་གྱི་དཔེ་བསྟན་ཏེ། མེ་ཤེལ་ལས་དེ་དང་མི་འདྲ་བའི་མེ་འབྱུང་བའི་ཕྱིར་ རོ། །རྒྱའི་དཔེ་ནི་ལྷ་ཚེ་འཕོས་པ་ལྷར་སྐྱེ། མི་ཚེ་འཕོས་པ་མིར་སྐྱེའོ་ཞེས་ཟེར་བ་བསལ་བའི་ཕྱིར་ཁ་ཏོན་གྱི་དཔེ་བསྟན་ཏེ། འདིའི་དཔེ་ནི་བླ་མ་ཡིན་ལ། ཕ་རོལ་གྱི་དཔེ་ནི་སློབ་མ་ཡིན་ཏེ། ཐ་དད་པས་བླ་མ་ཡང་སློབ་མ་མ་ཡིན། སློབ་མ་ཡང་བླ་མ་མ་ཡིན་པའི་ཕྱིར་རོ། །མེ་ཤེལ་གྱི་དཔེ་ལ་མི་འདྲ་བའི་དཔེ་ཡིན་ཏེ། དགེ་བས་ངན་སོང་མི་དགེ་བས་མཐོ་རིས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་མར་མེའི་དཔེ་བསྟན་ཏེ། མར་མེ་ལས་མར་མེ་མི་འདྲ་བ་མི་འབྱུང་གི ། མར་མེ་ལས་མར་མེ་འབྱུང་བ་བཞིན་དགེ་བས་མཐོ་རིས་མི་དགེ་བས་ངན་སོང་ནི་རིགས་པའོ། །ས་བོན་གྱི་དཔེ་ལ་ཤེས་པ་འཕེལ་ཞེས་ཟེར་བ་དགག་པའི་ཕྱིར་རྒྱའི་དཔེ་བསྟན་ཏེ། རྒྱའི་རི་མོ་ཅི་འདྲ་བ་དེ་ལས་འཇིམ་པའི་གོང་བུ་ལ་ཡང་ རི་མོ་གཞན་མི་འབྱུང་བའི་ཕྱིར་རོ། །སྐྱུར་གྱི་དཔེ་ལས་གང་དག་གིས་ལྷའི་ལོ་རྒྱུས་མྱོང་བ་དག་དགེ་བ་མ་བྱས་ཀྱང་སྐྱེ་བ་ཐམས་ཅད་དུ་ལྷར་སྐྱེ། ངན་སོང་གི་ལོ་རྒྱུས་མྱོང་བ་དག་མི་དགེ་བ་མ་བྱས་ཀྱང་སྐྱེ་བ་ཐམས་ཅད་ངན་སོང་དུ་སྐྱེའོ། 67-1-169a ཞེས་ཟེར་བ་དག་དགག་པའི་ཕྱིར་མེ་ལོང་གི་དཔེ་བསྟན་ཏེ། མེ་ལོང་ལ་བཞིན་ཅི་འདྲ་བ་སྣང་བ་བཞིན་དུ་དགེ་བ་དང་མི་དགེ་བའི་འབྲས་བུ་འདྲ་བ་བསྣོལ་ནས་མི་འདྲ་བར་སྦྱོར་བ་འགལ་བའི་ཕྱིར་རོ། །སྒྲའི་དཔེ་ལ་ནི་བྱེད་པ་ པོས་བྱས་པ་མ་ཡིན་ཏེ། མིས་སྐད་མ་བསྒྲགས་པར་བྲག་ཅ་མི་འབྱུང་བ་བཞིན་དུ་བྱེད་པ་པོས་མ་བྱས་པར་སེམས་ཅན་རྣམས་མི་སྐྱེའོ་ཞེས་ཟེར་བ་དེ་བསལ་བའི་ཕྱིར་སྐྱུར་གྱི་དཔེ་བསྟན་ཏེ། སྔར་འཐུངས་པ་དང་ཟ་མྱོང་བས་ ཕྱིས་བརྗོད་པས་འགྲམ་ཆུ་ལྡང་བ་བཞིན་དུ་ལས་དང་ཉོན་མོངས་པ་སྔར་སྤྱད་པའི་དབང་གིས་ཕྱིས་སྐྱེ་བ་ལེན་ནོ། །ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་སྐྱེ་བ་དང་། འཇིག་པ་དང་འདི་དང་ཕ་རོལ་དུ་འཕོ་བ་དང་། ཇི་ལྟར་འགྱུར་བ་དག་ནི་དེ་ལྟར་ མཁྱེན་པར་མཛོད་ཅིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བ་ལ་འཁོར་འདུས་པ་ཐམས་ཅད་ཡི་རངས་ཏེ་མངོན་པར་བསྟོད་དོ། །འཆི་འཕོ་བ་ཇི་ལྟར་འགྱུར་བ་བསྟན་པའི་མདོ་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཨ་ནི་ཏྱ་ཏ་སཱུ་ཏྲ། བོད་སྐད་དུ། མི་རྟག་པ་ཉིད་ཀྱི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཆོས་ བཞི་པོ་འདི་དག་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ། དབེན་པ། ཕངས་པ། ཡིད་དུ་འོང་བ། མངོན་པར་དགའ་བར་བྱ་བའོ། །བཞི་གང་ཞེ་ན། དགེ་སློང་དག་ནད་མེད་པ་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ། དབེན་པ། ཕངས་པ། ཡིད་དུ་འོང་བར་མངོན་པར་དགའ་བར་བྱ་བའོ། །ནད་མེད་པ་དེའི་མཐའ་ཡང་ནད་ཡིན་ཏེ། དགེ་སློང་དག་ནད་ནི་འཇིག་རྟེན་ཐམས་ཅད་ལ་མི་སྡུག་པ། མི་དབེན་པ། མི་ཕངས་པ། ཡིད་དུ་མི་འོང་བ་མངོན་པར་དགའ་བར་བྱ་བ་མ་ 67-1-169b ཡིན་པའོ། །དགེ་སློང་དག་ལང་ཚོ་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ། དབེན་པ། ཕངས་པ། ཡིད་དུ་འོང་བ་མངོན་པར་དགའ་བར་བྱ་བའོ། །ལང་ཚོ་འདིའི་མཐའ་ཡང་རྒ་བ་ཡིན་ཏེ། དགེ་སློང་དག་རྒ་བ་ནི་འཇིག་རྟེན་ཐམས་ཅད་ ལ་མི་སྡུག་པ། མི་དབེན་པ། མི་ཕངས་པ། ཡིད་དུ་མི་འོང་བ། མངོན་པར་དགའ་བར་བྱ་བ་མ་ཡིན་པའོ། །དགེ་སློང་དག་འབྱོར་པ་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ། དབེན་པ། ཕངས་པ། ཡིད་དུ་འོང་བ་མངོན་པར་དགའ་བར་ བྱ་བའོ། །འབྱོར་པ་དེའི་མཐའ་ཡང་རྒུད་པ་ཡིན་ཏེ། དགེ་སློང་དག་རྒུད་པ་ནི་འཇིག་རྟེན་ཐམས་ཅད་ལ་མི་སྡུག་པ། མི་དབེན་པ། མི་ཕངས་པ། ཡིད་དུ་མི་འོང་བ། མངོན་པར་དགའ་བར་བྱ་བ་མ་ཡིན་པའོ། །དགེ་སློང་དག་ སྲོག་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ། དབེན་པ། ཕངས་པ། ཡིད་དུ་འོང་བ་མངོན་པར་དགའ་བར་བྱ་བའོ། །སྲོག་དེའི་མཐའ་ཡང་འཆི་བ་སྟེ། དགེ་སློང་དག་འཆི་བ་ནི་འཇིག་རྟེན་ཐམས་ཅད་ལ་མི་སྡུག་པ། མི་དབེན་པ། མི་ ཕངས་པ། ཡིད་དུ་མི་འོང་བ། མངོན་པར་དགའ་བར་བྱ་བ་མ་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ། ། ནད་མེད་མི་རྟག་ལང་ཚོ་རྟག་མ་ཡིན། །འབྱོར་པ་མི་རྟག་སྲོག་ཀྱང་རྟག་མ་ཡིན། །སྐྱེ་བོ་མི་རྟག་ཉིད་ཀྱིས་ཉེན་གྱུར་ན། །འདོད་པའི་ཡོན་ཏན་དགའ་བ་ཇི་ལྟར་སྐྱེ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །མི་རྟག་པ་ཉིད་ཀྱི་མདོ། རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཞང་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ནས་ སྐད་གསར་ཅད་ཀྱིས་ཀྱང་བསྣན་ནས་གཏན་ལ་ཕབ་པ། །༄༅། ། རྒྱ་གར་སྐད་དུ། ཨ་ནི་ཏྱ་ཏ་སཱུ་ཏྲ། བོད་སྐད་དུ། མི་རྟག་པ་ཉིད་ཀྱི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཕྱག་ 67-1-170a འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ བཀའ་སྩལ་པ། དགེ་སློང་དག་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། མི་བརྟན་པ་དང་། ཡིད་བརྟན་དུ་མི་རུང་བ་དང་། ཡོངས་སུ་འགྱུར་བའི་ཆོས་ཅན་ཏེ། དགེ་སློང་དག་ཆོག་གིས་འདུ་བྱེད་ཐམས་ཅད་ལས་སེམས་ཟློག་ཤིག །དགེ་སློང་ དག་མ་ཆགས་པ་དང་། མ་ཞེན་པ་དང་། རྣམ་པར་གྲོལ་བར་གྱིས་ཤིག །གང་ཡང་སེམས་ཅན་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་དང་། སྲོག་ཆགས་ཐམས་ཅད་ཀྱི་གསོན་པའི་མཐའ་ནི་འཆི་བ་ཡིན་ཞིང་མཐར་འཆི་བར་ འགྱུར་བ་སྟེ། སྐྱེས་ནས་འཆི་བར་མི་འགྱུར་བ་མེད་དོ། །གང་ཡང་ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འམ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ནོར་བུ་དང་། མུ་ཏིག་དང་། བཻ་དཱུ་རྱ་དང་། ཤང་ཀ་ཤི་ལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། ནོར་དང་། ལོངས་སྤྱོད་མང་བ་དང་། འབྲུ་དང་། དབྱིག་དང་། གསེར་དང་། མཛོད་དང་། བང་བ་བསགས་པ་མང་བ་དང་། བྲན་ཕོ་དང་། བྲན་མོ་དང་། ཞོ་ཤས་འཚོ་བ་མང་བ་དང་། མཛའ་བཤེས་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་མང་བ་དེ་དག་གི་གསོན་པའི་མཐའ་ཡང་འཆི་བར་འགྱུར་བ་སྟེ། སྐྱེས་ནས་འཆི་བར་མི་འགྱུར་བ་མེད་དོ། ། གང་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། ཡུལ་ལ་དབང་བ། མཐུ་ཐོབ་པ། ས་ཆེན་པོའི་དཀྱིལ་འཁོར་དུ་མངོན་པར་རྒྱལ་བས་གནས་པ་དེ་དག་གི་གསོན་པའི་མཐའ་ཡང་འཆི་བ་ཡིན་ཞིང་མཐར་འཆི་བར་འགྱུར་ བ་སྟེ། སྐྱེས་ནས་འཆི་བར་མི་འགྱུར་བ་མེད་དོ། །གང་ཡང་དྲང་སྲོང་ནགས་ན་གནས་པ་རྩ་བ་དང་། འབྲས་བུ་ཟ་ཞིང་རྩ་བ་དང་འབྲས་བུ་ལ་སྤྱོད་པ། རྩ་བ་དང་། འབྲས་བུས་འཚོ་ཞིང་གནས་པ་དེ་དག་གི་གསོན་པའི་མཐའ་ཡང་འཆི་བར་ 67-1-170b འགྱུར་བ་སྟེ། སྐྱེས་ནས་འཆི་བར་མི་འགྱུར་བ་མེད་དོ། །གང་ཡང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་བཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཏེ། དེ་དག་གི་གསོན་པའི་མཐའ་ཡང་འཆི་བ་ཡིན་ཞིང་མཐར་འཆི་བར་འགྱུར་བ་སྟེ། སྐྱེས་ནས་འཆི་བར་མི་འགྱུར་བ་མེད་དོ། །གང་ཡང་བསམ་གཏན་གསུམ་པ་ཐོབ་པའི་ལྷ་རྣམས་ཏེ། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་པ་སྟེ། དེ་དག་གི་གསོན་པའི་མཐའ་ཡང་འཆི་བ་ཡིན་ཞིང་མཐར་ཡང་འཆི་བར་འགྱུར་ཏེ། སྐྱེས་ནས་འཆི་བར་མི་འགྱུར་བ་མེད་དོ། །གང་ཡང་བསམ་གཏན་བཞི་པ་ཐོབ་པའི་ལྷ་རྣམས་ཏེ། སྤྲིན་མེད་དང་། བསོད་ནམས་འཕེལ་དང་། འབྲས་ བུ་ཆེ་བ་དང་། འདུ་ཤེས་མེད་པའི་སེམས་ཅན་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་དུ་མཐོང་བ་དང་། གྱ་ནོམ་སྣང་དང་། འོག་མིན་གྱི་ལྷ་རྣམས་ཏེ། དེ་དག་གི་གསོན་པའི་མཐའ་ཡང་འཆི་བ་ཡིན་ཞིང་མཐར་འཆི་བར་འགྱུར་བ་སྟེ། སྐྱེས་ ནས་འཆི་བར་མི་འགྱུར་བ་མེད་དོ། །གང་ཡང་གཟུགས་མེད་པའི་ལྷ་རྣམས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་གཏོགས་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་གཏོགས་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དུ་ ཉེ་བར་གཏོགས་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་གཏོགས་པའི་ལྷ་རྣམས་ཏེ། དེ་དག་གི་གསོན་པའི་མཐའ་ཡང་འཆི་བ་ཡིན་ཞིང་མཐར་འཆི་བར་འགྱུར་བ་སྟེ། སྐྱེས་ནས་འཆི་བར་མི་འགྱུར་བ་མེད་དོ། ། གང་ཡང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ ཕ་རོལ་དུ་སོན་པ་དེ་རྣམས་ཀྱང་ཡིད་དུ་འོང་བའི་ལུས་སྤོང་བར་བྱེད་པའི་ཆོས་ཅན་ནོ། །གང་ཡང་རང་སངས་རྒྱས་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་བདག་ཉིད་གཅིག་པུ་འདུལ་བར་བྱེད་ཅིང་བདག་ཉིད་ཞི་བར་བྱེད་ལ། བདག་ཉིད་ཡོངས་ 67-1-171a སུ་མྱ་ངན་ལས་འདའ་བར་བྱེད་པ་དེ་རྣམས་ཀྱང་ཡིད་དུ་འོང་བའི་ལུས་སྤོང་བར་བྱེད་པའི་ཆོས་ཅན་ནོ། །གང་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོབས་བཅུའི་སྟོབས་དང་ལྡན་པ། མི་འཇིགས་པ་བཞིས་བསྙེངས་པ་མི་མངའ་བ། ཁྱུ་མཆོག་གི་གནས་སུ་ཞལ་གྱིས་འཆེ་བ། སྐུ་ལ་སྲེད་མེད་ཀྱི་སྟོབས་བརྟན་པ་འདུས་པ། སེང་གེའི་སྒྲ་ཡང་དག་པར་སྒྲོགས་པ་དེ་རྣམས་ཀྱང་ཡིད་དུ་འོང་བའི་སྐུ་སྤོང་བར་མཛད་པའི་ ཆོས་ཅན་ནོ། དགེ་སློང་དག་དེ་བཞིན་དུ་སེམས་ཅན་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་དང་། སྲོག་ཆགས་ཐམས་ཅད་ཀྱི་གསོན་པའི་མཐའ་ནི་འཆི་བ་ཡིན་ཞིང་མཐར་འཆི་བར་འགྱུར་བ་སྟེ། སྐྱེས་ནས་འཆི་བར་མི་འགྱུར་བ་ མེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པ་གཞན་ཡང་འདི་སྐད་བཀའ་སྩལ་ཏོ། །ཀྱེ་མ་འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། ། སྐྱེ་ནས་འཇིག་པར་འགྱུར་བ་སྟེ། །དེ་བས་ཉེ་བར་ཞི་བ་བདེ། །དེ་ལྟར་རབ་ཏུ་འབར་བ་ལ། །དགར་བྱར་ཅི་ཡོད་མགུར་ཅི་ཡོད། །མུན་པའི་ནང་ཞུགས་གནས་པ་དག །ཅི་ཕྱིར་སྒྲོན་མ་ཚོལ་མི་བྱེད། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་ བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །མི་རྟག་པ་ཉིད་ཀྱི་མདོ། རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཨཱརྱ་སྃ་ཛྙཱ་ན་ཨེ་ཀ་ད་ཤ་ནིར་དེ་ཤ་སཱུ་ཏྲ། བོད་སྐད་དུ། འཕགས་པ་འདུ་ཤེས་བཅུ་གཅིག་བསྟན་པའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་ན་གྱད་གྱི་ཉེ་འཁོར་ཤིང་སཱ་ལ་ཟུང་གི་ཚལ་ ན་བཞུགས་ཏེ། ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ནམ་འཆི་བའི་དུས་ཀྱི་ཚེ་དགེ་སློང་གིས་འདུ་ཤེས་བཅུ་གཅིག་མངོན་དུ་བྱའོ། །བཅུ་གཅིག་གང་ཞེ་ན། འདི་ལ་མ་ཆགས་ 67-1-171b པའི་འདུ་ཤེས་དང་། སེམས་ཅན་ཐམས་ཅད་ལ་བྱམས་པའི་འདུ་ཤེས་དང་། འཁོན་དུ་འཛིན་པ་ཐམས་ཅད་ཡོངས་སུ་དོར་བའི་འདུ་ཤེས་དང་། འཆལ་བའི་ཚུལ་ཁྲིམས་ཐམས་ཅད་བཤགས་པའི་འདུ་ཤེས་དང་། ཚུལ་ཁྲིམས་ ཐམས་ཅད་ཡང་དག་པར་བླང་བའི་འདུ་ཤེས་དང་། ཉེས་པ་ཆེན་པོ་བྱས་པ་དག་ལ་ཡང་ཡང་བའི་འདུ་ཤེས་དང་། དགེ་བའི་རྩ་བ་ཆུང་ངུ་དག་ལ་ཆེ་བའི་འདུ་ཤེས་དང་། འཇིག་རྟེན་ཕ་རོལ་དག་ལ་འཇིགས་པ་མེད་པའི་འདུ་ཤེས་དང་། འདུས་བྱས་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་། ཆོས་ཐམས་ཅད་ལ་བདག་མེད་པའི་འདུ་ཤེས་དང་། མྱ་ངན་ལས་འདས་པ་ནི་ཞི་བའོ་སྙམ་པའི་འདུ་ཤེས་མངོན་དུ་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འདུ་ཤེས་བཅུ་གཅིག་བསྟན་པ་བཅོམ་ལྡན་འདས་ཀྱི་ཞལ་ཆེམས། རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཨཱརྱ་བཻ་ཤཱ་ལཱི་པྲ་བེ་ཤ་མ་ཧཱ་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ཆེན་པོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་ གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འདམ་བུའི་ཁྲོད་ན་གཟིངས་པའི་འདུག་གནས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡངས་པའི་གྲོང་ཁྱེར་ ག་ལ་བ་དེར་འདོང་ངོ་། །བཙུན་པ་དེ་ལྟར་བགྱིའོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་ཉན་ཏོ། །དེ་ནས་བཅོམ་ལྡན་འདས་ཡུལ་པྲི་ཛིར་རྒྱུ་ཞིང་གཤེགས་ཏེ། ཡངས་པའི་གྲོང་ཁྱེར་དུ་བྱོན་ ནས། ཡངས་པའི་གྲོང་ཁྱེར་གྱི་ཨ་མྲ་སྲུང་བའི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡངས་པའི་གྲོང་ཁྱེར་དུ་སོང་ལ་ཕྱིན་ནས་སྒོའི་ཐེམ་པ་ལ་རྐང་ 67-1-172a པ་ཞོག་སྟེ། གསང་སྔགས་ཀྱི་གཞི་འདི་དག་དང་། ཚིགས་སུ་བཅད་པ་འདི་དག་སྨྲོས་ཤིག །བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །སངས་རྒྱས་ ཐམས་ཅད་ཀྱིས་དགོངས་པ། རང་སངས་རྒྱས་ཀྱིས་བསམས་པ། དགྲ་བཅོམ་པ་ཐམས་ཅད་ཀྱིས་བསམས་པ། སློབ་པ་ཐམས་ཅད་ཀྱིས་བསམས་པ། ཉན་ཐོས་ཐམས་ཅད་ཀྱིས་བསམས་པ། བདེན་པའི་ཚིག་དང་ལྡན་པ་ ཐམས་ཅད་ཀྱིས་བསམས་པ། ཆོས་ཀྱིས་བསམས་པ། ཚངས་པས་བསམས་པ། ཚངས་པ་སོ་སོས་བསམས་པ། འདོད་པའི་དབང་ཕྱུག་གིས་བསམས་པ། དབང་པོས་བསམས་པ། ལྷས་བསམས་པ། ལྷ་མ་ཡིན་གྱི་ དབང་པོས་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱིས་བསམས་པ། ལྷ་མ་ཡིན་གྱི་མངག་གཞུག་པས་བསམས་པ། འབྱུང་པོ་ཐམས་ཅད་ཀྱིས་བསམས་པ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་ རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །མུན་ཙྪ་ཏ། མུན་ཙྪ་ཏ། མ་འདུག་ཤིག །ཡམས་ཀྱི་ནད་རྣམ་པར་ཞི་བར་གྱུར་ཅིག །ནིར་གཙྪ་ཏ། ནིར་གཙྪ་ཏ། ནིར་གཙྪ་ཏ། ནིར་གཙྪ་ཏ། སངས་རྒྱས་ལྷ་ཆེན་པོ་ལྷའི་ཡང་ལྷ། ལྷའི་བླ་མ་ ཡང་གཤེགས་ཤིང་། དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པའི་ལྷ་རྣམས་དང་། སྐྱེ་དགུའི་དབང་པོ་དང་བཅས་པ་རྣམས་དང་། འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འོང་། ལྷ་འབུམ་ཕྲག་དུ་མ་དག་དང་། ལྷ་མ་ཡིན་ གྱི་དབང་པོ་རྣམས་དང་། ལྷ་མ་ཡིན་འབུམ་ཕྲག་དུ་མ་དག་ཀྱང་འོང་། བཅོམ་ལྡན་འདས་ལ་མངོན་པར་དད་པའི་འབྱུང་པོ་འབུམ་ཕྲག་དུ་མ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་འོང་སྟེ། དེ་དག་གིས་ཁྱེད་རྣམས་ལ་གནོད་པ་ཆེན་ པོ་བྱེད་པར་འགྱུར་དུ་འོང་གིས། ནིར་གད་ཙྪ་ཏ། ནིར་གད་ཙྪ་ཏ། ནིར་གད་ཙྪ་ཏ། ནིར་གད་ཙྪ་ཏ། མྱུར་དུ་བྱེར་ཅིག་ཁྱེད་ཅག་ལས་གང་དག་སྡང་བའི་སེམས་དང་ལྡན་པ་དེ་དག་ནི་ཕུང་བར་གྱུར་ཅིག །གང་དག་བྱམས་པའི་སེམས་དང་ལྡན་ 67-1-172b ཞིང་ཉེས་པར་མི་འདོད་ལ་སྲུང་བར་འཇུག་པར་འདོད་པ་དེ་དག་ནི་འཁོད་ཅིག །ལུས་ལ་ཡང་འཇུག་པར་གྱིས་ཤིག །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། སུ་མུ། སུ་མུ། སུ་མུ། སུ་མུ། སུ་མུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མི་རི། མི་རི། མི་རི། མི་རི། མི་རི། མི་རི། མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རཱུ་རཱི་ཏི། རི་རི་རི་རི་རི་རི། རཱི་རཱི་རཱི་རཱི་རཱི་རཱི་ཏི། མི་རི་མི་རི་མི་རི་མི་རི་ཏི། ཧི་སི་མི་རི། མི་རི་ཏི། མི་རི་སི། སཱི་སཱི་མཱི། ཀང་ཀ་རཱ། ཀ་ར་ཀ་ཏ། ཀང་ཀ་རཱ། ཀ་ར་ཀ་ཙ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱོ་ཏི་ཏི། ཀུ་རི་ཤོ། ཀང་ཀ་ར་ཀང་ཀ་རི་ཤི། རི་རི་རི་རི་རི་རི། ཧི་རི་ཏ་ཕུ་སྭཱ། རི་པུ། རི་པུ། རི་པུ། རི་པུ། རི་པུ། རི་པུ། རི་པུ། རི་པུ། ནཱ་ཐཱ། ནཱ་ནཱ། ཐཱ་ཐཱ། རི་པུ་རི་པུ། ནཱ་ཐཱ་ཐ། ནིར་གད་ཚ་ཏ། ནིར་གད་ཚ་ཏ། རི་པུ། རི་པུ། ནིར་གད་ཚ་ཏ། པ་ལཱ་ཡཱ་ཏ། རི་པཱུ་རི་པཱུ། བཱ་ལཱ་ཡ་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ་དང་ལྡན་པ། བྱམས་པ་ལ་གནས་པ། ཐུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་ པ་གཤེགས་ཀྱིས། ཀྵི་ཕྲན་ནིར་གཙྪ་ཏ་སྭཱ་ཧཱ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཆོག་དང་། ཆོས་ཉིད་ཀྱིས་ལྷ་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་པའི་གསང་སྔགས་གཞི་འདི་དག་ནི་འགྲུབ་བོ། །ཚིགས་སུ་བཅད་ པ་འདི་དག་ནི་འགྲུབ་བོ། །གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་བཅོམ་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་ 67-1-173a འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་རྒྱུ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མངའ་མཛད་དེ། །ཁྱེད་ལ་བདེ་ལེགས་ མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡིས། །ཐུགས་ཀྱི་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འཁོར་བ་ཡི། སེམས་ཅན་ ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་སླུ་བ་མི་མངའ་ལ། །གསུང་གཙང་གཙང་མར་མཛད་པ་དེ། ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པས་ས་རྣམས་ ནི། །ནགས་ཚལ་བཅས་པར་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གང་ཞིག་གིས། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་ བདེར་གྱུར་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམ་གསུངས་པ། །ཐུབ་པའི་སྙན་པ་གང་བྱུང་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་ གང་གིས་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ ལེགས་དང་། །འབྱུང་པོ་ཀུན་གྱིས་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱི་ནི་བསམས་པ་ཡིས། །ཁྱེད་རྣམས་དོན་འདོད་གང་ཡིན་པ། །དོན་དེ་དེ་རིང་ 67-1-173b གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ ལའང་བདེ་ལེགས་ཤིང་། །ཁྱེད་ཅག་ཀུན་དུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་བསྐོར་ཏེ་བཤེགས་མཛད་ཀྱིས། །སྡང་སེམས་ལྡན་པ་རྣམས་བྱེར་ཅིང་། ། སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདི་ནི་གཏོང་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག །ཐམས་ཅད་ནད་རྣམས་མེད་པར་ཤོག །ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ ལྷགས་གྱུར་ཅིང་། །ས་དང་བར་སྣང་དག་ལ་གནས་པ་རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་དེ་ བཞིན་བགྱིའོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ཡངས་པའི་གྲོང་ཁྱེར་དུ་སོང་སྟེ་སྒོའི་ཐེམ་པ་ལ་རྐང་པ་བཞག་ནས། གསང་སྔགས་གཞི་དག་དང་། ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ། །བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ། རང་སངས་རྒྱས་ཐམས་ཅད་ཀྱིས་བསམས་པ། དགྲ་བཅོམ་པ་ཐམས་ཅད་ཀྱིས་ བསམས་པ། སློབ་པ་ཐམས་ཅད་ཀྱིས་བསམས་པ། ཉན་ཐོས་ཐམས་ཅད་ཀྱིས་བསམས་པ། བདེན་པའི་ཚིག་དང་ལྡན་པ་ཐམས་ཅད་ཀྱིས་བསམས་པ། ཆོས་ཐམས་ཅད་ཀྱིས་བསམས་པ། ཚངས་པས་བསམས་པ། 67-1-174a ཚངས་པ་སོ་སོས་བསམས་པ། འདོད་པའི་དབང་ཕྱུག་གིས་བསམས་པ། དབང་པོས་བསམས་པ། ལྷས་བསམས་པ། ལྷ་མ་ཡིན་གྱི་དབང་པོས་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱིས་བསམས་པ། ལྷ་མ་ ཡིན་གྱི་མངག་གཞུག་པས་བསམས་པ། འབྱུང་པོ་ཐམས་ཅད་ཀྱིས་བསམས་པ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །མུན་ཙ་ཏ། མུན་ཙ་ཏ། ཡམས་ཀྱི་ནད་རྣམས་ཞི་བར་གྱུར་ཅིག །ནིར་ག་ཙྪ་ཏ། ནིར་ག་ཙྪ་ཏ། ནིར་ག་ཙྪ་ཏ། ནིར་ག་ཙྪ་ཏ། སངས་རྒྱས་ལྷ་ཆེན་པོ། ལྷའི་ཡང་ལྷ། ལྷའི་བླ་མ་གཤེགས་ཤིང་། དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པའི་ ལྷ་རྣམས་དང་། དབང་བདག་དང་བཅས་པ་རྣམས་དང་། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང་། འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འོང་། ལྷ་སྟོང་ཕྲག་དུ་མ་དག་དང་། ལྷ་མ་ཡིན་གྱི་དབང་པོ་རྣམས་དང་། ལྷ་མ་ཡིན་སྟོང་ཕྲག་དུ་ མ་དག་ཀྱང་འོང་། བཅོམ་ལྡན་འདས་ལ་མངོན་པར་དད་པའི་འབྱུང་པོ་བརྒྱ་སྟོང་མང་པོ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་འོང་སྟེ། དེ་དག་ཁྱེད་ལ་གནོད་པ་ཆེན་པོ་བྱེད་པར་འགྱུར་གྱིས། ནིར་ག་ཙྪ་ཏ། ནིར་ག་ཙྪ་ཏ། ནིར་ག་ཙྪ་ཏ། ནིར་ག་ཙྪ་ཏ། མྱུར་དུ་བྱེར་ཅིག །ཁྱེད་ཅག་ལས་གང་དག་སྡང་བའི་སེམས་དང་ལྡན་པ་དེ་དག་ནི་ཕུང་བར་གྱུར་ཅིག །གང་དག་བྱམས་པའི་སེམས་དང་ལྡན་ཞིང་ཉེས་པར་མི་འདོད་ལ་སྲུང་བར་འཇུག་པར་འདོད་པ་དེ་དག་ནི་འཁོད་ཅིག ། ལུས་ལ་ཡང་འཇུག་པར་གྱིས་ཤིག །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། སུ་མུ། སུ་མུ། སུ་མུ། སུ་མུ། སུ་མུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མི་རི། མི་རི། མི་རི། མི་རི། མི་རི། མི་རི། མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་ 67-1-174b མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་རི་ཏི། རི་རི་རི་རི་རི་རི། རཱི་རཱི་རཱི་རཱི་རཱི་རཱི་ཏི། མི་རི་མི་རི། མི་རི་མི་རཱི་ཏི། ཧི་སི་མི་རི་མི་རི་ཏི། མི་རི་སི། སཱི་སི་མི། ཀང་ཀ་རཱ། ཀ་ར་ཀ་ཏ། ཀང་ར་ཀ་ར། ཀ་ར་ཀ་ཙ། ཀང་ཀ་ར། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱོ་ཏཱི་ཏི། ཀུ་རི་ཤོ། ཀང་ཀ་རཱ། ཀང་ཀ་རི་ཤི། རི་རི་རི་རི་རཱི་རཱི། ཏི་རི་ཏ་ཕུ་སྭཱ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། ན་ཐཱ། ནཱ་ནཱ་ཐཱ་ཐཱ། རི་བཱུ། རི་བཱུ། ནཱ་ཐཱ་ཐཱ། ནིར་ག་ཙྪ་ཏ། ནིར་ག་ཙྪ་ཏ། རི་པུ་རི་པུ། ནིར་ག་ཙྪ་ཏ། པ་ལཱ་ཡཱ་ཏ། རི་བཱུ་རི་བཱུ། པ་ལ་ཡཱ་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ ལྷག་པར་དགོངས་པ་དང་ལྡན་པ། །བྱམས་པ་ལ་གནས་པ། ཐུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས་ཀྱིས། ཀྵི་ཕྲན་ནིར་ག་ཙྪ་ཏ་སྭཱ་ཧཱ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཆོག་དང་། ཆོས་ཉིད་ ཀྱིས་ལྷ་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་པའི་གསང་སྔགས་གཞི་འདི་དག་ནི་གྲུབ་པའོ། །ཚིགས་སུ་བཅད་པ་འདི་དག་ནི་གྲུབ་པའོ། །གང་ལ་སེར་སྣ་རྣམས་ཆགས་པ། །རྣམ་བཅོམ་དྲི་མ་མེད་མཛད་ཅིང་། ཐུགས་ཞི་གནོད་པ་མི་མངའ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་ འགྱུར། །སྟོན་པ་རྒྱུག་པ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མངའ་མཛད་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། བུ་གཅིག་བཞིན་དུ་རྟག་བསྐྱངས་ཏེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། ། 67-1-175a གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་སླུ་བ་མི་མངའ་ལ། །གསུང་གཙང་གཙང་མར་མཛད་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་ འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པར་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་ དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གང་ཞིག་ས། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། འཕགས་པའི་བདེན་པ་རྣམ་གསུངས་པ། །ཐུབ་པའི་སྙན་པ་གང་བྱུང་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་ དུ་མཛད་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང་། །འབྱུང་པོ་ཀུན་ཀྱང་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་ རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱི་ནི་བསམས་པ་ཡི། །ཁྱེད་ཀྱི་དོན་འདོད་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག་ ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་རྣམས་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལའང་བདེ་ལེགས་ཤིང་། །ཁྱེད་ཅག་ཀུན་དུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་ པར་མ་གྱུར་ཅིག །སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས། །སྡང་སེམས་ལྡན་པ་རྣམས་བྱེར་ཅིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་ 67-1-175b རྣམས་དང་། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདི་ནི་གཏོང་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཤིག་ ལྡན་གྱུར་ཅིག །ཐམས་ཅད་ནད་རྣམས་མེད་པར་ཤོག །ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཅིང་། །ས་དང་བར་སྣང་དག་ན་གནས་པ་ རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ཆེན་པོ། རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་ཀ་ར་ཏྲི་ནཱ་མ་སཱུ་ཏྲ། བོད་སྐད་དུ། འཕགས་པ་མཚན་མོ་བཟང་པོ་ཞེས་བྱ་བའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་ཏེ། དེའི་ཚེ་དགེ་སློང་ཞིག་རྒྱལ་པོའི་ཁབ་ཀྱི་ཆུ་ཏ་པོ་ཏའི་འགྲམ་ན་འདུག་གོ། དེ་ནས་ལྷ་ཁ་དོག་ མཆོག་དང་ལྡན་པ་ཞིག་ནམ་སྲོས་ནས་དགེ་སློང་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཆུ་ཏ་པོ་ཏའི་འགྲམ་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་སྣང་བར་བྱས་ཏེ། དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་ཁྱོད་ཀྱིས་མཚན་ མོ་བཟང་པོའི་མདོ་སྡེ་ཤེས་སམ། དེས་འདི་སྐད་ཅེས་སྨྲས་སོ། །ལྷ་བདག་གིས་ནི་མཚན་མོ་བཟང་པོའི་མདོ་སྡེ་མ་འཚལ་ན། ལྷ་ཁྱོད་ཀྱིས་མཚན་མོ་བཟང་པོའི་མདོ་སྡེ་མཁྱེན་ཏམ་མི་མཁྱེན། དེས་འདི་སྐད་ཅེས་སྨྲས་སོ། ། དགེ་སློང་བདག་གིས་ཀྱང་མཚན་མོ་བཟང་པོའི་མདོ་སྡེ་མི་ཤེས་སོ། །ལྷ་འོ་ན་མཚན་མོ་བཟང་པོའི་མདོ་སྡེ་འཚལ་བ་ད་ལྟར་སུ་མཆིས། དེས་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལན་ད་ཀ་ 67-1-176a གནས་པ་འདི་ན་བཅོམ་ལྡན་འདས་བཞུགས་ཀྱིས། ཁྱོད་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ལ་ཞུས་ཏེ། བཅོམ་ལྡན་འདས་ཀྱིས་དེ་ཁྱོད་ལ་ཇི་ལྟར་ལུང་བསྟན་པ་དེ་བཞིན་དུ་ཟུང་ལ་བརྩོན་པར་གྱིས་ཤིག་ཅེས་ སྨྲས་ནས། ལྷ་དེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་དགེ་སློང་དེ་ནང་པར་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་ གོ། །ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་མདང་དགུང་རྨོངས་ནས་བདག་གི་དེར་ལྷ་ཁ་དོག་མཆོག་དང་ལྡན་པ་ཞིག་བདག་ག་ལ་བ་དེར་མཆིས་ཏེ། ཆབ་ཏ་ པོ་ཏའི་འགྲམ་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་སྣང་བར་བགྱིས་ནས་བདག་ལ་འདི་སྐད་མཆིའོ། །དགེ་སློང་ཁྱོད་ཀྱིས་མཚན་མོ་བཟང་པོའི་མདོ་སྡེ་ཤེས་སམ། བདག་གིས་དེ་ལ་འདི་སྐད་ཅེས་བགྱིས་སོ། །ལྷ་བདག་ གིས་ནི་མཚན་མོ་བཟང་པོའི་མདོ་སྡེ་མ་འཚལ་ན། ལྷ་ཁྱོད་ཀྱིས་ལྟ་མཚན་མོ་བཟང་པོའི་མདོ་སྡེ་མཁྱེན་ཏམ་མི་མཁྱེན། དེ་འདི་སྐད་ཅེས་མཆིའོ། །དགེ་སློང་བདག་གིས་ཀྱང་མཚན་མོ་བཟང་པོའི་མདོ་སྡེ་མི་ཤེས་སོ། ། ལྷ་འོ་ན་མཚན་མོ་བཟང་པོའི་མདོ་སྡེ་འཚལ་བ་ད་ལྟར་སུ་མཆིས། །དེ་འདི་སྐད་ཅེས་མཆིའོ། །རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཅོམ་ལྡན་འདས་བཞུགས་ཀྱིས། ཁྱོད་བཅོམ་ལྡན་འདས་ཀྱི་ཐད་ དུ་སོང་ལ་ཞུས་ཏེ། བཅོམ་ལྡན་འདས་ཀྱིས་དེ་ཁྱོད་ལ་ཇི་ལྟར་ལུང་བསྟན་པ་དེ་བཞིན་དུ་ཟུང་ལ་བརྩོན་པར་གྱིས་ཤིག་ཅེས་སྨྲས་ནས། ལྷ་དེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །བཙུན་པ་བཅོམ་ལྡན་འདས་དེའི་སླད་དུ་བདག་འདིའི་ དོན་ཡོངས་སུ་ཞུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱོད་ཀྱིས་ལྷ་དེ་ཤེས་སམ། དགེ་སློང་དེས་གསོལ་པ། བཙུན་པ་བདག་གིས་ལྷ་དེ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། 67-1-176b ལྷའི་བུ་དེ་ནི་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་སྡེ་དཔོན་ཏེ། ཙན་དན་ཞེས་བྱའོ། །དགེ་སློང་དེས་གསོལ་པ། བཙུན་པ་བདག་མཚན་མོ་བཟང་པོའི་མདོ་སྡེ་ཐོས་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། དགེ་སློང་ཁྱོད་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་པར་བྱའོ། །དགེ་སློང་ཆོས་གསུམ་དང་ལྡན་ན་དགེ་སློང་མཚན་མོ་བཟང་པོའི་མདོ་སྡེ་ལ་གནས་པ་ཞེས་བྱའོ། །གསུམ་གང་ཞེ་ ན། འདི་ལྟ་སྟེ། འདས་པ་ལ་རྗེས་སུ་ཕྲད་པར་མི་བྱེད་པ་དང་། མ་འོངས་པ་ལ་རེ་བ་མེད་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ཀྱིས་མི་འཕྲོགས་པར་གནས་པའི་ཆོས་ཅན་ཏེ། ཆོས་གསུམ་པོ་དེ་དག་དང་ལྡན་ན་དགེ་སློང་མཚན་ མོ་བཟང་པོའི་མདོ་སྡེ་ལ་གནས་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་གསུང་ངོ་། །འདས་ལ་རྗེས་སུ་ཕྲད་མི་བྱེད། ། མ་འོངས་པ་ལ་རེ་བ་མེད། །འདས་པ་གང་ཡིན་དེ་འགགས་ཏེ། །མ་འོངས་དེ་ནི་མ་ཕྱིན་པའོ། །གང་དག་ད་ལྟར་བྱུང་བའི་ཆོས། །དེ་དང་དེ་ལ་རབ་བལྟས་ནས། །རྣམ་པར་རྟོག་པས་མི་འཕྲོགས་པར། །དེ་དག་ཐམས་ཅད་ཁོང་དུ་ཆུད། ། སང་ཙམ་ཤི་ཡང་སུ་ཤེས་ཀྱིས། །དེ་རིང་ཉིད་དུ་བརྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །བདག་ཏུ་བཤེས་པ་མ་ཡིན་ནོ། །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཐམས་ཅད་ཀྱང་། །བདེ་བ་འབའ་ ཤིག་གྲུབ་གྱུར་ཏེ། །ཐམས་ཅད་ཉོན་མོངས་མེད་པར་ཤོག །ཐམས་ཅད་བཟང་པོ་མཐོང་གྱུར་ཏེ། །གང་ཡང་སྡིག་པར་མ་གྱུར་ཅིག །དེ་ལྟར་གནས་ཤིང་རབ་བརྩོན་ལ། །ཉིན་མཚན་སྙོམ་ལས་མེད་པས་ན། །དེ་ཕྱིར་མཚན་ མོ་བཟང་པོ་ཡི། །མདོ་སྡེ་ཐུབ་པས་རྟག་ཏུ་གསུངས། །དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་མཚན་མོ་བཟང་པོའི་མདོ་འདི་བཤད་ནས་འགྲོ་ལྡིང་བའི་གསང་སྔགས་ཀྱི་གཞི་འདི་ 67-1-177a དག་གསུངས་སོ། །ཏ་ཏྱ་ཐཱ། བི་ནི་བྷ་ར་དི། བི་རི་ནི། བི་ར་ནི། བུད་དྷ་མ་ཧ་ར་ཏཱ་ན་དྷེ། མ་ཧི་ནི་མི་ན་ནི། ནི་ནི་ནི་ནི། ཏི་ཏི་ཏི་ཏི། བི་ར་ཏི། གཽ་རི། གན་དྷ་རི། ཙཎ་ཌ་ལི། མ་ཏང་གི། པུ་ཀ་སི། བྲམྟ་ནི། དྲ་མི་ཌི། དྲ་མི་ཌི། ཤཱ་བྷ་དི། ས་དཱ་ལམ་བྷེ། ཧི་ནཱ་མ་ཏྱ་མ་ཨུད་ཏ་ར་ནི། མ་ཧོ་ལ་ན། ད་ལ་བྷ་ནི། ད་ལཱ་བྷ་དྲེ། མ་ཧཱ་ད་ལཱ་ནི། ཙ་ལཱ་ནི། ཨཱཤྚེ་ཙཀྲ་བྷ་ཀི། མ་ཧཱ་ཙ་ཀྲ་བྷ་ཀི། ཤ་བ་རི། ཤ་བ་རི། མ་ཧཱ་ཤ་བ་རི། བྷུ་ཙིད་གི་ནི། བྷུ་ཙི་རིང་གི་ནི། ནི་མི་ནི་མིང་གི་ ནི། ནི་མིན་དྷ་རི་བྷུ་ཏ་ནི་སྭཱ་ཧཱ། ཏ་ཏྱ་ཐཱ། ཨེ་ཏུ་ཏུ་ཏུ། ན་ཏུ་མི་རྣི། ཀེ་རྣི་ཨིང་ཀུ། སུད་ཏ་རི་ཙ་ལ་ལ། ནར་ཏ། ནར་མ་ལུ་ལུ། ག་ལུ་ལུ། ཨ་བ་ཏྲ་ནོ་ནེ། ཤོ་ཀ་ནི་ར། བྷ་ར་དྷ་ས་ལེ། ཏ་ར་ཀྲེ་ཏ་རེ་དྷཱ་ཏུ། ནོད་ཏུ། ཏ་ལ་ལཱ་ལུ། བ་ཏ་བྷ་ཏི། ཡ་ བྷ་ཏི་ཡེ་སྭཱ་ཧཱ། ཏ་ཏྱ་ཐཱ། ཨ་ར་ཀཱ་ཏེ། ན་ར་ཀཱ་ཏེ། བྃ་སུ་ཀ །བ་ཡཻ་ཡེ། ཀ་པོ་ཏ་ཀ་བ་ཡཻ་ཡེ་ཏ་བྷོ་ཏ་ནེ་སྭཱ་ཧཱ། དགེ་སློང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་ མཚན་མོ་བཟང་པོའི་མདོ་སྡེ་འདིའི་དོན་དང་། ཚིག་དང་། ཚིགས་སུ་བཅད་པ་དང་། འགྲོ་ལྡིང་བའི་སྔགས་ཀྱི་གཞི་འཆང་ངམ། འཛིན་ཏམ། ཀློག་གམ། ཡིད་ལ་བྱེད་དམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་འང་རྒྱ་ཆེར་ཡང་ དག་པར་སྟོན་ན། དེའི་ལུས་ལ་མེས་མི་ཚུགས་པར་འགྱུར། དུག་གིས་མི་ཚུགས་པ་ཡིན། རྒྱལ་པོའི་ཆད་པས་མ་ཡིན། རྐུན་པོའི་ཆད་པས་མ་ཡིན་ཏེ། དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་ཡང་མི་འགྱུར་ཞིང་ངེས་པར་མྱ་ ངན་ལས་འདས་པར་ཉེ་བར་འགྲོ་བར་འགྱུར་རོ། །གང་དང་གང་དུ་སྐྱེས་པར་ཡང་། །མཚན་མོ་བཟང་པོའི་མདོ་ཀླགས་ན། །སྐྱེ་བ་དྲན་དང་དགྲ་བཅོམ་དང་། །དབང་ཕྱུག་ཏུ་ཡང་ངེས་པར་འགྱུར། །ལན་ཅིག་གིས་ནི་གནས་ ཀུན་དུ། །དུས་མིན་འཆི་དང་བར་མ་དོར། །བདག་གིས་བདག་ལ་མི་སྦྱོར་བར། །དུས་མིན་འཆི་དང་ཆོས་མ་ཡིན། །སེམས་ཅན་ཐམས་ཅད་སྲུང་ཞིང་སེལ། །ནད་དང་མྱ་ངན་འཇིགས་སྐྱེ་དང་། །རྨི་ལམ་མི་ཤིས་མྱ་ངན་དུ། ། 67-1-177b བརྗོད་ན་དཔལ་དུ་བྱེད་པར་འགྱུར། །གང་གིས་བྲིས་ཏེ་སྐྱེས་པ་དང་། །བུད་མེད་ལུས་ལ་བཏགས་ན་ནི། །སྐལ་པ་བཟང་དང་གཟི་བརྗིད་དང་། །དེ་ཡི་དཔལ་ཡང་སྐྱེ་བར་འགྱུར། །ལུས་དང་ངག་དང་ཡིད་ཀྱིས་སུ། །མི་དགེ་ཅུང་ཟད་གང་ བྱས་པ། །དེ་དག་ཐམས་ཅད་བཟང་པོའི་མདོས། །དུས་མ་ཡིན་པར་འཆི་བས་སྐྱོབ། །རྒྱལ་པོ་ཆུ་དང་མེ་དང་གློག །ཆོམ་པོ་ནད་དང་དགྲ་དག་དང་། །གཡུལ་སྤྲོད་ས་དང་འཐབ་པར་ཡང་། །བཟང་པོ་དྲན་ན་སྐྱོབ་པར་བྱེད། །རིག་པ་བཟང་ པོ་འདི་དང་ནི། །གསང་སྔགས་འདི་དག་རྟག་བརྗོད་ན། །མི་དག་མི་ཞུམ་དུས་ཀུན་དུ། །དེ་བས་འདི་ནི་ཡིད་ཀྱིས་བརྗོད། །འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ནས་རིག་སྔགས་འདི་དག་བརྗོད་པར་བྱ་སྟེ། རིག་སྔགས་འདིས་བདག་འབྱོར་པར་གྱུར་ཅིག །ཏཏྱ་ཐཱ། ནི་མི་ནི་མིན་དྷ་རེ། ཏི་མི་ཏི་མིང་ག་ལི། ཏྲཻ་ལོ་ཀ་ཨ་བ་ལོ་ཀ་ནི། ཏྲི་ཤུ་ལ་ དྷ་ར་ཎི། ཨ་ཀུ་ཕི་ནི། ཀྲི་མཱི་ཀྲི་ཏི། ཀི་ལི་ཀི་ལི། ཀུད་ཏོ་ཀུད་ཏོ། ཀུད་ཏོ་ཀུད་སི། ཀུརྟི་ཀུ་པི་ཏི། བདག་དང་སེམས་ཅན་ཐམས་ཅད་ལག་ན་རྡོ་རྗེ་དང་ལྷན་ཅིག་ཏུ་འཇིགས་པ་ཐམས་ཅད་དང་། ནད་ཐམས་ཅད་དང་། དུག་ཐམས་ཅད་དང་། རིམས་ ཐམས་ཅད་དང་། གདོན་ཐམས་ཅད་དང་། གདུག་པས་ཟིན་པ་ཐམས་ཅད་དང་། ཆོམ་རྐུན་ཐམས་ཅད་དང་། མི་དང་། མི་མ་ཡིན་པ་ཐམས་ཅད་དང་། འཇིགས་པ་དང་། གནོད་པ་དང་། ནད་འགོ་བ་ཐམས་ཅད་དང་། འཐབ་པ་དང་། རྙོག་པ་དང་། སྡིག་པ་དང་། རྩོད་པ་དང་། འགྱེད་པ་དང་། མཚང་འདྲུ་བ་ཐམས་ཅད་དང་། ལུས་དང་། ངག་དང་། ཡིད་ཀྱིས་ངན་པར་སྤྱད་པ་ཐམས་ཅད་དང་། ཐམས་ཅད་དུ་འཇིགས་པ་ཐམས་ཅད་ལས་སྲུངས་ཤིག །སྲུངས་ཤིག །ཏ་ཏྱ་ཐཱ། ཧི་ལི་མི་ལི། ཙི་ལི། ཨི་ལི། མི་ལི། པི་ཤ་ཙི་པཱརྞ་ཤ་བ་རི་ཙི། ལི་ཙི་ལི་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། ནམ་ 67-1-178a མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་ཆེན་པོ་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་མཚན་མོ་བཟང་པོ་ཞེས་བྱ་བའི་མདོ། རྫོགས་སོ།། །། མུན་གྱི་ནགས་ཚལ་གྱི་སྒོ་ཞེས་བྱ་བའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་ དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་དེའི་ཚེ་ངམ་གྲོག་གསུམ་པོ་ཞེས་བྱ་བའི་ལྗོངས་ཀྱི་སྐྱེ་བོ་དག་གི་ནང་ནས་རི་ཁྲོད་ཀྱི་གྲོང་ ཞིག་ན། བྲམ་ཟེ་ལ་བ་ཅན་ཞེས་བྱ་བ་སྤུན་བུ་འདོད་པའི་ཕྱིར་བྲམ་ཟེ་རྡོ་ལེབ་ལ་དཀའ་ཐུབ་བྱེད་དེ་ལྷ་སྟོང་ཕྲག་བརྒྱ་ལ་བུ་སློང་ཞིང་གསོལ་བ་འདེབས་པ་དང་ལ་བ་ཅན་ལ་བུ་བཙས་པ་ནི་མིང་རབ་མཐོང་ཞེས་བཏགས་སོ། །ནུ་བོ་ལ་བཙས་ པ་ནི་དགའ་བོ་ཞེས་བཏགས་སོ། །གང་གི་ཉིན་མོ་རབ་མཐོང་བཙས་པ་དེའི་ཉིན་མོ་བྲམ་ཟེ་ལྔ་བརྒྱ་ལ་བུ་ལྔ་བརྒྱ་བཙས་ཏེ། །དེ་དག་རིམ་བཞིན་དུ་བུ་ཆེར་སྐྱེས་པ་དང་། རབ་མཐོང་ལ་སོགས་པ་ལྔ་བརྒྱ་ལྷན་ཅིག་ཏུ་རིག་པ་དག་སློབ་པ་ན། རབ་མཐོང་ལ་སོགས་པ་རིག་པའི་གནས་ཐམས་ཅད་ཀྱི་ཕ་རོལ་དུ་སོན་ཅིང་ཐམས་ཅད་རྫོགས་པར་ཡང་དག་པར་བྱང་བར་གྱུར་ལ། བསོད་ནམས་ཀྱི་ཚོགས་ཡང་དག་པ་ལས་བྱུང་བའི་སྤྱོད་པ་མཚུངས་པ་མེད་པ་སྟོང་ཕྲག་བརྒྱ་ སྙེད་ཐོབ་སྟེ། དབང་བྱེད་པ་གང་གི་དུས་སུ་བྲམ་ཟེ་མ་ཎ་བ་གཅིག་ཡུལ་དབུས་ནས་འོངས་ཏེ་ཕྱིན་ནས་ཕྲད་པ་དང་། དེ་ལ་གསོང་པོར་སྨྲས་ཏེ་གཏམ་དག་ཀྱང་བྱས་ནས་ངེས་པར་གང་ནས་འོངས་པ་ཡིན་ཞེས་དྲིས་པ་དང་། དེས་ སྨྲས་པ་ཡུལ་དབུས་ནས་འོངས་པ་ཡིན་ཏེ་དེ་ཡང་གྲོང་ཁྱེར་ཆེན་པོ་དྲུག་གོ། །དེའི་ནང་དག་ན་ཚད་མ་དྲུག་ལ་མཁས་ཤིང་ལྟས་ཀྱི་བྱ་བ་དྲུག་ལ་ཐོགས་པ་མེད་པར་བརྗོད་ནུས་པའི་སྟོན་པ་བཅྭ་བརྒྱད་ཡོད་དེ་དེ་ན་ཆུ་ཀླུང་ཡང་ 67-1-178b འབབ་བོ། །དེ་མ་ཡིན་པ་བསོད་ནམས་ཆེན་པོ་དང་ལྡན་པ། དགེ་ཞིང་ཤིས་པ། འཇིག་རྟེན་ཐམས་ཅད་མཁྱེན་པ། སངས་རྒྱས་བཅོམ་ལྡན་འདས་ཀྱང་དེ་ནའོ་ཞེས་བྱས་པ་དང་། རབ་མཐོང་གིས་སྒྲ་དེ་ཐོས་པ་དང་། བུ་སྤུ་ལངས་ཡིད་ གཡོས་རབ་ཏུ་དགའ་སྟེ་དེར་འགྲོའོ་སྙམ་ནས། ཕའི་གན་དུ་སོང་སྟེ་ཕྱིན་ནས་ཡབ་བདག་ནི་ཡུལ་དབུས་སུ་མཆིའོ། །དེ་ནས་མུ་སྟེགས་པ་དག་ལས་རྒྱལ་བར་བགྱིའོ། །མཁས་པར་བགྲངས་པ་དག་དང་ངེས་པར་ལྷན་ཅིག་སྨྲ་ བར་བགྱིའོ་ཞེས་གསོལ་པ་དང་། ཕས་དེ་ལྟར་གནང་ངོ་། །དེ་ནས་བསོད་ནམས་ཆེན་པོ་སྦྱིན་པས་དབང་ཕྱུག་ཆེན་པོ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་གཏོང་བ་ཆེན་པོ་ཅན་དེ་ལྷ་དག་གིས་བསྲུངས་པ་ཞིག་པས་ལྷ་ དག་ཉེ་བར་འོང་ཞིང་སྔོན་དུ་འགྲོ་སྟེ། རབ་མཐོང་ཆེན་པོ་ལ་མཆོད་པ་བྱོས་ཤིག་དང་། ཕན་ཡོན་མང་པོ་དག་གི་འབྲས་བུ་ཆེན་པོ་འབྱུང་བར་འགྱུར་རོ་ཞེས་སྒྲ་སྒྲོགས་ཤིང་སོང་བ་དང་། རིམ་གྱིས་ལྷ་དང་མིས་མཆོད་པ་བྱས་ ཤིང་མཉན་ཡོད་དུ་ཕྱིན་ནོ། །དེ་ནས་ལམ་གྱིས་དུབ་པ་རྟ་བསྟིས་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་དེ་དག་ལ་ཆོས་བསྟན་པ་མཛད་དེ། དེའི་འཁོར་ལྔ་བརྒྱ་པོ་དག་ལྟ་བ་མཆོག་ཏུ་འཛིན་པ་བཤིག་བཅོམ་སྟེ། བདེན་པ་མཐོང་སྟེ་དེ་ཉིད་དུ་རབ་ཏུ་བྱུང་དགེ་སློང་གི་དངོས་པོ་བཟུང་སྟེ། ཉོན་མོངས་པ་ཐམས་ཅད་ བཅོམ་ནས་དགྲ་བཅོམ་པ་མངོན་དུ་བྱས་ཏེ་དགའ་བོ་ནི་མ་གཏོགས་སོ། །སྐྱེ་བོ་མང་པོ་ཀུན་གྱིས་ཀྱང་ཆོས་ཁོང་དུ་ཆུད་དོ། །སྟོན་པ་ཆེན་པོ་རབ་མཐོང་ལྟ་བའི་ཕྱིར་ལྷ་ལ་སོགས་པ་དག་ཀྱང་འོངས་ཏེ་དེར་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སློང་རབ་མཐོང་འདི་ནི་ངའི་དགེ་སློང་དང་དགེ་སློང་དག་གི་ཉན་ཐོས་དག་ལ་ཇི་ལྟར་ལྷ་དང་མི་མཆོད་པ་བྱེད་དེ། དེ་དག་གི་ནང་ན་ལྷ་དང་མིས་མཆོད་ 67-1-179a པར་བྱ་བའི་མཆོག་ནི་དགེ་སློང་རབ་མཐོང་ཡིན་ནོ། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དུས་དེ་ཉིད་དུ་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་བཞི་ དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། དྲི་ཟའི་རྒྱལ་པོ་དང་། གྲུལ་བུམ་གྱི་སྡེ་དཔོན་ཆེན་པོ་ལ་སོགས་པ་རང་རང་གི་གནས་ནས་སོང་སྟེ། ཚེ་དང་ལྡན་པ་རབ་མཐོང་ཆེན་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ ཕྱོགས་གཅིག་ཏུ་འཁོད་དེ་མངོན་དུ་ཕྱོགས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་སྨྲས་སོ། །ཀྱེ་བཙུན་པ་རབ་མཐོང་ཆེན་པོ་སྔོན་གྱི་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་གཤེགས་ཤིང་བཞུགས་པའི་གནས། རང་སངས་ རྒྱས་ཀྱི་བཞུགས་གནས། འདོད་ཆགས་དང་བྲལ་བ་དག་གིས་གནས་པར་བྱ་བ་དྲང་སྲོང་གི་གནས་སུ་གྱུར། དེ་ཁོ་ན་ཉིད་ངེས་པར་མཁྱེན་ནས་འདས་པའི་བསྐལ་པ་དགུ་བཅུ་རྩ་གཅིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་ གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ་དེ་དགེ་སློང་གསལ་བ་ཞེས་བྱ་བ་ལྷ་དང་མིས་མཆོད་པའི་མཆོག་ཏུ་གྱུར་པ་དེའི་གནས་ཀྱང་འདི་ལགས་ཏེ། ཡུལ་དབུས་ལས་བྱང་ཕྱོགས་ཀྱི་ས་མཚམས་ཀྱི་རི་དུང་གི་ལྟེ་བ་ཞེས་བྱ་བ་ནི་རི་དེ་ལ་རྩྭའི་ རིགས་དུང་གི་ལྟེ་བ་འདྲ་བ་སྐྱེ་བས་དུང་གི་ལྟེ་བའི་རི་ཞེས་བྱ་བར་བཏགས་པར་གྱུར། རི་དེ་དང་ཉེ་བ་ན་ནགས་ཤིག་ན་ཀླུ་མོ་ཨེ་ནི་ཞེས་བྱ་བ་གནས་པས་ཨཻ་ནིའི་ནགས་ཞེས་བྱ་བར་བཏགས་པར་གྱུར། དེ་ན་ཕུག་ཅིག་ཡོད་པ་དང་ ཉེ་བར་ཤིང་པ་ཏི་ལིའི་ཞེས་བྱ་བ་སྐྱེ་བས་པ་ཏི་ལིའི་ཕུག་ཅེས་བཏགས་པར་གྱུར་པ་དེ་ཉིད་དུ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ། འཁོར་དགྲ་བཅོམ་པ་བརྒྱད་ཁྲི་དང་ གཤེགས་ཤིང་ཐབས་གཅིག་ཏུ་བཞུགས་པར་གྱུར། དགེ་སློང་གསལ་བ་ཡང་དེ་ཉིད་ནའོ། །དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་དག་ཀྱང་རིམ་པ་བཞིན་དུ་མྱ་ངན་ལས་འདས། བསྟན་པ་ནུབ་ནས་རང་སངས་རྒྱས་ 67-1-179b བདུན་ཁྲི་དག་མངོན་པར་ཤེས་པ་དྲུག་དང་ལྡན་པ་དག་མཉམ་དུ་བྱུང་སྟེ་གཤེགས་ཤིང་བཞུགས་པར་གྱུར། རང་སངས་རྒྱས་དེ་དག་ཀྱང་མྱ་ངན་ལས་འདས་ནས་དྲང་སྲོང་དྲུག་ཁྲི་མངོན་པར་ཤེས་པ་ལྔ་དང་ལྡན་པ་དག་ཀྱང་དེ་ཉིད་དུ་ གནས་པར་གྱུར་ཏོ། །བཙུན་པ་རབ་མཐོང་ཆེན་པོ་དེ་ནས་ཡང་བསྐལ་པ་དྲུག་བཅུ་རྩ་གཅིག་ན་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་དགེ་སློང་རབ་གསལ་ ཞེས་བྱ་བ་ལྷ་དང་མིས་མཆོད་པའི་མཆོག་ཏུ་གྱུར་པ་ཡང་དེ་ཉིད་ནའོ། །མཚམས་ཀྱི་རི་དེ་ཉིད་ལ་རྩྭའི་རིགས་རོ་ཧི་ཏཱི་ཞེས་བྱ་བ་སྐྱེ་བས་རོ་ཧི་ཏཱི་རི་ཞེས་བྱ་བར་བཏགས་པར་གྱུར། ཀླུ་མོ་གོས་མེད་ཅེས་བྱ་བ་གནས་པས་གོས་མེད་ ཀྱི་ནགས་ཞེས་བྱ་བར་བཏགས་པར་གྱུར། ཤིང་ཤིར་ཤ་སྐྱེ་བས་ཤིང་ཤིར་ཤའི་ཕུག་ཅེས་བཏགས་པར་གྱུར། ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་འཁོར་དགྲ་བཅོམ་པ་བདུན་ཁྲི་དང་ཡང་དེར་གཤེགས་ ཤིང་ཐབས་གཅིག་ཏུ་བཞུགས་པར་གྱུར། དེ་དག་ཀྱང་མྱ་ངན་ལས་འདས་བསྟན་པ་ནུབ་ནས། རང་སངས་རྒྱས་དྲུག་ཁྲི་ཡང་དེར་གཤེགས་ཤིང་བཞུགས་པར་གྱུར། རང་སངས་རྒྱས་དེ་དག་ཀྱང་མྱ་ངན་ལས་འདས་ནས་དྲང་སྲོང་ལྔ་ ཁྲི་ཡང་མངོན་པར་ཤེས་པ་ལྔ་དང་ལྡན་པ་དེ་འདི་ཉིད་ན་གནས་པར་གྱུར་ཏོ། །བཙུན་པ་རབ་མཐོང་ཆེན་པོ་དེ་ནས་ཡང་བསྐལ་པ་སུམ་བཅུ་རྩ་གཅིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ་ཅས་བྱ་བ་འཇིག་རྟེན་དུ་ བྱུང་སྟེ། དེའི་དགེ་སློང་ཆོས་གསལ་ཞེས་བྱ་བ་ལྷ་དང་མིས་མཆོད་པའི་མཆོག་ཏུ་གྱུར་པ་ཡང་དེ་ཉིད་ནའོ། །མཚམས་ཀྱི་རི་དེ་ལ་རྩྭའི་རིགས་བྷ་ས་བྷ་ཞེས་བྱ་བ་སྐྱེ་བས་བྷ་ས་བྷའི་རི་ཞེས་བཏགས་པར་གྱུར། ཀླུ་མོ་བྲག་ ཅེས་བྱ་བ་གནས་པས་བྲག་གི་ནགས་ཞེས་བཏགས་པར་གྱུར། ཤིང་ཨ་ཤྭད་ཐ་སྐྱེ་བས་ཨ་ཤྭད་ཐའི་ཕུག་ཅེས་བཏགས་པར་གྱུར། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ་འཁོར་དགྲ་བཅོམ་པ་དྲུག་ 67-1-180a ཁྲི་དང་དེ་ཉིད་དུ་གཤེགས་ཤིང་ཐབས་གཅིག་ཏུ་གཞུགས་པར་གྱུར། དེ་དག་མྱ་ངན་ལས་འདས་བསྟན་པ་ནུབ་ནས་རང་སངས་རྒྱས་ལྔ་ཁྲི་ཡང་གཤེགས་ཤིང་བཞུགས་པར་གྱུར། རང་སངས་རྒྱས་དེ་དག་ཀྱང་མྱ་ངན་ ལས་འདས་ནས་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་བཞི་ཁྲི་ཡང་གནས་པར་གྱུར་ཏོ། །འདིར་ནི་བཙུན་པ་རབ་མཐོང་ཆེན་པོ་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་ པའི་སངས་རྒྱས་ལོག་པར་དད་སེལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་དགེ་སློང་ཆོས་ལྡན་ཞེས་བྱ་བ་ལྷ་དང་མིས་མཆོད་པའི་མཆོག་ཏུ་གྱུར་པ་ཡང་དེ་ཉིད་ནའོ། །མཚམས་ཀྱི་རིའི་རྩྭའི་རིགས་ཀཽ་ཤི་ཀ་ཞེས་བྱ་བ་སྐྱེ་བས་ ཀཽ་ཤི་ཀ་རི་ཞེས་བཏགས་པར་གྱུར། སྤྲིན་ཅེས་བྱ་བའི་ཀླུ་མོ་གཅིག་གནས་པས་སྤྲིན་གྱི་ནགས་ཞེས་བཏགས་པར་གྱུར། ཤིང་ཨུ་དུམ་བ་ར་སྐྱེ་བས་ཨུ་དུམ་བ་རའི་ཕུག་ཅེས་བཏགས་པར་གྱུར། ཡང་དག་པར་རྫོགས་པའི་ སངས་རྒྱས་ལོག་པར་དད་སེལ་འཁོར་དགྲ་བཅོམ་པ་ལྔ་ཁྲི་དང་ཐབས་གཅིག་ཏུ་གཤེགས་ཤིང་བཞུགས་པར་གྱུར། དེ་དག་ཀྱང་མྱ་ངན་ལས་འདས་ནས་མངོན་པར་ཤེས་པ་ལྔ་དང་ལྡན་པ་དྲང་སྲོང་སུམ་ཁྲི་ཡང་དེ་ན་གནས་པར་ གྱུར་ཏོ། །འདིར་ནི་བཙུན་པ་རབ་མཐོང་ཆེན་པོ་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་སུམ་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་དགེ་སློང་ ཆོས་འཕགས་ཞེས་བྱ་བ་ལྷ་དང་མིས་མཆོད་པའི་མཆོག་ཏུ་གྱུར་པ་ཡང་དེ་ཉིད་ནའོ། །མཚམས་ཀྱི་རི་དེ་ལ་རྩྭའི་རིགས་ཁ་དོག་ལྗང་ལོ་ཅན་ཞེས་བྱ་བ་སྐྱེ་བས་ཁ་དོག་ལྗང་ལོ་རི་ཞེས་བཏགས་པར་གྱུར། ཐིག་ལེ་ཞེས་བྱ་ བའི་ཀླུ་མོ་གནས་པས་ཐིག་ལེའི་ནགས་ཞེས་བཏགས་པར་གྱུར། ཤིང་ཀ་པི་ཏ་སྐྱེ་བས་ཀ་པི་ཏའི་ཕུག་ཅེས་བཏགས་པར་གྱུར། ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་འཁོར་གྱི་དགྲ་བཅོམ་པ་བཞི་ཁྲི་དང་ 67-1-180b གཤེགས་ཤིང་ཐབས་གཅིག་ཏུ་བཞུགས་པར་གྱུར། དེ་དག་ཀྱང་མྱ་ངན་ལས་འདས་བསྟན་པ་ནུབ་ནས། རང་སངས་རྒྱས་སུམ་ཁྲི་ཡང་གཤེགས་ཤིང་བཞུགས་པར་གྱུར། རང་སངས་རྒྱས་དེ་དག་ཀྱང་མྱ་ངན་ལས་འདས་ནས་མངོན་ པར་ཤེས་པ་ལྔ་དང་ལྡན་པ་དྲང་སྲོང་ཉི་ཁྲི་ཡང་དེ་ཉིད་ན་གནས་པར་གྱུར་ཏོ། །འདིར་ནི་བཙུན་པ་རབ་མཐོང་ཆེན་པོ་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་དགེ་སློང་ཤེ་ཌོ་ཀ་ཞེས་བྱ་བ་ལྷ་དང་མིས་མཆོད་པའི་མཆོག་ཏུ་གྱུར་པ་ཡང་དེ་ཉིད་ནའོ། །མཚམས་ཀྱི་རི་ལ་རྩྭའི་རིགས་ཟླ་བ་ཞེས་བྱ་བ་སྐྱེ་བས་ཟླ་བའི་རི་ཞེས་བཏགས་པར་གྱུར། ཀླུ་མོ་ རྒྱལ་བ་ཞེས་བྱ་བ་གནས་པས་རྒྱལ་བའི་ནགས་ཞེས་བྱ་བར་བཏགས་པར་གྱུར། ཤིང་འཛམ་བུ་ཞེས་བྱ་བ་སྐྱེ་བས་འཛམ་བུའི་ཕུག་ཅེས་བཏགས་པར་གྱུར། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འཁོར་གྱི་ དགྲ་བཅོམ་པ་ཉི་ཁྲི་དང་གཤེགས་ཤིང་ཐབས་གཅིག་ཏུ་བཞུགས་པར་གྱུར། དེ་དག་ཀྱང་མྱ་ངན་ལས་འདས་བསྟན་པ་ནུབ་ནས། རང་སངས་རྒྱས་ཁྲི་ལྔ་སྟོང་གཤེགས་ཤིང་བཞུགས་པར་གྱུར། རང་སངས་རྒྱས་དེ་དག་ཀྱང་མྱ་ངན་ ལས་འདས་ནས་མངོན་པར་ཤེས་པ་ལྔ་དང་ལྡན་པ་དྲང་སྲོང་ཁྲི་གནས་པར་གྱུར་ཏོ། །འདི་ནི་བཙུན་པ་རབ་མཐོང་ཆེན་པོ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ འཇིག་རྟེན་དུ་བྱུང་སྟེ། འཕགས་པ་རབ་མཐོང་ཆེན་པོ་ཁྱོད་ལྷ་དང་མིས་མཆོད་པའི་མཆོག་ཏུ་གྱུར་པ་ཡང་འདི་ཉིད་ནའོ། །མཚམས་ཀྱི་རི་ལ་རྩྭའི་རིགས་ཨུ་ཤི་ཤ་སྐྱི་བས་ཨུ་ཤིའི་རི་ཞེས་བཏགས་པར་གྱུར། ཀླུ་མོ་ཏ་མ་ཞེས་ བྱ་བ་གནས་པས་ཏ་མའི་ནགས་ཚལ་ཞེས་བཏགས་པར་གྱུར། ཤིང་ཨ་མྲ་སྐྱེ་བས་ཨ་མྲིའི་ཕུག་ཅེས་ད་ལྟར་བཏགས་པ་ཡིན་ཏེ། བཙུན་པ་རབ་མཐོང་ཆེན་པོ་ཨུ་ཤི་ཤའི་རི་བྲག་འདི་ཉིད་དུ་ཐུགས་བརྩེ་བར་དགོངས་ཏེ་བཞུགས་པ་ནི་ 67-1-181a ལེགས་སོ། །དེ་ནས་ཡང་ཚངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་དག་གིས་གནས་བརྟན་ཆེན་པོའི་རྐང་པ་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར་བ་བྱས་ནས་རབ་ཏུ་གུས་པས་འདི་སྐད་ཅེས་སྨྲས་ སོ། །ཐུགས་བརྩེ་བ་ཅན་ནགས་འདི་ནི་གཤེགས་ཤིང་བཞུགས་པའི་གནས་ཡིན་ཏེ་བདག་ཅག་ཀྱང་ཉེ་གནས་བགྱིད་ལ་གཞན་དག་ཀྱང་གཟུང་དུ་གསོལ། དེ་ནི་སྙན་པར་གྲགས་ཤིང་ལེགས་ཏེ་ཆུ་ནི་གཟིགས་པར་དབྱུང་བར་ འཚལ་ལོ་ཞེས་གསོལ་བ་བཏབ་པོ། །གཞན་ཡང་གནོད་སྦྱིན་གྱི་སྡེ་དཔོན་བརྒྱད་པོ་འདི་དག་སྟེ། སིང་ག་ལ་ཞེས་བྱ་བ་དང་། ཆོས་སྐྱོང་ཞེས་བྱ་བ་དང་། དོན་གྲུབ་ཅེས་བྱ་བ་དང་། གཞན་ལས་རྒྱལ་ཞེས་བྱ་བ་དང་། གླང་རྣ་ཞེས་ བྱ་བ་དང་། དབྱིག་རྣ་བ་ཞེས་བྱ་བ་དང་། ཆོས་ལྡན་ཞེས་བྱ་བ་དང་། ཆོས་འཕགས་ཞེས་བྱ་བས་ཀྱང་གནས་བརྟན་ཆེན་པོའི་རྐང་པ་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་རབ་ཏུ་གུས་པས་འདི་སྐད་ཅེས་སྨྲས་སོ། །ཐུགས་ བརྩེ་བ་ཅན་ནགས་དེ་ནི་གཤེགས་ཤིང་བཞུགས་པའི་གནས་ཡིན་ཏེ་བདག་ཅག་ཀྱང་ཉེ་གནས་བགྱིད་ལ་གཞན་དག་ཀྱང་གཟུང་དུ་གསོལ། དེ་ནི་སྙན་པར་གྲགས་ཤིང་ལེགས་ཏེ་ཆུ་ནི་གཟིགས་པར་དབྱུང་བར་འཚལ་ལོ་ཞེས་ གསོལ་བ་བཏབ་པོ། །གཞན་ཡང་གནོད་སྦྱིན་མ་ཆེན་མོ་བརྒྱད་འདི་དག་སྟེ། ཨ་ཤི་ཌི་ཞེས་བྱ་བ་དང་། མུ་མངས་ཤེ་ཞེས་བྱ་བ་དང་། འཕྱང་མ་ཞེས་བྱ་བ་དང་། རབ་ཏུ་འཕྱང་མ་དང་། དྲག་མོ་ཞེས་བྱ་བ་དང་། གཏུམ་མོ་ཞེས་བྱ་ བ་དང་། མདུང་ཐུང་འཛིན་ཅེས་བྱ་བ་དང་། བར་སྣང་མ་ཞེས་བྱ་བས་ཀྱང་གནས་བརྟན་ཆེན་པོའི་རྐང་པ་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར་བ་བྱས་ནས་རབ་ཏུ་གུས་པས་འདི་སྐད་ཅེས་སྨྲས་སོ། །ཐུགས་བརྩེ་བ་ཅན་ནགས་ དེ་ནི་གཤེགས་ཤིང་བཞུགས་པའི་གནས་ཡིན་ཏེ་བདག་ཅག་ཀྱང་ཉེ་གནས་བགྱིད་ལ་གཞན་དག་ཀྱང་གཟུང་དུ་གསོལ། དེ་ནི་སྙན་པར་གྲགས་ཤིང་ལེགས་ཏེ་ཆུ་ནི་གཟིགས་པར་དབྱུང་བར་འཚལ་ལོ་ཞེས་གསོལ་བ་ 67-1-181b བཏབ་པོ། །དེ་བཞིན་དུ་གཞན་ཡང་ཀླུ་ཆེན་པོ་བརྒྱད་པོ་འདི་དག་སྟེ། སེར་སྐྱ་ཞེས་བྱ་བ་དང་། དྲི་མ་ཞེས་བྱ་བ་དང་། ཆུ་ལྡན་ཞེས་བྱ་བ་དང་། དྲག་ཤུལ་ཞེས་བྱ་བ་དང་། ལྷའི་བང་རིམ་ཞེས་བྱ་བ་དང་། བུམ་པའི་བང་རིམ་ཞེས་ བྱ་བ་དང་། ཉེ་བའི་ཀླུ་ཞེས་བྱ་བ་དང་། ཨོ་ཌ་སུ་ཏ་ཞེས་བྱ་བས་ཀྱང་གནས་བརྟན་ཆེན་པོའི་རྐང་པ་ལ་ཕྱག་འཚལ་ཏེ། ཐལ་མོ་སྦྱར་བ་བྱས་ནས་རབ་ཏུ་གུས་པས་འདི་སྐད་ཅེས་སྨྲས་སོ། །ཐུགས་བརྩེ་བ་ཅན་ནགས་ དེ་ནི་གཤེགས་ཤིང་བཞུགས་པའི་གནས་ཡིན་ཏེ། བདག་ཅག་ཀྱང་ཉེ་གནས་བགྱིད་ལ་གཞན་དག་ཀྱང་གཟུང་དུ་གསོལ། དེ་ནི་སྙན་པར་གྲགས་ཤིང་ལེགས་ཏེ། ཆུ་ནི་གཟིགས་པར་དབྱུང་བར་འཚལ་ལོ་ཞེས་གསོལ་ བ་བཏབ་པོ། །གཞན་ཡང་ཀླུ་མོ་བརྒྱད་པོ་འདི་དག་སྟེ། མུན་ཞེས་བྱ་བ་དང་། འགྲོ་འདོད་ཅེས་བྱ་བ་དང་། མཐོང་མོ་ཞེས་བྱ་བ་དང་། གྲང་མོ་ཞེས་བྱ་བ་དང་། ཁུར་དྲང་མོ་ཞེས་བྱ་བ་དང་། ལབ་འཐོར་མ་ཞེས་བྱ་བ་དང་། སྣ་ཚོགས་སྡེ་ཞེས་བྱ་བ་དང་། དྲི་ཟ་མོ་ཞེས་བྱ་བ་དག་གིས་ཀྱང་གནས་བརྟན་ཆེན་པོའི་རྐང་པ་ལ་ཕྱག་འཚལ་ཏེ། ཐལ་མོ་སྦྱར་བ་བྱས་ནས་རབ་ཏུ་གུས་པས་འདི་སྐད་ཅེས་སྨྲས་སོ། །ཐུགས་བརྩེ་བ་ཅན་ནགས་དེ་ ནི་གཤེགས་ཤིང་བཞུགས་པའི་གནས་ཡིན་ཏེ། བདག་ཅག་ཉེ་གནས་བགྱིད་ལ་གཞན་དག་ཀྱང་གཟུང་དུ་གསོལ། དེ་ནི་སྙན་པར་གྲགས་ཤིང་ལེགས་ཏེ་ཆུ་ནི་གཟིགས་པར་དབྱུང་བར་འཚལ་ལོ་ཞེས་གསོལ་བ་ བཏབ་པ་དང་། ཚེ་དང་ལྡན་པ་རབ་མཐོང་ཆེན་པོས་ཅང་མི་སྨྲ་བར་དང་དུ་བླངས་སོ། །ལྷ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། དྲི་ཟ་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་དེ་དག་གིས་ཚེ་དང་ལྡན་ པ་རབ་མཐོང་ཆེན་པོས་ཅང་མི་སྨྲ་བས་དང་དུ་བླངས་པར་རིག་ནས་དགའ་མགུ་ཡི་རངས་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་མཐོང་ཆེན་པོས་སྟོན་པའི་ཞལ་དུ་ལྟ་བ་མཐོང་ནས་ཏ་མ་སའི་ནགས་སུ་སོང་སྟེ། 67-1-182a ཕྱིན་ནས་བླ་གབ་མེད་པར་འགྲེང་སྟེ་གཎ་ཌཱི་བརྡུངས་ཏེ་གཎ་ཌཱིའི་སྒྲ་དེས་འཛམ་བུའི་གླིང་ཁྱབ་པར་སྒྲ་གྲགས་པར་གྱུར་པ་ན་དགེ་སློང་དག་གིས་སྒྲ་ཐོས་ཏེ་སེམས་པ་ལ་ཞུགས་པ་དང་། སྒྲ་འདི་ནི་མུན་གྱི་ནགས་ ནས་བྱུང་ངོ་སྙམ་མོ། །དེ་ཡང་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་དག་གི་བཞུགས་གནས། རང་སངས་རྒྱས་རྣམས་ཀྱིས་གནས་བཅས་པ། འདོད་ཆགས་དང་བྲལ་བ་དག་དང་དྲང་སྲོང་དག་གི་གནས་སུ་གྱུར་པ་ ཡིན་ལ་ད་ལྟར་ཡང་དེ་ཁོ་ན་བཙུན་པ་རབ་མཐོང་ཆེན་པོ་ཡིན་པར་གོ་ཞིང་ཤེས་ནས་མཐོང་སྟེ། དགྲ་བཅོམ་པ་ཁྲི་བརྒྱད་སྟོང་སྙེད་ཀྱིས་མུན་གྱི་ནགས་སུ་ཕྱིན་ཏེ་དབྱར་གྱི་གནས་པ་ཡང་བཅས། ཚངས་པ་ལྷའི་དབང་པོ་དང་། འཇིག་རྟེན་སྐྱོང་བ་དེ་དག་གིས་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོ་ཁྱེར་ཏེ་འོངས་ནས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ཞིག་བཞེངས་སུ་གསོལ། གཙུག་ལག་ཁང་ཞིག་ཀྱང་བརྩིགས། རྡོ་རྗེའི་གཙུག་ལག་ཁང་དུ་ མཚན་གསོལ། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། འཇིག་རྟེན་སྐྱོང་བ་བཞིས་ཀྱང་སོ་སོ་ནས་གཙུག་ལག་ཁང་རེ་རེ་བཞེངས་སུ་གསོལ། ལོ་དང་པོ་ལ་ལྷ་རྣམས་ཀྱིས་གནས་བཅས། ལྷའི་དབང་པོ་བརྒྱ་བྱིན་གྱིས་ རང་གི་ལག་ནས་ལོ་གཅིག་གི་ཆོས་གོས་ལ་སོགས་པ་ཡོ་བྱད་ཀྱི་རིན་སྦྱར། ལྷའི་བུ་མོ་བདེ་སོགས་ཀྱིས་དགེ་སློང་རེ་རེ་ཞིང་རས་ཡུག་རེ་རེ་ཆོས་གོས་ཀྱི་རྒྱུ་ཡང་ཕུལ། དེ་ནས་ཚེ་དང་ལྡན་པ་རབ་མཐོང་ཆེན་པོ་ གནས་ཁང་དུ་ལྷའི་འཁོར་གྱིས་བསྐོར་ཏེ་གནས་བཅས་པ་ན་འདི་སྐད་ཅེས་སྨྲས་སོ། །གནས་བཅས་པ་འདི་ཡུན་རིང་གནས་བཅས་པར་འགྱུར་བའི་ཕྱིར་ལྷ་དང་མིའི་གྲོང་ཁྱེར་གནས་བཅའ་བའི་ཕྱིར་རྒྱལ་རིགས་ རྩུབ་པོ་ཞེས་བྱ་བ་ལ་སོགས་པའི་མི་རྣམས་ལ་ཆོས་བསྟན་པས་ཡིད་རབ་ཏུ་དགའ་ཞིང་དད་པར་གྱུར་ཏེ། རྒྱལ་པོ་ཆེན་པོ་རྩུབ་པོས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱས་གཞན་དག་ཀྱང་དད་པར་གྱུར་ཏེ། 67-1-182b ཕུག་ལྔ་བརྒྱའི་ལས་ཀྱང་བྱས། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ལྔ་བརྒྱ་ཡང་རབ་ཏུ་བྱུང་སྟེ། དགྲ་བཅོམ་པ་མངོན་དུ་བྱས། གནས་དེ་ན་བྲམ་ཟེ་སྨྲ་བ་ལ་མཁས་པ་ཅིག་ཡོད་པ་དེ་རྒྱལ་བར་གྱུར་བཏུལ་ནས་རབ་ཏུ་ བྱུང་སྟེ། དེས་ཀྱང་དགྲ་བཅོམ་པ་མངོན་དུ་བྱས་ཏེ། ཏ་མ་སའི་ནགས་ན་ཚེ་དང་ལྡན་པ་རབ་མཐོང་ཆེན་པོ་ལ་སོགས་པ་དགྲ་བཅོམ་པ་ཁྲི་བརྒྱད་སྙེད་གནས་བཅས་སོ་ཞེས། རྒྱལ་པོའི་ཕོ་བྲང་འཁོར་དང་གྲོང་ཁྱེར་དང་གྲོང་ཁྱེར་ ཀུན་དུ་གྲགས་པར་གྱུར། རྒྱལ་པོ་རྩུབ་པོ་ལ་སོགས་པ་མི་རྣམས་ནི་འཕགས་པའི་དགེ་འདུན་གྱི་སླད་དུ་ཉིན་རེ་བཞིན་དུ་དར་བ་འབུལ་མི་མ་ཡིན་པ་དག་ནི་དེ་བཞིན་དུ་ཞུན་མར་འབུལ་བར་བྱེད། གཞན་ཡང་དགའ་བ་དང་། དང་བས་མགུ་ཞིང་རངས་པས་ལེགས་པར་ལས་དང་བྱ་བ་ཡང་བྱེད་དོ། །དེ་བཞིན་དུ་ཀླུ་དག་གིས་དགའ་བ་དང་མགུ་བས་ཐ་དད་པའི་བྱེ་བྲག་བཅྭ་བརྒྱད་ཀྱི་བཟའ་བ་དང་། བཅའ་བ་སྦྱར་བ་ཕུལ་ལོ། །གཞན་ཡང་འདི་ ལྟར་སྐྱེ་དགུའི་ལུས་ཅན་སེམས་བསྐྱེད་པ་འདི་ལྟ་སྟེ། བློན་པོ་དང་རྒྱལ་རིགས་སྤྱིར་འདུས་ཏེ། ཀུན་དགའ་ར་བ་ཞིག་ཀྱང་བྱས་ཏེ། དེ་དག་ཏུ་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་མཛེས་པ་འདི་དག་སྟེ། ཨ་མྲའི་ཤིང་དང་། པ་ཏིའི་ཤིང་དང་། སེང་ལྡེང་གི་ཤིང་དང་། ནྱ་གྲོ་དྷའི་ཤིང་དང་། ཨ་ཤྭད་ཐའི་ཤིང་དང་། འབྲས་བུ་གསུམ་གྱི་ཤིང་དང་། མེ་ཏོག་ཙམ་པ་ཀའི་ཤིང་དང་། ཨུ་དུ་ཀའི་ཤིང་དང་། མ་དུ་ཀའི་ཤིང་དང་། བིལ་བའི་ཤིང་དང་། འབྲ་ ཧོའི་ཤིང་དང་། འཛམ་བུའི་ཤིང་དང་། དུ་ནའི་ཤིང་དང་། ཆུ་ཤིང་ལ་སོགས་པ་དང་། མེ་ཏོག་མ་ལི་ཀ་དང་། ཀུན་དྷ་དང་། ཛ་ཧི་ཀ་ལ་སོགས་པ་མཛེས་པ་སྣ་ཚོགས་དགེ་སློང་བདེ་བར་གནས་པ་དགེ་བའི་ཕྱོགས་བྱེད་པ་དང་འཐུན་ པ་ཞིག་ཀྱང་བྱས་ཏེ་དགེ་འདུན་ལ་ཕུལ་ལོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་རབ་མཐོང་གིས་ལས་ཅི་བགྱིས་ན་ 67-1-183a ལས་གང་ཡང་རྣམ་པར་སྨིན་པ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་དང་ལྡན་པའི་རིགས་སུ་སྐྱེས། གཟུགས་མཛེས་ཤིང་ལྷ་དང་མིས་མཆོད་པའི་མཆོག་ཏུ་གྱུར། བསོད་ནམས་ཆེན་པོ་དང་ལྡན་པ་ཤེས་པར་འཚལ་ ལགས་སོ་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདས་པའི་བསྐལ་པ་དགུ་བཅུ་རྩ་གཅིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་རིག་པ་དང་ཞབས་སུ་ ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། རྒྱལ་པོ་གཉེན་ལྡན་གྱི་ཁབ་ན་ བཞུགས་ཏེ། དུས་དེའི་ཚེ་ཞལ་ཞལ་མཁན་གྱི་རིགས་ལས་ཕྱུག་པ་ག་གེ་མོ་ཞེས་བྱ་བ་ཞིག་གིས་རྣམ་པར་གཟིགས་ཀྱི་སླད་དུ་གཙུག་ལག་ཁང་བརྩིགས་ཏེ། མེ་ཏོག་དང་འབྲས་བུའི་ཤིང་ལེགས་པར་བཙུགས་ཏེ། ཀུན་དུ་དྲི་བསུང་གི་ངད་དང་ལྡན་པ་འབྱུང་བར་གྱུར་ཏེ་ཕུལ། སྟོན་པ་དེ་ཉིད་ཀྱི་བསྟན་པ་ལ་ཡང་རབ་ཏུ་བྱུང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་མྱ་ངན་ལས་འདས་ནས་སྐུ་གདུང་གི་མཆོད་རྟེན་གྱི་རྨང་ གི་འོག་ཏུ་རིན་པོ་ཆེའི་རྡོ་རིང་ཅིག་བསྒྲེང་ངོ་། །ཞལ་ཞལ་མཁན་གྱི་རིགས་ལས་རབ་ཏུ་བྱུང་བ་དེའི་འཁོར་མང་པོ་ཡང་རྗེས་སུ་ཡི་རང་ཞིང་མོས་པར་གྱུར་ཏེ། ཁྱེད་སྟོན་པ་ལ་མོས་པར་གྱུར་པ་དེ་བཞིན་དུ་བདག་ཅག་ཀྱང་ དད་ཅིང་མོས་པར་བགྱིད་དེ། སྟོན་པའི་བཀའ་བཞིན་དུ་བགྱིད་ཅིང་མཉེས་པར་བགྱིད་ལ་མི་མཉེས་པར་མ་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ་དེའི་དུས་ན་ཞལ་ཞལ་མཁན་གང་ ཡིན་པ་དེ་ནི་ཚེ་དང་ལྡན་པ་རབ་མཐོང་ཆེན་པོ་ཉིད་ཡིན་ལ། སྐྱེ་དགུའི་ལུས་ཅན་དེ་དག་ནི་ད་ལྟར་གྱི་ལྷ་དང་མི་འདི་དག་ཡིན་ཏེ་ད་ལྟར་ཡང་འདུལ་བར་བྱེད་པ་ཡིན་ནོ། །གཞན་ཡང་བཅོམ་ལྡན་འདས་འོད་སྲུང་གི་བསྟན་པ་ལ་ 67-1-183b རབ་ཏུ་བྱུང་སྟེ། དེའི་མཁན་པོ་ནི་ལྷ་དང་མིས་མཆོད་པའི་མཆོག་ཏུ་གྱུར་པ་ཡིན་ཏེ་ཇི་ལྟར་བདག་གི་མཁན་པོ་ལྷ་དང་མིས་མཆོད་པའི་མཆོག་ཏུ་གྱུར་པ་དེ་བཞིན་དུ་བདག་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ བསྟན་པ་ལ་ལྷ་དང་མིས་མཆོད་པའི་མཆོག་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེས་ན་ད་ལྟར་ལྷ་དང་མིས་མཆོད་པའི་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་དག་གཅིག་ཏུ་གནག་པའི་ལས་ནི་རྣམ་པར་སྨིན་ པ་ཡང་གཅིག་ཏུ་གནག་གོ། རབ་ཏུ་དཀར་བ་ལས་ནི་དཀར་བའོ། །འདྲེས་པ་ལ་ནི་འདྲེས་པའོ། །དེ་བས་ན་དགེ་སློང་དག་རབ་ཏུ་གནག་པ་དང་འདྲེས་མ་དག་ནི་སྤོངས་ཤིག །རབ་ཏུ་དཀར་བ་དག་ལ་སྤྱད་པར་བྱ་སྟེ། དགེ་སློང་དག་དེ་ བཞིན་དུ་བསླབ་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་བཤད་པ་དང་། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་བཤད་པ་ཡིད་ལ་བྱེད་དེ་མངོན་ པར་དགའོ། །མུན་གྱི་ནགས་ཚལ་གྱི་སྒོ་ཞེས་བྱ་བའི་མདོ་རྫོགས་སོ།། །།བྱང་ཕྱོགས་རྒྱུད་ཀྱི་ཕྲེང་བའི་མདོ་ཁྲི་པའི་ནང་ནས་ཡུལ་ཟ་ལེན་དྲའི་བྱང་ཕྱོགས་ཀྱི་མཚམས་ཀྱི་རི། ཨུ་ཤི་རིའི་བསྔགས་པའོ། ། ༄༅། །ཕ་མའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་ རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱིམ་གང་དག་ན། ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཚངས་པ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཚངས་པ་དང་འདྲ་བའི་ཕྱིར་རོ། །དགེ་སློང་དག་ཁྱིམ་གང་དག་ན་ 67-1-184a ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་སློབ་དཔོན་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ ནི་རིགས་པའི་སྒོ་ནས་སློབ་དཔོན་དང་འདྲ་བ་ཡིན་པའི་ཕྱིར་རོ། །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོར་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཀུན་དུ་སྦྱིན་ པའི་འོས་སུ་གྱུར་པ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཀུན་དུ་སྦྱིན་པའི་འོས་སུ་གྱུར་པ་ཡིན་པའི་ཕྱིར་རོ། །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་ པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་མི་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་མི་དང་འདྲ་བའི་ཕྱིར་ རོ། །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ལྷ་དང་ལྡན་པ་ཡིན་ནོ། །དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་ རིགས་པའི་སྒོ་ནས་ལྷ་དང་འདྲ་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕ་མ་གཉིས་ནི་ཚངས་པ་སྟེ། །དེ་བཞིན་ དང་པོ་སློབ་དཔོན་ཡིན། །བུ་ཡི་ཀུན་སྦྱིན་འོས་གྱུར་པ། །མི་ཡང་ཡིན་ལ་ལྷ་ཡང་ཡིན། །དེ་ཕྱིར་དེ་གཉིས་ཕྱག་གི་གནས། །དྲིལ་བ་དང་ནི་ཁྲུས་རྣམས་དང་། །རྐང་པ་དག་ཀྱང་བསྐུ་བ་དང་། །ཡང་ན་ཟས་དང་སྐོམ་རྣམས་དང་། །གོས་དང་ མལ་ཆ་སྟན་རྣམས་ཀྱིས། །མཁས་པ་དག་གིས་བཀུར་སྟི་བྱ། །ཕ་མ་དག་ལ་བཀུར་བྱས་པ། །དེས་ན་མཁས་པ་དེ་དག་ནི། །འདིར་ཡང་སྨད་པ་མེད་འགྱུར་ལ། །ཤི་ན་འང་མཐོ་རིས་འགྲོ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་ 67-1-184b དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཕ་མའི་མདོ་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ཙ་ཏུ་ས་ཏྱ་སཱུ་ཏྲ། བོད་སྐད་དུ། འཕགས་པ་ བདེན་པ་བཞིའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དམར་བུ་ཅན་གྱི་གྲོང་ཁྱེར་དང་རྒྱལ་པོའི་ཁབ་ཀྱི་བར་གྱི་དབུས་ན་རྒྱལ་ པོའི་གནས་འོད་མའི་དབྱུག་པ་ཅན་ན་ནུབ་མོ་ཉེ་བར་རྟེན་ཅིང་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་དང་ཁྱེད་ཅག་ཁོ་ ནས་འཕགས་པའི་བདེན་པ་བཞི་པོ་དེ་དག་མ་ཤེས་མ་མཐོང་། ཁོང་དུ་མ་ཆུད། སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ། །བཞི་པོ་དེ་གང་ཞེ་ན། ང་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ་འཕགས་པའི་ བདེན་པ་མ་ཤེས་མ་མཐོང་། ཁོང་དུ་མ་ཆུད་སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ། །ང་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་མ་ཤེས་མ་མཐོང་། ཁོང་དུ་མ་ཆུད། སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ། །ང་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་མ་ཤེས་མ་མཐོང་། ཁོང་དུ་མ་ཆུད། སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་ བར་གྱུར་ཏོ། །ང་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་མ་ཤེས་མ་མཐོང་། ཁོང་དུ་མ་ཆུད། སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ། །དགེ་སློང་ དག་ངས་སྡུག་བསྔལ་འཕགས་པའི་བདེན་པ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་ཏེ་སྲིད་པའི་སྲེད་པ་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ་ད་ནི་སྲིད་པ་གཞན་མེད་དོ། །ངས་སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་ 67-1-185a རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་ཏེ། སྲིད་པའི་སྲེད་པ་དེ་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ། ད་ནི་སྲིད་པ་གཞན་མེད་དོ། །ངས་སྡུག་བསྔལ་འགོག་པར་འཕགས་པའི་བདེན་པ་རྗེས་སུ་རྟོགས་ཤིང་སོ་སོར་ རྟོགས་ཏེ། སྲིད་པའི་སྲེད་པ་དེ་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ། ད་ནི་སྲིད་པ་གཞན་མེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་གཞན་ཡང་འདི་ སྐད་ཅེས་བཀའ་སྩལ་ཏོ། །ང་དང་ཁྱེད་ཅག་ཁོ་ན་ཡིས། །འཕགས་པའི་བདེན་པ་བཞི་པོ་དག །ཇི་ལྟ་བ་བཞིན་མ་མཐོང་བས། །ལམ་རིང་དུ་ནི་འཁོར་བར་གྱུར། །བདེན་པ་དེ་དག་མཐོང་ནས་ནི། །སྲིད་པའི་སྲེད་པ་བཅད་ ནས་སུ། །འཁོར་བའི་སྐྱེ་བ་ཟད་པས་ན། །ད་ནི་སྲིད་པ་གཞན་མེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་བདེན་པ་བཞིའི་མདོ་རྫོགས་སོ།། །། རྒྱ་གར་སྐད་དུ། ཨཪྠ་བི་ནི་ཤྩ་ཡ་ནཱ་མ་དྷརྨ་པརྱཱ་ཡ། བོད་སྐད་དུ། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་ཤར་ཕྱོགས་ཀྱི་ཀུན་དགའ་ར་བ་རི་དགས་འཛིན་གྱི་མའི་ཁང་པ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་ སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྤྲིན་ལྟར་ཟབ་ཅིང་སྙན་ལ་རྒྱ་ཆེ་བའི་ཚངས་པའི་དབྱངས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ལ་ཆོས་ བཤད་པར་བྱ་སྟེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་འདི་ལྟ་སྟེ། དོན་རྣམ་ 67-1-185b པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་རབ་ཏུ་བཤད་པར་བྱས། དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །དགེ་སློང་དག་གིས་བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། བཅོམ་ ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལྔ་དང་། ཉེ་བར་ལེན་ པའི་ཕུང་པོ་ལྔ་དང་། ཁམས་བཅྭ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་དང་། འཕགས་པའི་བདེན་པ་བཞི་དང་། དབང་པོ་ཉི་ཤུ་རྩ་གཉིས་དང་། བསམ་གཏན་ བཞི་དང་། ཚངས་པའི་གནས་བཞི་དང་། ལམ་བཞི་དང་། ཏིང་ངེ་འཛིན་བསྒོམ་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། དབུགས་རྔུབ་པ་དང་འབྱུང་བ་དྲན་པ་རྣམ་པ་བཅུ་དྲུག་དང་། རྒྱུན་དུ་ཞུགས་པའི་ཡན་ལག་བཞི་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ། དགེ་སློང་དག་ འདི་ནི་དོན་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་མདོར་བསྟན་པའོ། །དགེ་སློང་དག་དེ་ལ་ཕུང་པོ་ལྔ་གང་ཞེ་ན། འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་སྟེ། དགེ་སློང་དག་འདི་དག་ནི་ཕུང་པོ་ལྔའོ། །དགེ་སློང་དག་དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་གང་ཞེ་ན། འདི་ལྟ་སྟེ། གཟུགས་ཉེ་བར་ལེན་པའི་ཕུང་པོ་དང་། ཚོར་བ་ཉེ་བར་ལེན་པའི་ཕུང་པོ་དང་། 67-1-186a འདུ་ཤེས་ཉེ་བར་ལེན་པའི་ཕུང་པོ་དང་། འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་དང་། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོ་སྟེ། དགེ་སློང་དག་འདི་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །དགེ་སློང་དག་དེ་ལ་ཁམས་བཅྭ་ བརྒྱད་གང་ཞེ་ན། འདི་ལྟ་སྟེ། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་ ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཏེ། དགེ་སློང་དག་འདི་དག་ནི་ཁམས་བཅྭ་བརྒྱད་ཅེས་བྱའོ། །དགེ་སློང་དག་དེ་ལ་སྐྱེ་མཆེད་བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། མིག་ནང་གི་སྐྱེ་ མཆེད་དང་། གཟུགས་ཕྱིའི་སྐྱེ་མཆེད་དང་། རྣ་བ་ནང་གི་སྐྱེ་མཆེད་དང་། སྒྲ་ཕྱིའི་སྐྱེ་མཆེད་དང་། སྣ་ནང་གི་སྐྱེ་མཆེད་དང་། དྲི་ཕྱིའི་སྐྱེ་མཆེད་དང་། ལྕེ་ནང་གི་སྐྱེ་མཆེད་དང་། རོ་ཕྱིའི་སྐྱེ་མཆེད་དང་། ལུས་ནང་གི་སྐྱེ་མཆེད་དང་། རེག་བྱ་ཕྱིའི་སྐྱེ་མཆེད་དང་། ཡིད་ནང་གི་སྐྱེ་མཆེད་དང་། ཆོས་ཕྱིའི་སྐྱེ་མཆེད་དེ། དགེ་སློང་དག་འདི་དག་ནི་སྐྱེ་མཆེད་བཅུ་གཉིས་ཤེས་བྱའོ། །དགེ་སློང་དག་དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་ རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་ཀྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་ 67-1-186b པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཤིག་འབྱུང་བར་འགྱུར་རོ། །མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་ འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་ དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཤིག་འགག་པར་འགྱུར་རོ། །དེ་ལ་མ་རིག་པ་གང་ཞེ་ན། འདི་ལྟ་སྟེ། སྔོན་གྱི་མཐའ་མི་ཤེས་ པ་དང་། ཕྱི་མའི་མཐའ་མི་ཤེས་པ་དང་། སྔོན་དང་ཕྱི་མའི་མཐའ་མི་ཤེས་པ་དང་། ནང་མི་ཤེས་པ་དང་། ཕྱི་མི་ཤེས་པ་དང་། ནང་དང་ཕྱི་མི་ཤེས་པ་དང་། ལས་མི་ཤེས་པ་དང་། རྣམ་པར་སྨིན་པ་མི་ཤེས་པ་དང་། ལས་དང་རྣམ་པར་སྨིན་ པ་མི་ཤེས་པ་དང་། ལེགས་པར་བྱས་པའི་ལས་མི་ཤེས་པ་དང་། ཉེས་པར་བྱས་པའི་ལས་མི་ཤེས་པ་དང་། ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་ལས་མི་ཤེས་པ་དང་། རྒྱུ་མི་ཤེས་པ་དང་། འབྲས་བུ་མི་ཤེས་པ་དང་། རྒྱུ་དང་འབྲས་བུ་མི་ཤེས་པ་དང་། རྒྱུ་ལས་བྱུང་བའི་ཆོས་རྣམས་མི་ཤེས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་མི་ཤེས་པ་དང་། སངས་རྒྱས་མི་ཤེས་པ་དང་། ཆོས་མི་ཤེས་པ་དང་། དགེ་འདུན་མི་ཤེས་པ་དང་། སྡུག་བསྔལ་མི་ཤེས་པ་དང་། ཀུན་འབྱུང་བ་མི་ཤེས་པ་དང་། འགོག་པ་མི་ཤེས་པ་དང་། ལམ་མི་ཤེས་པ་དང་། དགེ་བ་དང་། མི་དགེ་བའི་ཆོས་རྣམས་མི་ཤེས་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་ 67-1-187a དང་། བསྟེན་པར་བྱ་བ་དང་། བསྟེན་པར་བྱ་བ་མ་ཡིན་པའི་ཆོས་རྣམས་མི་ཤེས་པ་དང་། རེག་པའི་སྐྱེ་མཆེད་དྲུག་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་དང་། མི་མཐོང་བ་དང་། ཁོང་དུ་མི་ཆུད་པ་དང་། མངོན་པར་མི་རྟོག་ པ་དང་། མུན་པ་དང་། ཀུན་དུ་རྨོངས་པ་དང་། མ་རིག་པའི་མུན་པ་སྟེ། འདི་ནི་མ་རིག་པ་ཞེས་བྱའོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས་བྱ་བ་ལ། འདུ་བྱེད་རྣམས་གང་ཞེ་ན། འདུ་བྱེད་གསུམ་སྟེ། ལུས་ཀྱི་འདུ་བྱེད་དང་། ངག་གི་ འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་དོ། །ལུས་ཀྱི་འདུ་བྱེད་གང་ཞེ་ན། དབུགས་རྔུབ་པ་དང་། འབྱུང་བ་སྟེ། ལུས་འདི་ནི་ལུས་ལས་བྱུང་བ། ལུས་ལ་རྟེན་པ། ལུས་དང་འབྲེལ་པ། ལུས་ལ་འབེབས་པ། འཇུག་པ་སྟེ། དེའི་ཕྱིར་དབུགས་རྔུབ་པ་ དང་། འབྱུང་བ་དག་ལུས་ཀྱི་འདུ་བྱེད་རྣམས་ཤེས་བྱའོ། །ངག་གི་འདུ་བྱེད་རྣམས་གང་ཞེ་ན། རྣམ་པར་བརྟགས། རྣམ་པར་དཔྱད་ནས་ཚིག་སྨྲའི། རྣམ་པར་མ་བརྟགས་པར་མ་ཡིན། རྣམ་པར་མ་དཔྱད་པར་མ་ཡིན་ཏེ། དེའི་ཕྱིར་ རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ནི་ངག་གི་འདུ་བྱེད་ཅེས་བྱའོ། །ཡིད་ཀྱི་འདུ་བྱེད་རྣམས་གང་ཞེ་ན། ཆགས་པའི་སེམས་པ་གང་ཡིན་པ་དང་། ཞེ་སྡང་གི་སེམས་པ་གང་ཡིན་པ་དང་། གཏི་མུག་གི་སེམས་པ་གང་ཡིན་པ་སྟེ། ཆོས་དེ་ནི་སེམས་ལས་བྱུང་བ། སེམས་ལ་རྟེན་པ། སེམས་དང་འབྲེལ་པ། སེམས་ལ་རྟེན་ནས་འཇུག་པས་དེའི་ཕྱིར་སེམས་པ་ནི་ཡིད་ཀྱི་འདུ་བྱེད་ཅེས་བྱ་སྟེ། དགེ་སློང་དག་འདི་དག་ནི་འདུ་བྱེད་རྣམས་ཤེས་བྱའོ། །འདུ་བྱེད་ཀྱི་རྐྱེན་གྱིས་ རྣམ་པར་ཤེས་པ་ཞེས་བྱ་བ་ལ། རྣམ་པར་ཤེས་པ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། དྲུག་གང་ཞེ་ན། མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་སྟེ། འདི་དག་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གོ། །རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཤེས་བྱ་བ་དེ་ལ། མིང་དང་གཟུགས་གང་ཞེ་ན། 67-1-187b མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟེ། འདི་ནི་མིང་ངོ་། །གཟུགས་གང་ཞེ་ན། གཟུགས་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་པོ་དག་སྟེ། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་སོ། །སའི་ཁམས་གང་ཞེ་ན། གང་ལྕི་བ་དང་། སྲ་བ་དང་། རྩུབ་པའོ། །ཆུའི་ཁམས་གང་ཞེ་ན། གང་གཤེར་བ་དང་། རླན་པའོ། །མེའི་ཁམས་གང་ཞེ་ན། གང་ཚ་བ་དང་། ཡོངས་སུ་སྨིན་པར་བྱེད་པའོ། །རླུང་གི་ཁམས་གང་ཞེ་ན། གང་བསྐུམ་པ་དང་། སློང་བ་དང་། ཡང་ཞིང་གཡོ་བའོ། །གཟུགས་འདི་དང་། སྔ་མའི་མིང་གཉིས་གཅིག་ཏུ་བསྡུས་ཏེ་མིང་དང་གཟུགས་ཤེས་བྱའོ། ། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱ་བ་ལ། སྐྱེ་མཆེད་དྲུག་གང་ཞེ་ན། མིག་གི་སྐྱེ་མཆེད་དང་། རྣ་བའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དེ། འདི་ནི་སྐྱེ་མཆེད་དྲུག་ཅེས་བྱའོ། །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱ་བ་ལ། རེག་པ་གང་ཞེ་ན། རེག་པའི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པའོ། ། རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བ་ལ། ཚོར་བ་གང་ཞེ་ན། ཚོར་བའི་ཚོགས་དྲུག་སྟེ། དྲུག་གང་ཞེ་ན། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་ མ་ཡིན་པ་དང་། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའོ། །ཚོར་བའི་རྐྱེན་གྱིས་སྲེད་ པ་ཞེས་བྱ་བ་ལ། སྲེད་པ་གང་ཞེ་ན། སྲེད་པའི་ཚོགས་དྲུག་སྟེ། དྲུག་གང་ཞེ་ན། གཟུགས་ལ་སྲེད་པ་དང་། སྒྲ་ལ་སྲེད་པ་དང་། དྲི་ལ་སྲེད་པ་དང་། རོ་ལ་སྲེད་པ་དང་། རེག་བྱ་ལ་སྲེད་པ་དང་། ཆོས་ལ་སྲེད་པའོ། །སྲེད་པའི་ 67-1-188a རྐྱེན་གྱིས་ལེན་པ་ཞེས་བྱ་བ་ལ། ལེན་པ་གང་ཞེ་ན། ལེན་པ་བཞི་སྟེ། བཞི་གང་ཞེ་ན། འདོད་པའི་ལེན་པ་དང་། ལྟ་བའི་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ལེན་པ་དང་། བདག་ཏུ་སྨྲ་བའི་ལེན་པའོ། །ལེན་པའི་ རྐྱེན་གྱིས་སྲིད་པ་ཞེས་བྱ་བ་ལ། སྲིད་པ་གང་ཞེ་ན། སྲིད་པ་གསུམ་མོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པའོ། །དེ་ལ་འདོད་པའི་སྲིད་པ་གང་ཞེ་ན། འོག་ གི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ནས་ཉེ་བར་བཟུང་སྟེ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་བར་འདི་ནི་འདོད་པའི་སྲིད་པ་ཞེས་བྱའོ། །གཟུགས་ཀྱི་སྲིད་པ་གང་ཞེ་ན། ཚངས་རིགས་ཀྱི་ལྷ་རྣམས་ནས་ཉེ་ བར་བཟུང་སྟེ་འོག་མིན་གྱི་ལྷ་རྣམས་ཀྱི་བར་འདི་ནི་གཟུགས་ཀྱི་སྲིད་པ་ཞེས་བྱའོ། །གཟུགས་མེད་པའི་སྲིད་པ་གང་ཞེ་ན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ནས་ཉེ་བར་བཟུང་སྟེ་འདུ་ཤེས་ མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་བར་འདི་ནི་གཟུགས་མེད་པའི་སྲིད་པ་ཞེས་བྱའོ། །སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་ལ། སྐྱེ་བ་གང་ཞེ་ན། གང་སེམས་ཅན་དེ་དང་དེ་དག་སེམས་ཅན་གྱི་ རིས་དེ་དང་དེ་དག་ཏུ་སྐྱེ་བ་དང་། འཇུག་པ་དང་། རྫོགས་པར་སྐྱེ་བ་དང་། མངོན་པར་འགྲུབ་པ་དང་། ཕུང་པོ་རྣམས་འབྱུང་བ་དང་། སྐྱེ་མཆེད་རྣམས་རབ་ཏུ་ཐོབ་པ་དང་། སྲོག་གི་དབང་པོ་འབྱུང་བ་དང་། རིས་འཐུན་པ་དང་ཕྲད་ པ་སྟེ། འདི་ནི་སྐྱེ་བ་ཞེས་བྱའོ། །སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ལ། རྒ་བ་གང་ཞེ་ན། སྤྱི་ཆེར་བ་དང་། སྐྲ་སྐྱ་བ་དང་། གཉེར་མ་མང་བ་དང་། འཁོགས་པ་དང་། ཞོམ་པ་དང་། སྒུར་ཏེ། གདུང་རྟེན་ལྟར་དགུ་བ་དང་། སྒྲ་ངར་ངར་ པོར་གྱུར་ཅིང་དབུགས་རྒྱུ་བའི་ལུས་སུ་གྱུར་པ་དང་། ལུས་སྨེ་བ་ལྟ་བུས་གང་བ་དང་། ལུས་མདུན་དུ་རྒུ་བ་དང་། མཁར་བ་ལ་རྟེན་པ་དང་། དབང་པོ་རྣམས་ཡོངས་སུ་སྨིན་པ་དང་། ཡོངས་སུ་ཞིགས་པ་དང་། འདུ་བྱེད་རྣམས་ 67-1-188b རྙིངས་པ་དང་། ཤིག་ཤིག་པོར་གྱུར་པ་དང་། བློང་བ་དང་། ཞན་པ་དང་། ཉམས་པ་དང་། ཡོངས་སུ་ཉམས་པ་སྟེ། འདི་ནི་རྒ་བ་ཞེས་བྱའོ། །འཆི་བ་གང་ཞེ་ན། གང་སེམས་ཅན་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དང་དེ་དག་ནས་འཆི་ བ་དང་། འཕོ་བ་དང་། ཞིག་པ་དང་། མི་རྟག་པར་འགྱུར་བ་དང་། འཆི་བའི་དུས་བྱེད་པ་དང་། ཚེ་ཉམས་པ་དང་། དྲོད་ཉམས་པ་དང་། སྲོག་གི་དབང་པོ་འགགས་པ་དང་། ཕུང་པོ་རྣམས་འདོར་བ་འདི་ནི་འཆི་བ་ཞེས་བྱ་སྟེ། འཆི་བ་འདི་དང་ སྔ་མའི་རྒ་བ་དེ་གཉིས་གཅིག་ཏུ་བསྡུས་ནས་རྒ་ཤི་ཞེས་བྱ་སྟེ། དགེ་སློང་དག་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཞེས་བྱའོ། །དེ་ལ་འཕགས་པའི་བདེན་པ་བཞི་གང་ཞེ་ན། སྡུག་བསྔལ་འཕགས་པའི་ བདེན་པ་དང་། སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དང་། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ། །སྡུག་བསྔལ་འཕགས་པའི་ བདེན་པ་གང་ཞེ་ན། སྐྱེ་བའི་སྡུག་བསྔལ་དང་། རྒ་བའི་སྡུག་བསྔལ་དང་། ན་བའི་སྡུག་བསྔལ་དང་། འཆི་བའི་སྡུག་བསྔལ་དང་། སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་དང་། གང་འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་ བསྔལ་ལོ། །མདོར་བསྡུས་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ནི་སྡུག་བསྔལ་ཡིན་ཏེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱའོ། །སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་གང་ཞེ་ན། གང་ འདི་ཡང་འབྱུང་བ་པའི་སྲེད་པ་དང་། དགའ་བའི་འདོད་ཆགས་དང་ལྡན་པ་དང་། དེ་དང་དེར་མངོན་པར་དགའ་བ་སྟེ། འདི་ནི་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱའོ། །སྡུག་བསྔལ་འགོག་པ་འཕགས་ པའི་བདེན་པ་གང་ཞེ་ན། གང་ཡང་འབྱུང་བ་པའི་སྲེད་པ་དང་། དགའ་བའི་འདོད་ཆགས་དང་ལྡན་པ་དང་། དེ་དེ་དང་དེར་མངོན་པར་དགའ་བ་དེ་ཉིད་མ་ལུས་པར་སྤངས་པ་དང་། ངེས་པར་སྤངས་པ་དང་། བྱང་བར་གྱུར་པ་དང་། 67-1-189a ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། རྣམ་པར་ཞི་བ་དང་། ནུབ་པ་སྟེ། འདི་ནི་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱའོ། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་ པའི་བདེན་པ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱ་སྟེ། འདི་དག་ནི་འཕགས་པའི་བདེན་པ་བཞིའོ། །དབང་པོ་ ཉི་ཤུ་རྩ་གཉིས་གང་ཞེ་ན། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་དང་། ཕོའི་དབང་པོ་དང་། མོའི་དབང་པོ་དང་། སྲོག་གི་དབང་པོ་དང་། སྡུག་ བསྔལ་གྱི་དབང་པོ་དང་། བདེ་བའི་དབང་པོ་དང་། ཡིད་བདེ་བའི་དབང་པོ་དང་། ཡིད་མི་བདེ་བའི་དབང་པོ་དང་། བཏང་སྙོམས་ཀྱི་དབང་པོ་དང་། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་ འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་དང་། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་སྟེ། དགེ་སློང་དག་འདི་དག་ནི་དབང་པོ་ཉི་ཤུ་རྩ་གཉིས་སོ། ། དེ་ལ་བསམ་གཏན་བཞི་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་རྣམས་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་ དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་པ་དང་། དེ་རྟོག་པ་དང་། དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དག་སྟེ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པར་རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ 67-1-189b ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་པ་དང་། དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ ལ་འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པ་བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་པ་དང་། དེ་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་བཏང་སྙོམས་དང་། དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་རྫོགས་པར་བྱས་ནས་གནས་པ་སྟེ། དགེ་སློང་ དག་འདི་དག་ནི་བསམ་གཏན་བཞིའོ། །དེ་ལ་ཚངས་པའི་གནས་པ་བཞི་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་གིས་བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་ གྱུར་པ། མི་གཉིས་པ། ཚད་མེད་པ་ཤིན་དུ་བསྒོམས་པས་ཕྱོགས་བཅུར་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་ཤིང་དེ་བཞིན་དུ་གཉིས་པ་དང་། གསུམ་པ་དང་། དེ་བཞིན་དུ་བཞི་པ་དང་། བླ་དང་། འོག་དང་། ཐད་ ཀར་རྣམ་པ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་འདི་ཐམས་ཅད་དུ་བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། མི་གཉིས་པ། ཚད་མེད་པ་ཤིན་དུ་ བསྒོམས་པས་མོས་ཏེ། ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་དང་། དེ་བཞིན་དུ་སྙིང་རྗེ་དང་ལྡན་པ་དང་། དགའ་བ་དང་ལྡན་པ་དང་། བཏང་སྙོམས་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་ པ། ཡངས་པ་རྒྱ་ཆེན་པོར་གྱུར་པ། མི་གཉིས་པ་ཚད་མེད་པ་ཤིན་དུ་བསྒོམས་པས་མོས་པར་བྱས་ནས་ཁྱབ་པར་བྱས་ཏེ་རྫོགས་པར་བྱས་ནས་གནས་པ་སྟེ། འདི་ནི་ཚངས་པའི་གནས་པ་བཞིའོ། །དེ་ལ་ལམ་བཞི་གང་ཞེ་ན་ 67-1-190a མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་ཡང་ཡོད་དོ། ། དེ་ལ་མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་གང་ཞེ་ན། འདི་ལ་ཁ་ཅིག་རང་བཞིན་གྱིས་འདོད་ཆགས་ཀྱི་ཤས་ཆེ་བ་ཡིན། ཞེ་སྡང་གི་ཤས་ཆེ་བ་ཡིན། གཏི་མུག་གི་ཤས་ཆེ་བ་ཡིན་ཏེ། དེ་ལ་འདོད་ཆགས་ཀྱི་ཤས་ཆེ་བས་འདོད་ ཆགས་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་། ཞེ་སྡང་གི་ཤས་ཆེ་བས་ཞེ་སྡང་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་། དེ་གཏི་མུག་གི་ཤས་ཆེ་བས་གཏི་མུག་ལས་ བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་བ་ཟག་པ་རྣམས་ཟད་པར་བྱ་བ་ལ་དེའི་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་བུལ་བ་དང་། ཞན་པ་དང་། མི་རྣོ་བ་དང་། མྱུར་བར་འཇུག་པ་མ་ཡིན་ནོ། །ལྔ་ གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །དེ་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་བུལ་བ་དང་། ཞན་ པ་དང་། མི་རྣོ་བ་དང་། མི་མྱུར་བའི་ཕྱིར་འདི་ལྟ་སྟེ། ཟག་པ་རྣམས་ཟད་པར་བྱ་བ་ལ་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་རེག་པ་བུལ་བ་ཉིད་དེ། འདི་ནི་མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་མོ། །དེ་ལ་མངོན་པར་ཤེས་པ་མྱུར་ ལ་དཀའ་བའི་ལམ་གང་ཞེ་ན། འདི་ལ་ཁ་ཅིག་རང་བཞིན་གྱིས་འདོད་ཆགས་ཀྱི་ཤས་ཆེ་བ་ཡིན། ཞེ་སྡང་གི་ཤས་ཆེ་བ་ཡིན། གཏི་མུག་གི་ཤས་ཆེ་བ་ཡིན་ཏེ། དེ་འདོད་ཆགས་ཀྱི་ཤས་ཆེ་བས་འདོད་ཆགས་ལས་བྱུང་བའི་ སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་། ཞེ་སྡང་གི་ཤས་ཆེ་བས་ཞེ་སྡང་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་། གཏི་མུག་གི་ཤས་ཆེ་བས་གཏི་མུག་ལས་བྱུང་བའི་སྡུག་ 67-1-190b བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་ཡང་དེའི་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་ཆེ་བ་དང་། རྣོ་བ་དང་། མྱུར་བར་འཇུག་པ་ཡིན་ནོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་ དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །དེའི་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་ཆེ་བ་དང་། རྣོ་བ་དང་། མྱུར་བར་འཇུག་པའི་ཕྱིར་འདི་ལྟ་སྟེ། ཟག་པ་རྣམས་ ཟད་པར་བྱ་བ་ལ་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་རེག་པ་མྱུར་བ་ཉིད་དེ། འདི་ནི་མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་མོ། །དེ་ལ་མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་གང་ཞེ་ན། འདི་ལ་ཁ་ཅིག་རང་བཞིན་གྱིས་འདོད་ ཆགས་ཀྱི་ཤས་ཆུང་བ་དང་། ཞེ་སྡང་གི་ཤས་ཆུང་བ་དང་། གཏི་མུག་གི་ཤས་ཆུང་བ་ཡིན་ཏེ། འདོད་ཆགས་ཀྱི་ཤས་ཆུང་བས་འདོད་ཆགས་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་བ་མ་ཡིན། ཞེ་སྡང་གི་ཤས་ཆུང་བས་ཞེ་སྡང་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་བ་མ་ཡིན། གཏི་མུག་གི་ཤས་ཆུང་བས་གཏི་མུག་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་ པར་མྱོང་བ་མ་ཡིན་ཡང་དེའི་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་བུལ་བ་དང་། ཞན་པ་དང་། མི་རྣོ་བ་དང་། མྱུར་བར་འཇུག་པ་མ་ཡིན་ནོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་ དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །དེ་དབང་པོ་ལྔ་པོ་འདི་དག་བུལ་བ་དང་། ཞན་པ་དང་། མི་རྣོ་བ་དང་། འཇུག་པ་མི་མྱུར་བའི་ཕྱིར་འདི་ལྟ་སྟེ། ཟག་པ་རྣམས་ ཟད་པར་བྱ་བ་ལ་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་རེག་པ་བུལ་བ་ཉིད་དེ། འདི་ནི་མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་མོ། །དེ་ལ་མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་གང་ཞེ་ན། འདི་ལ་ཁ་ཅིག་རང་བཞིན་གྱིས་འདོད་ཆགས་ཀྱི་ཤས་ཆུང་བ་ཡིན། 67-1-191a ཞེ་སྡང་གི་ཤས་ཆུང་བ་ཡིན། གཏི་མུག་གི་ཤས་ཆུང་བ་ཡིན་ཏེ། དེ་འདོད་ཆགས་ཀྱི་ཤས་ཆུང་བས་འདོད་ཆགས་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་བ་མ་ཡིན། ཞེ་སྡང་གི་ཤས་ ཆུང་བས་ཞེ་སྡང་ལས་བྱུང་བའི་སྡུག་བསྔལ་དང་ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་བ་མ་ཡིན། གཏི་མུག་གི་ཤས་ཆུང་བས་གཏི་མུག་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་ཡང་མྱོང་བ་མ་ཡིན་ ལ་དེའི་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་ཀྱང་ཆེ་བ་དང་། རྣོ་བ་དང་། མྱུར་བར་འཇུག་པ་ཡིན་ནོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །དེ་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་དེ་དག་ཆེ་བ་དང་། རྣོ་བ་དང་། མྱུར་བར་འཇུག་པའི་ཕྱིར་འདི་ལྟ་སྟེ། ཟག་པ་རྣམས་ཟད་པར་བྱ་བ་ལ་བར་ཆད་མེད་པའི་ ཏིང་ངེ་འཛིན་ལ་རེག་པ་མྱུར་བ་ཉིད་དེ། འདི་ནི་མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་སྟེ། འདི་དག་ནི་ལམ་བཞིའོ། །འདི་ལ་ཏིང་ངེ་འཛིན་བསྒོམ་པ་བཞི་གང་ཞེ་ན། དགེ་སློང་དག་ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་ཏེ་བསྒོམས་ ཤིང་མང་དུ་བྱས་ན་འདོད་ཆགས་སྤོང་བར་འགྱུར་བ་ཡང་ཡོད། ཏིང་ངེ་འཛིན་བསྒོམས་པ་ཀུན་དུ་བསྟེན་ཏེ་བསྒོམས་ཤིང་མང་དུ་བྱས་ན་མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བ་ཡང་ཡོད། ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་ ཏེ་བསྒོམས་ཤིང་མང་དུ་བྱས་ན་ཡེ་ཤེས་མཐོང་བ་འཐོབ་པར་འགྱུར་བ་ཡང་ཡོད། ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་ཏེ་བསྒོམས་ཤིང་མང་དུ་བྱས་ན་ཤེས་རབ་འཐོབ་པར་འགྱུར་བ་ཡང་ཡོད་དོ། །དེ་ལ་ཏིང་ངེ་འཛིན་བསྒོམ་པ་ ཀུན་དུ་བསྟེན་ཏེ་བསྒོམས་ཤིང་མང་དུ་བྱས་ན་འདོད་ཆགས་སྤོང་བར་འགྱུར་བ་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ལུས་འདི་ཉིད་ལ་འོག་གི་ 67-1-191b རྐང་མཐིལ་ཡན་ཅད་སྐྲ་དང་། གླད་པ་ལ་ཐུག་གི་བར་དུ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་རྟོག་སྟེ། ལུས་འདི་ལ་ཡོད་པ་ནི་སྐྲ་དང་། ཁ་སྤུ་དང་། སོ་དང་། སེན་མོ་དང་རྔུལ་དང་། དྲི་མ་དང་། ལྤགས་པ་དང་། ཤ་དང་། རུས་པ་དང་། རྒྱུས་པ་དང་། རྩ་དང་། མཁལ་མ་དང་། སྙིང་དང་། གློ་བ་དང་། མཆིན་པ་དང་། ཕོ་བ་དང་། ལོང་ཀ་དང་། རྒྱུ་མ་དང་། གཉེ་མ་དང་། ལྒང་པ་དང་། མཆེར་པ་དང་། ཕྱི་ས་དང་། མཆི་མ་དང་། རྔུལ་དང་། ངར་སྣབས་དང་། མཆིལ་མ་དང་། ཞག་དང་། ཆུ་སེར་དང་། རྐང་དང་། ཚིལ་དང་། རྣག་དང་། བད་ཀན་དང་། མཁྲིས་པ་དང་། ཁྲག་དང་། གླད་པ་དང་། གླད་རྒྱས་དང་། གཅིན་དང་། མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་ པ་ཇི་ལྟ་བ་བཞིན་སོ་སོར་རྟོག་གོ། །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་འབྲུ་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། འབྲས་སཱ་ལུ་དང་། འབྲུ་དང་། ནས་དང་། གྲོ་དང་། མོན་སྲན་གྲེའུ་དང་། མོན་སྲན་སྡེའུ་དང་། རྒྱ་སྲན་དང་། འབྲས་ནི་ས་པ་བ་དང་ སྲན་ཆུང་དང་། མོན་སྲན་ན་གུ་དང་། ཏིལ་དང་། འབྲས་དྲུས་པ་དང་། ཡུངས་ཀར་གྱིས་གང་བའི་སྦྱང་ཞིག་ཁ་གཉིས་ཕྱེ་བ་དེ་ལ་མིག་དང་ལྡན་པའི་མི་ཞིག་གིས་བླུག་སྟེ་སོ་སོར་བརྟགས་ན་འདི་དག་ནི་འབྲས་སཱ་ལུའོ། །འདི་དག་ནི་ འབྲས་སོ། །འདི་དག་ནི་ནས་སོ། །འདི་དག་ནི་གྲོའོ། །འདི་དག་ནི་མོན་སྲན་གྲེའུ་འོ། །འདི་དག་ནི་མོན་སྲན་སྡེའུ་འོ། །འདི་དག་ནི་རྒྱ་སྲན་ནོ། །འདི་དག་ནི་འབྲས་ནི་ས་པ་བའོ། །འདི་དག་ནི་སྲན་ཆུང་ངོ་། །འདི་དག་ནི་མོན་སྲན་ན་གུའོ། འདི་དག་ནི་ཏིལ་ལོ། །འདི་དག་ནི་འབྲས་དྲུས་པའོ། །འདི་དག་ནི་ཡུངས་ཀར་རོ་ཞེས་བྱ་བར་ཤེས་སོ། །དགེ་སློང་དག་དེ་བཞིན་དུ་དགེ་སློང་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ལུས་འདི་ཉིད་ལ་འོག་གི་རྐང་མཐིལ་ཡན་ཅད་གླད་པ་ལ་ཐུག་གྱི་བར་དུ་སྔ་མ་བཞིན་དུ་གླད་པ་དང་། གླད་རྒྱས་དང་། གཅིན་དང་། མི་གཙང་བ་སྣ་ཚོགས་ཀྱིས་གང་བར་ཡང་དག་པར་ཇི་ལྟ་བཞིན་དུ་སོ་སོར་རྟོག་སྟེ། འདི་ནི་ 67-1-192a ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་ཏེ་བསྒོམས་ཤིང་མང་དུ་བྱས་ན་འདོད་ཆགས་སྤང་བར་འགྱུར་རོ། །དགེ་སློང་དག་དེ་ལ་ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་ཏེ་བསྒོམས་ཤིང་མང་དུ་བྱས་ན་མཐོང་བའི་ཆོས་ལ་བདེ་ བར་གནས་པར་འགྱུར་བ་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་སྟེ། དབེན་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བས་རང་གི་ ལུས་འདི་ཉིད་མཉེན་པར་བྱེད། ཡོངས་སུ་མཉེན་པར་བྱེད། ཡོངས་སུ་ཁྱབ་པར་བྱེད། ཡོངས་སུ་ཚིམ་པར་བྱེད། ཀུན་དུ་རྒྱས་པར་བྱེད་པ་སྟེ། འདི་ལྟ་སྟེ། དབེན་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བས་དེའི་རང་གི་ནང་ གི་ལུས་ཐམས་ཅད་ལ་མ་ཁྱབ་པ་འམ་ཁྱབ་པར་མ་གྱུར་པ་མེད་དོ། །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་མེ་ཏོག་ཨུད་པ་ལ་འམ། པད་མ་འམ། ཀུ་མུ་ད་འམ། པད་མ་དཀར་པོ་ཡང་རུང་སྟེ། ཆུ་ནས་སྐྱེས་པ་ཆུར་བྱིང་བ་དེ་དག་ཐམས་ཅད་ ནི་བསིལ་བའི་ཆུས་མཉེན་པར་བྱས་པ། ཡོངས་སུ་ཁྱབ་པར་བྱས་པ། ཡོངས་སུ་ཚིམ་པར་བྱས་པ། ཀུན་དུ་རྒྱས་པར་བྱས་པ་དག་གོ། །དགེ་སློང་དག་དེ་བཞིན་དུ་དགེ་སློང་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་ ཁང་སྟོང་ན་འདུག་ཀྱང་རུང་སྟེ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བས་རང་གི་ནང་གི་ལུས་འདི་མཉེན་པར་བྱེད། ཡོངས་སུ་མཉེན་པར་བྱེད། ཡོངས་སུ་ཁྱབ་པར་བྱེད། ཡོངས་སུ་ཚིམ་པར་བྱེད། ཀུན་དུ་ རྒྱས་པར་བྱེད་དེ། འདི་ལྟ་སྟེ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བས་དེའི་ནང་གི་ལུས་ཐམས་ཅད་ལ་མ་ཁྱབ་པ་འམ། ཁྱབ་པར་མ་གྱུར་པ་མེད་དེ། འདི་ནི་ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་ཏེ་བསྒོམས་ ཤིང་མང་དུ་བྱས་ན་མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བའོ། །དགེ་སློང་དག་དེ་ལ་ཏིང་ངེ་འཛིན་བསྒོམས་ཤིང་མང་དུ་བྱས་ན་ཡེ་ཤེས་མཐོང་བ་འཐོབ་པར་འགྱུར་བ་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་ 67-1-192b སློང་གིས་སྣང་བའི་འདུ་ཤེས་ཤིན་དུ་ལེགས་པར་བཟུང་། ལེགས་པར་ཡིད་ལ་བྱས། ལེགས་པར་རེག་པར་བྱས། ལེགས་པར་རྟོགས་པར་བྱས། དེ་ཉིན་མོའི་འདུ་ཤེས་ལ་ཤིན་དུ་གནས་ནས་དེ་སྣང་བ་དེ་སེམས་ལ་སྒོམ་ སྟེ། ཉིན་མོ་ཇི་ལྟ་བར་མཚན་མོ་ཡང་དེ་བཞིན། མཚན་མོ་ཇི་ལྟ་བར་ཉིན་མོ་ཡང་དེ་བཞིན། སྔར་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན། ཕྱིས་ཇི་ལྟ་བར་སྔར་ཡང་དེ་བཞིན། འོག་ཏུ་ཇི་ལྟ་བར་སྟེང་དུ་ཡང་དེ་བཞིན་སྟེང་དུ་ཇི་ལྟ་བར་འོག་ཏུ་ ཡང་དེ་བཞིན་ཏེ། དེ་ལྟར་ཕྱེ་ཞིང་ཀུན་ནས་བསྐོར་བ་མེད་པའི་སེམས་ཀྱིས་ཉིན་མོའི་འདུ་ཤེས་ལ་ཤིན་དུ་གནས་ཏེ། དེ་སྣང་བ་དེ་སེམས་ལ་སྒོམ་མོ། །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་སོས་ཀའི་ཟླ་བ་ཐ་མ་ལ་ནམ་མཁའ་ལ་ སྤྲིན་མེད་ཅིང་སྤྲིན་དང་བྲལ་བའི་ཉིན་མོ་ཉི་མ་གུང་ལ་སྣང་བ་ཡོངས་སུ་དག་ཅིང་ཡོངས་སུ་དཀར་ལ་འོད་གསེལ་ཏེ་མུན་པ་མ་ཡིན་ནོ། །དགེ་སློང་དག་དེ་བཞིན་དུ་དགེ་སློང་གི་སྣང་བའི་འདུ་ཤེས་ཤིན་དུ་ལེགས་པར་བཟུང་། ལེགས་པར་ཡིད་ལ་བྱས། ལེགས་པར་རེག་པར་བྱས། ལེགས་པར་རྟོགས་པར་བྱས་ཏེ། ཉིན་མོའི་འདུ་ཤེས་ཤིན་དུ་གནས་ནས་དེ་སྣང་བ་དེ་སེམས་ལ་སྒོམ་སྟེ། ཉིན་མོ་ཇི་ལྟ་བར་མཚན་མོ་ཡང་དེ་བཞིན། མཚན་ མོ་ཇི་ལྟ་བར་ཉིན་མོ་འང་དེ་བཞིན། སྔར་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན། ཕྱིས་ཇི་ལྟ་བར་སྔར་ཡང་དེ་བཞིན། འོག་ཇི་ལྟ་བར་སྟེང་ཡང་དེ་བཞིན། སྟེང་དུ་ཇི་ལྟ་བར་འོག་དུ་ཡང་དེ་བཞིན་ཏེ། དེ་ལྟར་ཕྱེ་ཞིང་ཀུན་ནས་བསྐོར་བ་མེད་ པའི་སེམས་ཀྱིས་ཉིན་མོའི་འདུ་ཤེས་ཤིན་དུ་གནས་ནས་དེ་སྣང་བ་དེ་སེམས་ལ་སྒོམ་པ་སྟེ། འདི་ནི་ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་ཏེ་བསྒོམས་ཤིང་མང་དུ་བྱས་ན་ཡེ་ཤེས་མཐོང་བ་འཐོབ་པར་འགྱུར་རོ། །དགེ་སློང་ དག་དེ་ལ་ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་ཏེ་བསྒོམས་ཤིང་མང་དུ་བྱས་ན་ཤེས་རབ་འཐོབ་པར་འགྱུར་བ་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་ 67-1-193a སྟོང་ན་འདུག་ཀྱང་རུང་སྟེ། བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས་སྡུག་བསྔལ་ཡང་མེད། བདེ་བ་ཡང་མེད་དེ། བཏང་སྙོམས་དང་། དྲན་པས་ ཡོངས་སུ་དག་པ་བསམ་གཏན་བཞི་པ་ཡོངས་སུ་རྫོགས་པར་བྱས་ནས་གནས་ཏེ། འདི་ནི་ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་ཏེ་བསྒོམས་ཤིང་མང་དུ་བྱས་ན་ཤེས་རབ་འཐོབ་པར་འགྱུར་བ་སྟེ། དགེ་སློང་དག་འདི་དག་ ནི་ཏིང་ངེ་འཛིན་བསྒོམ་པ་བཞི་པའོ། །དགེ་སློང་དག་དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་གྱི་བརྣབ་སེམས་དང་། ཡིད་མི་བདེ་བ་ རྣམ་པར་བསལ་ནས་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དང་། རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་གྱི་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས་ནང་གི་ལུས་དང་། ཕྱིའི་ལུས་དང་ ནང་དང་ཕྱིའི་ལུས་དང་། ནང་གི་ཚོར་བ་རྣམས་དང་། ཕྱིའི་ཚོར་བ་རྣམས་དང་། ནང་དང་ཕྱིའི་ཚོར་བ་རྣམས་དང་། ནང་གི་སེམས་དང་། ཕྱིའི་སེམས་དང་། ནང་དང་ཕྱིའི་སེམས་དང་། ནང་གི་ཆོས་རྣམས་དང་། ཕྱིའི་ཆོས་རྣམས་དང་། ནང་དང་ཕྱིའི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་སྟེ། དགེ་སློང་དག་འདི་དག་ནི་དྲན་པ་ཉེ་བར་གཞག་པ་བཞིའོ། །དགེ་སློང་དག་དེ་ལ་ཡང་དག་པར་སྤོང་བ་བཞི་གང་ཞེ་ན། དགེ་སློང་དག་དེ་ལ་དགེ་སློང་སྡིག་པ་མི་དགེ་ བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་ཅིང་འབད་དེ་བརྩོན་འགྲུས་རྩོམ་པ་ལ་སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་དང་། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་ དྲན་པ་སྐྱེད་ཅིང་འབད་དེ་བརྩོན་འགྲུས་རྩོམ་ལ་སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་ཅིང་འབད་དེ་བརྩོན་འགྲུས་རྩོམ་ལ་སེམས་རབ་ཏུ་ 67-1-193b འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། མི་བརྗེད་པ་དང་། ཉམས་པར་མི་འགྱུར་བ་དང་། ཕྱིར་ཞིང་འབྱུང་བ་དང་། རྒྱས་པ་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ འདུན་པ་སྐྱེད་ཅིང་འབད་དེ་བརྩོན་འགྲུས་རྩོམ་ལ་སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་སྟེ། དགེ་སློང་དག་འདི་དག་ནི་ཡང་དག་པར་སྤོང་བ་བཞིའོ། །དགེ་སློང་དག་དེ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་གང་ ཞེ་ན། འདི་ལ་དགེ་སློང་བདག་གི་འདུན་པ་ཧ་ཅང་བྱིང་ན་ཡང་མི་རུང་། ཧ་ཅང་བཟུང་ན་ཡང་མི་རུང་ངོ་ཞེས་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་ དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། བདག་གི་བརྩོན་འགྲུས་ཧ་ཅང་བྱིང་ན་ཡང་མི་རུང་། ཧ་ཅང་བཟུང་ན་ཡང་མི་རུང་ངོ་ཞེས་བརྩོན་འགྲུས་ཀྱི་ཏིང་ ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། བདག་གི་ སེམས་ཧ་ཅང་བྱིང་ན་ཡང་མི་རུང་། ཧ་ཅང་བཟུང་ན་ཡང་མི་རུང་ངོ་ཞེས་སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་ པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། བདག་གི་སྤྱོད་པ་ནི་ཧ་ཅང་བྱིང་ན་ཡང་མི་རུང་། ཧ་ཅང་བཟུང་ན་ཡང་མི་རུང་ངོ་ཞེས་དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་ པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་པ་སྟེ། དགེ་སློང་དག་འདི་དག་ནི་རྫུ་འཕྲུལ་གྱི་རྐང་པ་བཞིའོ། །དགེ་སློང་དག་དེ་ལ་དབང་པོ་ལྔ་གང་ཞེ་ན། འདི་ལྟ་སྟེ་ 67-1-194a དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །དེ་ལ་དད་པའི་དབང་པོ་གང་ཞེ་ན། དད་པ་གང་གིས་ཆོས་བཞི་ལ་དད་པ་སྟེ། བཞི་གང་ཞེ་ན་ འཁོར་བ་ན་སྤྱོད་པ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་དད་པ་དང་། དེ་ལ་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་དང་། ལས་དགེ་བ་ཡང་རུང་། མི་དགེ་བ་ཡང་རུང་གང་བྱེད་པའི་ལས་དེ་དང་དེའི་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་དང་ དེ་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མངོན་པར་འདུ་མི་བྱེད་པ་སྟེ། འདི་ནི་དད་པའི་དབང་པོ་ཞེས་བྱའོ། །དེ་ལ་བརྩོན་འགྲུས་ཀྱི་དབང་པོ་གང་ཞེ་ན། དད་པའི་དབང་པོས་ཆོས་གང་དག་ལ་དད་པའི་ཆོས་དེ་དག་བརྩོན་འགྲུས་ཀྱི་དབང་པོས་ཡང་ དག་པར་སྒྲུབ་པ་སྟེ། འདི་ནི་བརྩོན་འགྲུས་ཀྱི་དབང་པོ་ཞེས་བྱའོ། །དེ་ལ་དྲན་པའི་དབང་པོ་གང་ཞེ་ན། ཆོས་གང་དག་བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་སྒྲུབ་པའི་ཆོས་དེ་དག་དྲན་པའི་དབང་པོས་ཆུད་མི་གཟོན་པ་སྟེ། འདི་ དག་ནི་དྲན་པའི་དབང་པོ་ཞེས་བྱའོ། །དེ་ལ་ཏིང་ངེ་འཛིན་གྱི་དབང་པོ་གང་ཞེ་ན། ཆོས་གང་དག་དྲན་པའི་དབང་པོས་ཆུད་མི་གཟོན་པའི་ཆོས་དེ་དག་ལ་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་པ་སྟེ། འདི་ནི་ཏིང་ངེ་འཛིན་གྱི་དབང་ པོ་ཞེས་བྱའོ། །དེ་ལ་ཤེས་རབ་ཀྱི་དབང་པོ་གང་ཞེ་ན། ཆོས་གང་དག་ལ་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་པའི་ཆོས་དེ་དག་ཤེས་རབ་ཀྱི་དབང་པོས་རབ་ཏུ་རྟོག་ཅིང་དེ་ཆོས་དེ་དག་ལ་སོ་སོར་རྟོག་པའི་རང་བཞིན་ཅན་ཡིན་ཏེ་ འདི་ནི་ཤེས་རབ་ཀྱི་དབང་པོ་ཞེས་བྱ་སྟེ། དགེ་སློང་དག་འདི་དག་ནི་དབང་པོ་ལྔའོ། །དགེ་སློང་དག་དེ་ལ་སྟོབས་ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་ ཤེས་རབ་ཀྱི་སྟོབས་ཏེ། དགེ་སློང་དག་འདི་དག་ནི་སྟོབས་ལྔའོ། །དགེ་སློང་དག་དེ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་ 67-1-194b བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། དེ་བཞིན་དུ་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ་ འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་ སུ་བསྒྱུར་བ་སྒོམ་པ་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། ཤིན་དུ་སྦྱངས་པ་ཡང་དག་བྱང་ ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་སྟེ། དགེ་སློང་དག་འདི་དག་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །དགེ་སློང་དག་དེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། དགེ་སློང་དག་འདི་ནི་འཕགས་ པའི་ལམ་ཡན་ལག་བརྒྱད་པའོ། །དེ་ལ་ཡང་དག་པའི་ལྟ་བ་གང་ཞེ་ན། གང་འཇིག་རྟེན་ལས་འདས་པ་བདག་མེད་པའི་ལྟ་བ་ལས་བྱུང་བ་ཡིན་གྱི། སེམས་ཅན་ལས་མ་ཡིན། སྲོག་ལས་མ་ཡིན། གསོ་བ་ལས་མ་ཡིན། 67-1-195a སྐྱེས་བུ་ལས་མ་ཡིན་གང་ཟག་ལས་མ་ཡིན། ཤེད་ལ་སྐྱེས་ལས་མ་ཡིན། ཤེས་བུར་ལྟ་བ་ལས་བྱུང་བ་མ་ཡིན། ཆད་པ་དང་། རྟག་པར་ལྟ་བ་ལས་བྱུང་བ་མ་ཡིན། འབྱུང་བ་དང་། འཇིག་པར་ལྟ་བ་ལས་བྱུང་བ་མ་ ཡིན། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པར་ལྟ་བ་ལས་བྱུང་བ་མ་ཡིན་པ་ནས་འཁོར་བ་དང་། མྱ་ངན་ལས་འདས་པའི་བར་གྱི་ལྟ་བ་ལས་བྱུང་བ་མ་ཡིན་པ་སྟེ། འདི་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ། །དེ་ལ་ཡང་དག་པའི་ རྟོག་པ་གང་ཞེ་ན། རྟོག་པ་གང་དག་གིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པ་རྣམས་འབྱུང་བར་འགྱུར་བའི་རྟོག་པ་དེ་དག་ལ་མི་རྟོག་གི། རྟོག་པ་གང་གིས་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་འབྱུང་བར་འགྱུར་བ་དེ་དག་ལ་རྟོག་པ་སྟེ། འདི་ནི་ཡང་དག་པའི་རྟོག་པ་ཞེས་བྱའོ། །དེ་ལ་ཡང་དག་པའི་ངག་གང་ཞེ་ན། ངག་གང་གིས་བདག་དང་གཞན་ལ་གདུང་ བར་མི་བྱེད་པ་དང་། བདག་དང་གཞན་ལ་ཉོན་མོངས་པར་མི་བྱེད་པ་དང་། བདག་དང་གཞན་ལ་གནོད་པར་མི་བྱེད་པ་དང་། ངག་གང་གིས་འཕགས་པ་རྣམས་ལ་ཡང་དག་པར་འཇུག་པའི་ངག་དེས་ཏིང་ངེ་འཛིན་ལ་དགའ་བར་སྦྱོར་བའི་ཚིག་དང་ལྡན་པ་ ཡིན་ཏེ། འདི་ནི་ཡང་དག་པའི་ངག་ཅེས་བྱའོ། །དེ་ལ་ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན། ལས་གང་གནག་ལ་རྣམ་པར་སྨིན་པ་ཡང་གནག་པའི་ལས་དེ་མངོན་པར་འདུ་མི་བྱེད་པ་དང་། ལས་གང་དཀར་ལ་རྣམ་པར་སྨིན་པ་ཡང་དཀར་བའི་ ལས་དེ་མངོན་པར་འདུ་བྱེད་པ་དང་། ལས་གང་དཀར་གནག་ཏུ་གྱུར་ལ་རྣམ་པར་སྨིན་པའང་དཀར་གནག་ཏུ་གྱུར་པའི་ལས་དེ་མངོན་པར་འདུ་མི་བྱེད་པ་དང་། ལས་གང་དཀར་པོ་མ་ཡིན་ལ་རྣམ་པར་སྨིན་པ་ནག་པོར་འགྱུར་བའི་ནག་པོ་ཟད་པར་ འགྱུར་བའི་ལས་དེ་མངོན་པར་འདུ་བྱེད་པ་དང་། ལས་བཟང་པོ་ལ་རྟེན་པ་དང་། ལས་ཀྱི་མཐའ་བཟང་བ་སྟེ་འདི་ནི་ཡང་དག་པའི་ལས་ཀྱི་མཐའ་ཞེས་བྱའོ། །དེ་ལ་ཡང་དག་པའི་འཚོ་བ་གང་ཞེ་ན། གང་འཕགས་པའི་རིགས་སྦྱངས་པའི་ 67-1-195b ཡོན་ཏན་ཡོ་བྱད་བསྙུངས་པ་མི་འདོར་བ། ཚུལ་འཆོས་པ་མེད་པ་དང་། ཁ་གསག་མེད་པ་དང་། ཐོབ་ཀྱིས་འཇལ་བ་མེད་པ་དང་། དེས་པ་དང་། ཆོ་གའི་ངང་ཚུལ་ཅན་དང་། གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་པ་དང་། བདག་གི་རྙེད་པས་ ཆོག་པར་འཛིན་པ་དང་། འཕགས་པས་གནང་བ་ཁ་ན་མ་ཐོ་བ་མེད་པའི་འཚོ་བ་སྟེ། འདི་ནི་ཡང་དག་པའི་འཚོ་བ་ཞེས་བྱའོ། །དེ་ལ་ཡང་དག་པའི་རྩོལ་བ་གང་ཞེ་ན། རྩོལ་བ་གང་ལོག་པར་འགྱུར་བའི་ཕྱིར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྒྱས་པར་འགྱུར་བའི་རྩོལ་བ་དེ་མི་འདོད་པ་དང་། རྩོལ་བ་གང་ཡང་དག་པའི་འཕགས་པའི་ལམ་གྱི་བདེན་པ་ལ་འཇུག་ཅིང་མྱ་ངན་ལས་འདས་པར་འགྲོ་བའི་ལམ་ལ་འཇོག་པའི་རྩོལ་བ་དེའི་རྗེས་སུ་འགྲོ་བ་སྟེ། འདི་ནི་ཡང་དག་ པའི་རྩོལ་བ་ཞེས་བྱའོ། །དེ་ལ་ཡང་དག་པའི་དྲན་པ་གང་ཞེ་ན། གང་དག་དེ་ལ་ཉེ་བར་གནས་ན་མི་གཡོ་བ་དང་། དྲན་པ་དང་། གྱ་གྱུ་མེད་པ་དང་། འཁོར་བའི་སྐྱོན་གྱི་ཉེས་དམིགས་ཡང་དག་པར་སྟོན་པ་དང་། མྱ་ངན་ལས་འདས་པའི་ལམ་ དུ་འདྲེན་པའི་དྲན་པ་དང་། འཕགས་པའི་ལམ་མ་བརྗེད་པ་སྟེ། འདི་ནི་ཡང་དག་པའི་དྲན་པ་ཞེས་བྱའོ། །དེ་ལ་ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། གང་ཡང་དག་པ་ཉིད་དུ་མཉམ་པ་དང་། ཏིང་ངེ་འཛིན་གང་ལ་གནས་ནས་སེམས་ཅན་ ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་ཕྱིར་ཡང་དག་པར་བརྟན་པའི་ངེས་པར་གྱུར་པ་ལ་འཇུག་པ་སྟེ། འདི་ནི་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་དབུགས་རྔུབ་པ་དང་། འབྱུང་བ་དྲན་པ་རྣམ་པ་བཅུ་དྲུག་གང་ཞེ་ན། དྲན་བཞིན་ དུ་དབུགས་རྔུབ་ན་དྲན་བཞིན་དུ་དབུགས་བརྔུབས་སོ། སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། དྲན་བཞིན་དུ་དབུགས་ཕྱུང་ན་དྲན་བཞིན་དུ་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། དབུགས་ རིང་དུ་བརྔུབས་ན་དབུགས་རིང་དུ་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། དབུགས་རིང་དུ་ཕྱུང་ན་ཡང་དབུགས་རིང་དུ་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། དབུགས་ཐུང་ངུ་བརྔུབས་ན་ 67-1-196a དབུགས་ཐུང་ངུ་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། དབུགས་ཐུང་ངུ་ཕྱུང་ན་དབུགས་ཐུང་ངུ་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། ལུས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་ དབུགས་བརྔུབས་ནས་ལུས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། ལུས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་ལུས་ཀྱི་འདུ་བྱེད་ཡང་དག་པར་ མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། ལུས་ཀྱི་འདུ་བྱེད་ཐམས་ ཅད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང་ དབུགས་ཕྱུང་ན་ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། བདག་གི་ལུས་ཀྱི་འདུ་བྱེད་ཤིན་དུ་སྦྱངས་ནས་དབུགས་བརྔུབས་ན་བདག་གི་ལུས་ཀྱི་འདུ་བྱེད་ ཤིན་དུ་སྦྱངས་ནས་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། བདག་གི་ལུས་ཀྱི་འདུ་བྱེད་ཤིན་དུ་སྦྱངས་ནས་དབུགས་ཕྱུང་ན་བདག་གི་ལུས་ཀྱི་འདུ་བྱེད་ཤིན་དུ་སྦྱངས་ནས་དབུགས་ཕྱུང་ངོ་སྙམ་དུ་ཡང་ དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། དགའ་བ་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་དགའ་བ་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། དགའ་བ་ཡང་དག་པར་མྱོང་ཞིང་ 67-1-196b དབུགས་ཕྱུང་ན་དགའ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། བདེ་བ་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་བདེ་བ་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། བདེ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་བདེ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། སེམས་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་ སེམས་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། སེམས་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་སེམས་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་ རབ་ཏུ་ཤེས་པ་དང་། སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། སེམས་ཡང་དག་པར་མྱོང་ཞིང་ དབུགས་ཕྱུང་ན་སེམས་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། བདག་གི་སེམས་ཀྱི་འདུ་བྱེད་ཤིན་དུ་སྦྱངས་ནས་དབུགས་བརྔུབས་ན་བདག་གི་སེམས་ཀྱི་འདུ་བྱེད་ཤིན་དུ་སྦྱངས་ནས་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། བདག་གི་སེམས་ཀྱི་འདུ་བྱེད་ཤིན་དུ་སྦྱངས་ ནས་དབུགས་ཕྱུང་ན་བདག་གི་སེམས་ཀྱི་འདུ་བྱེད་ཤིན་དུ་སྦྱངས་ནས་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། བདག་གི་སེམས་མངོན་པར་མཆོག་ཏུ་དགའ་བར་བྱེད་ཅིང་དབུགས་བརྔུབས་ན་བདག་གི་སེམས་མངོན་ 67-1-197a པར་མཆོག་ཏུ་དགའ་བར་བྱེད་ཅིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། བདག་གི་སེམས་མངོན་པར་མཆོག་ཏུ་དགའ་བར་བྱེད་ཅིང་དབུགས་ཕྱུང་ན་བདག་གི་སེམས་མངོན་པར་མཆོག་ ཏུ་དགའ་བར་བྱེད་ཅིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། བདག་གི་སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་བརྔུབས་ན་བདག་གི་སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་བརྔུབས་སོ་སྙམ་ དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། བདག་གི་སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་ཕྱུང་ན་བདག་གི་སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། བདག་ གི་སེམས་མཉམ་པར་བཞག་ཅིང་དབུགས་བརྔུབས་ན་བདག་གི་སེམས་མཉམ་པར་བཞག་ཅིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། བདག་གི་སེམས་མཉམ་པར་བཞག་ཅིང་དབུགས་ཕྱུང་ན་ བདག་གི་སེམས་མཉམ་པར་བཞག་ཅིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། དེ་བཞིན་དུ་མི་རྟག་པའི་རྗེས་སུ་ལྟ། འདོད་ཆགས་དང་བྲལ་བའི་རྗེས་སུ་ལྟ། འགོག་པའི་རྗེས་སུ་ལྟ། སོ་སོར་སྤངས་ པའི་རྗེས་སུ་ལྟ་ཞིང་དབུགས་བརྔུབས་ན་སོ་སོར་སྤངས་པའི་རྗེས་སུ་ལྟ་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། སོ་སོར་སྤངས་པའི་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ན་སོ་སོར་སྤངས་པའི་རྗེས་ སུ་ལྟ་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་སྟེ། དགེ་སློང་དག་འདི་དག་ནི་དབུགས་རྔུབ་པ་དང་། འབྱུང་བ་དྲན་པ་རྣམ་པ་བཅུ་དྲུག་གོ། །དེ་ལ་རྒྱུན་དུ་ཞུགས་པའི་ཡན་ལག་བཞི་གང་ཞེ་ན། འདི་ལ་འཕགས་པ་ཉན་ ཐོས་ནི་དེ་ལྟར་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ད་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ 67-1-197b ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་སངས་རྒྱས་ལ་ཤེས་ནས་དད་པ་དང་ལྡན་པ་ཡིན། བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ་ཉེ་ བར་གཏོད་པ་འདི་མཐོང་བ་ལ་དོན་ཡོད་པ་མཁས་པ་རྣམས་ཀྱིས་རང་གིས་རིག་པར་བྱ་བ་སྟེ། འདི་ལྟ་སྟེ་རྒྱས་པར་ངེས་པར་བྱེད་པ། སྲེད་པ་རབ་ཏུ་སེལ་བ། ཀུན་གཞི་ལེགས་པར་འཇོམས་པ། ལམ་གྱི་རྒྱུན་བཅད་པ། སྲེད་པ་ཟད་པ། འདོད་ ཆགས་དང་བྲལ་བ། འགོག་པ། མྱ་ངན་ལས་འདས་པའོ་ཞེས་ཆོས་ལ་ཤེས་ནས་དད་པ་དང་ལྡན་པ་ཡིན། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ། རིགས་པ་ལ་ཞུགས་པ། དྲང་པོ་ལ་ཞུགས་པ། འཐུན་པར་ཞུགས་ པ། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ལ་ཞུགས་པ། རྗེས་སུ་འཐུན་པའི་ཆོས་སྤྱོད་པ་སྟེ། དགེ་འདུན་གྱི་ནང་ན་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་གྱི་ནང་ན་རྒྱུན་དུ་ཞུགས་པ་དག་ཀྱང་ ཡོད། དགེ་འདུན་གྱི་ནང་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་གྱི་ནང་ན་ལན་ཅིག་ཕྱིར་འོང་བ་དག་ཀྱང་ཡོད། དགེ་འདུན་གྱི་ནང་ན་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ ཞུགས་པ་དག་ཀྱང་ཡོད། དགེ་འདུན་གྱི་ནང་ན་ཕྱིར་མི་འོང་བ་དག་ཀྱང་ཡོད། དགེ་འདུན་གྱི་ནང་ན་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་གྱི་ནང་ན་དགྲ་བཅོམ་པ་དག་ཀྱང་ཡོད་ དེ། འདི་ལྟ་སྟེ། སྐྱེས་བུ་ཟུང་བཞི། སྐྱེས་བུ་གང་ཟག་ཡ་བརྒྱད་དོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་འདི་ལྟ་བུ་སྟེ། དད་པ་ཕུན་སུམ་ཚོགས་པ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ། ཐོས་པ་ཕུན་སུམ་ཚོགས་པ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ། ཤེས་རབ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པ། ཀུན་དུ་སྦྱིན་པའི་འོས་སུ་གྱུར་པ། རབ་ཏུ་སྦྱིན་པའི་ 67-1-198a འོས་སུ་གྱུར་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་ཞིང་བླ་ན་མེད་པ་སྟེ། འཇིག་རྟེན་གྱི་སྦྱིན་གནས་ཡིན་ནོ་ཞེས་དགེ་འདུན་ལ་ཤེས་ནས་དད་པ་དང་ལྡན་པ་ཡིན། འཕགས་པ་ བཞེད་པའི་ཚུལ་ཁྲིམས་རྣམས་དང་ལྡན་པ་ཡིན་ཏེ། ཚུལ་ཁྲིམས་དེ་དག་ནི་མ་ཉམས་པ། མ་ཞིག་པ། མ་རལ་པ། འདྲེན་མར་མ་གྱུར་པ། སྲ་བསྲེར་མ་ཡིན་པ། རང་དབང་ཅན་མ་འབགས་པ། ཤིན་དུ་རྫོགས་པ། མཁས་པས་བསྔགས་པ་ མཁས་པ་དག་གིས་མ་སྨད་པ་དག་སྟེ། འདི་དག་ནི་རྒྱུན་དུ་ཞུགས་པའི་ཡན་ལག་བཞིའོ། །དགེ་སློང་དག་དེ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཞེ་ན། དགེ་སློང་དག་དེ་ལ་དེ་བཞིན་གཤེགས་པ་ནི་གནས་ལ་ཡང་གནས་སུ་ཡང་དག་ པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅིང་། གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ནི་དེ་བཞིན་གཤེགས་པའི་སྟོབས་དང་པོའོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་ ཡང་དག་པར་འཛིན་པ་དང་། རྣམ་པར་སྨིན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སེམས་ཅན་ཕ་རོལ་མོས་པ་དུ་མ་ཅན་དག་གི་མོས་པ་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁམས་དུ་མ་པའི་འཇིག་རྟེན་ གྱི་ཁམས་ཀྱི་ཁམས་སྣ་ཚོགས་ཅན་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སེམས་ཅན་གཞན་དག་གི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་ པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སེམས་ཅན་གཞན་དག་གི་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་ དང་། རྣམ་པར་བྱང་བ་རྣམ་པར་གཞག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས། རྒྱུ་ཅི་ལས་གྱུར་པ་དང་བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། སྐྱེ་བ་གཅིག་ཀྱང་ 67-1-198b རྗེས་སུ་དྲན་ནོ། །གཉིས་དང་གསུམ་དང་བཞི་ནས་སྐྱེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་རྗེས་སུ་དྲན་ནོ་ཞེས་རྒྱ་ཆེར་སྦྱར་རོ། །ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་སེམས་སྐྱེ་བ་དང་། ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་ སྤྱད་པ་དང་། ཉེས་པར་སྤྱད་པ་དག་གིས་བདེ་འགྲོ་དང་། ངན་འགྲོ་རྣམས་སུ་སྐྱེ་བ་དག་གི་སེམས་ཅན་གཟིགས་སོ་ཞེས་རྒྱ་ཆེར་སྦྱར་རོ། །ཡང་དག་པའི་ཤེས་རབ་ཀྱི་ཟག་པ་རྣམས་ཟད་ནས་ཟག་པ་ལས་སེམས་རྣམ་པར་གྲོལ་བ་ཡང་དག་ པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དགེ་སློང་དག་འདི་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའོ། །དེ་ལ་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་གང་ཞེ་ན། འདི་ལ་བཅོམ་ལྡན་འདས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ སོ་ཞེས་བདག་ཉིད་ཞལ་གྱིས་འཆེ་བ་ལ་འདིར་ལྷ་དང་བཅས་པ་དང་བདུད་དང་བཅས་པ་དང་ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པ་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་སྐྱེ་དགུ་ལས་གང་གིས་ཀྱང་ཁྱོད་ ཀྱིས་ཆོས་འདི་དག་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་དེ་ལ་རྒོལ་བའི་མཚན་མ་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་གཤེགས་པས་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བས་བདེ་བ་ཐོབ་ཅིང་མི་ འཇིགས་པ་ཐོབ་པར་གནས་ཤིང་ཁྱུ་མཆོག་གི་གནས་སུ་དམ་བཅས་ཏེ། འཁོར་གྱི་ནང་དུ་སོང་ནས་སེང་གེའི་སྒྲ་ཡང་དག་པར་སྒྲོག་ཅིང་དགེ་སྦྱོང་ངམ། བྲམ་ཟེ་འམ་སུས་ཀྱང་ཆོས་དང་འཐུན་པར་འཇིག་རྟེན་དུ་མ་བསྐོར་བའི་ཚངས་ པའི་འཁོར་ལོ་རབ་ཏུ་སྐོར་བ་དང་། ཡང་གང་དག་དེ་བཞིན་གཤེགས་པས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་འདིར་དེ་ལ་ཞེས་བྱ་བར་རྒྱས་པར་སྦྱར་བ་དང་། གང་ཡང་འདིས་ འཕགས་པ་ངེས་པར་འབྱུང་བའི་ལམ་བསྟེན་པ་དེ་དག་བསྟན་པ་དེ་བསྟེན་ཀྱང་སྡུག་བསྔལ་ཡང་དག་པར་ཟད་པར་བྱ་བའི་ཕྱིར་ངེས་པར་འབྱུང་བ་མ་ཡིན་ནོ་ཞེས་གང་ཡང་འདིར་དེ་ལ་ཞེས་བྱ་བར་རྒྱས་པར་སྦྱར་བ་དང་། ང་ཟག་པ་ 67-1-199a ཟད་དོ་ཞེས་བདག་ཉིད་ཞལ་གྱིས་འཆེ་བ་ལ་འདིར་ལྷ་དང་བཅས་པ་དང་། བདུད་དང་ཚངས་པར་བཅས་པ་དང་ཚངས་པ་དང་བཅས་པའི་འཇིག་རྟེན་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པ་དང་ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་ པའི་སྐྱེ་དགུ་ལས་གང་གིས་ཀྱང་ཟག་པ་འདི་དག་ཡོངས་སུ་མ་ཟད་དོ་ཞེས་དེ་ལ་རྒོལ་བའི་མཚན་མ་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་གཤེགས་པས་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བས་བདེ་བ་ཐོབ་ཅིང་མི་ འཇིགས་པ་ཐོབ་པར་གནས་ཤིང་ཁྱུ་མཆོག་གི་གནས་སུ་དམ་བཅས་ཏེ། འཁོར་གྱི་ནང་དུ་སོང་ནས་སེང་གེའི་སྒྲ་ཡང་དག་པར་སྒྲོག་ཅིང་དགེ་སྦྱོང་དང་བྲམ་ཟེ་འམ། སུས་ཀྱང་ཆོས་དང་འཐུན་པར་འཇིག་རྟེན་དུ་མ་བསྐོར་བའི་ཚངས་ པའི་འཁོར་ལོ་རབ་ཏུ་བསྐོར་བ་སྟེ། འདི་དག་ནི་མི་འཇིགས་པ་བཞིའོ། །དེ་ལ་དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པར་རིག་པ་བཞི་གང་ཞེ་ན། འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། འདི་དག་ནི་སོ་སོ་ཡང་དག་པར་རིག་པ་བཞིའོ། །དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་གང་ཞེ་ན། དེ་བཞིན་གཤེགས་པ་ལ་འཁྲུལ་པ་ མེད་པ་དང་ཅ་ཅོ་མེད་པ་དང་། བསྙེལ་བ་མེད་པ་དང་། སེམས་མཉམ་པར་མ་བཞག་པ་མེད་པ་དང་། ཐ་དད་པའི་འདུ་ཤེས་མེད་པ་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་དང་། འདུན་པ་ཉམས་པ་མེད་པ་དང་། བརྩོན་ འགྲུས་ཉམས་པ་མེད་པ་དང་། དྲན་པ་ཉམས་པ་མེད་པ་དང་། ཏིང་ངེ་འཛིན་ཉམས་པ་མེད་པ་དང་། ཤེས་རབ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཉམས་པ་མེད་པ་དང་ འདས་པའི་དུས་ལ་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་དང་། མ་འོངས་པའི་དུས་ལ་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་དང་། ད་ལྟར་བྱུང་བའི་དུས་ལ་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་ 67-1-199b པ་མེད་པ་དང་། ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་ འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་སྟེ། འདི་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དོ། །དེ་ལ་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་གང་ཞེ་ན། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་ པོའི་མཚན་ཞབས་ཤིན་དུ་གནས་པ་འདི་དང་། ཞབས་ཀྱི་འོག་གི་མཐིལ་གཉིས་འཁོར་ལོའི་མཚན་དང་ལྡན་པ་དང་། རྟིང་པ་ཡངས་ཤིང་ཞབས་བྱིན་གྱིས་མཐོ་བ་དང་། སོར་མོ་རིང་བ་དང་། ཕྱག་དང་ཞབས་དྲ་བས་འབྲེལ་པ་དང་། ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། བདུན་མཐོ་བའི་སྐུ་དང་ལྡན་པ་དང་། བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུ་དང་། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་། རོ་སྟོད་སེང་གེའི་འདྲ་བ་དང་། ཐལ་གོང་རྒྱས་པ་དང་། དཔུང་མགོ་ཤིན་དུ་ཟླུམ་པ་དང་། མ་བཏུད་པར་ཕྱག་པུས་མོར་སླེབས་པ་དང་། སྐུ་རྣམ་པར་དག་པ་དང་། མགུར་དུང་ལྟ་བུ་དང་། འགྲམ་པ་སེང་གེའི་འདྲ་བ་དང་། ཚེམས་བཞི་བཅུ་མཉམ་པ་དང་། ཚེམས་མཉམ་ཞིང་ཐགས་བཟང་བ་ དང་། ཚེམས་ཤིན་དུ་དཀར་བ་དང་། ལྗགས་ཤིན་དུ་རིང་བ་དང་། རོ་བྲོ་བའི་མཆོག་དང་ལྡན་པ་དང་། ཚངས་པའི་དབྱངས་དང་། བྱ་ཀ་ལ་པིང་ཀའི་སྒྲ་དབྱངས་དང་། སྤྱན་མཐོན་མཐིང་དང་། སྤྱན་གྱི་རྫི་མ་བའི་རྫི་མ་འདྲ་བ་དང་། ལྤགས་པ་ སྲབ་པ་དང་། ལྤགས་པའི་མདོག་གསེར་འདྲ་བ་དང་། སྤུའི་ཁུང་བུ་རེ་རེ་བ་དང་སྤུ་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་པ་དང་། དབུ་སྐྲ་རིན་པོ་ཆེ་ཨན་དྷ་རྙིལ་ལྟ་བུ་དང་། སྨིན་མཚམས་ཀྱི་སྒོའི་བར་གྱི་དཔྲལ་བའི་སྤུ་ཤིན་དུ་དཀར་བ་ དང་། དབུ་གཙུག་ཏོར་དང་ལྡན་པ་དང་། དེ་བཞིན་གཤེགས་པའི་སྐུ་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། ཀུན་དུ་མཛེས་པ་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཏེ། འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་སོ། །དེ་བཞིན་ 67-1-200a གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཞབས་ཤིན་དུ་གནས་པ་འདི་ནི་སྔོན་ཡི་དམ་ལ་བརྟན་པས་མངོན་པར་གྲུབ་པའོ། །དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཞབས་ཀྱི་འོག་ གི་མཐིལ་གཉིས་འཁོར་ལོའི་མཚན་དང་ལྡན་པ་འདི་ནི་སྔོན་སྦྱིན་པ་སྣ་ཚོགས་བསགས་པས་མངོན་པར་གྲུབ་པའོ། །དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་རྟིང་པ་ཡངས་ཤིང་ཞབས་བྱིན་གྱིས་མཐོ་བ་འདི་ ནི་སྔོན་སེམས་ཅན་གཞན་ལ་སྤ་བཀོང་བ་མ་བྱས་པས་མངོན་པར་གྲུབ་པའོ། །དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་སོར་མོ་རིང་བ་འདི་ནི་སྔོན་སེམས་ཅན་རྣམས་ལ་ཆོས་ཀྱིས་བསྲུང་བ་དང་། བསྐྱབ་པ་དང་ སྦ་བ་བྱས་པས་མངོན་པར་གྲུབ་པའོ། །དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཕྱག་དང་། ཞབས་དྲ་བས་འབྲེལ་བ་འདི་ནི་སྔོན་གཡོག་འཁོར་གྱི་དབྱེན་མ་བྱས་པས་མངོན་པར་གྲུབ་པའོ། །དེ་བཞིན་ གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཕྱག་དང་། ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་འདི་ནི་སྔོན་གོས་དམ་པ་སྣ་ཚོགས་རབ་ཏུ་བྱིན་པས་མངོན་པར་གྲུབ་པའོ། །དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་ པོའི་སྐྱེས་བུ་ཆེན་པོའི་མཚན་བདུན་མཐོ་བའི་སྐུ་དང་ལྡན་པ་འདི་ནི་སྔོན་བཟའ་བ་དང་། བཏུང་བ་རྒྱ་ཆེན་པོ་བྱིན་པས་མངོན་པར་གྲུབ་པའོ། །དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་བྱིན་པ་རི་དགས་ཨེ་ན་ཡའི་ ལྟ་བུ་འདི་ནི་སྔོན་སངས་རྒྱས་ཀྱི་ཆོས་ཡོངས་སུ་བཟུང་བས་མངོན་པར་གྲུབ་པའོ། །དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་འདི་ནི་སྔོན་གསང་བའི་ཚིག་བསྲུངས་པ་དང་ འཁྲིག་པའི་ཆོས་སྤངས་པས་མངོན་པར་གྲུབ་པའོ། །དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་རོ་སྟོད་སེང་གེའི་འདྲ་བ་འདི་ནི་སྔོན་དགེ་བའི་ལས་ཀུན་དུ་བསྲུངས་པས་མངོན་པར་གྲུབ་པའོ། །དེ་བཞིན་ 67-1-200b གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཐལ་གོང་རྒྱས་པ་འདི་ནི་སྔོན་དགེ་བའི་ཆོས་ཡང་དག་པར་སྤྱད་པས་མངོན་པར་གྲུབ་པའོ། །དེ་བཞིན་གཤེགས་པའི་དཔུང་མགོ་ཤིན་དུ་ཟླུམ་པ་འདི་ནི་སྔོན་གཞན་དག་ལ་ དབུགས་འབྱིན་པ་བྱིན་པས་མངོན་པར་གྲུབ་པའོ། །དེ་བཞིན་གཤེགས་པའི་ཕྱག་མ་བཏུད་པར་པུས་མོར་སླེབས་པ་འདི་ནི་སྔོན་གཞན་ལ་བྱ་བ་ཅི་ཡོད་ཅེས་བྱ་བས་མངོན་པར་གྲུབ་པའོ། །དེ་བཞིན་གཤེགས་པའི་སྐུ་རྣམ་པར་ དག་པ་འདི་ནི་སྔོན་དགེ་བ་བཅུའི་ལས་ཀྱི་ལམ་ངོམས་མི་མྱོང་བར་ཡང་དག་པར་སྤྱད་པས་མངོན་པར་གྲུབ་པའོ། །དེ་བཞིན་གཤེགས་པའི་མགུར་དུང་ལྟ་བུ་འདི་ནི་སྔོན་ནད་པ་རྣམས་ལ་སྨན་སྣ་ཚོགས་བྱིན་པས་མངོན་པར་གྲུབ་པའོ། ། དེ་བཞིན་གཤེགས་པའི་འགྲམ་པ་སེང་གེའི་འདྲ་བ་འདི་ནི་སྔོན་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བྱས་པས་མངོན་པར་གྲུབ་པའོ། །དེ་བཞིན་གཤེགས་པའི་ཚེམས་བཞི་བཅུ་མཉམ་པ་འདི་ནི་སྔོན་སེམས་ཅན་ལ་མཚུངས་པར་ གནས་སྦྱར་བས་མངོན་པར་གྲུབ་པའོ། །དེ་བཞིན་གཤེགས་པའི་ཚེམས་ཐགས་བཟང་བ་འདི་ནི་སྔོན་སེམས་ཅན་བྱེ་བའི་སྡུམས་བྱས་པས་སོ། །དེ་བཞིན་གཤེགས་པའི་ཚེམས་ཤིན་དུ་དཀར་བ་འདི་ནི་སྔོན་ཡིད་དུ་འོང་བ་རབ་ཏུ་བྱིན་ པས་སོ། །ཚེམས་མཉམ་པ་ནི་སྔོན་ལུས་དང་། ངག་དང་། ཡིད་ལས་ཀུན་དུ་བསྲུངས་པས་གྲུབ་པའོ། །དེ་བཞིན་གཤེགས་པའི་ལྗགས་ཤིན་དུ་རིང་བ་འདི་ནི་སྔོན་བདེན་པའི་ཚིག་ཡང་དག་པར་བསྲུངས་པས་གྲུབ་པའོ། །དེ་བཞིན་ གཤེགས་པའི་རོ་བྲོ་བའི་མཆོག་དང་ལྡན་པ་འདི་ནི་སྔོན་བསོད་ནམས་ཚད་མེད་པས་བདག་ཉེ་བར་བསྟན་ཅིང་གཞན་ལ་རབ་ཏུ་བྱིན་པས་གྲུབ་པའོ། །དེ་བཞིན་གཤེགས་པའི་ཚངས་པའི་དབྱངས་དང་། བྱ་ཀ་ལ་པིང་ཀའི་ སྒྲ་དབྱངས་འདི་ནི་སྔོན་སེམས་ཅན་ལ་ཚིག་འཇམ་པོ་སྨྲས་པ་དང་། ཀུན་དུ་དགའ་བའི་ཚིག་ཐོས་པར་བྱེད་པས་གྲུབ་པའོ། །དེ་བཞིན་གཤེགས་པའི་སྤྱན་མཐོན་མཐིང་འདི་ནི་སྔོན་བྱམས་པ་དང་ལྡན་པས་སེམས་ཅན་ཡང་དག་ 67-1-201a པར་བསྲུངས་པས་སོ། །སྤྱན་གྱི་རྫི་མ་བའི་འདྲ་བ་འདི་ནི་སྔོན་བསམ་པ་བཅོས་མ་མ་ཡིན་པས་སོ། །ལྤགས་པ་སྲབ་པ་འདི་ནི་སྔོན་ཆོས་ཡང་དག་པར་སྡུད་པ་ལས་སུ་རུང་བས་མངོན་པར་གྲུབ་པའོ། །དེ་བཞིན་གཤེགས་ པའི་ལྤགས་པའི་མདོག་གསེར་འདྲ་བ་འདི་ནི་སྔོན་མལ་ཆ་དང་། གདིང་བ་དང་། གོས་ཡིད་དུ་འོང་བ་བྱིན་པས་མངོན་པར་གྲུབ་པའོ། །དེ་བཞིན་གཤེགས་པའི་སྤུའི་ཁུང་བུ་རེ་རེ་བ་འདི་ནི་སྔོན་འདུ་འཛི་ཡོངས་སུ་སྤངས་པས་མངོན་ པར་གྲུབ་པའོ། །དེ་བཞིན་གཤེགས་པའི་སྤུ་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་བ་འདི་ནི་སྔོན་མཁན་པོ་དང་། སློབ་དཔོན་དང་། དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བསྟན་པ་ལ་འཐུན་པར་འཛིན་པས་གྲུབ་པའོ། །དེ་བཞིན་ གཤེགས་པའི་དབུ་སྐྲ་རིན་པོ་ཆེ་ཨན་དྷ་རྙིལ་ལྟ་བུ་འདི་ནི་སྔོན་སེམས་ཅན་གྱི་སྲོག་ལ་སྙིང་བརྩེ་བ་དང་བོང་བ་དང་དབྱུག་པ་དང་མཚོན་ཆ་བོར་བས་གྲུབ་པའོ། །དེ་བཞིན་གཤེགས་པའི་སྨིན་མཚམས་ཀྱི་སྒོའི་བར་གྱི་དཔྲལ་ བའི་སྤུ་ཤིན་དུ་དཀར་བ་འདི་ནི་སྔོན་བསྔགས་པར་འོས་པ་རྣམས་ཀྱི་བསྔགས་པ་བརྗོད་པས་མངོན་པར་གྲུབ་པའོ། །དེ་བཞིན་གཤེགས་པའི་དབུ་གཙུག་ཏོར་དང་ལྡན་པ་འདི་ནི་སྔོན་བླ་མ་ལ་གུས་པར་བྱས་པས་མངོན་པར་གྲུབ་ པའོ། །དེ་བཞིན་གཤེགས་པའི་སྐུ་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་འདི་ནི་སྔོན་བདག་དང་གཞན་ཏིང་འཛིན་ལ་སྦྱོར་བས་མངོན་པར་གྲུབ་པའོ། །དེ་བཞིན་གཤེགས་པའི་སྐུ་སྲེད་མེད་ཀྱི་བུ་ཆེན་པོ་ལྟ་བུར་ཀུན་དུ་མཛེས་ པ་འདི་ནི་སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་པ་དང་། མཆོད་རྟེན་ཞིག་པ་བཅོས་པ་དང་། གཞན་དག་འཇིགས་པ་ལས་དབུགས་དབྱུང་བ་བྱས་པས་གྲུབ་པ་སྟེ། དགེ་བའི་རྩ་བ་ཚད་མེད་པས་ཆོས་འདི་དག་ ལ་དབང་སྒྱུར་བའི་ཕྱིར་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་པོ་དག་སྐུ་ལ་མངོན་པར་གྲུབ་པའོ། །དཔེ་བྱད་བཟང་པོ་བརྒྱད་བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་སེན་མོ་ 67-1-201b ཟངས་ཀྱི་མདོག་ལྟ་བུ་དང་། སེན་མོ་མདོག་སྣུམ་པ་དང་སེན་མོ་མཐོ་བ་དང་། སེན་མོ་རྣམས་ཟླུམ་པ་དང་། སོར་མོ་རྣམས་རྒྱས་པ་དང་། སོར་མོ་རྣམས་བྱིན་གྱིས་ཕྲ་བ་དང་། རྩ་མི་མངོན་པ་དང་རྩ་མདུད་པ་མེད་པ་དང་ལོང་བུ་མི་ མངོན་པ་དང་ཞབས་མི་མཉམ་པ་མེད་པ་དང་སེང་གེའི་སྟབས་སུ་གཤེགས་པ་དང་། གླང་པོ་ཆེའི་སྟབས་སུ་གཤེགས་པ་དང་། ངང་པའི་སྟབས་སུ་གཤེགས་པ་དང་། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང་། གཡས་ཕྱོགས་ སུ་ལྡོག་ཅིང་གཤེགས་པ་དང་། མཛེས་པར་གཤེགས་པ་དང་མི་གཡོ་བར་གཤེགས་པ་དང་། སྐུ་འཁྲིལ་བག་ཆགས་པ་དང་། སྐུ་བྱི་དོར་བྱས་པ་ལྟ་བུ་དང་། སྐུ་རིམ་པར་མཚམ་པ་དང་། སྐུ་ཁོ་ལག་ཡངས་ཤིང་བཟང་བ་ དང་མཚན་ཡོངས་སུ་རྫོགས་པ་དང་། གོམ་པ་སྙོམས་པ་དང་། སྐུ་གཙང་བ་དང་། སྐུ་འཇམ་པ་དང་། སྐུ་རྣམ་པར་དག་པ་དང་། སྐུ་ཞུམ་པ་མེད་པ་དང་། སྐུ་རྒྱས་པ་དང་། སྐུ་ཤིན་དུ་གྲིམས་པ་དང་། ཡན་ལག་དང་ཉིང་ལག་ཤིན་དུ་ རྣམ་པར་འབྱེས་པ་དང་། གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་དང་དཀུ་ཟླུམ་པ་དང་དཀུ་སྐབས་ཕྱིན་པ་དང་དཀུ་མ་རྙོངས་པ་དང་། ཕྱལ་ཕྱམ་མེ་བ་དང་ལྟེ་བ་ཟབ་པ་དང་། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་པ་དང་། ཀུན་ནས་མཛེས་པ་དང་། ཀུན་དུ་སྤྱོད་པ་གཙང་བ་དང་། སྐུ་ལ་སྨེ་བ་དང་གནག་བག་མེད་པ་དང་། ཕྱག་ཤིང་བལ་ལྟར་ཤིན་དུ་འཇམ་པ་དང་། ཕྱག་གི་རི་མོ་མདངས་ཡོད་པ་དང་། ཕྱག་གི་རི་མོ་ཟབ་པ་དང་། ཕྱག་གི་རི་མོ་རིང་བ་དང་། ཞལ་ཧ་ཅང་ཡང་མི་རིང་བ་དང་། ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་བ་དང་། ལྗགས་སྲབ་པ་དང་། ལྗགས་འཇམ་པ་དང་། ལྗགས་དམར་བ་དང་། གླང་པོ་ཆེའི་ང་རོ་དང་། འབྲུག་གི་སྒྲ་དང་ལྡན་པ་དང་། གསུང་སྙན་ ཅིང་མཉེན་ལ་འཇམ་པ་དང་། མཆེ་བ་ཟླུམ་པ་དང་། མཆེ་བ་རྣོ་བ་དང་། མཆེ་བ་དཀར་བ་དང་། མཉམ་པ་དང་། མཆེ་བ་བྱིན་གྱིས་ཕྲ་བ་དང་། ཤངས་མཐོ་བ་དང་། ཤངས་གཙང་བ་དང་། སྤྱན་ཡངས་པ་དང་། སྤྱན་རིང་བ་དང་། 67-1-202a རྫི་མ་སྟུག་པ་དང་། སྤྱན་དཀར་གནག་འབྱེས་ཤིང་ཨུད་པ་ལའི་འདབ་མ་ཡངས་པ་ལྟ་བུར་འདུག་པ་དང་། བྲང་ཆེ་ཞིང་རྒྱས་ལ་མཁྲེགས་པ་དང་། སྨིན་ཚུགས་རིང་བ་དང་། སྨིན་མ་འཇམ་པ་དང་། སྨིན་མའི་སྤུ་མཉམ་ པ་དང་སྨིན་མ་སྣུམ་པ་དང་། སྙན་ཤལ་སྟུག་ཅིང་རིང་བ་དང་། སྙན་མཉམ་པ་དང་། སྙན་གྱི་དབང་པོ་མ་ཉམས་པ་དང་། དཔྲལ་བ་ལེགས་པར་འབྱེས་པ་དང་། དཔྲལ་བའི་དབྱེས་ཆེ་བ་དང་། དབུ་ཤིན་དུ་རྒྱས་པ་དང་། དབུ་སྐྲ་བུང་བ་ལྟར་ གནག་པ་དང་། དབུ་སྐྲ་སྟུག་པ་དང་། དབུ་སྐྲ་འཇམ་པ་དང་། དབུ་སྐྲ་མ་འཛིངས་པ་དང་། དབུ་སྐྲ་མི་གཤོར་བ་དང་། དབུ་སྐྲ་དྲི་ཞིམ་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཕྱག་དང་ཞབས་དཔལ་གྱི་བེའུ་དང་། བཀྲ་ཤིས་ དང་གཡུང་དྲུང་འཁྱིལ་པ་དང་འཁོར་ལོ་དང་རྡོ་རྗེ་དང་པད་མ་དང་ཉ་ལ་སོགས་པའི་མཚན་ཡོད་པ་ཡིན་ཏེ། འདི་དག་ནི་དཔེ་བྱད་བཟང་པོ་བརྒྱད་བཅུའོ། །དགེ་སློང་དག་ཁྱེད་ལ་ཆོས་བཤད་པར་བྱ་སྟེ། ཚངས་པར་སྤྱོད་པ་དང་ཐོག་ མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་དང་དོན་བཟང་པོ་ཚིག་འབྲུ་བཟང་པོ་མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་འདི་ལྟ་སྟེ། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡང་དག་ པར་རབ་ཏུ་བཤད་པར་བྱ་ཞེས་གང་སྨྲས་པ་དེ་ནི་བཤད་པ་འདི་ཡིན་ནོ། །དགེ་སློང་དག་འདི་དག་ནི་དགོན་པའི་གནས་སམ། ཤིང་དྲུང་ངམ། ཁང་སྟོང་ངམ། རི་སུལ་ལམ། རི་ཕུག་གམ། སོག་ཁྲོད་དམ། བླ་གབ་མེད་པ་འམ་ དུར་ཁྲོད་དམ། ནགས་ཚལ་གྱི་མཐོངས་སམ། བས་མཐའི་མལ་སྟན་དག་ཏུ་ངེས་པར་བསམ་གཏན་དུ་གྱིས་ཤིག །དགེ་སློང་དག་བག་མེད་པར་གྱུར་ནས་ཕྱིས་འགྱོད་པར་གྱུར་ཏ་རེ། འདི་ནི་ངེད་ཀྱིས་རྗེས་སུ་བསྟན་པའོ། ། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་དགེ་སློང་ལྔ་བརྒྱ་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་ལྷ་དང་མི་ 67-1-202b དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་དང་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ཨརྠ་བི་གྷུཥྚ་ནཱ་མ་དྷརྨ་པརྱཱ་ཡ། བོད་སྐད་དུ། འཕགས་པ་དོན་རྒྱས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ལ་ཆོས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ་ཚིག་འབྲུ་བཟང་པོ། མ་འདྲེས་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཚངས་པར་སྤྱོད་པ་བསྟན་པར་བྱ་སྟེ། འདི་ལྟ་སྟེ། དོན་རྒྱས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་རབ་ཏུ་བཤད་ཀྱིས་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །དོན་རྒྱས་པའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། ཚེ་དང་ལྡན་པ་དག་དལ་བ་ཚོགས་པ་ བཅུ་གཉིས་པོ་འདི་དག་ནི་འཕགས་པའི་ཆོས་ཐོབ་པར་འགྱུར་བ་སྟེ། འདི་ལྟ་སྟེ། བདག་གི་འབྱོར་པ་དང་། གཞན་གྱི་འབྱོར་པ་དང་། མི་ཉིད་དང་། ཡུལ་དབུས་སུ་སྐྱེས་པ་དང་། དབང་པོ་རྣམས་མ་ཚང་བ་མེད་པ་དང་། ལས་ཀྱི་ མཐའ་མ་བཏང་བ་ཉིད་དང་། གནས་ལ་དད་པར་འགྱུར་བ་དང་། སངས་རྒྱས་རྣམས་བྱུང་བ་དང་། དམ་པའི་ཆོས་བསྟན་པ་དང་། ཆོས་བསྟན་པ་རྣམས་གནས་པ་དང་། གནས་པ་རྣམས་རྗེས་སུ་འཇུག་པ་དང་། གཞན་ལ་ སོ་སོར་སྙིང་བརྩེ་བ་སྟེ། དེ་ལྟར་ན་ཚེ་དང་ལྡན་པ་དག་དལ་བ་ཚོགས་པ་བཅུ་གཉིས་པོ་འདི་དག་ནི་འཕགས་པའི་ཆོས་འཐོབ་པར་འགྱུར་བ་ཡིན་ནོ། །ཚེ་དང་ལྡན་པ་དག་སྨྲ་བའི་དགེ་སློང་གཏམ་སྨྲ་བས་གཞན་དག་ 67-1-203a ལ་རྣམ་པ་ཉི་ཤུས་གཏམ་བྱ་སྟེ། འདི་ལྟ་སྟེ། དུས་སུ་དང་གུས་པ་དང་འཚམ་པ་མཚམས་འབྱོར་པ་དང་རྗེས་སུ་འབྲལ་པ་དང་རི་མོ་དང་འདོད་པ་དང་མགུ་བ་དང་སྤྲོ་བ་དང་མི་སྨོད་པ་དང་རིགས་པ་དང་འབྲེལ་པ་དང་མ་འཆོལ་ བ་དང་ཇི་ལྟ་བ་བཞིན་གྱི་སེམས་དང་ཕན་པ་དང་ཕན་པའི་སེམས་དང་སྙིང་བརྩེ་བའི་སེམས་དང་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་མི་བརྟེན་པར་བྱའོ། །གཏམ་དེ་དག་སྨྲ་བ་ན་བདག་ལ་བསྟོད་པར་མི་བྱ། གཞན་ལ་ སྨོད་པར་མི་བྱ་བར་གཏམ་བྱའོ། །ཚེ་དང་ལྡན་པ་དག་ཆོས་ཉན་པར་འདོད་པས་རྣམ་པ་བཅུ་དྲུག་གིས་མཉན་པར་བྱ་སྟེ། འདི་ལྟ་སྟེ། དུས་སུ་ཆོས་མཉན་པར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། གུས་པར་ཉན་པ་དང་། མ་རངས་ པ་མེད་པ་དང་། བསྒོ་བ་བཞིན་ཉན་པ་དང་། ཀླན་ཀ་མི་ཚོལ་བ་དང་། ཆོས་ལ་གུས་པར་བྱ་བ་དང་། ཆོས་སྨྲ་བའི་གང་ཟག་ལ་གུས་པར་བྱ་བ་དང་། ཆོས་ལ་མི་བརྙས་པ་དང་། ཆོས་སྨྲ་བའི་གང་ཟག་ལ་མི་བརྙས་པ་དང་། བདག་ ལ་མི་བརྙས་པ་དང་། རྩེ་གཅིག་པའི་སེམས་དང་། ཀུན་ཤེས་པར་བྱ་བའི་སེམས་དང་། རྣ་བ་བླགས་ཏེ་མཉན་པ་དང་། སེམས་བསྡུས་ཏེ་སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་ལ་མཉན་པར་བྱའོ། །དེ་དེ་ལྟར་ཆོས་ཡང་དག་ པར་ཉན་པ་ན་མྱ་ངན་ལས་འདས་པ་གཙོར་བྱ་བ་ལ་དད་ཅིང་སེམས་དང་བ་སྐྱེ་བར་འགྱུར་རོ། །མྱ་ངན་ལས་འདས་པ་གཙོར་བྱ་བ་སེམས་མཆོག་ཏུ་དགའ་བ་དང་། ཡི་རངས་པ་སྐྱེ་བར་འགྱུར་རོ། །མྱ་ངན་ལས་འདས་པ་གཙོར་བྱ་བ་ ལ་ཟང་ཟིང་མེད་པར་དགའ་བར་སྐྱེ་བར་འགྱུར་རོ། །མྱ་ངན་ལས་འདས་པ་གཙོར་བྱ་བ་ལ་ཉེ་བའི་ཉོན་མོངས་པ་རྣམས་སྤོང་ཞིང་སེམས་མཉམ་པར་འཇོག་པ་དང་། སོམ་ཉི་རྣམས་སེལ་བ་དང་ལྟ་བ་དྲང་པོར་བྱེད་པར་འགྱུར་རོ། ། མྱ་ངན་ལས་འདས་པ་གཙོར་བྱ་བ་ལ་སེམས་རྣལ་འབྱོར་དུ་འགྱུར་བ་དང་རྟུན་པ་དང་རྗེས་སུ་བརྩོན་པ་དང་སྤོང་བ་དང་ནང་དུ་ཡང་དག་འཇོག་དང་དོན་གྱི་མཆོག་པར་འགྱུར་རོ། །མྱ་ངན་ལས་འདས་པ་གཙོར་བྱ་བ་ལ་འདུ་བྱེད་ 67-1-203b ཐམས་ཅད་ཞི་བ་དང་། སྟོང་པ་ཉིད་དུ་དམིགས་པ་དང་སྲེད་པ་ཟད་པ་དང་འདོད་ཆགས་དང་བྲལ་བ་དང་འགོག་པ་དང་མྱ་ངན་ལས་འདས་པ་ལ་སེམས་རབ་ཏུ་འཇུག་ཅིང་དང་བ་དང་། ཡང་དག་པར་གནས་པ་དང་རྣམ་པར་གྲོལ་བར་ འགྱུར་རོ། །མྱ་ངན་ལས་འདས་པ་གཙོར་བྱ་བ་ལ་ཕུང་པོ་མི་རྟག་པ་ཉིད་དང་ཕུང་པོ་གསོག་ཉིད་དང་ཕུང་པོ་གསོབ་ཉིད་དང་ཕུང་པོ་སྙིང་པོ་མེད་པ་ཉིད་དང་། ཕུང་པོ་འཇིག་པ་ཉིད་ལ་སེམས་རབ་ཏུ་འཇུག་ཅིང་དང་བ་དང་ཡང་དག་པར་ གནས་པ་དང་རྣམ་པར་གྲོལ་བར་འགྱུར་རོ། །མྱ་ངན་ལས་འདས་པ་གཙོར་བྱ་བ་ལ་འཕགས་པའི་བདེན་པ་བཞི་ཤེས་པར་བྱ་བ་ལ་མིག་རྣམ་པར་དག་པར་འགྱུར་རོ། །མྱ་ངན་ལས་འདས་པ་གཙོར་བྱ་བ་ལ་རྣམ་པར་གྲོལ་བ་ཡོངས་ སུ་རྫོགས་པར་འགྱུར་རོ། །ཚེ་དང་ལྡན་པ་དག་འཕགས་པ་ཉན་ཐོས་དེ་ལྟར་ཆོས་ཡང་དག་པར་ཉན་ན་སྒྲོགས་པ་ལ་ཡང་མཐོ་མི་འཚམ། ཆོས་ཀྱི་གཏམ་གྱི་རོ་ཡང་མྱོང་བར་འགྱུར། སྟོན་པ་ལ་ཡང་ཆོས་ཉིད་ཀྱིས་རིམ་གྲོ་བྱེད། བདག་ གི་དོན་ཡང་རྗེས་སུ་འཐོབ། མྱ་ངན་ལས་འདས་པ་ཡང་འཐོབ་པར་འགྱུར་རོ། །ཆོས་འདི་དག་ནི་དེའི་ཤེས་རབ་ཡོངས་སུ་སྨིན་པར་འགྱུར་བ་སྟེ། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་ལ་སྟེན་པ་དང་དགེ་བའི་ངང་ཚུལ་ཅན་ཉིད་དང་། སེམས་ཤེས་རབ་ཅན་ཉིད་དང་གུས་པར་ཉན་པ་དང་ཡོངས་སུ་འདྲི་བ་དང་དམ་པའི་ཆོས་ཉན་པ་དང་དམ་པའི་ཆོས་རྟག་ཏུ་བྱེད་པ་དང་སྐྱོ་བར་བྱ་བའི་ཆོས་རྣམས་ལ་སྐྱོ་བ་དང་། དེ་བཞིན་དུ་ཀུན་དུ་སྐྱོ་བ་ལ་ཡོད་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་ མི་དགེ་བའི་ཆོས་ཐམས་ཅད་སྤོང་བས་དགེ་བའི་ཆོས་རྣམས་ལ་ཚུལ་བཞིན་དུ་རབ་ཏུ་འཇོག་པ་དང་དེ་རྣམ་པར་བྱང་བ་དང་ཏིང་ངེ་འཛིན་ལ་དབང་ཐོབ་ཅིང་ཚུལ་བཞིན་དུ་ཡང་ཡིད་ལ་བྱེད་པའོ། །ཚེ་དང་ལྡན་པ་དག་འཕགས་པ་ཉན་ཐོས་དེ་ ལྟར་ཡང་དག་པར་ཚུལ་བཞིན་ཡིད་ལ་བྱས་པའི་བདག་ཉིད་ཀྱིས་འདུ་ཤེས་བཅུ་པོ་འདི་ལྟ་སྟེ། མི་སྡུག་པའི་འདུ་ཤེས་དང་མི་རྟག་པའི་འདུ་ཤེས་དང་མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་སྡུག་བསྔལ་ལ་བདག་མེད་པའི་འདུ་ 67-1-204a ཤེས་དང་ཟས་ལ་མི་འཕྲོད་པའི་འདུ་ཤེས་དང་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། སྣང་བའི་འདུ་ཤེས་དང་འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་འགོག་པའི་འདུ་ཤེས་དང་འཆི་བའི་ འདུ་ཤེས་བསྒོམ་པར་བྱའོ། །ཚེ་དང་ལྡན་པ་དག་མི་སྡུག་པའི་འདུ་ཤེས་ཀྱི་བར་དུ་གཅོད་པའི་ཆོས་ནི་བཅུ་བཞི་སྟེ། འདི་ལྟ་སྟེ། བུད་མེད་དང་ལྷན་ཅིག་གནས་པ་དང་དྲན་པ་གཡེངས་པས་བུད་མེད་ལ་ལྟ་བ་དང་བག་མེད་པ་དང་འདོད་ ཆགས་ཤས་ཆེ་བ་ཉིད་དང་སྡུག་པའི་མཚན་མའི་རྗེས་སུ་བརྩོན་པ་དང་མི་གཙང་བ་ལ་སོ་སོར་མི་རྟོག་པ་དང་ལས་ཀྱི་མཐའ་ལ་ཞུགས་པའི་གང་ཟག་དང་ལྷན་ཅིག་སྦྱོར་བ་དང་དེ་དག་དང་འཐུན་པར་བྱེད་པ་དང་གུས་པར་མི་ཉན་པ་ དང་ཡོངས་སུ་མི་འདྲི་བ་དང་དབང་པོ་རྣམས་ཀྱི་སྒོ་མ་བསྲུངས་པ་དང་ཟས་ཀྱི་ཚོད་མི་རིག་པ་དང་དབེན་པ་ལ་མངོན་པར་མི་དགའ་བ་དང་ཇི་ལྟ་བ་བཞིན་ལ་སོ་སོར་མི་རྟོག་པའོ། །མི་རྟག་པའི་འདུ་ཤེས་ཀྱི་བར་དུ་གཅོད་པ་ནི་འདུ་ བྱེད་ལ་རྗེས་སུ་ཆགས་པའོ། །མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་ཀྱི་བར་དུ་གཅོད་པའི་ཆོས་ནི་དྲུག་སྟེ། འདི་ལྟ་སྟེ། ལེ་ལོ་དང་འགྱོད་པ་དང་ཡལ་བ་དང་བག་མེད་པ་དང་མི་བརྩོན་པ་དང་ཇི་ལྟ་བ་བཞིན་སོ་སོར་མི་རྟོག་པའོ། ། སྡུག་བསྔལ་ལ་བདག་མེད་པའི་འདུ་ཤེས་ཀྱི་བར་དུ་གཅོད་པ་ནི་བདག་ཏུ་ལྟ་བའོ། །ཟས་ལ་མི་འཕྲོད་པའི་འདུ་ཤེས་ཀྱི་བར་དུ་གཅོད་པ་ནི་རོ་ལ་སྲེད་པའོ། །འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་ཀྱི་ བར་དུ་གཅོད་པ་ནི་འཇིག་རྟེན་གྱི་སྣ་ཚོགས་དག་ལ་འདུན་པ་དང་འདོད་ཆགས་ཀྱི་རྗེས་སུ་ཆགས་པའོ། །སྣང་བའི་འདུ་ཤེས་ཀྱི་བར་དུ་གཅོད་པའི་ཆོས་ནི་བཅུ་གཅིག་སྟེ། འདི་ལྟ་སྟེ། ཐེ་ཚོམ་དང་ཡིད་ལ་མི་བྱེད་པ་དང་ལུས་ཀྱི་གནས་ ངན་ལེན་དང་གཉིད་དང་རྨུགས་པ་དང་ཧ་ཅང་བརྩོན་འགྲུས་དྲགས་པ་དང་། ཧ་ཅང་བརྩོན་འགྲུས་ཞན་པ་དང་དགའ་བ་དང་སྤོབས་པ་མེད་པ་དང་འདུ་ཤེས་སྣ་ཚོགས་དང་། ཧ་ཅང་སྨྲ་བ་མང་བ་དང་གཟུགས་རྣམས་ལ་ངེས་པར་ 67-1-204b རྟོག་པ་ཉིད་དོ། །འདོད་ཆགས་དང་བྲལ་བའི་འདུ་ཤེས་ཀྱི་བར་དུ་གཅོད་པ་ནི་ཀུན་དུ་འདོད་ཆགས་པའོ། །འགོག་པའི་འདུ་ཤེས་ཀྱི་བར་དུ་གཅོད་པ་ནི་ཆོས་ལ་མཚན་མའི་རྗེས་སུ་འབྲང་བའོ། །འཆི་བའི་འདུ་ཤེས་ཀྱི་བར་དུ་ གཅོད་པ་ནི་གསོན་པ་ལ་འཆུམས་པའོ། །ཚེ་དང་ལྡན་པ་དག་ཆོས་གསུམ་པོ་གཅེས་སྤྲས་བྱེད་པ་དང་། འདུན་པ་སྤོང་བ་དང་། དེ་ལ་མང་དུ་གནས་པ་ནི་བར་དུ་གཅོད་པ་མ་བཅོམ་པ་དེ་དག་ཡང་དག་པར་འཇོམས་པའོ། ། ཚེ་དང་ལྡན་པ་དག་ཆོས་བཅུ་བཞི་ནི་མི་སྡུག་པའི་འདུ་ཤེས་ལ་གཅེས་སྤྲས་བྱེད་པ་སྟེ། འདི་ལྟ་སྟེ། བུད་མེད་དང་ལྷན་ཅིག་མི་གནས་པ་དང་དྲན་པ་ཉེ་བར་གནས་པས་བུད་མེད་ལ་ལྟ་བ་དང་བག་ཡོད་པ་དང་འདོད་ཆགས་ ཤས་ཆུང་བ་དང་སྡུག་པའི་མཚན་མའི་རྗེས་སུ་མི་བརྩོན་པ་དང་མི་སྡུག་པ་ལ་སོ་སོར་རྟོག་པ་དང་། ལས་ཀྱི་མཐའ་ལ་ཞུགས་པའི་གང་ཟག་དང་ལྷན་ཅིག་མི་སྦྱོར་བ་དང་དེ་དག་དང་འཐུན་པར་མི་བྱེད་པ་དང་གུས་ པར་ཉན་པ་དང་ཡོངས་སུ་འདྲི་བ་དང་དབང་པོའི་སྒོ་རྣམས་བསྡམས་པ་ཉིད་དང་ཟས་ཀྱི་ཚོད་རིག་པ་ཉིད་དང་དབེན་པ་ལ་མངོན་པར་དགའ་བ་དང་ཇི་ལྟ་བ་བཞིན་ལ་སོ་སོར་རྟོག་པའོ། །ཚེ་དང་ལྡན་པ་དག་མི་སྡུག་པའི་ འདུ་ཤེས་ཀུན་དུ་བསྟེན་བསྒོམས་ལན་མང་དུ་བྱས་ན་འདོད་པའི་འདོད་ཆགས་སྤོང་བར་འགྱུར་རོ། །མི་རྟག་པའི་འདུ་ཤེས་ཀུན་དུ་བསྟེན་བསྒོམས་ལན་མང་དུ་བྱས་ན་འདུ་བྱེད་སྤོང་བར་འགྱུར་རོ། །མི་རྟག་པ་ལ་སྡུག་བསྔལ་ བའི་འདུ་ཤེས་ཀུན་དུ་བསྟེན་བསྒོམས་ལན་མང་དུ་བྱས་ན་ལེ་ལོ་དང་། འགྱོད་པ་སྤོང་བར་འགྱུར་རོ། །སྡུག་བསྔལ་ལ་བདག་མེད་པའི་འདུ་ཤེས་ཀུན་དུ་བསྟེན་བསྒོམས་ལན་མང་དུ་བྱས་ན་བདག་ཏུ་ལྟ་བ་སྤོང་བར་ འགྱུར་རོ། །ཟས་ལ་མི་འཕྲོད་པའི་འདུ་ཤེས་ཀུན་དུ་བསྟེན་བསྒོམས་ལན་མང་དུ་བྱས་ན་རོ་ལ་སྲེད་པ་སྤོང་བར་འགྱུར་རོ། །འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་ཀུན་དུ་བསྟེན་བསྒོམས་ལན་མང་ 67-1-205a དུ་བྱས་ན་འཇིག་རྟེན་གྱི་སྣ་ཚོགས་དག་ལ་འདུན་པ་དང་། འདོད་ཆགས་ཀྱི་རྗེས་སུ་ཆགས་པ་སྤོང་བར་འགྱུར་རོ། །སྣང་བའི་འདུ་ཤེས་ཀུན་དུ་བསྟེན་བསྒོམས་ལན་མང་དུ་བྱས་ན་ཡེ་ཤེས་མཐོང་བར་འགྱུར་རོ། །འདོད་ ཆགས་དང་བྲལ་བའི་འདུ་ཤེས་ཀུན་དུ་བསྟེན་བསྒོམས་ལན་མང་དུ་བྱས་ན་ཀུན་དུ་འདོད་ཆགས་སྤོང་བར་འགྱུར་རོ། །འགོག་པའི་འདུ་ཤེས་ཀུན་དུ་བསྟེན་བསྒོམས་ལན་མང་དུ་བྱས་ན་ཕུང་པོ་ཟད་པར་འགྱུར་རོ། །འཆི་ བའི་འདུ་ཤེས་ཀུན་དུ་བསྟེན་བསྒོམས་ལན་མང་དུ་བྱས་ན་གསོན་པ་ལ་འཆུམས་པ་སྤོང་བར་འགྱུར་རོ། །ཚེ་དང་ལྡན་པ་དག་འཕགས་པ་ཉན་ཐོས་དེ་ལྟར་ཡང་དག་པར་ཚུལ་བཞིན་བྱེད་པའི་བདག་ཉིད་ལ་བར་དུ་གཅོད་ པའི་ཆོས་ཉི་ཤུ་སྟེ། འདི་ལྟ་སྟེ། མི་བརྩོན་པ་དང་མི་བརྩོན་པ་དང་འགྲོགས་པ་དང་། ཡོངས་སུ་མི་འདྲི་བ་དང་མི་མཐུན་པའི་ལུང་དང་ལུག་ལྟར་ལྐུག་པ་ཉིད་དང་སྲེད་པ་ཅན་ཉིད་དང་བྱ་བ་མང་བ་ཉིད་དང་ལས་ཀྱི་མཐའ་ཉེས་པར་བྱས་པ་ཉིད་དང་། བརྩོན་ པ་བཏང་བ་ཉིད་དང་བར་དུ་གཅོད་པ་རྣམས་ཐོས་ན་ཉམ་ང་བ་དང་། ཁེངས་པ་དང་མི་མཐུན་པར་འཛིན་པ་ཉིད་དང་བརྗེད་ངས་པ་ཉིད་དང་བག་མེད་པ་དང་ཡུལ་དུ་མི་གནས་པ་དང་དབང་པོ་རྣམས་ཀྱི་སྒོ་མ་བསྲུངས་པ་ཉིད་དང་ ཟས་ཀྱི་ཚོད་མི་རིག་པ་ཉིད་དང་། ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་མི་བརྩོན་པ་ཉིད་དང་དབེན་པ་ལ་མངོན་པར་མི་དགའ་བ་དང་ཇི་ལྟ་བ་བཞིན་ལ་སོ་སོར་མི་རྟོག་པའོ། །ཚེ་དང་ལྡན་པ་དག་བར་ དུ་གཅོད་པ་མ་བཅོམ་པ་དེ་དག་ཡང་དག་པར་འཇོམས་པར་འགྱུར་བའི་གཅེས་སྤྲས་བྱེད་པའི་ཆོས་ནི་བཅུ་གཅིག་སྟེ། འདི་ལྟ་སྟེ། འདུན་པ་འཐོབ་པ་དང་ཕན་ཡོན་མཐོང་བ་ཉིད་དང་མངོན་པར་སྤྲོ་བ་ཉིད་དང་། རྣམ་པར་འགྱེད་ པ་དང་རྒྱལ་བ་དང་ཆོས་རྣམས་ཀྱི་མཚན་མའི་རྗེས་སུ་འབྲང་བ་དང་བདག་ལ་མི་བརྙས་པ་དང་གུས་པར་ཉན་པ་དང་ཡོངས་སུ་འདྲི་བ་དང་དབེན་པ་ལ་མངོན་པར་དགའ་བ་དང་ཇི་ལྟ་བ་བཞིན་ལ་སོ་སོར་རྟོག་པའོ། །ཚེ་དང་ལྡན་པ་དག་ 67-1-205b འཕགས་པ་ཉན་ཐོས་དེ་ལྟར་ཡང་དག་པར་ཚུལ་བཞིན་ཡིད་ལ་བྱེད་པའི་བདག་ཉིད་ཀྱི་གཅེས་སྤྲས་བྱེད་པའི་ཆོས་ཉི་ཤུ་སྟེ། འདི་ལྟ་སྟེ། བརྩོན་པ་དང་བརྩོན་པ་དང་འགྲོགས་པ་དང་ཡོངས་སུ་འདྲི་བ་དང་འཐུན་པའི་ལུང་དང་ལུག་ ལྟར་ལྐུག་པ་མ་ཡིན་པ་ཉིད་དང་སྲེད་པ་ཅན་མ་ཡིན་པ་ཉིད་དང་བྱ་བ་མི་མང་བ་ཉིད་དང་ལས་ཀྱི་མཐའ་ལེགས་པར་བྱས་པ་ཉིད་དང་བརྩོན་པ་མ་བཏང་བ་ཉིད་དང་བར་དུ་གཅོད་པ་རྣམས་ཐོས་ན་ཉམ་མི་ང་བ་དང་མ་ཁེངས་པ་དང་ འཐུན་པར་འཛིན་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་ཉིད་དང་བག་ཡོད་པ་དང་ཡུལ་དུ་གནས་པ་དང་དབང་པོ་རྣམས་ཀྱི་སྒོ་བསྲུངས་པ་ཉིད་དང་ཟས་ཀྱི་ཚོད་རིག་པ་ཉིད་དང་། ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་ བའི་རྗེས་སུ་བརྩོན་པ་ཉིད་དང་དབེན་པ་ལ་མངོན་པར་དགའ་བ་དང་ཇི་ལྟ་བ་བཞིན་ལ་སོ་སོར་རྟོག་པའོ། །ཚེ་དང་ལྡན་པ་དག་གནས་ཉི་ཤུ་རྩ་གཉིས་པོ་འདི་དག་ནི་རབ་ཏུ་བྱུང་བས་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱ་བ་སྟེ། བདག་ ནི་ཁྱིམ་པའི་རྟགས་སྤངས་པ་སྟེ་མི་སྡུག་པའོ་ཞེས་གནས་འདི་རབ་ཏུ་བྱུང་བས་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱའོ། །བདག་ནི་མི་འདྲ་བ་ཁས་བླངས་པ་སྟེ། བདག་གི་ཆ་བྱད་དང་བྱ་བ་གཞན་ཡིན་ནོ། །བདག་གི་འཚོ་བ་ནི་གཞན་ལ་རག་ལས་པ་སྟེ། ཇི་སྲིད་འཚོའི་ བར་དུ་བདག་གི་འདི་ལྟ་སྟེ། ཆོས་གོས་དང་བསོད་སྙོམས་དང་མལ་སྟན་དང་ན་བའི་གསོས་སྨན་དང་ཡོ་བྱད་ཕ་རོལ་ལས་བཙལ་དགོས་པའོ། །བདག་ནི་ཇི་སྲིད་འཚོའི་བར་དུ་མི་རྣམས་ཀྱི་འདོད་པ་དག་ལས་ལྡོག་པ་བྱས་པའོ། ། བདག་ནི་ཇི་སྲིད་འཚོའི་བར་དུ་མི་རྣམས་ཀྱི་རྩེད་མོའི་དགའ་བ་དག་ལས་ལྡོག་པ་བྱས་པའོ། །ཅི་ག་བདག་གིས་བདག་ཚུལ་ཁྲིམས་དག་གིས་མ་སྨད་དམ། ཅི་ག་བདག་ལ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་ ཆོས་ཉིད་ཀྱིས་མ་སྨད་དམ། ཅི་ག་བདག་ཉིད་མ་སྨས་པ་དང་མ་ཉམས་པར་སྤོང་ངམ། ཅི་ག་ཡུལ་འཁོར་གྱི་བསོད་སྙོམས་དོན་ཡོད་པར་ཟ་འམ། ཅི་ག་གཅིག་པུ་ཀུན་དགའ་ར་བ་སྟོང་པར་མངོན་པར་དགའ་འམ། བདག་ཇི་ལྟ་ 67-1-206a བུར་གྱུར་པས་ཉིན་མཚན་འདའ། ཅི་ག་འདུ་བྱེད་ཐམས་ཅད་ཞི་བ། སྟོང་པ་ཉིད་དུ་དམིགས་པ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བའི་མྱ་ངན་ལས་འདས་པ་ལ་བདག་གི་སེམས་རབ་ཏུ་འཇུག་པ་དང་། དང་བ་དང་ཡང་དག་པར་ གནས་པ་དང་རྣམ་པར་གྲོལ་བར་གྱུར་ཏམ། ཅི་ག་ཕུང་པོ་མི་རྟག་པ་ཉིད་དང་ཕུང་པོ་གསོ་བ་ཉིད་དང་ཕུང་པོ་སྙིང་པོ་མེད་པ་ཉིད་ལ་བདག་གི་སེམས་རབ་ཏུ་འཇུག་པ་དང་། དང་བ་དང་ཡང་དག་པར་གནས་པ་དང་། རྣམ་པར་གྲོལ་བར་གྱུར་ ཏམ། ཅི་ག་བདག་འཆི་བའི་ཚེ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་བདག་ལ་དྲིས་ན་ཡུལ་ཡུལ་པོ་མ་ཡིན་ཞིང་བག་ཚ་བ་མེད་པ་དང་། འཇིགས་པ་མེད་པར་ཡང་དག་པར་ལུང་སྟོན་པར་ལུང་བསྟན་པར་བྱ་བ་གང་ཡིན་ པ་དགེ་སློང་གི་འབྲས་བུ་བཞི་ལས་འབྲས་བུ་གང་ཡང་རུང་བ་ཞིག་འཐོབ་བམ། བདག་ནི་སྐྱེ་བའི་ཆོས་ཅན་ཏེ། སྐྱེ་བའི་ཆོས་ཉིད་ལས་མ་འདས་པ། རྒ་བའི་ཆོས་ཅན་ན་བའི་ཆོས་ཅན་འཆི་བའི་ཆོས་ཅན་ཏེ། བདག་ནི་འདོད་པ་དང་ སྡུག་པ་དང་ཕངས་པ་དང་ཡིད་དུ་འོང་བ་ཐམས་ཅད་དང་འབྱེ་བ་དང་། མེད་པ་དང་བྲལ་བ་དང་མི་ལྡན་པར་འགྱུར་བའོ། །བདག་ནི་ལས་བདག་གིར་བྱ་བ། ལས་ཀྱི་སྐྱེ་གནས་དང་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ལས་བརྟན་པར་བྱ་བ་ སྟེ། ལས་དགེ་བ་འམ། མི་དགེ་བ་གང་དང་གང་བྱེད་པ་ལས་དེ་དང་དེ་ཉིད་ཀྱི་སྐལ་བ་ཅན་དུ་འགྱུར་རོ་སྙམ་དུ་གནས་འདི་རབ་ཏུ་བྱུང་བས་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱའོ། །གནས་ཉི་ཤུ་རྩ་གཉིས་པོ་འདི་དག་ལ་ཡང་དང་ཡང་དུ་སོ་ སོར་རྟོག་པ་དེའི་དགེ་སྦྱོང་གི་འདུ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །དགེ་སྦྱོང་གི་འདུ་ཤེས་ཡོངས་སུ་རྫོགས་ན་འདུ་ཤེས་བདུན་ཡོངས་སུ་རྫོགས་པར་འགྱུར་ཏེ། རྟག་པར་རྒྱུན་དུ་བྱེད་པ་དང་རྒྱུན་དུ་འཇུག་པ་དང་བརྣབ་ སེམས་དང་གནོད་སེམས་མེད་པ་དང་ཡང་དག་པའི་དྲན་པ་དང་། ང་རྒྱལ་མེད་པ་དང་འཚོ་བའི་ཡོ་བྱད་རྣམས་དེའི་ཆེད་དང་ཏིང་ངེ་འཛིན་ལ་དབང་ཐོབ་པ་ཡོངས་སུ་རྫོགས་པའོ། །ཚེ་དང་ལྡན་པ་དག་སེམས་དང་ཡིད་དང་རྣམ་ 67-1-206b པར་ཤེས་པ་གང་ཡུན་རིང་པོར་གཟུགས་ལ་ཆགས་པ་དང་སྒྲ་ལ་ཆགས་པ་དང་དྲི་ལ་ཆགས་པ་དང་རོ་ལ་ཆགས་པ་དང་རེག་བྱ་ལ་ཆགས་པ་དང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དག་གིས་ཀུན་དུ་བསགས་པ། ཉེ་བར་བསགས་པ་དེ་ ནི་སོ་སོར་བརྟགས་པས་འདི་ལྟ་སྟེ། མི་འཆི་བའི་དབྱིངས་ལ་ཉེ་བར་རྣམ་པར་གཞག་པ་མ་ཡིན་པར་འགྱུར་རོ། །ཚེ་དང་ལྡན་པ་དག་སོ་སོའི་སྐྱེ་བོས་རྣམ་པ་ཉི་ཤུས་སེམས་སྐྱོ་བར་བྱ་སྟེ། བདག་ནི་རྟོགས་པས་གསོག་ཡིན་ནོ། ། མ་དུལ་བར་འཆི་བར་འགྱུར་རོ། །གཡང་སར་ལྟུང་བར་འགྱུར་རོ། །འཇིགས་པ་དང་བཅས་པའི་ཕྱོགས་སུ་འགྲོ་བར་འགྱུར་རོ། །འཇིགས་པ་མེད་པའི་ཕྱོགས་མི་ཤེས་པའོ། །ལས་མི་ཤེས་པའོ། །ཏིང་ངེ་འཛིན་མ་ ཐོབ་པའོ། །ཡང་སྲིད་པ་ནི་སྡུག་བསྔལ་བའོ། །དལ་བ་ཕུན་སུམ་ཚོགས་པ་ནི་རྙེད་དཀའ་བའོ། །འདོད་པ་གསོད་པར་བྱེད་པས་རྟག་ཏུ་རྗེས་སུ་བཅིངས་པའོ། །བདག་ནི་འགྲོ་བ་ལས་མ་འདས་པའོ། །བདག་ནི་ངན་སོང་དག་ལས་ ཡོངས་སུ་མ་གྲོལ་བའོ། །བདག་ནི་ལྟ་བར་གྱུར་པ་དཔག་ཏུ་མེད་པ་དང་ཡང་དག་པར་ལྡན་པའོ། །བདག་ནི་མཚམས་མེད་པའི་ལས་རྣམས་མི་བྱ་བའི་ཕྱིར་གེགས་མ་བྱས་པའོ། །བདག་ནི་སྐྱེ་བའི་འཁོར་བ་ཐོག་མ་དང་ཐ་མ་ མེད་པའི་མཐར་མ་བྱས་པའོ། །མཐར་མ་བྱས་ན་བྱེད་པ་གཞན་མེད་དོ། །མ་བྱས་ན་བདེ་བའི་ངོ་བོ་མེད་དོ། །ལས་བྱས་པ་རྣམས་ནི་ཆུད་ཟ་བ་མེད་དོ། །བདག་ནི་མ་རིག་པར་གྱུར་ཅིང་མི་མཁས་ལ་འཆི་བའི་དུས་བྱེད་པར་འགྱུར་ རོ་ཞེས་སོ་སོའི་སྐྱེ་བོས་སེམས་སྐྱོ་བར་བྱའོ། །དེ་རྣམ་པ་ཉི་ཤུ་པོ་དེ་རྣམས་ཀྱིས་སེམས་སྐྱོ་ཤིན་དུ་སྐྱོ། སྐྲག་ཤིན་དུ་སྐྲག་བཀག་ཤིན་དུ་བཀག་ན། རྣམ་པ་གཞན་ཉི་ཤུས་སེམས་མྱུར་བ་མྱུར་བར་ཡང་དག་པར་གནས་ཏེ། དེ་སེམས་ཀྱི་མཚན་མ་ཡིད་ལ་བྱེད་པའི་སེམས་མྱུར་བ་མྱུར་བར་ཡང་དག་པར་གནས་སོ། །དེ་སེམས་བླ་ན་མེད་པ་འམ། སེམས་རྩེ་གཅིག་པ་འམ། ཏིང་ངེ་འཛིན་གྱི་མཚན་མ་འམ། ཏིང་ངེ་འཛིན་ལ་གནས་པའི་མཚན་མ་འམ། 67-1-207a ཏིང་ངེ་འཛིན་ལས་ལྡང་བའི་མཚན་མ་འམ། ཞི་གནས་ཀྱི་མཚན་མ་འམ། རབ་ཏུ་འཛིན་པའི་མཚན་མ་འམ། བཏང་སྙོམས་ཀྱི་མཚན་མ་འམ། སྤྱོད་ཡུལ་མ་ཡིན་པ་སྤོང་བ་འམ། སྤྱོད་ཡུལ་ལ་གུས་པ་འམ། མདོར་ བསྟན་པ་འམ། དམིགས་ཀྱིས་བསལ་བ་འམ། ཀུན་དུ་སྐྱོ་བ་མང་བ་འམ། བླ་མ་ལ་རྟེན་པ་འམ། ཡང་དག་པའི་སྦྱོར་བ་ཡིད་ལ་བྱེད་པའི་སེམས་མྱུར་བ་མྱུར་བར་ཡང་དག་པར་གནས་སོ། །དེ་དབུགས་རྔུབ་པ་དང་འབྱུང་བ་དྲན་པ་ སྒོམ་པའི་སེམས་མྱུར་བ་མྱུར་བར་ཡང་དག་པར་གནས་སོ། །དེ་དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་པའི་སེམས་མྱུར་བ་མྱུར་བར་ཡང་དག་པར་གནས་སོ། །ཚེ་དང་ལྡན་པ་དག་འཕགས་པ་ཉན་ཐོས་དེ་ལྟར་ཡང་དག་པར་ཚུལ་བཞིན་ ཡིད་ལ་བྱས་པའི་བདག་ཉིད་ཀྱི་བར་དུ་གཅོད་པ་ནི་བཅུ་གཅིག་ཏུ་རིག་པར་བྱ་སྟེ། འདི་ལྟ་སྟེ། ཡང་དང་ཡང་དུ་ཚོགས་པར་འདུ་བ་དང་། ཟས་ལ་གདུ་བ་ཉིད་དང་ལས་ལ་དགའ་བ་ཉིད་དང་སྨྲ་བ་ལ་དགའ་བ་ཉིད་དང་འདུ་འཛིའི་གཏམ་ལ་ དགའ་བ་ཉིད་དང་འདུ་འཛི་ལ་དགའ་བ་ཉིད་དང་བདག་ཏུ་འཛིན་པ་དང་། འཕྱར་བ་དང་བག་མེད་པ་དང་ཡུལ་དུ་མི་གནས་པའོ། །ཚེ་དང་ལྡན་པ་དག་བར་དུ་གཅོད་པ་མ་བཅོམ་པ་དེ་དག་ཡང་དག་པར་འཇོམས་པ་མཁས་པ་བཅུ་ལ་ བསླབ་པར་བྱ་སྟེ། འདི་ལྟ་སྟེ། ཏིང་ངེ་འཛིན་ལ་མཁས་པ་དང་ཏིང་ངེ་འཛིན་ལ་གནས་པ་ལ་མཁས་པ་དང་། ཏིང་ངེ་འཛིན་ལས་ལྡང་བ་ལ་མཁས་པ་དང་རབ་ཏུ་འཛིན་པ་ལ་མཁས་པ་དང་། བཏང་སྙོམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་ཐབས་ལ་མཁས་པ་དང་མངོན་པར་སྒྲུབ་པ་ལ་མཁས་པའོ། །ཚེ་དང་ལྡན་པ་དག་འཕགས་པ་ཉན་ཐོས་དེ་ལྟར་མངོན་པར་སྒྲུབ་པ་ལ་མཁས་པ་ལ་མཆོག་ཏུ་དགའ་བའི་དངོས་པོ་བཅུ་གསུམ་སྐྱེ་བ་ ན་སྐྱེ་སྟེ། དད་པ་ཅན་དེ་སྟོན་པའམ་ཆོས་སམ་དགེ་འདུན་ནམ་བདག་གི་ཚུལ་ཁྲིམས་སམ་གཞན་གྱི་ཚུལ་ཁྲིམས་སམ། བདག་གི་སྦྱིན་པར་བྱ་བའི་ཆོས་རྣམས་སམ་བདག་གི་རྟོགས་པ་འམ། གཞན་གྱི་རྟོགས་པ་ 67-1-207b ཡིད་ལ་བྱེད་པ་ན་མཆོག་ཏུ་དགའ་བ་སྐྱེད་པ་འདི་ནི་དད་པ་ཅན་གྱི་མཆོག་ཏུ་དགའ་བའི་དངོས་པོ་ཡིན་ནོ། །བཅོམ་ལྡན་འདས་དེ་བདག་གི་སྡུག་བསྔལ་གྱི་ཆོས་མང་པོ་སེལ་བའོ་ཞེས་མཆོག་ཏུ་དགའ་བ་སྐྱེ་བ་འདི་ནི་དད་པ་ཅན་ གྱི་མཆོག་ཏུ་དགའ་བའི་དངོས་པོ་ཡིན་ནོ། །བཅོམ་ལྡན་འདས་དེ་བདག་གི་བདེ་བའི་ཆོས་མང་པོ་སྒྲུབ་པའོ་ཞེས་མཆོག་ཏུ་དགའ་བ་སྐྱེ་བ་འདི་ནི་དད་པ་ཅན་གྱི་མཆོག་ཏུ་དགའ་བའི་དངོས་པོ་ཡིན་ནོ། །བཅོམ་ལྡན་འདས་དེ་ བདག་གི་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་སེལ་བའོ་ཞེས་མཆོག་ཏུ་དགའ་བ་སྐྱེ་བ་འདི་ནི་དད་པ་ཅན་གྱི་མཆོག་ཏུ་དགའ་བའི་དངོས་པོ་ཡིན་ནོ། །བཅོམ་ལྡན་འདས་དེ་བདག་གི་དགེ་བའི་ཆོས་རྣམ་པ་དུ་མ་སྒྲུབ་པའོ་ཞེས་ མཆོག་ཏུ་དགའ་བ་སྐྱེ་བ་འདི་ནི་དད་པ་ཅན་གྱི་མཆོག་ཏུ་དགའ་བའི་དངོས་པོ་ཡིན་ནོ། །ཚེ་དང་ལྡན་པ་དག་འཕགས་པ་ཉན་ཐོས་ཆོས་བཞི་ལ་བརྟེན་ན་ཆོས་ལྔ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། འདུན་པ་དང་ བརྩོན་འགྲུས་དང་དབེན་པ་དང་ཕྱིར་མི་ཟློག་པའོ། །ཆོས་ལྔ་པོ་གང་དག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། མཆོག་ཏུ་དགའ་བ་དང་དགའ་བ་དང་ཤིན་དུ་སྦྱངས་པ་དང་བདེ་བ་དང་ཏིང་ངེ་འཛིན་ཏོ། །ཚེ་དང་ལྡན་པ་ དག་དེ་ཆོས་ལྔ་པོ་དེ་དག་ཀུན་དུ་བསགས་ཤིང་ཉེ་བར་བསགས་ན་ཟུག་རྔུ་བརྒྱད་མེད་པར་འགྱུར་ཏེ། འདི་ལྟ་སྟེ། འདོད་ཆགས་ཀྱི་ཟུག་རྔུ་དང་ཞེ་སྡང་གི་ཟུག་རྔུ་དང་གཏི་མུག་གི་ཟུག་རྔུ་དང་ང་རྒྱལ་གྱི་ཟུག་རྔུ་དང་སྲེད་པའི་ཟུག་ རྔུ་དང་ལྟ་བའི་ཟུག་རྔུ་དང་ཐེ་ཚོམ་དང་སོམ་ཉིའི་ཟུག་རྔུའོ། །ཟུག་རྔུ་བརྒྱད་པོ་དེ་དག་མེད་པར་གྱུར་ན་མི་སློབ་པའི་ཆོས་བཅུ་ཐོབ་པར་འགྱུར་ཏེ། མི་སློབ་པའི་ཡང་དག་པའི་ལྟ་བ་དང་ཡང་དག་པའི་རྟོག་པ་དང་ཡང་དག་པའི་ ངག་དང་ཡང་དག་པའི་ལས་ཀྱི་མཐའ་དང་ཡང་དག་པའི་འཚོ་བ་དང་ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་ཡང་དག་པའི་ཏིང་ངེ་འཛིན་དང་ཡང་དག་པའི་རྣམ་པར་གྲོལ་བ་དང་ཡང་དག་པའི་ཡེ་ཤེས་སོ། །མི་ 67-1-208a སློབ་པའི་ཆོས་བཅུ་པོ་དེ་དག་སྐྱེས་ཤིང་ཐོབ་སྟེ་ལྡན་ན་འཕགས་པ་ཡན་ལག་ལྔ་སྤངས་པ། ཡན་ལག་དྲུག་དང་ལྡན་པ་བསྲུང་བ་གཅིག་པ། རྟོན་པ་བཞི་དང་ལྡན་པ། སོ་སོའི་བདེན་པ་བསལ་བ། བསལ་བ་སྤངས་པ། ཀུན་དུ་ རྟོག་པའི་རྙོག་པ་མེད།། །། རྒྱ་གར་སྐད་དུ། ཨཱརྱ་ཨད་བྷུ་ཏ་དྷརྨ་པརྱཱ་ཡ་ནཱ་མ། བོད་སྐད་དུ། འཕགས་པ་རྨད་དུ་བྱུང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྔ་དྲོའི་དུས་ཀྱི་ཚེ་ ཆོས་གོས་དང་ཤམ་ཐབས་བགོས་ཏེ། ལྷུང་བཟེད་ཐོགས་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་མཐར་ཆགས་སུ་བསོད་སྙོམས་སྤྱོད་པའི་ཚེ་ཕྱོགས་ ཤིག་ན་ཁང་པ་བརྩེགས་པ་སྒོ་བརྒྱད་བཅུ་ཡོད་ལ། བྱུག་པས་བྱུགས་པ། གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་བ་དར་གྱི་ལྡ་ལྡི་མང་པོ་སྤྱངས་པ་ཞིག་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་ མོ་དད་པ་གང་ལ་ལ་ཞིག་གིས་ཁང་པ་བརྩེགས་པ་འདི་ལྟ་བུ་བྱས་ཏེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་དང་། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ ལས་འདས་པའི་མཆོད་རྟེན་འཇི་བ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ། ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ ཙམ་གྱི་རིང་བསྲེལ་བཅུག་ན་དེ་གཉིས་ལས་བསོད་ནམས་ཤིན་དུ་ཆེ་བ་གང་ཡིན་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། སྟོན་པ་ནི་བདག་གི་མངོན་སུམ་དུ་གྱུར། བདེ་བར་གཤེགས་པ་ནི་བདག་གི་མངོན་སུམ་དུ་གྱུར་གྱིས། 67-1-208b བཅོམ་ལྡན་འདས་ལ་བདག་གིས་དོན་འདི་ཉིད་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་བདག་ལ་ཇི་སྐད་བསྟན་པ་བཞིན་དུ་གཟུང་བར་བྱའོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་བླངས་ཏེ། ཟས་ཀྱི་བྱ་བ་བྱས་ནས་བསོད་སྙོམས་ཀྱི་ཟས་ཕྱི་མ་སྤངས་ཏེ། ཆོས་གོས་དང་ལྷུང་བཟེད་བཞག་ནས་རྐང་པ་བཀྲུས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་ འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་འདིར་སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང་ཤམ་ཐབས་ བགོས་ལྷུང་བཟེད་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་སླད་དུ་ཞུགས་ཏེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་མཐར་ཆགས་སུ་བསོད་སྙོམས་སྤྱོད་པའི་ཚེ་ཕྱོགས་ཤིག་ན་ཁང་པ་བརྩེགས་པ་ཆབ་སྒོ་བརྒྱད་བཅུ་ མཆིས་ལ་བྱུག་པས་བྱུགས་པ། གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་བ། དར་གྱི་ལྡ་ལྡི་མང་པོ་སྤྱངས་པ་དག་མཐོང་ནས་འདི་སྙམ་དུ་བསམས་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་ གིས་ཁང་པ་བརྩེགས་པ་འདི་ལྟ་བུ་བགྱིས་ཏེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་དང་། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་ལས་འདས་པའི་ མཆོད་རྟེན་འཇི་བ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བགྱིས་ལ་ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བགྱིས་ལ་ཡུངས་འབྲུ་ཙམ་གྱི་རིང་ བསྲེལ་སྩལ་ན་དེ་གཉིས་བསོད་ནམས་ཤིན་དུ་ཆེ་བ་གང་ལགས་སྙམ་མོ། །བདག་གིས་ཡང་འདི་སྙམ་དུ་བསམས་ཏེ། སྟོན་པ་ནི་བདག་གི་མངོན་སུམ་དུ་གྱུར། བདེ་བར་གཤེགས་པ་ནི་བདག་གི་མངོན་སུམ་དུ་གྱུར་ 67-1-209a གྱིས། བཅོམ་ལྡན་འདས་ལ་བདག་གིས་དོན་འདི་ཉིད་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་བདག་ལ་ཇི་སྐད་བསྟན་པ་བཞིན་དུ་གཟུང་བར་བགྱི་སྙམ་ནས། བཅོམ་ལྡན་འདས་ལ་བདག་དོན་འདི་ཉིད་ཞུ་ལགས་ན་ཐུགས་བརྩེ་ བ་ཉེ་བར་བཟུང་སྟེ། བཅོམ་ལྡན་འདས་ཀྱིས་བདག་ལ་དོན་འདི་ཉིད་ལེགས་པར་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ཞུགས་ནས་ལྷ་དང་མི་རྣམས་ལ་ཕན་པ་དང་། བདེ་བའི་དོན་གྱི་ཕྱིར་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཉིད་འདྲི་བར་སེམས་པ་ནི། ལེགས་སོ་ལེགས་སོ། །ཀུན་དགའ་བོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །ཀུན་དགའ་བོ་འཛམ་བུ་གླིང་གི་གླིང་ནི་ཆུར་དཔག་ཚད་བདུན་སྟོང་། རྒྱར་ཡང་དཔག་ཚད་བདུན་སྟོང་། བྱང་དུ་ནི་ཁ་ཚོན་ཆེ་ བ། ལྷོར་ནི་སོགས་ཀར་འདུག་པ་དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང་ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་ དང་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ པའི་མཆོད་རྟེན་འཇི་བ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ་ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས་ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་ བཅུག་ན་དེ་ནི་དེ་བས་ཆེས་བསོད་ནམས་ཆེའོ་ཞེས་ང་སྨྲའོ། །ཀུན་དགའ་བོ་འཛམ་བུའི་གླིང་ལྟ་ཞོག་གི། ཀུན་དགའ་བོ་ཤར་གྱི་ལུས་འཕགས་ཞེས་བྱ་བའི་གླིང་ཡོད་དེ་ཆུར་ནི་དཔག་ཚད་བརྒྱད་སྟོང་། རྒྱར་ཡང་དཔག་ 67-1-209b ཚད་བརྒྱད་སྟོང་སྟེ། ཀུན་ནས་ཟླ་གམ་ལྟ་བུར་གྲུབ་པ་དེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་ཕྱིར་མི་ འོང་བ་རྣམས་དང་དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ ལས་འདས་པའི་མཆོད་རྟེན་འཇི་བ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ་ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ་ཡུངས་འབྲུ་ཙམ་གྱི་ རིང་བསྲེལ་བཅུག་ན་དེ་ནི་དེ་བས་ཆེས་བསོད་ནམས་ཆེའོ་ཞེས་ང་སྨྲའོ། །ཀུན་དགའ་བོ་འཛམ་བུའི་གླིང་ལྟ་འང་ཞོག །ཤར་གྱི་ལུས་འཕགས་ཀྱི་གླིང་ལྟ་འང་ཞོག་སྟེ། ཀུན་དགའ་བོ་ནུབ་ཀྱི་བ་ལང་སྤྱོད་ཅེས་བྱ་བའི་གླིང་ཡོད་དེ་ ཆུར་ནི་དཔག་ཚད་དགུ་སྟོང་། ཞེང་ཡང་དཔག་ཚད་དགུ་སྟོང་སྟེ། ཀུན་ནས་ཟླ་བ་ཉ་བ་ལྟ་བུ་གྲུབ་པ་དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང་ ལན་ཅིག་ཕྱིར་འོང་བ་རྣམས་དང་ཕྱིར་མི་འོང་བ་རྣམས་དང་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་དང་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇི་བ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ་ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་ གཟུགས་བྱས་ལ། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་ནི་དེ་བས་ཆེས་བསོད་ནམས་ཆེའོ་ཞེས་ང་སྨྲའོ། །ཀུན་དགའ་བོ་འཛམ་བུའི་གླིང་ལྟ་འང་ཞོག །ཤར་གྱི་ལུས་འཕགས་ཀྱི་གླིང་ལྟ་འང་ཞོག །ནུབ་ཀྱི་བ་ལང་སྤྱོད་ཀྱི་ 67-1-210a གླིང་ལྟ་འང་ཞོག་སྟེ། ཀུན་དགའ་བོ་བྱང་གི་སྒྲ་མི་སྙན་ཅེས་བྱ་བའི་གླིང་ཡོད་དེ། ཆུར་ནི་དཔག་ཚད་ཁྲི། རྒྱར་ཡང་དཔག་ཚད་ཁྲི་སྟེ། ཀུན་ནས་གྲུ་བཞི་ལྷམ་པར་གྲུབ་པ་དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང་ལན་ཅིག་ཕྱིར་འོང་བ་རྣམས་དང་ཕྱིར་མི་འོང་བ་རྣམས་དང་དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་ འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇི་བ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ་ཁབ་ཙམ་གྱི་སྲོག་ཤིང་ བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས་ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ་ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་ནི་དེ་བས་བསོད་ནམས་ཆེའོ་ཞེས་ང་སྨྲའོ། །ཀུན་དགའ་བོ་འཛམ་བུའི་གླིང་ལྟ་འང་ ཞོག །ཤར་གྱི་ལུས་འཕགས་ཀྱི་གླིང་ལྟ་འང་ཞོག །ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ལྟ་འང་ཞོག །བྱང་གི་སྒྲ་མི་སྙན་གྱི་གླིང་ལྟ་ཡང་ཞོག་སྟེ། ཀུན་དགའ་བོ་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བྱེད་ཅེས་བྱ་བ་ཡོད་དེ། དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་ཕྱིར་མི་འོང་བ་རྣམས་དང་དགྲ་བཅོམ་པ་རྣམས་དང་རང་ སངས་རྒྱས་རྣམས་དང་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇི་བ་ལས་སྐྱུ་རུ་ རའི་འབྲས་བུ་ཙམ་བྱས་ལ་ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས་ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ་ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་ནི་དེ་བས་ཆེས་བསོད་ནམས་ 67-1-210b ཆེའོ་ཞེས་ང་སྨྲའོ། །ཀུན་དགའ་བོ་འཛམ་བུའི་གླིང་ལྟ་ཡང་ཞོག །ཤར་གྱི་ལུས་འཕགས་ཀྱི་གླིང་ལྟ་ཡང་ཞོག །ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ལྟ་ཡང་ཞོག །བྱང་གི་སྒྲ་མི་སྙན་གྱི་གླིང་ལྟ་ཡང་ཞོག །ལྷའི་དབང་པོ་བརྒྱ་བྱིན་གྱི་ ཁང་བཟང་རྣམ་པར་རྒྱལ་བྱེད་ཅེས་བྱ་བ་ལྟ་ཡང་ཞོག་སྟེ། ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་ བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་ཕྱིར་མི་འོང་བ་རྣམས་དང་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་དང་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇི་བ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ་ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ ཙམ་གྱི་གདུགས་བྱས་ནས་ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ་ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་ནི་དེ་བས་ཆེས་བསོད་ནམས་ཆེའོ་ཞེས་ང་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་ ཡེ་ཤེས་ཀྱིས་དཔག་ཏུ་མེད་པ། ཚུལ་ཁྲིམས་ཀྱིས་དཔག་ཏུ་མེད་པ། བཟོད་པས་དཔག་ཏུ་མེད་པ། བརྩོན་འགྲུས་ཀྱིས་དཔག་ཏུ་མེད་པ། བསམ་གཏན་གྱིས་དཔག་ཏུ་མེད་པ། ཤེས་རབ་ཀྱིས་དཔག་ཏུ་མེད་པ། བྱམས་པས་དཔག་ཏུ་མེད་པ། སྙིང་རྗེས་དཔག་ཏུ་མེད་པ། དགའ་བས་དཔག་ཏུ་མེད་པ། བཏང་སྙོམས་ཀྱིས་དཔག་ཏུ་མེད་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། སྟོབས་བཅུ་དང་མི་འཇིགས་པ་ བཞི་དང་སངས་རྒྱས་ཀྱི་ཆོས་དྲན་པ་ཉེ་བར་གཞག་པ་མ་འདྲེས་པ་གསུམ་དང་སྙིང་རྗེ་ཆེན་པོས་དཔག་ཏུ་མེད་པ་སྟེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ 67-1-211a ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཆོས་ཀྱི་ རྣམ་གྲངས་འདི་ནི་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་ངོ་མཚར་ལགས་སོ། །ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་ གྲངས་འདི་རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་ཤེས་བྱ་བར་ཟུང་ཤིག །དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་ནི་རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་ཤེས་བྱ་བའི་ཚིག་བླ་དགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས། རྫོགས་སོ།། །། རྒྱ་གར་གྱི་མཁན་ པོ་འཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ། ། རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏ་པྲ་ཏི་བིམྦ་པྲ་ཏིཥྛཱ་ཨ་ནུ་ཤཻ་སཱ་སམྦ་དན་ཏི་ནཱ་མ་དྷརྨ་ པརྱཱ་ཡ། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་དགེ་སློང་རབ་ཏུ་མང་པོ་དག་ཅིག་རིམ་གྲོའི་གནས་སུ་ལྷགས་ཏེ་འདུག་ནས་ བར་སྐབས་དེར་གཏམ་འདི་ལྟ་བུ་ཞིག་གླེངས་སོ། །ཁྱེད་ཅག་ལ་བྲམ་ཟེ་འམ། ཁྱིམ་བདག་དད་པ་ཅན་ཐོས་པ་འཛིན་པ། ཐོས་པ་བསགས་པ། དགེ་བ་ཇི་ལྟར་བྱ་ཞེས་ཚོལ་བ། དེ་བཞིན་གཤེགས་པའི་གཟུགས་ 67-1-211b བརྙན་བགྱིད་པར་སྤྲོ་བ་སྐྱེད་པ་དག་སྣང་ལ་དེ་དག་གལ་ཏེ་བདག་ཅག་གི་དྲུང་དུ་ལྷགས་ནས་བཙུན་པ་དག་དེ་བཞིན་གཤེགས་པའི་གཟུགས་བརྙན་བགྱིད་པའི་གང་ཟག་སྦྱིན་པ་པོ་ལ་ཕན་ཡོན་ཇི་ཙམ་ཞིག་མཆིས་པར་རིག་ པར་བགྱི་ཞེས་རྨེད་ན། དེ་བཞིན་གཤེགས་པའི་གཟུགས་བརྙན་བགྱིད་པ་ལ་ཕན་ཡོན་ཇི་ཙམ་ཞིག་ཡོད་པ་བདག་ཅག་གིས་མི་ཤེས་ཏེ། དེའི་ཚེ་དེ་དག་ལ་བདག་ཅག་གིས་ཇི་ལྟར་ཆོས་དང་འཐུན་པར་ལན་གདབ་པར་བྱ། གང་ དོན་འདི་དག་ཉིད་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ། སྟོན་པ་དེ་ལ་ བདག་ཅག་གིས་ཞུའོ། །འོན་ཏང་བཅོམ་ལྡན་འདས་དེ་བདག་ཅག་ལ་ལུང་སྟོན་པར་མཛད་དེ། བདག་ཅག་གིས་དེ་བཞིན་བཟུང་ནས་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་རྣམས་ལ་རྒྱ་ཆེར་ཕྱེ་སྟེ་ལན་གདབ་པར་བྱའོ་ཞེས་བགྲོས་ སོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་དགེ་སློང་རབ་ཏུ་ མང་པོ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་དགེ་སློང་རབ་ཏུ་མང་པོ་དག་རིམ་གྲོའི་གནས་དེར་ལྷགས་ཏེ་འདུས་པ་དང་། བར་དེར་བཀའ་མཆིད་འདི་ལྟ་བུ་ཞིག་གླེངས་ཏེ། ཁྱེད་ཅག་ ལ་བྲམ་ཟེ་འམ། ཁྱིམ་བདག་དད་པ་ཅན་ཐོས་པ་འཛིན་པ། ཐོས་པ་བསགས་པ། དགེ་བ་ཇི་ལྟར་བགྱི་ཞེས་ཚོལ་བ་དེ་བཞིན་གཤེགས་པའི་གཟུགས་བརྙན་བགྱི་བར་སྤྲོ་བ་སྐྱེས་པ་དག་གདའ་ལ། དེ་དག་གལ་ཏེ་ བདག་ཅག་གི་དྲུང་དུ་མཆིས་ནས། བཙུན་པ་དག་དེ་བཞིན་གཤེགས་པའི་གཟུགས་བརྙན་བགྱིད་པའི་གང་ཟག་སྦྱིན་པ་པོ་ལ་ཕན་ཡོན་ཇི་ཙམ་ཞིག་མཆིས་པར་རིག་པར་བགྱི་ཞེས་རྨེད་ན། དེ་བཞིན་གཤེགས་པའི་ 67-1-212a གཟུགས་བརྙན་བགྱིད་པ་ལ་ཕན་ཡོན་ཇི་ཙམ་ཞིག་མཆིས་པ་བདག་ཅག་གིས་མ་མཚལ་ན། དེའི་ཚེ་དེ་དག་ལ་བདག་ཅག་གིས་ཇི་ལྟར་ཆོས་དང་འཐུན་པར་ལན་གདབ་པར་བགྱི། གང་དོན་དེ་དག་ཉིད་ནི་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ། སྟོན་པ་དེ་ལ་བདག་ཅག་གིས་ཞུ་བར་བགྱིའོ། །འོན་ཏང་ བཅོམ་ལྡན་འདས་དེ་བདག་ཅག་ལ་ལུང་སྟོན་པར་མཛད་དེ། བདག་ཅག་གིས་དེ་བཞིན་བཟུང་ནས་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་རྣམས་ལ་རྒྱ་ཆེར་ཕྱེ་སྟེ་ལན་གདབ་པར་བགྱིའོ་སྙམ་བགྱིད་དོ། །བཙུན་པ་བཅོམ་ལྡན་ འདས་དོན་དེ་དག་ཉིད་བདག་ཅག་ཞུ་ཞིང་མཆིས་ན། བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཟུགས་བརྙན་བགྱིད་པའི་གང་ཟག་སྦྱིན་པ་པོ་ལ་ཕན་ཡོན་ཇི་ཙམ་ཞིག་མཆིས་པར་རིག་པར་བགྱི། བཀའ་སྩལ་པ། དགེ་སློང་དག་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་སྙིང་བརྩེ་བ་དང་ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་ཞུས་ཏེ། ཁྱེད་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ལ་དོན་དེ་ཉིད་ཞུ་བར་སེམས་པ་ལེགས་སོ་ལེགས་སོ། །དགེ་སློང་། དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བསྟན་པར་བྱའོ། །དགེ་སློང་དག་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་ གང་ཟག་སྦྱིན་པ་པོ་ལ་ཕན་ཡོན་འདི་ལྔ་ཡོད་དེ། ལྔ་གང་ཞེ་ན། གཞལ་མེད་ཁང་ཆེན་པོར་གནས་པ་དང་། བོང་སྟེང་བཟང་པོར་གྲགས་པ་དང་། སྤྲོ་བ་མང་བ་དང་ཚེ་རིང་བ་དང་གྲགས་པ་དང་ལྡན་པ་དང་། བདེ་བ་མང་བ་སྟེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་དང་པོ་ཡིན་ནོ། །གཞན་ཡང་ཕྱུག་པོ་དང་ནོར་མང་བ་དང་ལོངས་སྤྱོད་ཆེ་བ་དང་། ནོར་རྫས་དང་། ཡོ་བྱད་མང་བ་དང་བདག་དབང་ 67-1-212b བ་བདག་གིར་བྱ་བ་མང་བ་དང་། ནོར་དང་འབྲུ་དང་དབྱིག་དང་གསེར་དང་མཛོད་དང་བང་བའི་ཚོགས་མང་བ་དང་རྟ་དང་གླང་པོ་ཆེ་དང་བ་ལང་དང་ལུག་དང་བྲན་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་མང་བ་དང་བློན་པོ་དང་མཛའ་ བཤེས་དང་གཉེན་དང་སྣག་གི་གཉེན་མཚམས་མང་པོར་འགྱུར་ཏེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་གཉིས་པ་ཡིན་ནོ། །དགེ་སློང་དག་གཞན་ཡང་ གཟུགས་བཟང་པོ་དང་། བལྟ་ན་སྡུག་པ་དང་། མཛེས་པ་དང་མདོག་གསེར་ལྟར་བཟང་བ་དང་། མགོ་གདུགས་ལྟར་ཟླུམ་པ་དང་ལག་པ་རིང་བ་དང་དཔྲལ་བ་དབྱེས་ཆེ་བ་དང་། སྨིན་མཚམས་བར་མ་ཆད་པ་དང་ཡན་ལག་ དང་ཉིང་ལག་ཐམས་ཅད་དང་ལྡན་པ་དང་རྒྱན་ཐམས་ཅད་གྱིས་བརྒྱན་པར་འགྱུར་ཏེ། དགེ་སློང་དག་འདི་དག་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་གསུམ་པ་ཡིན་ནོ། །དགེ་སློང་ དག་གཞན་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་བཟང་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་དང་། བུ་སྟོང་གིས་བསྐོར་བར་འགྱུར་ཏེ། དེའི་བུ་འམ་ཆུང་མ་འམ། བྲན་ནམ་ཉེ་བར་འཚོ་བ་གང་ཡིན་པ་དེ་དག་ཐམས་ཅད་དེ་ལ་གུས་པར་ ཉན་པ་དང་། བཀའ་ཉན་པར་བྱེད་དེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་བཞི་པ་ཡིན་ནོ། །དགེ་སློང་དག་གཞན་ཡང་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ ཀྱི་འཇིག་རྟེན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེར་སྐྱེས་ནས་ལྷའི་རྒྱལ་པོ་ཁྱད་པར་ཅན་ལྷ་དང་། ལྷའི་བུ་དང་ལྷའི་བུ་མོ་རྣམས་ཀྱི་རྟེན་དུ་འགྱུར་ལ། གནས་བཅུ་པོ་ལྷའི་ཚེ་དང་ལྷའི་མདོག་དང་ལྷའི་སྟོབས་དང་ལྷའི་བདེ་ བ་དང་། ལྷའི་དབང་ཕྱུག་ལ་དབང་བྱེད་པ་དང་། ལྷའི་གཟུགས་དང་སྒྲ་དང་དྲི་དང་། རོ་དང་རེག་བྱ་རྣམས་ཀྱིས་དགའ་བར་བྱེད་དེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ 67-1-213a ཕན་ཡོན་ལྔ་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །འཕགས་པ་དེ་བཞིན་གཤེགས་པའི་ གཟུགས་བརྙན་བཞག་པའི་ཕན་ཡོན་ཡང་དག་པར་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་དྷརྨཱ་ཀ་ར་དང་། ལོ་ཙྪ་བ་བན་དེ་ཡེ་ཤེས་སྙིང་པོས་བསྒྱུར། བན་དེ་དཔལ་བརྩེགས་ཀྱིས་ཞུ་ ཆེན་བགྱིས་ཏེ་གཏན་ལ་ཕབ་པ། ། རྒྱ་གར་སྐད་དུ། ། ཙཻ་ཏྱ་པ་དཀྵི་ཎ་གཱ་ཐཱ། བོད་སྐད་དུ། མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཤེས་རབ་ བློ་ལྡན་འཇིག་རྟེན་ན། །ཆོས་ཀྱི་འཁོར་ལོ་རྗེས་བསྐོར་བ། །ཤེས་རབ་ཆེན་པོ་ཤཱ་རིའི་བུས། །སྟོན་པ་ལ་ནི་ཞུ་བ་ཞུས། །མཆོད་རྟེན་བསྐོར་བ་བགྱིས་པ་ཡིས། །རྣམ་པར་སྨིན་པ་ཅིར་འགྱུར་བ། །སྐལ་བ་ཆེན་པོའི་ འཇིག་རྟེན་མཆོག །རྣམ་པར་འདྲེན་པས་བདག་ལ་གསུངས། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །སྟོན་པས་དེ་ལ་བཀའ་སྩལ་པ། །མཆོད་རྟེན་བསྐོར་བ་བྱས་པ་ཡི། །ཡོན་ཏན་གང་ཡིན་ཕྱོགས་ཙམ་བསྟན། ། མཆོད་རྟེན་བསྐོར་བ་བྱས་པ་ཡིས། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ལྷ་མིན་མཁའ་ལྡིང་མི་འམ་ཅི། །ལྟོ་འཕྱེ་ཆེ་རྣམས་མཆོད་བྱེད་འགྱུར། །དལ་བ་རྙེད་དཀའ་ཐོབ་གྱུར་ནས། །སྐད་ཅིག་གཅིག་ཙམ་བར་དུ་ཡང་། །མཆོད་རྟེན་ བསྐོར་བ་བྱས་པས་ནི། །མི་ཁོམ་བརྒྱད་རྣམས་སྤོང་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །དྲན་དང་ལྡན་ཞིང་བློ་གྲོས་ལྡན། །ཁ་དོག་ལྡན་ཞིང་འཛངས་པ་དང་། །ཐམས་ཅད་དུ་ནི་མཆོད་པར་འགྱུར། །མཆོད་རྟེན་བསྐོར་བ་ བྱས་པས་ནི། །ལྷ་དང་དེ་བཞིན་མི་རྣམས་ཀྱིས། །ཚེ་རིང་བ་ཡང་དེ་ཡིས་འཐོབ། །གྲགས་པ་ཆེན་པོའང་འཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཛམ་བུའི་གླིང་དུ་རུས་ཀྱི་མཆོག །ཆོ་རིགས་ཡོངས་སུ་དག་པར་ཡང་། ། 67-1-213b བློ་ལྡན་དེ་ནི་སྐྱེ་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཁ་བཞིན་དག་ཀྱང་བཟང་བ་དང་། །མདོག་སྡུག་པ་དང་མཁས་པ་དང་། །བདེ་བར་གནས་པ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཕྱུག་ཅིང་ནོར་ཡང་མང་བ་དང་། ། སེར་སྣ་མེད་ཅིང་གཏོང་ཕོད་དང་། །སྦྱིན་པ་དག་ལ་དཔའ་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཡིད་དུ་འོང་ཞིང་བལྟ་ན་སྡུག །མདོག་བཟང་མཐོང་ན་དགའ་བ་དང་། །ལོངས་སྤྱོད་རྒྱ་ཆེན་སྤྱོད་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འདུ་བྱེད་ སྟོང་པར་མཐོང་ནས་ཀྱང་། །དེ་ནི་ཆོས་ལ་རྨོངས་མི་འགྱུར། །མྱུར་དུ་དགའ་བ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །རྒྱལ་རིགས་མཆོག་ཏུ་སྐྱེ་བར་འགྱུར། །བུ་སྨད་འཁོར་དང་ལྡན་པ་དང་། །སྟོབས་དང་བརྩོན་འགྲུས་ལྡན་པར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པས་ནི། །བྲམ་ཟེ་ཆེ་ཞིང་མཐོ་བར་སྐྱེ། །ཚུལ་ཁྲིམས་ལྡན་ཞིང་ཐོས་དང་ལྡན། །རིག་བྱེད་གསང་སྔགས་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཁྱིམ་བདག་ཆེ་ཞིང་མཐོ་བར་སྐྱེ། །ཕྱུག་ཅིང་ནོར་ཡང་མང་བ་ དང་། །ནོར་དང་འབྲུ་རྣམས་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཛམ་བུའི་གླིང་གི་མངའ་བདག་རྗེ། །ས་སྟེང་མཐའ་དག་དབང་བྱེད་པའི། །ཆོས་དང་ལྡན་པའི་རྒྱལ་པོར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །རིན་ཆེན་ བདུན་དང་ལྡན་པ་ཡི། །འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། །ཆོས་བཞིན་འཁོར་ལོ་སྐོར་བར་བྱེད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འདི་ནས་འཕོས་ནས་མཐོ་རིས་འགྲོ། །སངས་རྒྱས་བསྟན་ལ་དགའ་བ་དང་། །རྣལ་འབྱོར་ལྡན་ཞིང་རྫུ་ འཕྲུལ་ཆེ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ལྷ་ཡུལ་དག་ནས་འཕོས་ནས་ཀྱང་། །དེ་ནི་མི་ཡི་ནང་དུ་སྐྱེ། །རྨོངས་པ་མེད་པར་མངལ་དུ་འཇུག །མཆོད་རྟེན་བསྐོར་བ་བྱས་པས་ནི། །མངལ་གྱི་སྐྱོན་གྱི་དྲི་མ་ཡིས། །དེ་ལ་གོས་པར་མི་འགྱུར་ཏེ། ། དེ་ནི་ནོར་བུ་དག་པ་བཞིན། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མ་ལྟོར་བདེ་བར་གནས་པར་འགྱུར། །དེ་ནི་བདེ་བར་བཙའ་བ་དང་། །བདེ་བར་ནུ་ཞོ་འཐུང་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཕས་ཀྱང་གཡོག་འཁོར་མང་ 67-1-214a པོ་ཡིས། །དེ་ལ་གསོ་ཞིང་གནས་པར་འགྱུར། །མ་མས་རྟག་ཏུ་རིམ་གྲོ་བྱེད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཉེ་དུ་རྣམས་ཀྱི་སྙིང་དུ་སྡུག །དེ་བཞིན་ཕ་མ་ལྷག་པར་བྱམས། །སྐྱེས་ནས་ལོངས་སྤྱོད་འཕེལ་བར་འགྱུར། །མཆོད་ རྟེན་བསྐོར་བ་བྱས་པས་ནི། །ཤ་ཟ་དང་ནི་སྲིན་རྣམས་ཀྱིས། །དེ་ལ་གནོད་པར་མི་འགྱུར་ཏེ། །ལོངས་སྤྱོད་དག་ལ་སྐྱོན་མེད་སྤྱོད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བསྐལ་པ་བརྒྱར་ཡང་དེ་དག་རྣམས། །ཞར་བ་གྲུམ་པོར་ཡོང་མི་འགྱུར། ལུས་ཀྱང་རྣམ་པར་དག་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མིག་ཀྱང་རྣམ་པར་དག་པར་འགྱུར། །དཀྱུས་རིང་མཐོན་མཐིང་སྡུག་པ་དང་། །ལྷ་ཡི་མིག་ཀྱང་དེ་ཡིས་འཐོབ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ལུས་བདེ་སེམས་ ཀྱང་བརྟན་པ་དང་། །དེ་བཞིན་བརྩོན་འགྲུས་བརྟན་པ་དང་། །དཔུང་མགོ་ཟླུམ་ཞིང་བརྟན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །སྟོབས་དང་བྱད་གཟུགས་ཕུན་སུམ་ཚོགས། །ཡན་ལག་ཐམས་ཅད་མཚན་རྣམས་ཀྱིས། །ལེགས་པར་ བརྒྱན་ཅིང་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །སུམ་བཅུ་རྩ་གསུམ་དབང་ཕྱུག་རྗེ། །རྫུ་འཕྲུལ་ཆེ་བའི་བརྒྱ་བྱིན་དུ། །ལྷ་ཡི་དབང་པོ་ཆེན་པོར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཐབ་བྲལ་ལྷ་ཡི་རྒྱལ་པོ་དང་། དེ་བཞིན་ཡོངས་སུ་དགའ་ལྡན་དང་། །འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཚངས་པའི་འཇིག་རྟེན་ཚངས་པ་ཡི། །དབང་ཕྱུག་ཉིད་དུ་དེ་འགྱུར་ཞིང་། །ལྷ་རྣམས་བྱེ་བ་སྙེད་ཀྱིས་མཆོད། །མཆོད་རྟེན་ བསྐོར་བ་བྱས་པས་ནི། །བསྐལ་པ་བྱེ་བ་སྟོང་དག་དང་། །ཁྲག་ཁྲིག་ཕྲག་བརྒྱ་དག་ཏུ་ཡང་། །ཤེས་རབ་ལྡན་པ་རྟག་ཏུ་མཆོད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བསྐལ་པ་བྱེ་བ་སྟོང་དག་ཏུ། །ལུས་གཙང་གོས་ཀྱང་གཙང་བ་དང་། །དཀར་ པོའི་ཆོས་དང་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །སྟོབས་དང་བརྩོན་འགྲུས་ཕུན་སུམ་ཚོགས། །དེ་ནི་ལེ་ལོ་མེད་པ་དང་། །ཤིན་དུ་བསྒྲུབ་པ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བརྩོན་འགྲུས་བརྟན་ཞིང་ 67-1-214b མཐུ་ཡང་བརྟན། །རྩལ་བརྟན་ཅིས་ཀྱང་མི་ཚུགས་ཤིང་། །དོན་རྣམས་མྱུར་དུ་འགྲུབ་པར་བྱེད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །གདངས་སྙན་གསང་ཡང་མཐོ་བ་དང་། །ཡིད་དུ་འོང་བའི་ང་རོ་ཅན། །གནོད་པ་མེད་ཅིང་ནད་མེད་འགྱུར། །མཆོད་རྟེན་ བསྐོར་བ་བྱས་པས་ནི། །ང་ཉིད་ཀྱིས་ནི་བསྟན་པ་ཡི། །གནས་དེར་མྱུར་དུ་དེ་འགྲོ་ཞིང་། །ཤས་ཆེར་སྐྱེ་བ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །དྲན་པ་ཉེ་བར་གཞག་པ་བཞི། །སེམས་ཀྱི་ཚད་མེད་བཞི་པོ་དང་། །རྫུ་འཕྲུལ་ རྐང་པའི་དབང་ཡང་འཐོབ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཕགས་པའི་བདེན་པ་བཞི་པོ་དང་། །དབང་པོ་རྣམས་དང་སྟོབས་རྣམས་དང་། །བྱང་ཆུབ་ཡན་ལག་འབྲས་བུ་འཐོབ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མངོན་ཤེས་ དྲུག་ལྡན་ཟག་པ་མེད། །ཉོན་མོངས་ཐམས་ཅད་སྤངས་པ་ཡི། །དགྲ་བཅོམ་རྫུ་འཕྲུལ་ཆེན་པོར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འདོད་ཆགས་ཞེ་སྡང་སྤངས་པ་དང་། །འཁོར་རྣམས་ཐམས་ཅད་སྤངས་པ་ཡི། །རང་རྒྱལ་ བྱང་ཆུབ་འཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །མཚན་རྣམས་ཀྱིས་ནི་བརྒྱན་པ་དང་། །གསེར་གྱི་སྐུ་མདོག་འཐོབ་པར་འགྱུར། །ལུས་ཀྱི་ལས་ཀྱང་བསྐོར་བ་ཡིན། །ངག་གི་ ལས་ཀྱང་བསྐོར་བ་ཡིན། །ཡིད་ཀྱི་ལས་ཀྱང་བསྐོར་བ་ཡིན། །སྨོན་ལམ་བཏབ་པ་འང་བསྐོར་བ་ཡིན། །འདིར་ནི་བསྐོར་བ་བྱས་པ་ཡིས། །བགྲོད་དཀའ་བདེ་དགུར་དོན་རྣམས་འགྲུབ། །འཇིག་རྟེན་མགོན་པོའི་མཆོད་རྟེན་ལ། །བསྐོར་བ་ བྱས་པའི་ཡོན་ཏན་གང་། །དེ་ནི་ཚིག་ཙམ་ཉི་ཚེ་ཡིས། །ལེགས་པར་བསྟན་པར་མི་ནུས་སོ། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཤཱ་རིའི་བུས་ནི་ཞུས་ནས་ཀྱང་། །མཆོད་རྟེན་ཕྱག་བྱས་ཡོན་ཏན་གང་། །འཇིག་རྟེན་མགོན་པོས་བསྟན་ པ་ཡིན། །རྟ་བརྒྱ་དང་ནི་གསེར་སྲང་བརྒྱ། །དྲེལ་མོའི་ཤིང་རྟ་བརྒྱ་དག་དང་། །རྒོད་མ་བརྒྱ་ཡི་ཤིང་རྟ་རྣམས། །རིན་ཆེན་སྣ་ཚོགས་བཀང་བ་ཡང་། །བསྐོར་བའི་གོམ་པ་གཅིག་བོར་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཀམ་པོ་ཛི་ 67-1-215a ཡི་བུ་མོ་བརྒྱ། །ནོར་བུ་རྣ་ཆ་གདུབ་འཁོར་ཐོགས། །གསེར་གྱི་དཔུང་རྒྱན་འཆང་བ་དང་། །མགྲིན་པ་གསེར་གྱིས་ལེགས་བརྒྱན་པ། །བསྐོར་བའི་གོམ་པ་གཅིག་བོར་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །གངས་ཀྱི་གླང་ཆེན་བརྒྱ་ རྟེན་དག །ལུས་ཆེན་ནམ་ཚོང་ཡངས་པ་དང་། །སྣ་ཡང་གཤོལ་མདའ་འདྲ་བའི་གླང་། །གསེར་དང་ནོར་བུས་བརྒྱན་པ་དང་། །བསྐོར་བའི་གོམ་པ་གཅིག་བོར་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་ སེམས་ཀྱིས་གོམ་པ་གཅིག་བོར་བ། །འཛམ་བུའི་ཆུ་ཀླུང་གསེར་སྲང་འབུམ་གྲངས་སྙེད། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་འཇིམ་གོང་གཅིག་བོར་བ། །འཛམ་བུའི་ཆུ་ཀླུང་ གསེར་གྱི་ཕོ་བྲང་འབུམ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མེ་ཏོག་སིལ་མ་སྤུངས། །འཛམ་བུའི་ཆུ་ཀླུང་གསེར་སྣོད་འབུམ་བཞག་པ། །དེ་ནི་དེ་དང་མཚུངས་པ་ཡོད་ མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མེ་ཏོག་ཕྲེང་བ་ཐོགས། །འཛམ་བུའི་ཆུ་ཀླུང་གསེར་ཁལ་བྱེ་བ་གཉིས། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། དགའ་བའི་སེམས་ཀྱིས་སྤོས་ཆུས་དབང་བསྐུར་བ། །འཛམ་བུའི་ཆུ་ཀླུང་གསེར་གྱི་ཕུང་པོ་འབུམ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མར་མེ་འབུལ་ བྱེད་པ། །འཛམ་བུའི་ཆུ་ཀླུང་གསེར་སྲང་བྱེ་བ་འབུམ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་རྒྱལ་མཚན་འཕན་གདུགས་ཐོགས། །གསེར་གྱི་རི་བོ་ ལྷུན་པོ་ཚད་འབུམ་ཡང་། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །འདི་ནི་དཔག་མེད་དེ་བཞིན་གཤེགས། །རྒྱ་མཚོ་འདྲ་བའི་རྫོགས་སངས་རྒྱས། །དེད་དཔོན་བླ་ན་མེད་པ་ལ། །ཕུལ་བའི་ཕན་ཡོན་བསྟན་པ་ཡིན། །བཞུགས་པའི་ཚེ་ན་གང་གིས་ 67-1-215b མཆོད། །མྱ་ངན་འདས་འོག་གང་གིས་མཆོད། །སེམས་དགེ་བ་ནི་མཚུངས་འགྱུར་ན། །བསོད་ནམས་ལ་ནི་ཁྱད་པར་མེད། །དེ་ལྟར་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་རྣམས་ཀྱིས། །རྣམ་པར་སྨན་པ་འང་ བསམ་མི་ཁྱབ། །མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ་རྫོགས་སོ།། །། རྒྱ་གར་སྐད་དུ། པྲ་སེ་ན་ཛི་ཏ་གཱ་ཐཱ། བོད་སྐད་དུ། གསལ་རྒྱལ་གྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྒྱལ་པོ་གསལ་རྒྱལ་གདུགས་དང་ཅོད་པན་ དང་། །རྔ་ཡབ་རལ་གྲི་ནོར་བུ་ལྷམ་བཞག་སྟེ། །ཐལ་མོ་སྦྱར་ཏེ་ལེགས་པར་ཕྱག་འཚལ་ནས། །འཇིག་རྟེན་མགོན་པོ་ལ་ནི་ཞུ་བ་ཞུས། །ཕན་པར་དགོངས་པ་ཐུགས་རྗེའི་བདག་ཉིད་ཅན། །དེ་བཞིན་གཤེགས་རྣམས་མྱ་ངན་འདས་པ་ན། །མཆོད་པ་ བགྱིས་པས་བློ་མཆོག་ཇི་ལྟ་བུར། །སྲིད་པ་གཞན་དུ་མི་རྣམས་བདེ་བ་འཐོབ། །བཅོམ་ལྡན་མི་ཡི་སེང་གེ་སྔ་ཕྱིའི་མཐའི། །ཆོས་རྣམས་ཀུན་ལ་མངོན་སུམ་སྤྱད་གྱུར་པས། །ཀུན་དགའ་བཟང་པོ་ཡི་ནི་མངོན་སུམ་དུ། །གསལ་རྒྱལ་ཞུས་ལན་འདི་དག་ བཀའ་སྩལ་པ། །ཇི་ལྟར་རྒྱལ་བ་དག་ལ་མི་རྣམས་ཀྱིས། །མཆོད་པ་བྱས་པས་སྲིད་པ་གཞན་དག་ཏུ། །རྣམ་སྨིན་འདོད་པ་སྣ་ཚོགས་ཅི་ཐོབ་པ། །ཞུས་པའི་དོན་དེ་རྒྱལ་པོས་མཉན་པར་གྱིས། །བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེངས་ངེས་པར་རྒྱལ་སྲིད་འཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་འཐོབ། །སུ་དག་འདིར་ནི་རྒྱལ་བའི་གཟུགས་བྱེད་པ། །དེ་དག་གཟུགས་བཟང་ཡིད་འོང་ཡོན་ཏན་ལྡན། །དབང་པོ་བསྡམས་ཤིང་འོད་འབར་ཉི་མ་བཞིན། །འཇིག་ རྟེན་དག་ན་མིག་ཏུ་སྡུག་པར་འགྱུར། །སུ་དག་བདེ་བར་གཤེགས་པའི་གཟུགས་བྱེད་པ། །དེ་ཡི་ལུས་ནི་དྲི་མ་མེད་པ་དང་། །པད་མའི་སྙིང་པོ་ལྟ་བུར་འཇམ་ཞིང་ཡངས། །ནད་དང་མྱ་ངན་སྡུག་བསྔལ་འཇིགས་ལས་ཐར། །སུ་ཞིག་འཇིག་རྟེན་མགོན་ 67-1-216a པོའི་གཟུགས་བྱེད་པ། །བྲན་དུ་མི་སྐྱེ་མངག་གཞུག་སྐྱེ་མི་འགྱུར། །དབུལ་བོར་མི་འགྱུར་རིགས་དམན་མི་འགྱུར་ཞིང་། །དབང་པོ་རྣམས་ཀྱང་ཉམས་པར་ཡང་མི་འགྱུར། །ཐུབ་དབང་མཆོད་རྟེན་བྱེད་པའི་མི་རྣམས་ནི། །མྱ་ངན་ཡོངས་མེད་ལུས་ ཀུན་བརྟན་པ་དང་། །ལོངས་སྤྱོད་མཆོག་ལྡན་རིན་ཆེན་མཛོད་མང་ལྡན། །དགྲ་ཡི་ཚོགས་རྣམས་ཀྱང་ནི་ཐུབ་པར་འགྱུར། །རྒྱལ་བའི་མཆོད་རྟེན་སྲོག་ཤིང་ཕུལ་བ་ཡིས། །ཆོས་དང་རྗེས་འཐུན་ཆོས་ལ་སྒྲུབ་པ་དང་། །ཚུལ་ཁྲིམས་ཐོས་དང་ བཟོད་པའི་མཆོག་དང་ལྡན། །འཇིག་རྟེན་དག་ན་དོན་ཀུན་འགྲུབ་པར་འགྱུར། །མཆོད་རྟེན་མཆོག་ལ་གདུགས་བརྩེགས་ཕུལ་བ་ཡིས། །ལྷ་དང་མི་ཡི་ནང་ན་སྐྱེ་བ་དང་། །སྲེད་མེད་བུ་ཡི་ལུས་འདྲ་ལུས་ཀུན་བརྟན། །བཀུར་སྟི་བྱ་བའི་ཡོན་ཏན་ལྡན་པར་ འགྱུར། །ཐུབ་དབང་མཆོད་རྟེན་རྡོ་ཐལ་བྱུགས་པ་ཡིས། །ལྷ་མིའི་འཇིག་རྟེན་དག་ན་ཚེ་རིང་ཞིང་། །ལུས་སེམས་ནད་དང་མྱ་ངན་བྱེད་སྤངས་ཏེ། །རྟག་ཏུ་སྐྱིད་ཅིང་ནོར་གྱིས་ཕྱུག་པར་འགྱུར། །གསེར་དངུལ་སྤ་བའི་གླེགས་མས་གཡོགས་པ་ཡི། ། ཐུབ་པའི་དབང་པོའི་མཆོད་རྟེན་བྱས་པ་ཡིས། །མི་རྣམས་སྲིད་པའི་ཁྱད་པར་གཞན་དག་ཏུ། །ལུས་མཁྲེགས་འོད་ཀྱང་འབར་ཞིང་མཛེས་པར་འགྱུར། །སུ་དག་ལ་ལ་མཆོད་རྟེན་སྐུ་གཟུགས་ལ། །དད་པའི་སེམས་ཀྱིས་བླ་རེ་འབུལ་བྱེད་པ། །དེ་དག་ ས་སྟེང་རྒྱ་མཚོའི་མཐས་ཀླས་པ། །མ་ལུས་གནོད་མེད་རྒྱལ་གཅིག་དབང་བྱེད་འགྱུར། །བདེ་གཤེགས་མཆོད་རྟེན་དག་ལ་དགའ་བཞིན་དུ། །རྣམ་མང་རྒྱ་ཆེན་གདུགས་ནི་བཏགས་པ་ཡིས། །ལྷ་མིའི་འཇིག་རྟེན་དག་ན་གདུགས་འདྲ་བར། །ལྷ་ དང་མི་ཡི་དབང་པོ་ལྟ་བུར་འགྱུར། །མི་རྣམས་སུ་དག་སྐུ་གདུང་སྙིང་པོ་ཅན། །དྲི་མེད་བསོད་ནམས་འབྱུང་གནས་གྱུར་པ་ལ། །བ་དན་མཛེས་པ་སྣ་ཚོགས་འདོགས་པ་དག །མཐུ་དང་ལྡན་ཞིང་སྲིད་གསུམ་མཆོད་གནས་འགྱུར། །བདེ་གཤེགས་མཆོད་ རྟེན་ཅོད་པན་བཏགས་པ་ཡིས། །མི་དབང་དཔལ་དང་ལྷ་དབང་དཔལ་ཐོབ་ཅིང་། །བདེ་བའི་མཆོག་ཀྱང་ཉམས་སུ་མྱོང་གྱུར་ནས། །རྣམ་པར་གྲོལ་བའི་ཅོད་པན་ཁྱད་པར་འཐོབ། །རྒྱལ་བའི་མཆོད་རྟེན་དག་ལ་དྲིལ་ཕུལ་བས། །ཚིག་བཙན་གྲགས་པ་ 67-1-216b ཆེན་པོ་དག་དང་ལྡན། །ཚངས་པའི་སྒྲ་དབྱངས་ཡིད་འོང་སྐྱེ་བ་དྲན། །དེ་དག་གིས་ནི་རྒྱན་རྣམས་སྣ་ཚོགས་འཐོབ། །མཁས་པ་སུ་དག་བདེ་གཤེགས་མཆོད་རྟེན་ལ། །དད་པའི་སེམས་ཀྱིས་ཕྲེང་བ་འདོགས་བྱེད་པ། །གསེར་ཕྲེང་རིན་ཆེན་མང་པོས་ལེགས་སྤྲས་པ། བསོད་ནམས་ལས་ལྡན་དེ་ཡི་མགོ་ལ་ཐོགས། །སྟོན་པའི་མཆོད་རྟེན་དག་ལ་རྒྱན་འཕྱང་འདོགས། །དེ་དག་དོ་ཤལ་རྒྱན་ཕྲེང་ནོར་བུ་དང་། །གདུབ་བུ་དག་དང་དཔུང་རྒྱན་མཆོག་རྣམས་ཀྱིས། །ལུས་བརྒྱན་འཇིག་རྟེན་དག་ན་རྒྱུ་བར་འགྱུར། །སུ་དག་བདེ་བར་ གཤེགས་པའི་མཆོད་རྟེན་ལ། །ས་དང་ལྕི་བས་ཉུག་པ་དེ་དག་ནི། །ལྷ་དང་མིར་སྐྱེ་ལུས་མདོག་སྡུག་པ་དང་། །རྣམ་དག་རྨ་མེད་བདེ་དང་ལྡན་པར་འགྱུར། །ཐུབ་དབང་མཆོད་རྟེན་བྱི་དོར་བྱས་པ་ཡིས། །ཤིན་དུ་བལྟ་ན་སྡུག་ཅིང་མིག་ཏུ་མཛེས། །བྱད་བཞིན་ བཟང་ཞིང་པད་མོའི་མདོག་དང་ལྡན། །སྲེད་པའི་སྐྱོན་རྣམས་དང་ཡང་འབྲལ་བར་འགྱུར། །སུ་དག་སྤོས་མཆོག་སྦྱར་བའི་འབྲུ་མར་གྱིས། །བདེ་བར་གཤེགས་པའི་མཆོད་རྟེན་ཉུག་བྱེད་པ། །དེ་དག་སྤོས་ཀྱིས་མཆོད་ཅིང་ཙན་དན་གྱིས། །ལུས་བྱུགས་ ཉི་མའི་འོད་དང་འདྲ་བར་འགྱུར། །མི་རྣམས་གང་དག་ཐུབ་དབང་མཆོད་རྟེན་ལ། །སྤོས་ཆུ་གཙང་ཞིང་དང་བས་ཁྲུས་གསོལ་བ། །དེ་དག་ལུས་ལ་དྲི་མ་མེད་པ་དང་། །གདུང་བ་མེད་ཅིང་མདོག་འཇམ་མྱ་ངན་མེད། །སུ་ཞིག་སངས་རྒྱས་མཆོད་རྟེན་སྐུ་ གཟུགས་ཁང་། །ཚོན་རྩི་སྣ་ཚོགས་དག་གིས་མཛེས་བྱེད་པ། །དེ་ནི་བདེ་གཤེགས་མངའ་བའི་ཡོན་ཏན་རྣམས། །སྣ་ཚོགས་ལྡན་པ་ཀུན་གྱིས་བརྩེགས་པར་འགྱུར། །སུ་དག་དཔྱིད་ཀའི་དུས་སུ་གཙང་མའི་ཆུས། །མཆོད་རྟེན་ཉེ་འཁོར་རྡུལ་རྣམས་ ཞི་བྱེད་པ། །དེ་ལ་བུད་མེད་རྣམས་ནི་དགའ་བཞིན་དུ། །རྡུལ་ཡབ་གསེར་གྱི་ཡུ་བ་ཅན་གྱིས་གཡོབ། །དཀོན་མཆོག་གསུམ་ཕྱིར་མི་རྣམས་གང་དག་གིས། །འཕགས་པ་དགྱེས་པའི་དཀྱིལ་འཁོར་བྱས་པས་ནི། །རྐང་ལག་སོར་མོ་དྲ་བར་འབྲེལ་བ་དང་། ཡན་ལག་ཐམས་ཅད་ཀྱང་ནི་སྐྱོན་མེད་འགྱུར། །སུ་དག་དཀོན་མཆོག་གསུམ་ལ་མེ་ཏོག་དང་། །འབྲས་བུ་གསར་ཐོག་བྱུང་བ་འབུལ་བྱེད་པ། །དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན། །རོ་མཆོག་ཀུན་ཐོབ་མི་རྫི་སྟོབས་དང་ལྡན། །ཕྲེང་བ་རྒྱན་ཆེན་མེ་ཏོག་ཆར་ 67-1-217a རྣམས་ཀྱིས། །སུ་དག་འདིར་ནི་རྒྱལ་བའི་གཟུགས་ལ་མཆོད། །དེ་དག་ལྷ་དང་མི་ཡི་འཇིག་རྟེན་དུ། །ཆ་བྱད་ཡིད་འོང་སྣ་ཚོགས་ལེགས་པར་བརྒྱན། །སངས་རྒྱས་མཆོད་རྟེན་དག་ལ་དྲི་ཞིམ་ཕུལ། །བདུག་སྤོས་རྒྱ་ཆེན་མང་པོ་ལྡན་སྦྱར་དང་། ། ཨ་ག་རུ་ཡི་བདུག་སྤོས་ཕུལ་བ་ཡིས། །དེ་ཡི་ལུས་ཀུན་སྤོས་ངད་ལྡན་པར་འགྱུར། །སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །དགའ་བཞིན་རྔ་ཡབ་རྣམས་ནི་འབུལ་བྱེད་པ། །ཐུགས་དགའ་རྒྱལ་རྣམས་སྙིང་རྗེ་རྔ་ཡབ་ཐོགས། །ཆེ་བ་དེ་ལ་ཆེར་ ཡང་གཡོབ་པར་བྱེད། །ཤིན་དུ་དྲི་མེད་ཟླ་བ་ཉ་འདྲ་བའི། །མེ་ལོང་སྡུག་གུ་ཐམས་ཅད་མཁྱེན་ལ་འབུལ། །དེ་དག་ཚེ་རབས་བརྒྱུད་པ་རྣམས་སུ་ཡང་། །ལྷ་མི་རྣམས་ཀྱིས་བལྟ་བར་འོས་པར་འགྱུར། །སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། ། མཆོད་པའི་ཁྱད་པར་ཅི་ཡོད་ཅི་འབྱོར་པ། །འཚམ་པར་འབུལ་བྱེད་དེ་དག་དྲི་མེད་ཅིང་། །མྱ་ངན་མེད་པའི་བླ་མེད་བྱང་ཆུབ་འཐོབ། །མི་རྣམས་གང་དག་སངས་རྒྱས་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་མགོས་བཏུད་གུས་ཕྱག་འཚལ། །དེ་དག་ལྷ་ རྣམས་དང་ནི་མི་རྣམས་ཀྱིས། །ཆེར་ཡང་ཆེ་བར་བཀུར་བའི་གནས་སུ་འགྱུར། །སུ་ཞིག་དད་པས་ཐུབ་པའི་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་སྐོར་བ་བྱེད་པ་དེ། །ཕྱི་མའི་ཚེ་ལ་དགྲ་ཆེན་རྣམས་ཀྱིས་བཏུད། །བཟང་པོའི་སྣོད་འགྱུར་ཡོན་ཏན་རྣམས་ དང་ལྡན། །མི་རྣམས་སུ་དག་དགའ་བཞིན་གུས་པ་ཡིས། །བླ་མེད་མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །ལུས་ཀྱི་ལས་རྣམས་བྱེད་པ་དེ་དག་ནི། །སྲིད་པ་ཀུན་དུ་མཛོད་རྣམས་ཤིན་དུ་རྒྱས། །རྒྱལ་བའི་མཆོད་རྟེན་རོལ་མོའི་སྒྲ་ཕུལ་བས། །ཟབ་ཅིང་རིགས་པའི་ སྤོབས་པ་ཕུན་སུམ་ཚོགས། །ཡན་ལག་ལྔ་རྫོགས་ཡིད་འོང་ཚིག་དང་ལྡན། །སྒྲ་སྐད་དག་གིས་འཇིག་རྟེན་འགེངས་པར་བྱེད། །སུ་དག་རྒྱལ་བའི་གདུང་ལྡན་སྟོད་བྱེད་པ། །དེ་དག་གླིང་བུའི་སྒྲ་དང་གླུ་སྙན་དང་། །སྒྲ་སྙན་ཡིད་དུ་འོང་བ་ཐོབ་པ་དང་། །སོ་སོ་ ཡང་དག་རིག་པའང་ཐོབ་པར་འགྱུར། །མི་རྣམས་གང་དག་རྩྭ་ཤིང་སོ་ཕག་གིས། །འཇིག་རྟེན་བླ་མའི་སྤྱི་གབ་རིག་པས་བྱེད། །ཡང་ན་གཞན་དག་བྱེད་དུ་འཇུག་ཀྱང་རུང་། །དེ་དག་འགྲོ་བ་རྣམས་ཀྱི་སྐྱབས་འདྲར་འགྱུར། །མི་རྣམས་གང་དག་རྒྱལ་ 67-1-217b བའི་གཙང་ཁང་བྱེད། །དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན། །ལྷ་དབང་གནས་འདྲའི་ཁང་ཁྱིམ་འོད་འབར་བ། །དུས་ཚིགས་ཀུན་དུ་བདེ་ལྡན་ཐོབ་པར་འགྱུར། །མཐོ་རིས་ལས་བཟང་འབྲས་བུའི་གནས་རྣམས་སུ། །བསྐལ་པར་དགའ་བྱེད་རྟག་ཏུ་དགའ་ བཞིན་དུ། །རྩེན་པར་བྱེད་ཅིང་མྱ་ངན་མེད་པ་དང་། །ཐ་མར་ཞི་བའི་གོ་འཕང་ཐོབ་པར་འགྱུར། །གང་དག་འཇའ་ཁུགས་འདྲ་བའི་རྟ་བབས་མཛེས། །ཐུབ་པའི་ཆབ་སྒོར་སྦྲེང་བྱེད་དེ་དག་ནི། །སྲིད་པ་གཞན་དུ་ཁང་ཁྱིམ་སྒོ་དང་བཅས། །རྣམ་པར་བརྒྱན་ པ་རྣམས་ནི་ཐོབ་པར་འགྱུར། །མི་རྣམས་གང་དག་སྟོན་པའི་སྐུ་གདུང་ཁང་། །བསྲུང་ཕྱིར་དད་པས་འོབས་དང་སྒོ་འཛུགས་པ། །དེ་དག་ཚེ་རབས་གཞན་དུ་དགྲ་རྣམས་ཀྱིས། །དཔལ་ཡོན་རྣམས་དང་འབྲལ་བར་ཡོང་མི་ནུས། །མི་རྣམས་སུ་དག་མཆོད་རྟེན་ རྙིང་པ་རྣམས། །གཞན་གྱི་ངོར་བྱེད་མ་ཡིན་རང་གི་བློས། །རལ་ཚེམས་བྱེད་པའི་སྐྱེ་བོ་དེ་དག་ནི། །ལུས་བཟང་ཡོན་ཏན་དམ་པས་བརྒྱན་པར་འགྱུར། །རྒྱལ་བའི་མཆོད་རྟེན་མེ་ཏོག་རྙིང་བསལ་བས། །འདོད་ཆགས་ཆགས་མེད་ཞེ་སྡང་སྡང་མི་འགྱུར། གཏི་མུག་རྨོངས་མེད་ལྟ་ངན་ཆགས་མི་འགྱུར། །མི་རྣམས་རབ་ཏུ་དགའ་ཞིང་སྐྱིད་པར་འགྱུར། །སུ་དག་གླང་ཆེན་དྲིལ་སྤྱངས་སྤ་བར་བརྒྱན། །དུལ་བའི་རྟ་དང་སྦྱར་བའི་ཤིང་རྟ་དག །སྟོན་པ་དང་ནི་འཕགས་པའི་ཚོགས་ལ་འབུལ། །དེ་དག་བླ་མེད་ ཐེག་ཆེན་ཐོབ་པར་འགྱུར། །སྐྱེ་བོ་སུ་དག་འཇིག་རྟེན་མགོན་པོ་ལ། །རིན་ཆེན་འབར་བ་ཡིད་དང་འཐད་པ་རྣམས། །འབུལ་བ་དེ་དག་རིན་ཆེན་བདུན་པོ་དང་། །བྱང་ཆུབ་ཡན་ལག་རིན་ཆེན་དྲི་མེད་འཐོབ། །རྒྱལ་བའི་མཆོད་རྟེན་ལ་ནི་གོས་ཕུལ་བས། ། བསོད་ནམས་བྱས་པའི་ངོ་ཚའི་གོས་གྱོན་ཏེ། །དགའ་ཞིང་ཡོན་ཏན་ཀུན་ལྡན་སེར་སྣ་མེད། །མདོག་ཀྱང་འཇམ་ཞིང་ཁ་དོག་གསེར་འདྲར་འགྱུར། །དཔེ་མེད་མཆོད་རྟེན་མར་མེ་ཕུལ་བ་ཡིས། །ཨུད་པལ་སྔོན་པོ་ཁ་བྱེ་འདྲ་ཡི་མིག །གསལ་ཞིང་སྡུག་ལ་ མིག་གི་དཀྱུས་རིང་མཛེས། །དྲི་མ་མེད་པའི་ལྷ་ཡི་མིག་དང་ལྡན། །སུ་དག་མཆོད་རྟེན་མར་མེ་དང་རབ་འབུལ། །དེ་དག་མིག་ཏུ་སྡུག་ཅིང་མཛོད་རབ་རྒྱས། །མིག་གི་དཀྱུས་རིང་མཐོན་ཀའི་མདོག་དང་ལྡན། །སྐྱེས་པ་བུད་མེད་དག་གིས་བལྟ་བར་འོས། ། 67-1-218a མཚན་མོ་ཐུབ་ཆེན་སྤྱན་སྔར་ཐལ་སྦྱར་འཁོད། །འབྱོར་དང་མཚན་མ་མར་མེའི་སྡོང་བུ་འབུལ། །དེ་དག་སྲིད་པ་གཞན་དུ་འབྲས་བུར་ལྡན། །རིན་ཆེན་རགས་པའི་འོད་ལྡན་ལུས་ཀྱང་འཐོབ། །རྒྱལ་ལ་ཕུལ་བའི་མར་མེ་འཆི་བ་ན། །དགའ་བའི་སེམས་ ཀྱིས་འདིར་ནི་དགའ་བཞིན་དུ། །སྙིང་པོ་སྐུལ་བར་བྱེད་པ་དེ་དག་ནི། །སྤྱན་ལྔ་དག་ཀྱང་ངེས་པར་འཐོབ་པར་འགྱུར། །མི་རྣམས་གང་དག་དགེ་བའི་སེམས་ལྡན་པས། །རྒྱལ་བའི་མཆོད་རྟེན་གཞན་གྱིས་བྱས་པ་ལ། །རྗེས་སུ་ཡི་རང་དོན་དེ་མ་བྱས་ཀྱང་། ། མདོར་ན་དེ་དག་གིས་ཀྱང་བྱས་པར་འགྱུར། །ཚུལ་ཁྲིམས་ལྡན་པ་ཕྱོགས་ནས་ལྷགས་པ་ལ། །སུ་དག་དགའ་བཞིན་མལ་སྟན་སྦྱིན་བྱེད་པའི། །མི་རྣམས་འགྲོ་བ་དག་ཏུ་འཁོར་བ་ན། །གསེར་གྱི་ཁྲི་དང་སྟན་གྱི་མཆོག་རྣམས་འཐོབ། །སུ་དག་རབ་ཏུ་བྱུང་དང་ མཚམ་པ་ཡི། །ཁ་ཟས་བཟང་པོ་དགེ་འདུན་སྦྱིན་བྱེད་པ། །དེ་དག་འཁོར་བའི་དགོན་པར་གནས་པ་ན། །ཁ་ཟས་ཁ་དོག་རོ་ལ་སོགས་ལྡན་འཐོབ། །སུ་དག་རབ་ཏུ་བྱུང་དང་འཚམ་པ་ཡི། །བཏུང་བ་རྒྱ་ཆེན་དགེ་འདུན་སྦྱིན་བྱེད་པ། །དེ་དག་འཁོར་བའི་དགོན་ པར་གནས་པ་ན། །བཏུང་བ་ཁ་དོག་རོ་ལ་སོགས་པ་འཐོབ། །སུ་དག་འཇིག་རྟེན་བླ་མས་གསུངས་པ་ཡི། །དམ་ཆོས་ཚུལ་བཟང་ཐོས་ནས་ཉམས་སུ་ལེན། །དེ་དག་ཉོན་མོངས་ཆུ་རླབས་རབ་འཇིགས་པའི། །སྲིད་པའི་རྒྱ་མཚོ་མྱུར་དུ་རྒལ་བར་འགྱུར། ། རྒྱལ་པོ་དགེ་བའི་ལས་འདི་ཐམས་ཅད་ནི། །འཁོར་བའི་བདེ་བ་སྣ་ཚོགས་སྨིན་གྱུར་ནས། །སངས་རྒྱས་ཀྱི་ནི་བྱང་ཆུབ་དམ་པ་ཡི། །འབྲས་བུ་བདེ་བླག་ཁོ་ནར་ཐོབ་པར་འགྱུར། །དེ་ནས་རྒྱལ་པོ་དགའ་མདངས་ལྡན་པ་ཡིས། །དྲང་སྲོང་དགེ་འདུན་བསྐོར་བ་ བྱས་ནས་ཀྱང་། །ཐུབ་དབང་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། །རྒྱལ་པོ་རྒྱལ་བྱེད་ཚལ་ནས་བྱུང་བར་གྱུར། །གསལ་རྒྱལ་གྱི་ཚིགས་སུ་བཅད་པ་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཨེ་ཀ་གཱ་ཐཱ། བོད་སྐད་དུ། ཚིགས་སུ་བཅད་ པ་གཅིག་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། །འཇིག་རྟེན་འདི་ན་འང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ན་འང་ཡོད་མ་ཡིན། །ལྷའི་ཕོ་བྲང་ 67-1-218b གནས་མཆོག་དག་ན་འང་ཡོད་མིན་ཕྱོགས་དང་ཕྱོགས་མཚམས་དག་ན་འང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་དུ་ཡུལ་ཞིག་ག་ལ་ཡོད། །ཚིགས་སུ་བཅད་པ་གཅིག་པ་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཙ་ཏུར་གཱ་ཐཱ། བོད་སྐད་དུ། ཚིགས་སུ་བཅད་པ་བཞི་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐུར་གྱུར་པ་ནི་ཐམས་ཅད་ལ། །མཚན་མཆོག་སུམ་བཅུ་གཉིས་མངའ་བ། །རྫོགས་པའི་སངས་རྒྱས་གྲགས་ལྡན་པའི། ། རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང་། །གང་དུ་བྱང་ཆུབ་ལ་རེག་དང་། །ཞི་བའི་འཁོར་ལོ་བསྐོར་བ་དང་། །ཟག་མེད་མྱ་ངན་འདས་པ་དང་། །བདེ་གཤེགས་གང་དུ་བཞུགས་པ་དང་། །འཆག་པ་དང་ནི་བཞེངས་པ་ དང་། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ནི་བདག་ཕྱག་འཚལ། །སྟེང་དང་འོག་དང་བར་དག་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། །སྐུ་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་ལ་ནི་བདག་ཕྱག་འཚལ། །གང་གིས་ཚིགས་ བཅད་འདི་བཞི་ཡིས། །དེ་བཞིན་གཤེགས་ལ་བསྟོད་བྱེད་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཚིགས་སུ་བཅད་པ་བཞི་པ། རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ནཱ་ག་རྭ་ཛ་བྷེ་རཱི་གཱ་ཐཱ། བོད་སྐད་དུ། ཀླུའི་རྒྱལ་ པོ་རྔ་སྒྲའི་ཚིགས་སུ་བཅད་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པས་རབ་བསྟན་པ། །བྱང་ཆུབ་སེམས་དཔའ་སྐྱེས་པའི་རབས། །ཐམས་ཅད་ལེགས་པར་འདུས་ནས་སུ། །ཤིན་དུ་དང་ བའི་སེམས་ཀྱིས་ཉོན། །རྫོགས་པའི་སངས་རྒྱས་ལྷ་ཡི་ལྷ། །དེ་བཞིན་གཤེགས་པ་བཞུགས་པ་ན། །དགེ་སློང་རྣམས་ནི་གཅིག་ལ་གཅིག །ཁ་སྟོབས་ལ་སོགས་རྣམས་ཀྱིས་འགྱིང་། །དགེ་སློང་ཚིག་ངན་འདོན་པ་དག །དྲང་སྲོང་ཆེན་པོས་གསན་ པ་ན། །དེ་ཕྱིར་ཐུབ་པས་དགེ་འདུན་རྣམས། །བསྡུས་ནས་འདི་སྐད་བཀའ་སྩལ་ཏེ། །ཁྱེད་ཅག་ཁ་སྟོབས་ལ་སོགས་པས། །གཅིག་ལ་གཅིག་ནི་འཚེ་བྱེད་པ། །ཁྱིམ་ནས་ཁྱིམ་མེད་རབ་བྱུང་དང་། །དེ་དག་འཐུན་པ་མ་ཡིན་ནོ། །རྟག་ཏུ་ཡང་དག་ 67-1-219a དགའ་བྱེད་པའི། །ཆོས་དྲུག་གང་ཡིན་ལ་འཇུག་པ། །འདི་ནི་ཁྱིམ་ནས་ཁྱིམ་མེད་པར། །རབ་ཏུ་བྱུང་བ་རྣམས་དང་འཐུན། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །འཚེ་བ་མེད་པར་ངས་བསྒོམས་ནས། །ཇི་ལྟར་བྱང་ཆུབ་དོན་གཉེར་བ། ། དགེ་སློང་ང་ལས་འདི་ཉོན་ཅིག །ཤེས་རབ་ལྡན་པའི་མི་ཡིས་འདི། །ཐོས་ནས་སྡིག་པ་རྣམ་སྤོངས་ལ། །གྲུབ་དང་བདེ་བ་ཐོབ་བྱའི་ཕྱིར། །དགེ་བའི་ཆོས་ལ་སྤྱད་པར་གྱིས། །སྔོན་གྱི་སྤུན་དྲུང་གྱུར་པ་ཡི། །ཀླུ་ཡི་རྒྱལ་པོ་གཉིས་བྱུང་བ། །གཅིག་གི་ མིང་ནི་རྔ་ཞེས་བྱ། །གཉིས་པ་ཉེ་རྔ་ཞེས་བྱའོ། །གཉིས་ཀ་སྲོག་གཅོད་ལས་ལྡོག་ཅིང་། །ཚུལ་ཁྲིམས་ལྡན་ཞིང་དབང་ཆེན་གྲགས། །ཀླུ་ཡི་སྐྱེ་གནས་ལ་སྨོད་ཅིང་། །མི་ཡི་སྲིད་པ་འདོད་པར་གྱུར། །ཚུལ་ལྡན་མང་དུ་ཐོས་པ་ཡི། །དགེ་སྦྱོང་བྲམ་ཟེ་མཐོང་ བ་དང་། །མི་ཡི་ཚུལ་དུ་བསྒྱུར་ནས་ནི། །བསྙེན་བཀུར་དག་ཀྱང་བྱེད་པར་འགྱུར། །ཟླ་བ་ཕྱེད་དང་ཚེས་བརྒྱད་དང་། །བཅུ་བཞི་བཅྭ་ལྔ་གང་ཡིན་པ། །དེ་ལ་ཡན་ལག་བརྒྱད་པ་ཡི། །གསོ་སྦྱོང་ལ་ནི་ལེགས་མཉམ་འཇོག །དེ་གཉིས་སྔོན་གྱི་གནས་སྤངས་ནས། ། ཡུལ་གཞན་ཞིག་ཏུ་ཕྱིན་པ་དང་། །དེ་དང་ཉེ་བའི་གནས་དེ་ན། །རྔ་སྒྲ་ཞེས་བྱའི་ཀླུ་གནས་སོ། །ཀླུ་ཡི་སྐྱེས་མཆོག་སྤུན་གཉིས་པོ། །དེ་གཉིས་འོང་བར་དེས་ཤེས་ནས། །ཁེངས་ཤིང་ཁྲོས་པའི་ཡིད་ཀྱིས་སུ། །དུ་བ་ཅན་གྱི་དབུགས་འབྱིན་ཅིང་། །ཁྱེད་གཉིས་ཆོས་ སྤྱོད་མ་ཡིན་ཏེ། །གཡོན་ཅན་ཚུལ་ངན་མཆོས་པའོ་ཞེས། །རྔ་སྒྲས་ཚིག་ནི་རྩུབ་མོ་ཡིས། །ཡང་དང་ཡང་དུ་སྐྲོད་པར་བྱེད། །དམན་པས་བསྐྲད་པ་ཐོས་པ་དང་། །ཉེ་རྔ་རབ་ཏུ་ཁྲོས་གྱུར་ཏེ། །དེ་ཚེ་ཕུ་བོ་རྔ་ལ་ནི། །ཚིག་རྣམས་ཀྱིས་ནི་གོ་བྱས་པ། །ཀྱེ་རྔ་མི་ ཡི་འཇིག་རྟེན་དག་འདི་ན། །ཚིག་ངན་མངོན་དུ་སྨྲ་བས་གདུང་བྱེད་ཅིང་། །སྦལ་ཟན་ཆུ་ཡི་འགྲམ་ན་སྐྱེས་པ་ཡིས། །མཆེ་བ་གདུག་པས་བདག་ཅག་སྐྲོད་པར་བྱེད། །འདི་ནི་ཆུ་ནང་དུད་འགྲོ་རྣམས་ལ་འཚེ། །ཐང་ལ་མི་རྣམས་ལ་ཡང་འཚེ་བར་བྱེད། །གཙོ་བོ་ གལ་ཏེ་བདག་ལ་བཟོད་མཆིས་ཀྱང་། །ཚིག་ངན་སྨྲ་ལ་ཡིད་ནི་བཟོད་མི་ནུས། །དེང་ནི་འདི་ཡི་གྲོང་ཁྱེར་དང་། །ཕོ་བྲང་གཉེན་འདུན་བཅས་བརླག་སྟེ། །རྔ་སྒྲ་གཏན་ནས་བླངས་ནས་སུ། །འདི་ནས་བདག་ཅག་འདོང་བར་བྱ། །ཀླུ་ཡི་རྒྱལ་པོ་སྟོབས་པོ་ཆེ། །དེ་ཡིས་ནུ་བོའི་ཚིག་ཐོས་ནས། ། 67-1-219b ཡིད་ལ་འབབ་པར་བྱེད་པ་ཡི། །ཚིགས་བཅད་འདི་སྐད་སྨྲས་ཏེ་བསྒོ། །གང་གིས་ཁྱིམ་དུ་ཉིན་ཞག་འགའ་གནས་ཤིང་། །བཟའ་དང་བཏུང་བ་ལེགས་པར་བླངས་གྱུར་པ། །དེ་ལ་ཡིད་ཀྱིས་གནོད་པར་མི་བསམས་སྟེ། །བྱས་པ་གཟོ་བ་སྐྱེས་བུ་ དམ་པས་བསྔགས། །ལྗོན་ཤིང་གང་གི་གྲིབ་མ་ཡིས། །ཡུད་ཙམ་ཞིག་ཀྱང་ལེགས་འགེབས་དེའི། །ལོ་མའང་བཅད་པར་མི་བྱ་ན། །ཡལ་ཀ་ལྗོན་ཤིང་སྨོས་ཅི་དགོས། །ནགས་ཚལ་ཤིང་ནི་བཅད་དམ་བསྲེགས་ཀྱང་རུང་། །སླར་ཡང་སྐྱེ་འགྱུར་ འདི་ལ་ཐེ་ཚོམ་མེད། །ལག་པ་རློན་བཅད་ཕྱིར་ཡང་མི་སྐྱེ་ལྟར། །གྲོགས་ལ་འཁུ་བས་ཡུན་རིང་བདེ་མི་ཐོབ། །སྐྱེ་བོ་ངན་པ་ཡུན་རིང་མཆོད་བྱས་ཤིང་། །བཟའ་བཏུང་ཞིམ་པོ་མང་པོས་ཕན་བཏགས་ཀྱང་། །དེས་ནི་ངེས་པར་གྲོགས་པོ་སྤོང་འགྱུར་ ཏེ། །གླང་ཆེན་གྱིས་ནི་ཀོའུ་ཤིའི་སྤྱིལ་བུ་བཞིན། །ཇི་ལྟར་ཆུ་འགྲམ་ཤིང་ནི་འགྱེལ་འགྱུར་ལྟར། །མི་གང་བློ་ནི་གཡོ་ཞིང་འགྱུར་བྱེད་པ། །དེ་ཡི་མཛའ་བཤེས་བརྟན་པར་མི་འགྱུར་ཏེ། །ཤིང་ཤུན་ཚོན་གྱིས་རས་དཀར་བཙོས་པ་བཞིན། །གལ་ཏེ་མཁས་ པས་དགྲ་བོ་དག །མི་དགའ་བར་ནི་བྱེད་འདོད་ན། །སེམས་ལ་སྐྱོན་ནི་མེད་བྱས་དང་། །དེ་ཉིད་ཀྱིས་ནི་དེར་གནོད་འགྱུར། །རྒྱ་མཚོ་དང་ནི་རི་རབ་དང་། །ས་རྣམས་བདག་གི་ཁུར་མིན་གྱི། །བྱས་པ་མི་གཟོ་གང་ཡིན་པ། །དེ་ནི་བདག་གི་ཁུར་ཆེན་ཡིན། །མི་གང་ སེམས་ནི་མི་རྒོད་ཅིང་། །བྱས་པ་གཟོ་དང་བྱས་པ་ཚོར། །བྱས་པ་ཆུད་གཟོན་མི་བྱེད་པ། །དེ་དག་མཁས་པས་རབ་ཏུ་བསྔགས། །ཆོས་བདེ་བྱམས་པ་བདེ་བ་སྟེ། །འཇུག་ངོགས་བདེ་བའི་ཆུ་ཀླུང་བཞིན། །གྲོགས་ལ་འཁུ་བ་མེད་པ་དང་། །ང་སྙེམས་ང་ རྒྱལ་ཟད་པ་བདེ། །ཁེངས་དང་ཟོལ་བྱེད་ང་རྒྱལ་ཆེ། །སྡིག་པའི་གྲོགས་པོ་བསྟེན་པ་དང་། །སྟོབས་ལྡན་རྣམས་ལ་རྒོལ་བྱེད་པ། །དེ་དག་རྣམས་ཀྱི་གྲགས་པ་འཇིག །དེ་ཕྱིར་ཁེངས་པར་མི་བྱ་སྟེ། །ཁྲོ་བ་རྣམ་པར་སྤང་བར་བྱ། །ཁེངས་དང་ཁྲོ་བ་འོངས་ འགྱུར་ན། །གྲགས་པ་མཐའ་དག་འཇིག་པར་འགྱུར། །གང་ཞིག་རྒན་དང་བྱིས་པ་ནད་པ་དང་། །ཉམ་ཆུང་ཐབས་སྟོར་དེ་བཞིན་དམན་པ་དང་། །རྒྱལ་པོས་སྤངས་དང་སྐྱབས་མེད་པ་དག་ལ། །སྙིང་བརྩེ་མེད་པ་དེ་དག་མིར་མི་རུང་། །རང་གི་ཡུལ་འཁོར་གནས་ 67-1-220a སྤངས་ཏེ། །གཞན་གྱི་ལྗོངས་སུ་ཕྱིན་པ་ན། །ཚིག་ངན་སོ་སོར་ཟློག་པ་ལ། །བཟོད་པ་ཆེན་པོ་བྱ་དགོས་སོ། །རང་གི་ཡུལ་ན་བརྙས་བཞིན་འདུག་པ་བས། །མི་རྣམས་གཞན་གྱི་ཡུལ་ན་གནས་ཀྱང་རུང་། །གང་ན་མི་རྣམས་གཞན་གྱིས་མི་བརྙས་ ཏེ། །རང་གི་ཡུལ་ཡིན་དེ་དག་རང་གི་མི། །མི་མཆོག་རྣམས་ནི་བརྙས་ཐབས་བྱས་པའི་ཚེ། །ཆུང་མ་སྡུག་དང་ལོངས་སྤྱོད་རྒྱ་ཆེན་གཏོང་། །ངན་པ་རྣམས་ནི་དེ་ནའང་ཡོངས་སུ་འཁྱམ། །བརྙས་ཐབས་བྱས་པ་དེ་ཡང་ཆུ་བཞིན་འཐུང་། །དར་བ་རྙེད་པ་དགའ་ བ་སྟེ། །རྒུད་པ་མོད་པ་ཡིན་པའི་ཕྱིར། །སེམས་ཅན་དམས་པར་གྱུར་པའི་ཚེ། །ཁ་རོག་འདུག་དང་བདེ་བ་འཐོབ། །གལ་ཏེ་ནོར་མེད་ཕྱོགས་ཉུང་ངམ། །མཛའ་བཤེས་ཕྱོགས་ཀྱི་སྟོབས་ཆུང་ངམ། །དགྲ་བོ་ཕྱོགས་ཀྱི་སྟོབས་ལྡན་ཚེ། །ཁ་རོག་འདུག་དང་ བདེ་བ་འཐོབ། །མི་རྣམས་ཆོས་མིན་བྱེད་པ་དང་། །འདོད་པའི་ལོངས་སྤྱོད་མངོན་དགའ་ཞིང་། །དད་ཆུང་ངོ་ཚ་མེད་པའི་ཚེ། །ཁ་རོག་འདུག་དང་བདེ་བ་འཐོབ། །མི་རྣམས་ཁྲོ་བར་བྱེད་པ་དང་། །གནོད་སེམས་མང་པོར་གྱུར་པ་དང་། །གཞན་ལའང་གདུག་པའི་ ཚུལ་ལྡན་ཚེ། །ཁ་རོག་འདུག་དང་བདེ་བ་འཐོབ། །མི་རྣམས་དད་པ་མེད་པ་དང་། །ཁྭ་བཞན་མུ་ཅོར་སྨྲ་བ་དང་། །སྒྱུ་དང་གཡོ་དག་བྱེད་པའི་ཚེ། །ཁ་རོག་འདུག་དང་བདེ་བ་འཐོབ། །མི་རྣམས་ཚུལ་ཁྲིམས་འཆལ་པ་དང་། །གཏུམ་ཞིང་གཟུ་ལུམས་ བྱེད་པ་དང་། །བདེན་པའི་ཆོས་དང་མི་ལྡན་ཚེ། །ཁ་རོག་འདུག་དང་བདེ་བ་འཐོབ། །མི་རྣམས་ངང་ཚུལ་ངན་པ་དང་། །ལོག་པའི་ལྟ་བས་བཅོམ་པ་དང་། །གཏུམ་ཞིང་སྡང་བར་གྱུར་པའི་ཚེ། །ཁ་རོག་འདུག་དང་བདེ་བ་འཐོབ། །ངོ་ཚ་མེད་ཅིང་བརྫུན་དུ་སྨྲ། །དོན་ མེད་ཕྲ་མ་ཚིག་རྩུབ་དང་། །དབྱེན་དང་ཁྱལ་པ་སྨྲ་བའི་ཚེ། །ཁ་རོག་འདུག་དང་བདེ་བ་འཐོབ། །ཡ་རབས་ཚུལ་མེད་ཤིན་དུ་ཁེངས། །ང་རྒྱལ་གྱིས་ནི་འགྱིང་བ་དང་། །ཕྲག་དོག་བརྐམ་དང་ཚུལ་ཉམས་ཚེ། །ཁ་རོག་འདུག་དང་བདེ་བ་འཐོབ། །གང་ཚེ་མི་ཡི་རུས་ རྣམས་དང་། །རིགས་རྣམས་ཤེས་པ་མ་ཡིན་པའི། །མི་དང་ལྷན་ཅིག་འདུག་པ་ན། །དེ་ཚེ་ང་རྒྱལ་བྱར་མི་རུང་། །གཞན་གྱི་ཡུལ་ན་འདུག་པ་དང་། །གཞན་གྱི་འཚོ་བས་འཚོ་བའི་ཚེ། །ཡུལ་གྱི་ཕྱིར་དང་བདེ་བའི་ཕྱིར། །གཞན་གྱིས་བརྙས་པ་དེ་བཟོད་ 67-1-220b བྱ། །གཞན་གྱི་ཡུལ་ན་གནས་པ་དང་། །གཞན་གྱི་འཚོ་བས་འཚོ་བའི་ཚེ། །སྡང་བས་འཁྲུག་པར་གྱུར་པ་ན། །གཞན་གྱིས་བརྙས་པ་དེ་བཟོད་བྱ། །གཞན་གྱི་ཡུལ་ན་འདུག་པ་དང་། །གཞན་གྱི་འཚོ་བས་འཚོ་བའི་ཚེ། །དམན་པས་བསྐྲད་ པར་གྱུར་ཀྱང་རུང་། །ཤེས་རབ་ལྡན་པས་དེ་བཟོད་བྱ། །ཀྱེ་མ་ཡུལ་ལོག་བདག་གནས་ཤིང་། །མཛའ་བཤེས་ངན་དང་ཕྲད་པ་ན། །བྱིས་པ་རྣམས་དང་འགྲོགས་པ་ཡི། །གནས་སུ་མི་ངན་རྟེན་བྱེད་མེད། །ཤེས་རབ་ལྡན་པས་དེ་བསམས་ ནས། །མི་ཤེས་མི་དང་འགྲོགས་བྱེད་ཀྱང་། །མཁས་པས་ནོར་དང་ལོངས་སྤྱོད་ཕྱིར། །གཟུ་ལུམས་ཁོ་ནར་ཁྲོ་མི་བྱ། །ཇི་ལྟར་ཐལ་བས་བཀའ་བའི་མེ། །རྩྭ་དང་ཤིང་གིས་གཡོགས་པ་ལ། །རླུང་རྣམས་ཀྱིས་ནི་ལེགས་བུས་ན། ། ཤིན་དུ་རབ་ཏུ་འབར་འགྱུར་ཏེ། །རྩྭ་དང་ཤིང་དེ་བསྲེགས་ནས་སུ། །ཆེན་པོར་མཆེད་ཅིང་འབར་བ་ཡིས། །རྩྭ་དང་གེལ་པ་མང་པོ་དག །ལྗོན་ཤིང་ཆེན་པོ་སྲེག་པ་ལྟར། །དེ་བཞིན་རྣམ་རྟོག་བུད་ཤིང་ལས། །བྱུང་བའི་ཁྲོ་བ་མེ་འདྲ་བས། ། བདག་ཉིད་དང་ནི་གཞན་དག་ལ། །ཕུང་ཁྲོལ་ཆེན་པོ་བྱེད་པར་འགྱུར། །དེ་ཕྱིར་ཁྲོ་བ་བྱུང་བ་ན། །ཞེ་སྡང་གཉེན་པོར་གྱུར་པ་ཡི། །བྱམས་པའི་སེམས་ལ་བསྒོམས་ནས་སུ། །མཁས་པ་རྣམས་ཀྱིས་ཟློག་པར་བྱེད། །བསྟོད་པ་བྱས་ན་མཛའ་བྱེད་ ལ། །མ་བསྟོད་མཛའ་བར་མི་བྱེད་ཅིང་། །མོད་ལ་ཡོངས་སུ་སྤོང་བྱེད་པ། །དེ་ནི་བྱིས་པའི་མཚན་ཉིད་ཡིན། །གལ་ཏེ་འདི་ན་བྱིས་པ་དག །སྒྲོ་གཤོག་བཏོགས་པའི་བྱ་ལྟ་བུར། །བློ་སྤངས་ཤེས་རབ་མ་འཆལ་ན། ། མཁས་པ་ཇི་ལྟར་འཚོ་བར་འགྱུར། །གང་ཕྱིར་བྱིས་པ་ཕལ་ཆེར་ནི། །བློ་གྲོས་སྤངས་ཤིང་ཤེས་འཚལ་བ། །དེ་ཕྱིར་མཁས་པ་ཤེས་རབ་ཅན། །ཁྱད་པར་དུ་ནི་བདེ་བར་འཚོ། །མཁས་པ་ནོར་རྙེད་དགའ་བར་མི་འགྱུར་ལ། ། ཕོངས་པར་གྱུར་ཀྱང་མི་འཁྲུལ་འཁྲུག་པ་མེད། །རྗེས་སུ་གཟུང་ཕྱིར་ཕན་པ་དེ་སྨྲ་ན། །ལེགས་སྨྲ་ཡིན་ཞེས་གཞན་གྱིས་ཅིས་མི་རྟོགས། །མཁས་པ་གཟུ་ལུམས་མེད་པར་གྱུར་པ་དེ། །དེ་ཉིད་དཔྱད་པ་ལེགས་ 67-1-221a པར་མཉན་ནས་སུ། །དེ་ལྟར་རྣམ་པར་བསམས་ནས་རང་དོན་དང་། །གཞན་གྱི་དོན་དག་ལེགས་པར་སྤྱོད་པར་བྱེད། །མཁས་པ་རྣམས་ནི་འཚོ་བའི་རྒྱུ་ཙམ་གྱིས། །སྡིག་པའི་ལས་རྣམས་ཀུན་དུ་སྤྱོད་ མི་འགྱུར། །གལ་ཏེ་བདེ་དང་སྡུག་བསྔལ་ལྡན་གྱུར་ཀྱང་། །རྟག་ཏུ་ཆོས་དོན་ཡོངས་སུ་གཏོང་བ་མེད། །བློ་ལྡན་གཡོ་སྒྱུ་ཅན་དུ་མི་འགྱུར་ཏེ། །རྨོངས་པར་མི་འགྱུར་ཚིག་རྩུབ་ཁྲོ་མི་འགྱུར། །ཕོངས་པའི་གནས་ན་མྱ་ངན་མི་ བྱེད་པ། །གཞན་གྱིས་གནད་ལ་འབེབས་པར་བྱེད་རེ་སྐན། །ཧ་ཅང་ཐལ་དང་ཧ་ཅང་ཞུམ་པ་ཡི། །དམན་པའི་མི་རྣམས་ལ་ཡང་མ་ཡིན་ཏེ། །བར་མའི་གནས་ལ་སྟེན་པར་བྱེད་པ་དག །དེ་ནི་མཁས་པ་རྣམས་ཀྱི་ མཚན་ཉིད་ཡིན། །ཧ་ཅང་ཐལ་བ་རྟག་ཏུ་འཁོན། །ཧ་ཅང་ཞུམ་པ་རྟག་ཏུ་བརྙས། །དེ་ཕྱིར་དེ་གཉིས་སྤངས་ནས་སུ། །གོ་འཕང་བར་མ་བསྟེན་པར་བྱ། །རེས་འགའ་ལྐུགས་པའམ་འོན་པ་ལྟ་བུར་གྱིས། །དུས་ལ་ བབ་ན་ས་བདག་བཞིན་དུ་སྨྲོས། །རེས་འགའ་གངས་རི་བཞིན་དུ་བསིལ་བར་གྱིས། །དུས་ལ་བབ་ན་མེ་ལྕེ་བཞིན་དུ་སྤོར། །རེས་འགའ་རྩྭ་དང་འདྲ་བར་ཞུམ་པར་བྱ། །དུས་ལ་བབ་ན་རི་རབ་ལྟ་བུར་གྱིས། །རེས་འགའ་ རྒྱལ་པོ་ལྟ་བུར་འགྱུར་བར་བྱ། །དུས་ལ་བབ་ན་ཐུབ་འདྲ་ནགས་སུ་སོང་། །རེས་འགའ་བཀྲེས་དང་སྐོམ་པའང་བཟོད་པར་བྱ། །དུས་སུ་བདེ་དང་སྡུག་བསྔལ་དང་དུ་བླང་། །ནོར་ཕྱིར་བྲན་བཞིན་བཀོལ་པར་མི་བྱ་སྟེ། ། ཁྲོ་བའི་དབང་དུ་གྱུར་པར་མི་བྱའོ། །རེས་འགའ་དགའ་བའི་གླུ་དང་སིལ་སྙན་གྱིས། །རྩེ་ཞིང་ཤ་དང་ཆང་ཡང་སྤྱད་པར་བྱ། །རེས་འགའ་རི་དགས་ལྟ་བུར་འཇིགས་བཞིན་སོང་། །དུས་སུ་གཅན་ཟན་བཞིན་དུ་ ཉམས་རྩལ་བསྟན། །དང་པོར་དུས་དང་དུས་མིན་དང་། །བདག་ཉིད་སྟོབས་ལྡན་སྟོབས་མེད་དང་། །དར་དང་རྒུད་པ་བརྟགས་ནས་སུ། །དེ་ནས་དོན་རྣམས་ལེགས་པར་བརྩམ། །བཟོད་མེད་རྣམས་ 67-1-221b ལ་བཟོད་པ་དང་། །བཟོད་ལྡན་རྣམས་ལའང་བཟོད་པར་གྱིས། །ཉམ་ཆུང་རྣམས་ལའང་བཟོད་པ་དང་། །སྟོབས་ལྡན་རྣམས་ལ་རྟག་བཟོད་ཀྱིས། །འཁོན་གྱིས་འཁོན་ཞིར་ནམས་ཀྱང་མི་འགྱུར་བས། །བཟོད་མེད་རྣམས་ ལ་འང་བཟོད་པར་བྱས་ན་ལེགས། །ཁྲོས་པ་རྣམས་ལ་རྟག་ཏུ་དང་བ་དང་། །གཞན་གྱི་སྐྱོན་རྣམས་རྟག་ཏུ་བཅབ་པར་གྱིས། །གཙོ་བོ་རྣམས་ཀྱི་ཚིག་ནི་འཇིགས་ཕྱིར་དང་། །འཐབ་ཟླའི་ཚིག་དག་འཐབ་གཅུགས་ གྱུར་ཕྱིར་བཟོད། །གང་ཞིག་འོག་མའི་ཚིག་དག་བཟོད་བྱེད་པ། །དེ་ནི་བཟོད་པའི་མཆོག་ཅེས་དམ་པས་གསུངས། །གཤེ་དང་གྱ་ཙོམ་སྨྲ་བ་དང་། །ཚིག་ངན་སྨྲ་བར་བྱེད་པ་ལ། །བློ་གྲོས་ཆུང་ངུ་མི་བཟོད་དེ། །པད་ མ་ལ་ནི་རྡོ་ཆར་བཞིན། །གཤེ་དང་གྱ་ཙོམ་སྨྲ་བ་དང་། །ཚིག་ངན་སྨྲ་བར་བྱེད་པ་ལ། །མཁས་པ་ཤིན་དུ་བཟོད་བྱེད་དེ། །གླང་ཆེན་མེ་ཏོག་ཆར་པ་བཞིན། །ཁྲོ་བ་དང་ནི་བརྫུན་དག་དང་། །ཚིག་ངན་སྨྲ་བར་བྱེད་པ་ལ། ། མཁས་པ་ཤེས་རབ་ལྡན་གྱུར་པ། །གང་ཡིན་དེ་ནི་ཐམས་ཅད་བཟོད། །རྡོ་བ་བསྲེགས་ཀྱང་འཇུ་མི་འགྱུར། །ཆར་པ་བབ་ཀྱང་འཇིག་པ་མེད། །དེ་བཞིན་བདེ་དང་སྡུག་བསྔལ་གྱིས། །མཁས་པ་ཉམས་ པར་འགྱུར་བ་མེད། །གང་ཞིག་བདེན་པས་གཤེ་བྱེད་པ། །དེ་ལ་མཁས་པས་བཟོད་པར་བྱེད། །བདེན་པ་མ་ཡིན་པ་ཡང་བཟོད། །དེ་ལས་གཞན་པ་བསྟན་དུ་མེད། །འདི་ལྟར་སྐྱེས་བུ་མཁས་པ་ནོར་གྱི་ཕྱིར། ། སྡུག་བསྔལ་བཟོད་བྱ་བཟོད་པར་འགྱུར་བར་བྱ། །གལ་ཏེ་མི་བཟོད་མྱ་ངན་རྣམ་སྤངས་ཏེ། །གཞན་དུ་སོང་ན་སྟོང་ཕྲག་རྙེད་དང་འདྲ། །ཡལ་ག་སྙེགས་ལ་འཇུ་བར་མི་བྱ་ཞིང་། །ཆགས་བྲལ་སེམས་ལ་ཆགས་ པར་མི་བྱ་སྟེ། །བཟང་ཞིང་སྡུག་པས་ས་སྟེང་གང་བས་ན། །འཇིག་རྟེན་ཡངས་པ་གཞན་དུ་འགྲོར་ཟད་མོད། །གང་ན་བརྙས་བྱེད་བཀུར་སྟི་མི་བྱེད་དང་། །སྨོད་པར་བྱེད་ཅིང་སྟོད་པར་མི་བྱེད་ན། །མཁས་ 67-1-222a དང་བླུན་འགྲོགས་ཆེད་ཀ་མི་ཆེ་བས། །རང་རྒྱལ་བཞིན་དུ་མ་སྨྲ་དེ་འགྲོ་རིགས། །གང་ན་སྐྱེས་བུ་འཐབ་ལ་དགའ་གྱུར་ནས། །གཡོ་སྒྱུའི་བསམ་ལྡན་རྟག་ཏུ་གླགས་ཀྱང་བྱེད། །ཀྱལ་པ་དབྱེན་བརྫུན་ཚིག་ རྩུབ་སྨྲ་བྱེད་པ། །དེ་ཚེ་མཁས་པ་མྱུར་དུ་ཡུལ་གཞན་སོང་། །གང་ན་མི་རྣམས་འཚོ་བར་བྱེད་གྱུར་ནས། །ཕན་ཚུན་གནོད་ལ་འབེབས་པར་དགའ་བ་དང་། །ལུས་དང་ངག་ཡིད་སྡོམ་པ་མེད་གྱུར་པ། །དེ་ཚེ་མཁས་པ་མྱུར་དུ་ ཡུལ་གཞན་སོང་། །གང་ན་མི་རྣམས་ཕྲག་དོག་བྱེད་གྱུར་ནས། །གཞན་གྱི་རྙེད་ལ་རྟག་ཏུ་མི་བཟོད་ཅིང་། །སྡང་བའི་བསམ་པས་རྣམ་རྨོངས་ཚུལ་འཆོས་པ། །དེ་ཚེ་བདག་འདོད་ཡུལ་གཞན་འགྲོ་བར་གྱིས། །གང་ན་ མི་རྣམས་སྡིག་བྱེད་འདོད་གྱུར་ནས། །བཀུར་སྟི་འདོད་ཅིང་ཚུལ་འཆོས་གཡོ་སྒྱུ་བྱེད། །ནང་ཡང་མ་དག་ཕྱི་ཡང་མ་དག་པ། །དེ་ཚེ་བདག་འདོད་ཡུལ་གཞན་འགྲོ་བར་གྱིས། །གང་ན་མི་རྣམས་ཞེ་ས་མེད་གྱུར་ནས། །ཡ་རབས་ ཚུལ་མེད་ཁེངས་ཤིང་ང་རྒྱལ་ལྡན། །བྱིས་པས་མཁས་པ་རྟག་ཏུ་བརྙས་བྱེད་པ། །དེ་ཚེ་བདག་འདོད་ཡུལ་གཞན་འགྲོ་བར་གྱིས། །གང་དང་གང་དུ་བཟའ་བཏུང་དང་། །གང་དུ་གོས་རྣམས་རྙེད་པ་དང་། །གང་དུ་འཚོ་བ་དེར་ སོང་ལ། །ཆགས་འགྱུར་གནས་སུ་མ་འདུག་ཅིག །ལན་འགའ་རྩོད་འགྱུར་སྲེད་པ་གང་ཡིན་སྤོངས། །རྟག་ཁེངས་མཆོད་མེད་ང་རྒྱལ་གང་ཡིན་སྤོངས། །འབྲས་བུ་ངན་པའི་ཁྲོ་བ་གང་ཡིན་སྤོངས། །ཕོངས་དུས་མི་ ལྟའི་གྲོགས་པོ་གང་ཡིན་སྤོངས། །མེ་ཡིས་གང་བའི་ལམ་འདྲའི་མ་རིག་སྤོངས། །བྱས་གཟོ་མེད་པའི་གཉེན་འདྲའི་འདོད་ཆགས་སྤོངས། །མཆེ་བ་མི་བཟད་ཀླུ་འདྲའི་ཆགས་པ་སྤོངས། །དགྲ་བོ་མཚོན་ཐོགས་ ལྟ་བུའི་སྡུག་བསྔལ་སྤོངས། །ཀླུ་མོ་ལྟ་བུ་མི་བཟད་ཆུང་མ་སྤོངས། །མགོ་ལ་མེ་འབར་ལྟ་བུའི་བུ་རྣམས་ཐོང་། །འགོ་བའི་ནད་བཅས་ལྟ་བུའི་ཁྱིམ་རྣམས་ཐོང་། །བཏུང་བ་དུག་ཆེན་ལྟ་བུའི་འདོད་པ་མཐོང་། ། 67-1-222b ཁྱིམ་གྱི་ཕྱིར་ནི་གཅིག་བཏང་སྟེ། །གྲོང་ཁྱེར་དོན་དུ་ཁྱིམ་བཏང་ངོ་། །ལྗོངས་ཀྱི་ཕྱིར་ནི་གྲོང་ཁྱེར་ཏེ། །བདག་གི་དོན་དུ་ས་བཏང་ངོ་། །མི་ཡི་ཡན་ལག་ཕྱིར་ནི་ནོར་བཏང་ཞིང་། །སྲོག་གི་དོན་དུ་ཡན་ལག་བཏང་བར་བྱ། ། ནོར་དང་ཡན་ལག་རྣམས་དང་དེ་བཞིན་སྲོག །ཐམས་ཅད་བཏང་གི་འདིར་ནི་ཆོས་སྲུང་ངོ་། །ཆོས་སྤྱོད་པ་ལ་འཇིགས་སྐྲག་མེད་པ་ཉིད། །ཆོས་སྤྱོད་པ་དག་ངན་འགྲོར་མི་འགྲོ་སྟེ། །ཆོས་སྤྱོད་པ་ནི་འདོད་པའི་ འདོད་པར་འགྲོ། །ཆོས་མི་སྤྱོད་པ་ཤི་ནས་གདུང་བར་འགྱུར། །མཁས་པ་ནོར་རྙེད་དགའ་བར་མི་འགྱུར་ལ། །ནོར་ཟད་ན་ཡང་བློ་གྲོས་མི་འཁྱར་བར། །འཇིག་རྟེན་དག་ན་ཅི་དགར་ལེགས་རྒྱུ་བ། །སེམས་ཅན་ནང་ ན་མི་ཡི་སྙིང་པོར་ཆུད། །གང་ཞིག་དགའ་བས་གཞན་ལ་ནོར་སྦྱིན་ཞིང་། །ང་རྒྱལ་མཆེ་བ་རྣམ་སྤངས་བདེན་ལ་གནས། །རྒྱ་མཚོ་འདྲ་བའི་སེམས་ལྡན་དེ་དག་ནི། །དཔའ་བོ་རྟུལ་ཕོད་ཡ་རབས་ཐབས་ལྡན་ ཡིན། །གང་ཞིག་དེ་དང་དེ་ལ་ལེགས་བསླབས་པས། །དོན་རྣམས་ཀུན་ལ་མཁས་པར་གྱུར་པ་དང་། །དེས་ལ་འགྲོགས་ན་བདེ་བ་དེ་དག་ནི། །དམ་པས་ལེགས་པ་ཡིན་ཞེས་བསྔགས་པ་མཛད། །ཉེ་རྔས་ སྨྲས་པ། རྔ་ཁྱོད་ལ་ནི་ཕྱི་ཕྱིར་ཞིང་། །འདི་ལྟར་བདག་ནི་རབ་ཏུ་དད། །བདག་གི་ལུས་འདི་སྐམས་པ་འམ། །ཡང་ན་སེམས་ནི་མེད་ཀྱང་སླ། །སྡུག་བསྔལ་ཤིན་དུ་མི་བཟད་པར། །ལྷུང་ཡང་ཕྱིན་ཆད་སྡིག་མི་ བགྱིད། །ཚུལ་ཁྲིམས་ཉམས་པ་གསོན་པ་བས། །ཚུལ་ཁྲིམས་ལྡན་པ་ཤི་ཡང་སླ། །སྐྱེ་བ་གཅིག་ཏུ་འདི་ཡི་ཕྱིར། །ཇི་ལྟ་བུར་ནི་མི་ཟད་སྦྱང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྔོན་ཚེ་ གང་དུ་རབ་གནས་ཤིང་། །དེ་དང་དེར་ནི་སྐྱེས་པ་ན། །མི་དགེའི་གྲོགས་དང་འགྲོགས་པ་ཡིས། །ང་ཡིས་མི་དགེ་ལས་རྣམས་བྱས། །དགེ་བའི་བཤེས་དང་ཕྲད་པ་ན། །མི་དགེའི་ལས་རྣམས་སྤངས་པར་ 67-1-223a གྱུར། །བཅོམ་ལྡན་དེ་བཞིན་གཤེགས་པ་ཡིས། །སྔོན་གྱི་གནས་རྣམས་མངོན་མཁྱེན་ནས། །དེ་ཕྱིར་དགེ་སློང་རྣམས་ལ་ནི། །ཐུབ་པས་ལུང་ཡང་བསྟན་པར་མཛད། །སྔོན་ཚེ་ང་ནི་རྔར་གྱུར་ཏེ། ། ཀུན་དགའ་བོ་ནི་ཉེ་རྔ་ཡིན། །ལྷ་སྦྱིན་རྔ་སྒྲར་གྱུར་ཏོ་ཞེས། །སྐྱེས་རབས་དེ་ལྟར་གཟུང་བར་གྱིས། །ཆོས་རྣམས་སྡུད་པར་བྱེད་པ་ཡི། །དོན་རྒྱས་མདོ་སྡེ་འདི་ཐོས་ནས། །དགེ་སློང་ཐམས་ཅད་གུས་ བཅས་པར། །ཆོས་ལ་སྤྱད་པ་ཉིད་དུ་གྱིས། །ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ་རྫོགས་སོ།། །།ཡེ་དྷ་མཱ་ཧེ་ཏུ་བྲ་བྷ་བཱ་ཧེ་དུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོདྷ་ཨེ་བྂ་བཱ་དཱི་མ་ཧཱ་ཤྲ་མ་ཎ༔།། ༄༅༅། ། རྒྱ་གར་སྐད་དུ། ཨུ་དཱ་ན་བར་ག ། བོད་སྐད་དུ། ཆེད་ཏུ་བརྗོད་པའི་ཚོམས། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་པར་གྱུར་ཅིག །རྒྱལ་བས་ཆེད་ཏུ་བརྗོད་ གསུངས་པ། །བདག་གིས་རབ་ཏུ་བཤད་པར་བྱ། །གཉིད་དང་རྨུགས་པ་རྣམས་སོལ་ལ། །ཡིད་ལ་དགའ་བ་བསྐྱེད་དེ་ཉོན། །ཐམས་ཅད་མཁྱེན་པ་སྐྱོབ་པ་པོ། །ཐུབ་པ་རྗེས་སུ་ཐུགས་བརྩེ་བ། །སྐུ་ཡི་ཐ་མ་ འཛིན་པ་ཡི། །བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །ཀྱེ་མ་འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། །དེ་ལྟར་རབ་ཏུ་ འབར་བ་ལ། །ཅི་ཞིག་དགར་ཡོད་མགུར་ཅི་ཡོད། །མུན་པའི་ནང་ཞུགས་གནས་པ་དག །ཅི་ཕྱིར་སྒྲོན་མ་ཚོལ་མི་བྱེད། །རུས་པ་ཐི་བའི་མདོག་འདྲ་བ། །བོར་བ་གང་ཡིན་འདི་དག་ནི། །ཕྱོགས་དང་ཕྱོགས་སུ་ རྣམ་འཐོར་བ། །དེ་མཐོང་འདི་ལ་ཅི་ཞིག་དགའ། །གང་གི་ནུབ་མོ་ཁོ་ན་ནས། །མངལ་དུ་དང་པོར་འཇུག་པའི་མི། །དེ་ནི་སྡོད་མེད་འགྲོ་འགྱུར་ཞིང་། །སོང་བ་ལས་ཀྱང་ལྡོག་པ་མེད། །སྔ་དྲོ་སྐྱེ་བོ་མང་མཐོང་བ། ། 67-1-223b ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར། །ཕྱི་དྲོ་སྐྱེ་བོ་མང་མཐོང་བ། །སྔ་དྲོ་ཁ་ཅིག་མཐོང་མི་འགྱུར། །སྐྱེས་པ་བུད་མེད་མང་པོ་དང་། །དར་ལ་བབ་པའང་འཆི་འགྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་རྡེང་ དྲོད་ཅི་ཞིག་ཡོད། །ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་སར། །དེ་བཞིན་ཁ་ཅིག་འགོག་ཙམ་ན། །དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན། །ལ་ལ་རྒན་དང་ལ་ལ་གཞོན། །ལ་ལ་ དར་ལ་བབ་པའི་མི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། །འབྲས་བུ་སྨིན་པ་ལྟུང་བ་བཞིན། །དཔེར་ན་འབྲས་བུ་སྨིན་པ་རྣམས། །ལྟུང་བས་རྟག་ཏུ་འཇིགས་པ་ལྟར། །དེ་བཞིན་སྐྱེས་པར་གྱུར་པའི་མི། ། རྟག་ཏུ་འཆི་བས་འཇིགས་པར་འགྱུར། །དཔེར་ན་རྫ་མའི་མཁན་པོ་ཡིས། །འཇི་བ་ལས་ནི་སྣོད་བྱས་པ། །ཐམས་ཅད་ཐ་མར་འཇིག་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །དཔེར་ན་ཐགས་ནི་བརྐྱང་བ་ ལ། །སྤུན་ནི་གང་དང་གང་བཅུག་པའི། །སྤུན་གྱིས་རྟིང་ལ་གཏུགས་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །དཔེར་ན་ངེས་པར་བསད་པ་དག །གོམ་པ་གང་དང་གང་བོར་བས། །བསད་སའི་དྲུང་དུ་བསྙེན་ པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །ཆུ་ཀླུང་དྲག་ཏུ་འབབ་པའི་རྒྱུན། །ལྡོག་པ་མེད་པ་ཇི་ལྟ་བར། །དེ་བཞིན་མི་ཡི་ཚེ་འགྲོ་བ། །སླར་ནི་ལྡོག་པར་འགྱུར་བ་མེད། །དཀའ་བ་ཉིད་དང་ཐུང་བ་དང་། །དེ་ཡང་ སྡུག་བསྔལ་ལྡན་པ་དག །མྱུར་བ་ཁོ་ནར་འཇིག་འགྱུར་ཏེ། །ཆུ་ལ་དབྱུག་གུས་བྲིས་པ་བཞིན། །དཔེར་ན་ཕྱུགས་རྫི་དབྱུག་ཐོགས་ཀྱིས། །ཕྱུགས་རྣམས་གནས་སུ་ཕྱིན་བྱེད་ལྟར། །དེ་བཞིན་ནད་ དང་རྒ་བ་ཡིས། །མི་རྣམས་འཆི་བདག་དྲུང་དུ་སྐྱེལ། །ཆུ་བྲན་གྱི་ནྀ་ཆུ་ལྟ་བུར། །ཉིན་དང་མཚན་མོ་འདས་པ་ཡིས། །མི་རྣམས་ཚེ་ཡང་ཟད་འགྱུར་ཞིང་། །སྲོག་ཀྱང་ཉེ་བར་འཇིག་པར་འགྱུར། །མེལ་ཙེ་བྱེད་ 67-1-224a ལ་མཚན་མོ་རིང་། །ལམ་གྱིས་དུབ་ལ་རྒྱང་གྲགས་རིང་། །དམ་ཆོས་རྣམ་པར་མི་ཤེས་པའི། །བྱིས་པ་རྣམས་ལ་འཁོར་བ་རིང་། །བདག་ལ་བུ་ཡོད་དེ་བཞིན་དུ། །ནོར་ཡོད་ཅེས་པས་བྱིས་པ་བརླག ། ཕྱི་རོལ་ནང་ན་བདག་མེད་ན། །སུ་ཡི་བུ་ཡིན་ཅི་ཞིག་ནོར། །སྐྱེས་པ་བུད་མེད་རྣམས་ཀྱི་རིགས། །བརྒྱ་དང་སྟོང་ཕྲག་མང་པོ་དང་། །ལོངས་སྤྱོད་ལེགས་པར་བསྒྲུབས་པ་ཡང་། །འཆི་བདག་དབང་དུ་འགྲོ་བར་འགྱུར། ། བསགས་པ་ཀུན་གྱི་མཐའ་ཟད་ཅིང་། །བསླང་བའི་མཐའ་ནི་འགྱེལ་བར་འགྱུར། །ཕྲད་པའི་མཐའ་ནི་བྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །གསོན་མཐའ་འཆི་བ་ཡིན་པས་ན། །སེམས་ཅན་ཐམས་ ཅད་འཆི་འགྱུར་ཞིང་། །དགེ་སྡིག་འབྲས་བུར་ཉེར་འགྲོ་བའི། །ཇི་བཞིན་ལས་ཀྱི་རྗེས་སུ་འབྲང་། །སྡིག་པའི་ལས་ཀྱིས་དམྱལ་བ་དང་། །བསོད་ནམས་བྱས་པས་བདེ་འགྲོ་སྟེ། །གཞན་དག་གིས་ནི་ལམ་བསྒོམས་པས། ། ཟག་མེད་མྱ་ངན་འདས་པར་འགྱུར། །གང་ཡང་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང་། །སྐུ་ལུས་འདི་ནི་སྤོང་མཛད་ན། །སྐྱེ་བོ་ཕལ་པ་སྨོས་ཅི་དགོས། །གང་དུ་གནས་ན་འཆི་བས་ མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ན་འང་མིན། །བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ། །ཀུན་གྱིས་ལུས་འདི་བཏང་ནས་ འགྲོ་བ་དང་། །དེ་ཀུན་འཇིགས་པར་མཁས་པས་རྟོགས་གྱིས་ཏེ། །ཆོས་ལ་གནས་ཀྱིས་ཚངས་པར་སྤྱད་པ་སྤྱོད། །རྒ་བ་མཐོང་ཞིང་ནད་ཀྱིས་སྡུག་བསྔལ་དང་། །སེམས་དང་བྲལ་བའི་ཤི་བ་མཐོང་ནས་ནི། ། བརྟན་པས་བཙོན་ར་འདྲ་བའི་ཁྱིམ་སྤངས་ཀྱི། །འཇིག་རྟེན་ཕལ་པས་འདོད་སྤང་ནུས་རེ་སྐན། །རྒྱལ་པོའི་ཤིང་རྟ་ཤིན་དུ་བཀྲ་བའང་འཇིག །དེ་བཞིན་ལུས་ཀྱང་ཉེ་བར་རྒ་བར་འགྱུར། །དམ་པ་རྣམས་ཀྱི་ཆོས་ 67-1-224b འདི་དམ་པ་སྟེ། །མི་མཆོག་གཞན་རྟོགས་བྱེད་ཅིང་རྒ་མི་འགྱུར། །རྒ་བ་ཁྱོད་ནི་བླུན་ཞིང་ངན། །ཁྱོད་ནི་མི་རིགས་བྱེད་པ་སྟེ། །ཡིད་ཏུ་འོང་བའི་གཟུགས་འདི་ཡང་། །ཁྱོད་ཀྱིས་མངོན་པར་བཅོམ་པར་གྱུར། །གང་ཞིག་ ལོ་ནི་བརྒྱར་འཚོ་བ། །དེ་ཡང་འཆི་བདག་ཉིད་ཀྱིས་ཁྲིད། །འདི་དག་རྒ་བར་འགྱུར་བ་འམ། །ཡང་ན་ན་བ་འང་འཆི་བས་འཇོམས། །རྟག་ཏུ་ལྡོག་པ་མེད་པར་འགྲོ་འགྱུར་ཞིང་། །ཉིན་དང་མཚན་དུ་རབ་ཏུ་འཇིག་པ་ དང་། །སྐྱེ་དང་འཆི་བའི་སྡུག་བསྔལ་དང་ལྡན་པ། །ཆུ་ཚན་ནང་དུ་གདུངས་པའི་ཉ་དང་འདྲ། །ཚེ་འདི་ཉིན་དང་མཚན་མོ་དང་། །འགྲོ་བ་དང་ནི་འདུག་པ་ན། །ཆུ་ཀླུང་ཆེན་པོའི་རྒྱུན་བཞིན་དུ། །ཕྱིར་མི་ལྡོག་པར་འགྲོ་བར་ འགྱུར། །ཆུ་ཆུང་ནང་གི་ཉ་ལྟ་བུར། །གང་ཞིག་ཉིན་མཚན་འདའ་བ་ཡིས། །ཚེ་འདི་ཤིན་དུ་ཐུང་འགྱུར་ན། །དེ་ལ་དགའ་བར་བྱར་ཅི་ཡོད། །གསོན་མཐའ་འཆི་བ་ཡིན་པའི་ཕྱིར། །ལུས་འདི་ཡོངས་སུ་རྒ་བ་དང་། ། ནད་ཀྱི་ཚང་འདི་མྱུར་འཇིག་ཅིང་། །སྣག་གི་ཚོགས་ཀྱང་འཇིག་པར་འགྱུར། །ཀྱེ་མ་ལུས་འདི་མི་ཐོགས་པར། །སྟོང་ཞིང་རྣམ་ཤེས་དང་བྲལ་ནས། །དུར་ཁྲོད་བོར་བའི་མགལ་དུམ་ལྟར། །ས་ཡི་སྟེང་དུ་འགྱེལ་ བར་འགྱུར། །རྒྱུན་དུ་ནད་ཀྱིས་མངོན་གདུང་ཞིང་། །རྟག་ཏུ་མི་གཙང་འཛག་པ་དང་། །རྒ་དང་འཆི་བས་འཚེར་འགྲིབ་པའི། །ལུས་འདི་དོར་བ་ཅིར་མི་རུང་། །མྱུར་དུ་འཇིག་ཅིང་ན་བ་དང་། །རྣག་དང་ལྡན་པའི་ ལུས་འདི་ཡིས། །གྲུབ་དང་བདེ་བ་བླ་མེད་པ། །ཞི་མཆོག་དོན་དུ་གཉེར་བར་གྱིས། །དགུན་ཀ་དང་ནི་དཔྱིད་ཀ་དང་། །དབྱར་ཀ་འདི་དག་བྱའོ་ཞེས། །བྱིས་པ་རྣམ་པར་སེམས་བྱེད་པས། །བར་ཆད་མཐོང་བར་ མ་གྱུར་ཏོ། །བུ་དང་ནོར་ཕྱུགས་འབྱོར་པ་ལ། །མི་ཡི་ཡིད་ནི་རྣམ་ཆགས་པ། །འཆི་བདག་གིས་ནི་བླངས་ནས་འགྲོ། །ཉལ་གྲོང་ཆུ་བོས་འདས་པ་བཞིན། །འཆི་བའི་དུས་ལ་བབ་པ་ན། །བུ་རྣམས་སྐྱབས་ 67-1-225a སུ་མི་འགྱུར་ཞིང་། །ཕ་ཡང་མ་ཡིན་གཉེན་འདུན་མིན། །ཁྱོད་ལ་སྐྱབས་སུ་འགྱུར་བ་མེད། །འདི་ནི་བྱ་བ་བྱས་ཟིན་དོན་འདི་བྱ། །དེ་དག་བྱས་ནས་བདག་གིས་འདི་བྱ་ཞེས། །དེ་ལྟར་མི་ནི་ཡོངས་སུ་ ཤོམ་པ་ན། །རྒ་དང་ནད་བཅས་འཆི་བས་མངོན་དུ་བཅོམ། །དེ་ལྟས་རྟག་ཏུ་ཏིང་འཛིན་ལ་དགའ་མཉམ་པར་ཞོག །བརྩོན་པ་སྐྱེད་ལ་སྐྱེ་དང་རྒ་བའི་མཐའ་མ་ལྟོས། །བདུད་རྣམས་སྡེ་དང་བཅས་པ་མངོན་ པར་ཟིལ་ནོན་ལ། །དགེ་སློང་དག་གོ་སྐྱེ་ཤིའི་ཕ་རོལ་འགྲོ་བར་གྱིས། །མི་རྟག་པའི་ཚོམས་ཏེ་དང་པོའོ།། །། ཀུན་རྟོག་ལས་ནི་འདོད་སྐྱེས་པས། །འདོད་པའི་རྩ་བར་ཤེས་གྱིས་ཏེ། །ཁྱོད་ནི་ཀུན་རྟོག་མ་ བྱེད་དང་། །དེས་ན་ཁྱོད་ལ་འབྱུང་མི་འགྱུར། །འདོད་པ་རྣམས་ལས་མྱ་ངན་སྐྱེས། །འདོད་པ་རྣམས་ལས་འཇིགས་པ་འབྱུང་། །འདོད་པ་དག་ནི་རྣམ་སྤངས་ན། །མྱ་ངན་མེད་ཅིང་འཇིགས་པ་མེད། །དགའ་བ་རྣམས་ ལས་མྱ་ངན་སྐྱེས། །དགའ་བ་རྣམས་ལས་འཇིགས་པ་འབྱུང་། །དགའ་བ་དག་ནི་རྣམ་སྤངས་ན། །མྱ་ངན་མེད་ཅིང་འཇིགས་པ་མེད། །འདོད་དགའི་རྣམ་སྨིན་སྡུག་བསྔལ་ཏེ། །དང་པོ་མངར་ལ་འབྲས་བུ་ཚ། ། མེ་སྒྲོན་ལག་ནས་མ་བོར་བ། །མཇུག་ཏུ་བྱིས་པ་སྲེག་བྱེད་བཞིན། །ནོར་བུའི་རྣ་ཆ་བུ་དང་བུ་མོ་ལ། །ཡོངས་སུ་ཆགས་སེམས་གང་ཡིན་ལ་ལྟོས་ན། །ལྕགས་ཤིང་གྲེས་མ་ལས་བྱས་ཆིངས་མ་གང་། །དེ་དག་ དམ་པོ་མིན་ཞེས་འཕགས་པ་གསུང་། །འདོད་པའི་ཆིང་མ་གང་ཡིན་དེ་ལྷོད་ཀྱང་། །རབ་ཏུ་དགྲོལ་བར་དཀའ་ཞེས་འཕགས་པ་གསུངས། །བརྟན་རྣམས་འདོད་པའི་བདེ་ལ་མི་ལྟ་བར། །དེ་དག་གཏུབས་ ནས་མྱུར་དུ་འགྲོ་བར་བྱེད། །འཇིག་རྟེན་སྣ་ཚོགས་གང་དེ་འདོད་མིན་གྱི། །སྐྱེས་བུའི་ཀུན་རྟོག་འདོད་ཆགས་འདོད་པ་ཡིན། །འཇིག་རྟེན་སྣ་ཚོགས་དེ་བཞིན་གནས་ཀྱང་ནི། །འོན་ཀྱང་བརྟན་རྣམས་འདི་ལ་འདུན་ 67-1-225b པ་འདུལ། །མི་རྣམས་ལ་ནི་རྟག་པའི་འདོད་པ་མེད། །འདོད་ཅན་གང་ལ་ཆགས་དེ་མི་རྟག་པས། །ཡང་སྲིད་མེད་ཕྱིར་སེམས་ཀྱིས་རབ་སྤོངས་ལ། །འཆི་བའི་གནས་མི་འགྱུར་བར་བྱོས་ཤེས་གསུངས། །འདུན་པ་སྐྱེས་ ཤིང་ཟད་པར་མི་བྱེད་དམ། །སེམས་ལ་སྐྱོན་མེད་པ་དང་དྲན་པ་དང་། །འདོད་པ་རྣམས་ལ་སོ་སོར་མ་ཆགས་གང་། །དེ་ནི་གོང་དུ་འཕོ་བ་ཡིན་ཞེས་གསུངས། །མགར་བ་ཡིས་ནི་དངུལ་བཞིན་དུ། །བློ་གྲོས་ལྡན་པས་རིམ་པ་ བཞིན། །སྐད་ཅིག་སྐད་ཅིག་ཅུང་ཟད་ཙམ། །རང་གི་དྲི་མ་བསལ་བར་བྱ། །ལྷམ་མཁན་གྱིས་ནི་ཀོ་བ་དག །ཡོངས་སུ་སྦྱངས་ནས་ལྷམ་བྱེད་ལྟར། །འདོད་པ་གང་དང་གང་སྤངས་པ། །དེ་དེ་བདེ་བ་ཕུན་སུམ་ལྡན། ། གལ་ཏེ་བདེ་བ་ཀུན་འདོད་ན། །འདོད་པ་ཐམས་ཅད་ཡོངས་སུ་སྤོངས། །འདོད་པ་ཐམས་ཅད་ཡོངས་སྤངས་པས། །མཆོག་ཏུ་བདེ་བ་ཐོབ་པར་འགྱུར། །ཇི་སྲིད་འདོད་པའི་རྗེས་འབྲང་བ། །དེ་སྲིད་བར་དུ་ངོམས་མི་འགྱུར། །དེ་ལས་གང་དག་ཤེས་རབ་ཀྱིས། ། ལྡོག་བྱེད་དེ་དག་ཚིམ་པ་ཐོབ། །འདོད་པས་ངོམས་པར་མི་འགྱུར་བས། །ཤེས་རབ་ཀྱིས་ནི་ངོམས་པ་སྐྱིད། །ཤེས་རབ་ཀྱིས་ནི་ངོམས་པའི་མི། །སྲིད་པའི་དབང་དུ་མི་འགྱུར་རོ། །འདོད་ལ་ཆགས་པའི་མི་གང་ ཡིན། །དེ་དག་ཀྱེ་མ་ཆོས་མིན་དགའ། །ཆུང་ཟད་གསོན་པོར་འདུག་པ་ན། །བར་ཆད་མཐོང་བར་མི་འགྱུར་རོ། །བློ་ངན་ལོངས་སྤྱོད་ཀྱིས་བཅོམ་པས། །ཕ་རོལ་ཚོལ་བར་མི་བྱེད་ཅིང་། །བསམ་བརླག་འདོད་ལ་སྲེད་ པ་ཡིས། །བདག་དང་གཞན་ཡང་ཕུང་བར་བྱེད། ཀཱར་ཥ་པ་ཎའི་ཆར་བབ་ཀྱང་། །འདོད་པ་རྣམས་ཀྱིས་ངོམས་མི་འགྱུར། །འདོད་པ་མནོག་ཆུང་ཉེས་མང་བར། །མཁས་པ་རྣམས་ཀྱིས་ཁོང་དུ་ཆུད། །ལྷ་ཡི་འདོད་ པ་རྣམས་ལ་ཡང་། །ལྷག་པར་དགའ་བར་མི་འགྱུར་གྱི། །རྫོགས་སངས་རྒྱས་དང་ཉན་ཐོས་རྣམས། །སྲེད་པ་ཟད་པས་དགྱེས་པར་འགྱུར། །གངས་ཅན་དང་ནི་མཉམ་པ་ཡི། །གསེར་གྱི་རི་བོ་ཡོད་གྱུར་ཀྱང་། ། 67-1-226a ནོར་དེས་གཅིག་ཀྱང་མི་ཚིམ་པར། །རྟོགས་པར་གྱིས་ལ་ལེགས་པར་སྤྱོད། །གང་དག་སྡུག་བསྔལ་དེ་ཡི་རྒྱུ་ཤེས་པ། །དེ་དག་ནམ་ཡང་འདོད་ལ་དགའ་མི་འགྱུར། །འཇིག་རྟེན་དག་ན་ཟུག་རྔུའི་ རྒྱུར་ཤེས་ནས། །དེ་དག་གདུལ་ཕྱིར་བརྟན་པ་སློབ་པར་བྱེད། །འདོད་པའི་ཚོམས་ཏེ་གཉིས་པའོ།། །། ལུས་ཅན་རྣམས་པར་རྟོག་པས་རབ་བཅོམ་པ། །འདོད་ཆགས་མི་བཟད་གཙང་བར་རྗེས་ལྟ་བས། ། འདོད་ཆགས་ཕྱིར་ཞིང་རབ་ཏུ་འཕེལ་འགྱུར་ཏེ། །རང་གི་འཆིང་བ་དེ་ཡིས་དམ་པོར་བྱེད། །གང་དག་རྣམ་རྟོག་ཉེ་བར་ཞི་དགའ་ཞིང་། །མི་སྡུག་སྒོམ་པ་རྟག་ཏུ་དྲན་བྱེད་དེ། །དེ་ཡི་སྲེད་པ་རབ་ཏུ་སྤངས་པ་ ཡིས། །རང་གི་འཆིང་བ་དེ་དག་རུལ་བར་བྱེད། །འདོད་པ་མུན་ནག་འདྲ་བས་གཡོགས། །སྲེད་པའི་དགབ་པས་བཀབ་པ་དང་། །བག་མེད་འཆིང་བས་བཅིངས་པ་དག །ཚེད་མར་ཆུད་པའི་ཉ་དང་འདྲ། ། སྐྱེས་བུ་བག་མེད་རབ་ཏུ་སྤྱོད་བྱེད་པ། །འཁྲི་ཤིང་བཞིན་དུ་སྲེད་པ་འཕེལ་འགྱུར་ཞིང་། །རྒ་དང་འཆི་བའི་རྗེས་སུ་འགྲོ་འགྱུར་ཏེ། །མ་དྲུང་ནུ་ཞོ་འདོད་པའི་བེའུ་དང་འདྲ། །མི་དག་དྲན་པར་བྱེད་དང་ཆགས་བྱེད་དང་། ། ཡིད་བདེ་བ་ལ་རྟོག་པར་བྱེད་པ་དག །དེ་ཡིས་ཡང་དང་ཡང་དུ་འཁོར་བར་འཁྱམས། །ཚལ་ནང་འབྲས་བུ་འདོད་པའི་སྤྲེའུ་དང་མཚུངས། །མི་གང་རྟག་ཏུ་བདེ་བ་འདོད་བྱེད་པ། །སྐྱེ་དང་རྒ་བར་ཉེ་བར་ འགྲོ་འགྱུར་ཞིང་། །སྐྱེ་དགུ་སྲེད་པ་རྣམས་ཀྱིས་མདུན་དུ་བདར། །རྒྱ་ནང་རི་བོང་ཡོངས་སུ་རྒྱུག་པ་བཞིན། །སྲེད་པ་རྣམས་ཀྱིས་མདུད་པའི་སེམས་ཅན་དག །སྲིད་དང་སྲིད་མིན་དག་ལ་སེམས་ཆགས་ ཤིང་། །ཀུན་སྦྱོར་རོ་ལ་དགའ་བའི་བྱྀས་པ་རྣམས། །ཡང་དང་ཡང་དུ་སྡུག་བསྔལ་ཐོབ་པར་འགྱུར། །སྐྱེ་བོ་གྲུབ་དང་བདེ་རྣམས་དང་བྲལ་ཞིང་། །བདུད་ཀྱི་སྦྱོར་བ་དག་དང་ལྡན་པ་དེ། །རྒ་དང་འཆི་བའི་རྗེས་ 67-1-226b སུ་འགྲོ་འགྱུར་ཏེ། །མ་དྲུང་ནུ་ཞོ་འདོད་པའི་བེའུ་དང་འདྲ། །འདི་ན་སྲེད་པ་དེ་འདྲ་སྤོང་བྱེད་པ། །སྲིད་དང་སྲིད་མིན་དག་ལ་སྲེད་བྲལ་ཞིང་། །དགེ་སློང་སྲིད་པ་ཟིལ་གྱིས་གནོན་བྱེད་པ། །ལྷག་མ་མེད་པར་ཡོངས་སུ་ མྱ་ངན་འདའ། །གང་ཞིག་འཇིག་རྟེན་སྤང་དཀའ་བའི། །སྲེད་པའི་བུད་མེད་འདིས་བཀོལ་བ། །དེ་ཡི་མྱ་ངན་འཕེལ་འགྱུར་ཏེ། །རྩྭ་ལ་ཆར་པ་བབ་པ་བཞིན། །གང་ཞིག་འཇིག་རྟེན་སྤང་དཀའ་བའི། །སྲེད་པའི་བུད་ མེད་འདི་སྤོང་བ། །དེ་ཡི་མྱ་ངན་ལྡོག་འགྱུར་ཏེ། །པད་མ་ལས་ནི་ཆུ་ཐིགས་བཞིན། །དེ་ཕྱིར་ཇི་སྙེད་འདིར་ལྷགས་པ། །ཁྱེད་ལ་སྨྲ་ཡིས་ཁྱེད་བདེ་ཤིག །ཨུ་ཤིར་ཕྱིར་ནི་རྩྭ་བཞིན་དུ། །སྲེད་པ་རྩར་བཅས་དྲུངས་ནས་ ཕྱུང་། །སྐྱེས་བུ་སྲེད་པ་དང་འགྲོགས་ན། །ཡུན་རིང་དུས་སུ་འཁྱམ་འགྱུར་བས། །སྲེད་པ་དྲུངས་ནས་ཕྱུང་ཤིག་དང་། །མྱ་ངན་མེད་ཅིང་འཇིགས་པ་མེད། །ཡང་དང་ཡང་དུ་ཉེར་ལེན་ཅིང་། །ཡང་དང་ཡང་དུ་མངལ་དུ་ འཇུག །གནས་སྐབས་འགྱུར་དང་གཞན་འགྱུར་བས། །སེམས་ཅན་འོང་དང་འགྲོ་བར་བྱེད། །འདིར་ནི་སྤང་དཀའི་སྲེད་པ་དེ། །སྤོངས་ལ་ས་བོན་ཆོད་ཅིག་དང་། །དེ་ལ་སྲེད་པ་མེད་འགྱུར་ཞིང་། །དེ་ནི་ཡང་དུ་ འཁོར་མི་འགྱུར། །དལ་འབྱོར་ཆུད་ནི་མ་གཟན་པར། །གང་གིས་ལྷ་དང་མི་རྣམས་སུ། །དོན་གཉེར་བཅིངས་ནས་འཇོག་བྱེད་པ། །ཡུལ་ལ་སྲེད་པ་དེ་ལས་རྒོལ། །སེམས་ཅན་དམྱལ་བར་སྐྱེས་ན་ཡང་། །དལ་འབྱོར་ ཐལ་བས་འགྱོད་པར་འོང་། །གང་ཕྱིར་སྲིད་མཚོ་རྒྱུར་གྱུར་པ། །ཡུལ་ལ་སྲེད་པ་འབྲས་ཀྱི་གཞི། །འཁྲི་ཞིང་དྲ་བས་ཁེབས་བྱེད་པ། །གདུང་བར་བྱེད་པ་མ་བཏུལ་ན། །སྡུག་བསྔལ་འདི་ནི་ཡང་དང་ཡང་། །རྣམ་པ་ ཀུན་དུ་ལྡོག་མི་འགྱུར། །དཔེར་ན་ལྗོན་ཤིང་རྩ་ནས་མ་བཏོན་ན། །བཅད་ཀྱང་ཕྱིར་ཞིང་སྐྱེ་བ་ཁོ་ནར་ཟད། །དེ་བཞིན་སྲེད་པའི་ཕྲ་རྒྱས་མ་བཏོན་ན། །ཡང་དང་ཡང་དུ་སྡུག་བསྔལ་འདི་མི་ལྡོག །དཔེར་ན་བདག་ཉིད་ཀྱིས་ 67-1-227a ནི་བྱས་པའི་མཚོན། །དེ་ཡིས་རྐུན་པོའི་མཐུའ་ཡིས་བདག་གསོད་ལྟར། །དེ་བཞིན་ནང་གི་སེམས་ལས་བྱུང་བ་ཡི། །སྲེད་པས་ལུས་ཅན་ཉེ་བར་གསོད་པར་བྱེད། །དེ་ལྟར་སྲེད་ལས་སྡུག་བསྔལ་དག །འབྱུང་བའི་ཉེས་ དམིགས་ཤེས་གྱིས་ཏེ། །སྲེད་སྤོངས་ཉེ་བར་ལེན་མེད་དང་། །དྲན་ལྡན་དགེ་སློང་ཀུན་དུ་རྒྱུས། །སྲེད་པའི་ཚོམས་ཏེ་གསུམ་པའོ།། །། བག་ཡོད་འཆི་མེད་གནས་ཡིན་ཏེ། །བག་མེད་པ་ནི་འཆི་བའི་གནས། །བག་ཡོད་འཆི་ བར་མི་འགྱུར་ཏེ། །བག་མེད་པ་ནི་རྟག་ཏུ་འཆི། །དེ་ཡི་ཁྱད་པར་དེ་རིག་པས། །མཁས་པ་རྣམས་ནི་བག་དང་བཅས། །བག་ཡོད་པ་ལ་རབ་དགའ་བ། །འཕགས་པའི་སྤྱོད་ཡུལ་དགའ་བ་ཡིན། །དེ་ལ་རྒྱུན་དུ་བསྒོམས་པ་དང་། ། རྟག་ཏུ་ཕ་རོལ་གནོན་བརྟན་པའི། །བརྟན་པས་གྲུབ་བདེ་བླ་མེད་པ། །མྱ་ངན་འདས་ལ་རེག་པ་ཡིན། །གང་ཚེ་མཁས་པས་བག་ཡོད་པས། །བག་མེད་བཅོམ་པ་དེ་ཡི་ཚེ། །ཤེས་རབ་ཁང་བཟངས་སྟེང་འཛེགས་ནས། ། མྱ་ངན་མེད་པས་གདུང་བཅས་དང་། །བརྟན་རྣམས་རི་བོའི་སྤོ་དག་ལས། །ས་སྟེངས་བྱིས་པ་རྣམས་ལ་བལྟ། །བརྩོན་འགྲུས་དང་ནི་བག་ཡོད་དང་། །ཡང་དག་སྡོམ་དང་དུལ་བ་ཡིས། །མཁས་པས་གླིང་དུ་བྱས་ནས་ནི། །ཆུ་ བོ་ཆེན་པོ་མངོན་དུ་ཟློག །བརྩོན་འགྲུས་ལྡན་ཞིང་དྲན་དང་ལྡན་པ་དང་། །སྤྱོད་པ་གཙང་ཞིང་བརྟགས་ནས་བྱེད་པ་དང་། །ཡང་དག་སྡོམ་དང་ཆོས་ཀྱིས་འཚོ་བ་དང་། །བག་ཡོད་རྣམས་ཀྱི་གྲགས་པ་མངོན་པར་འཕེལ། །ལྷག་ པའི་སེམས་ལ་བག་བྱ་སྟེ། །ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ། །ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །སྐྱོང་བ་མྱ་ངན་མེད་པ་ཡིན། །དམན་པའི་ཆོས་ལ་མི་རྟེན་ཅིང་། །བག་མེད་པ་ལ་བསྟེན་མི་བྱ། །ལོག་པར་ལྟ་ལ་འདོད་ མེད་དང་། །འཇིག་རྟེན་འཕེལ་བར་མི་བྱའོ། །འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །བག་མེད་པ་ལ་སྦྱོར་བྱེད་པ། །སྐྱེ་བོ་བྱིས་པ་བསམ་ 67-1-227b བརླག་ཡིན། །ཚོང་དཔོན་ནོར་རྣམས་སྲུང་བ་ལྟར། །མཁས་པ་བག་དང་ལྡན་པར་བྱ། །བག་མེད་པ་ལ་མི་སྦྱོར་ཞིང་། །འདོད་ལ་དགའ་བ་མི་སོགས་དང་། །རྟག་ཏུ་བག་ཡོད་སེམས་བྱེད་པ། །ཟག་པ་ཟད་པ་ཐོབ་པར་འགྱུར། །ཟག་ པ་ཟད་པ་མ་ཐོབ་ཀྱང་། །དུས་འདིར་བག་མེད་མི་བྱ་སྟེ། །རི་དགས་མ་ཡིན་སེང་གེ་ལྟར། །བག་མེད་པ་དག་བསད་པར་འགྱུར། །བག་མེད་ཕ་རོལ་བུད་མེད་སྟེན་བྱེད་པའི། །མི་གང་ཡིད་ལ་གནས་སྐབས་འདི་བཞི་འབྱུང་། །བསོད་ ནམས་མི་འཐོབ་བདེ་བར་མི་ཉལ་དང་། །གསུམ་པ་སྨད་འགྱུར་བཞི་པ་དམྱལ་བར་འགྱུར། །བསོད་ནམས་མ་ཐོབ་སྡིག་པའི་འགྲོ་བ་དང་། །འཇིགས་དང་བག་ཚ་ལྷན་ཅིག་བདེ་བ་ཆུང་། །རྒྱལ་པོའི་ཆད་པ་ཆེན་པོས་གཅོད་ འགྱུར་ཞིང་། །ལུས་ཞིག་སེམས་ཅན་དམྱལ་བ་རྣམས་སུ་འཚེད། །གང་ཞིག་བདག་བདེ་ལྟ་འདོད་པ། །དེས་ནི་གོང་མ་བཞིན་དུ་བྱ། །བྱིས་པའི་ཤིང་རྟ་བཞིན་འགྱུར་བས། །བརྟན་པས་བརྩོན་འགྲུས་ཞན་མི་བྱ། །དཔེར་ན་བྱིས་ པའི་ཤིང་རྟ་དག །ལམ་ཆེན་བཟང་པོ་བོར་ནས་སུ། །ལམ་ངན་དག་དུ་འགྲོ་བྱེད་པས། །མིག་ཆག་སེམས་ཁོངས་ཆུད་པ་ལྟར། །དེ་བཞིན་ཆོས་ནི་སྤངས་ནས་ཀྱང་། །ཆོས་མིན་རྗེསུ་འཇུག་བྱེད་པའི། །བྱིས་པ་འཆི་བདག་དབང་ འགྲོ་ཞིང་། །མིག་ཆག་བཞིན་དུ་བཅོམ་པ་ཐོབ། །གང་ཞིག་བྱ་བ་རྣམ་སྤངས་ནས། །མི་བྱ་བ་དག་བྱེད་པ་དང་། །བག་མེད་པ་ཡིས་རློམ་བྱེད་པ། །དེ་དག་རྣམས་ཀྱི་ཟག་པ་འཕེལ། །གང་གིས་ཟག་པ་འཕེལ་འགྱུར་བ། །དེ་ཡི་ ཟག་མེད་རྒྱང་མ་ན། །གང་ཞིག་ལུས་གཏོགས་དྲན་པ་དག །རྟག་ཏུ་ལེགས་པར་བརྩམས་པ་དང་། །བྱ་བ་མ་ཡིན་མི་བྱེད་ཅིང་། །རྒྱུན་དུ་བྱ་བ་བྱེད་པ་དང་། །དྲན་དང་ཤེས་བཞིན་ལྡན་པ་དེའི། །ཟག་པ་རྣམས་ནི་ཟད་པར་ འགྱུར། །གང་གི་ཟག་པ་ཟད་གྱུར་པ། །དེས་ནི་ཟག་མེད་ཐོབ་པར་འགྱུར། །ཇི་ཙམ་མང་དུ་སྨྲ་བྱེད་པ། །དེ་དག་དམ་ཆོས་འཛིན་མ་ཡིན། །གང་དག་འདི་ན་ཐོས་ཉུང་ཡང་། །ལུས་ཀྱིས་ཆོས་དག་མངོན་སུམ་བྱས། ། 67-1-228a གང་དག་ཆོས་ལ་བག་བྱེད་པ། །དེ་དག་དམ་ཆོས་འཛིན་པ་ཡིན། །གལ་ཏེ་རིགས་བཅས་མང་དུ་སྨྲས་ཀྱང་ནི། །བག་མེད་མི་དག་དེ་ལྟར་བྱེད་མི་འགྱུར། །དཔེར་ན་ཕྱུགས་རྫིས་གཞན་གྱི་ཕྱུགས་བགྲངས་ལྟར། །དེ་དག་ དགེ་སྦྱོང་སྐལ་བ་ཐོབ་མ་ཡིན། །གལ་ཏེ་རིགས་བཅས་ཉུང་ངུ་སྨྲ་བྱེད་ཀྱང་། །ཆོས་ཀྱི་རྗེས་སུ་ཆོས་ལ་སྤྱོད་པ་དང་། །འདོད་ཆགས་ཞེ་སྡང་གཏི་མུག་སྤོང་བྱེད་པ། །དེ་དག་དགེ་སྦྱོང་སྐལ་བ་ཐོབ་པ་ཡིན། །བག་ཡོད་བསྔགས་པ་རྗོད་ བྱེད་ཅིང་། །རྟག་ཏུ་བག་མེད་ལ་སྨོད་པས། །བག་ཡོད་མཆོད་སྦྱིན་བརྒྱ་པ་ཡང་། །ལྷ་རྣམས་ནང་ན་གཙོ་བོར་གྱུར། །བྱ་བ་བྱས་རུང་མ་བྱས་རུང་། །མཁས་པ་བག་ཡོད་བསྔགས་པ་རྗོད། །བག་དང་ཆས་པའི་མཁས་པ་ཡིས། ། དོན་གཉིས་རབ་ཏུ་ལེན་པར་བྱེད། །ཚེ་འདིའི་དོན་ནི་གང་ཡིན་དང་། །ཕྱི་མའི་དོན་ནི་གང་ཡིན་པ། །དེ་དག་བརྟན་པས་རྟོགས་པས་ན། །མཁས་པ་ཞེས་ནི་བརྗོད་པ་ཡིན། །དགེ་སློང་བག་ཡོད་ལ་དགའ་ཞིང་། །བག་མེད་པ་ལ་ འཇིགས་ལྟ་བས། །བདག་ཉིད་ངན་འགྲོ་ལས་འདྲེལ་ཏེ། །འདམ་རྫབ་ལས་ནི་གླང་ཆེན་བཞིན། །དགེ་སློང་བག་ཡོད་ལ་དགའ་ཞིང་། །བག་མེད་པ་ལ་འཇིགས་ལྟ་བས། །སྡིག་པའི་ཆོས་རྣམས་སྤྲུག་པར་བྱེད། །རླུང་ གིས་ལྗོན་ཤིང་ལོ་མ་བཞིན། །དགེ་སློང་བག་ཡོད་ལ་དགའ་ཞིང་། །བག་མེད་པ་ལ་འཇིགས་ལྟ་བས། །ཀུན་དུ་སྦྱོར་བ་ཕྲ་སྦོམ་དག །མེ་ཡིས་བསྲེགས་པ་བཞིན་དུ་འགྲོ། །དགེ་སློང་བག་ཡོད་ལ་དགའ་ཞིང་། ། བག་མེད་པ་ལ་འཇིགས་ལྟ་བས། །ཀུན་དུ་སྦྱོར་བ་ཀུན་ཟད་པ། །རིམ་གྱིས་ཉམས་སུ་མྱོང་བར་འགྱུར། །དགེ་སློང་བག་ཡོད་ལ་དགའ་ཞིང་། །བག་མེད་པ་ལ་འཇིགས་ལྟ་བས། །འདུ་བྱེད་ཉེར་ཞི་ཞི་བ་ཡི། །ཞི་ བའི་གོ་འཕང་སོ་སོར་རྟོགས། །དགེ་སློང་བག་ཡོད་ལ་དགའ་ཞིང་། །བག་མེད་པ་ལ་འཇིགས་ལྟ་བ། །མྱ་ངན་འདས་དང་ཉེ་བའི་ཕྱིར། །ཡོངས་སུ་ཉམས་འགྱུར་མི་སྲིད་དོ། །བརྩོན་འགྲུས་ལྡན་ཞིང་བག་ཡོད་དང་། ། 67-1-228b ཆོས་སྤྱད་ལེགས་པར་སྤྱོད་བྱེད་པ། །འཇིག་རྟེན་འདི་དང་ཕ་རོལ་དུ། །ཆོས་སྤྱད་པས་ནི་བདེ་བ་འཐོབ། །ཞི་ཕྱིར་བསླབ་པ་ལ་རྟེན་དང་། །རྩོལ་བ་དང་ནི་བརྩོན་འགྲུས་སྐྱེད། །མི་དྲན་པ་དང་བག་མེད་དང་། །བརྩོན་འགྲུས་ཆུང་དང་ཀུན་ སྡོམ་མེད། །གཉིད་དང་སྙོམ་དང་གཡེང་བ་སྟེ། །འདི་དག་བསླབ་པའི་བར་ཆད་པས། །ཁྱེད་ཀྱིས་ཡན་ལག་དེ་རྟོགས་ལ། །དྲན་པ་ཆུད་ནི་མ་གཟན་ཅིག །དགེ་སློང་ཚུལ་ཁྲིམས་བཟང་བ་དང་། །བག་ཡོད་པ་ལ་དགའ་བ་ ཡིས། །ཀུན་རྟོག་ལེགས་པར་མཉམ་ཞོག་སྟེ། །རང་གི་སེམས་ནི་རྗེས་སུ་སྲུངས། །བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་ སྡེ་ནི་གཞོམ་པར་བྱ། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་དང་ལྡན་པར་སྤྱོད་བྱེད་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །བག་ཡོད་པའི་ཚོམས་ཏེ་བཞི་པའོ།། །། སྡུག་པ་རྣམས་ལས་མྱ་ངན་སྐྱེ། །སྡུག་པ་རྣམས་ལས་འཇིགས་པ་སྐྱེ། །སྡུག་པ་དག་ནི་རྣམ་སྤངས་ན། །མྱ་ངན་མེད་ཅིང་འཇིགས་པ་མེད། །སྡུག་གུ་མ་ལས་མྱ་ངན་སྐྱེ། །སྡུག་ལས་སྡུག་བསྔལ་ སྡུག་ལས་འཇིགས། །སྡུག་གུ་མ་དག་གཞན་གྱུར་ན། །ཡི་མུག་འགྱུར་བ་ཐོབ་པར་བྱེད། །འཇིག་རྟེན་སྡུག་བསྔལ་རྣམ་པ་དུ་མ་དང་། །མྱ་ངན་སྨྲེ་སྔགས་འདོན་པ་ཇི་སྙེད་པ། །དེ་དག་སྡུག་པ་དག་ལས་ རྟེན་ཏེ་འབྱུང་། །སྡུག་པ་སྤངས་ན་དེ་དག་ཡོད་མི་འགྱུར། །གང་ཕྱིར་འཇིག་རྟེན་འགའ་ནའང་སྡུག་མེད་པ། །གང་ཡིན་དེ་དག་བདེ་ཞིང་མྱ་ངན་མེད། །དེ་བས་གདུང་མེད་རྡུལ་བྲལ་དོན་གཉེར་བས། །ནམ་ཡང་སྡུག་ པར་བྱེད་པ་མི་བྱའོ། །སྡུག་པ་མ་མཐོང་སྡུག་བསྔལ་ལ། །མི་སྡུག་མཐོང་ནའང་དེ་བཞིན་པས། །ནམ་ཡང་སྡུག་དང་ཕྲད་མི་བྱ། །མི་སྡུག་དང་ཡང་ཕྲད་མི་བྱ། །སྡུག་པ་དང་ནི་བྱེ་བྲལ་དང་། །མི་སྡུག་པ་ 67-1-229a དང་ཕྲད་པ་ཡིས། །གང་གིས་མི་དག་རྒས་བྱེད་པའི། །མྱ་ངན་མི་བཟད་སྐྱེ་བར་འགྱུར། །སྡུག་པ་ཤི་བར་གྱུར་པ་ན། །གཉེན་འདུན་མཛའ་བཤེས་མང་པོ་དག །ཡུན་རིང་དུས་སུ་མྱ་ངན་དང་། །སྡུག་དང་བྲལ་ བས་སྡུག་བསྔལ་འགྱུར། །གང་ལ་སྡུག་དང་སྡུག་མིན་མེད། །དེ་ལ་མདུད་པ་ཡོད་མིན་པས། །དེ་ལྟས་སྡུག་ཉིད་སྡིག་ཅན་ལ། །སྡུག་པར་བྱེད་པ་མི་བྱའོ། །སྡུག་ལ་བལྟས་ཏེ་དོན་བཏང་ནས། །བདེ་སྦྱོར་རྣམས་ ལ་མི་འཇུག་ཅིང་། །བདག་ཉིད་མི་བདེའི་སྦྱོར་ལྡན་དག །བདེ་སྦྱོར་དོན་ལྡན་རྣམས་ལ་སྨོན། །གཟུགས་སྡུག་བདེ་བས་བསྡམས་པ་དག །ལྷ་མི་སོ་སོའི་རིས་དག་ཏུ། །སྡིག་པ་བྱེད་ཅིང་ཡོངས་ཉམས་ནས། །རྒ་དང་འཆི་ བའི་དབང་དུ་འགྲོ། །གང་ཞིག་ཉིན་དང་མཚན་རྣམས་སུ། །བག་ཡོད་གཟུགས་སྡུག་སྤོང་བྱེད་པ། །དེས་ནི་སྤང་དཀའ་བདུད་ཟས་དང་། །སྡིག་པའི་རྩ་བའང་དྲུངས་ནས་ཕྱུང་། །ལེགས་མིན་ལེགས་པའི་ཚུལ་དང་ནི། ། སྡུག་མིན་སྡུག་པའི་ཚུལ་གྱིས་དང་། །སྡུག་བསྔལ་བདེ་བའི་ཚུལ་གྱིས་སུ། །བག་མེད་རྣམས་ནི་མངོན་དུ་འཇོམས། །གལ་ཏེ་བདག་ལ་དགའ་བྱེད་ན། །ཉེས་པར་བྱེད་པས་བདེ་བ་དག །བདེ་བླག་ཁོ་ནར་མི་འཐོབ་ པས། །འདི་ནི་སྡུག་ལ་གཞུག་མི་བྱ། །གལ་ཏེ་བདག་ལ་དགའ་བྱེད་ན། །ལེགས་པར་བྱེད་པས་བདེ་བ་དག །བདེ་བླག་ཁོ་ནར་ཐོབ་འགྱུར་བས། །འདི་ནི་སྡིག་ལ་གཞུག་མི་བྱ། །དཔེར་ན་དགོན་པའི་གྲོང་ཁྱེར་དག །བརྟན་པའི་འོབས་ ཀྱིས་བསྐོར་བ་ལྟར། །གལ་ཏེ་བདག་ལ་དགའ་བྱེད་ན། །འདི་ནི་བསྲུང་བས་ལེགས་པར་བསྲུང་། །གལ་ཏེ་བདག་ལ་དགའ་བྱེད་ན། །ཐུན་གསུམ་གང་ཡང་རུང་བ་ལ། །མཁས་པས་མེལ་རྩེ་བྱ་བ་ཡིས། །འདི་ནྀ་སྦ་བས་ལེགས་ པར་སྦ། །དཔེར་ན་དགོན་པའི་གྲོང་ཁྱེར་དག །ཕྱི་ནང་སྲུང་བར་བྱེད་པ་ལྟར། །དལ་འབྱོར་ཆུད་ནི་མི་ཟོས་པ། །དེ་ལྟར་བདག་ནི་བསྲུང་བར་བྱ། །སེམས་ཅན་དམྱལ་བར་སྐྱེ་ན་ཡང་། །དལ་འབྱོར་ཐལ་བས་འགྱོད་པར་འོང་། ། 67-1-229b ཕྱོགས་རྣམས་ཀུན་དུ་སེམས་ཀྱིས་ཡོངས་བརྟགས་ཀྱང་། །བདག་ལས་ཆེས་སྡུག་འགའ་ཡང་མ་མཐོང་བ། །དེ་ལྟར་སོ་སོར་གཞན་ལ་འང་རང་སྡུག་པས། །དེ་ཕྱིར་བདག་དགས་གཞན་ལ་གནོད་མི་བྱ། །ཐམས་ཅད་ ལ་ཡང་སྲོག་འདི་སྡུག །ཐམས་ཅད་ཆད་པས་འཇིགས་པ་ན། །རང་གི་ཉམས་ལས་དཔག་གྱིས་ཏེ། །བརྡེག་པར་མི་བྱ་གསད་མི་བྱ། །རྒྱང་ཐག་བཅད་པར་སྤྱུགས་པའི་མི། །རིང་ནས་ཉེ་ཞོ་མེད་འོངས་ན། །གཉེན་བཤེས་ མཛའ་བོ་ལྷགས་ནས་སུ། །ཨ་ལ་ལ་ཞེས་མངོན་པར་དགའ། །དེ་བཞིན་བསོད་ནམས་བྱས་པའི་མི། །འཇིག་རྟེན་འདི་ནས་ཕ་རོལ་ཏུ། །ཕྱིན་ཚེ་གཉེན་བཞིན་བསོད་ནམས་དག །འོངས་ནས་མངོན་པར་དགའ་བར་བྱེད། ། དེ་བས་འཇིག་རྟེན་ཕ་རོལ་གྱི། །ཆེད་ཏུ་བསོད་ནམས་བསགས་པར་གྱིས། །བསོད་ནམས་འཇིག་རྟེན་ཕ་རོལ་དུ། །ལུས་ཅན་རྣམས་ཀྱི་གནས་སུ་འགྱུར། །གང་ཞིག་ལེགས་སྤྱད་སྤྱོད་བྱེད་པའི། །དགེ་ལ་ལྷ་རྣམས་ སྟོད་པར་བྱེད། །འདི་ནའང་སྨད་པར་མི་འགྱུར་ལ། །མཐོ་རིས་སུ་ཡང་དགའ་བ་འཐོབ། །ཆོས་གནས་ཚུལ་ཁྲིམས་ཕུན་སུམ་ཚོགས། །ངོ་ཚ་ཤེས་ཤིང་བདེ་བར་སྨྲ། །རང་གི་བྱ་བ་བྱེད་པ་ལ། །སྐྱེ་བོ་གཞན་རྣམས་དགའ་ བར་བྱེད། །རང་གི་དོན་ནི་བྱེད་པ་ལ། །འདི་ལྟར་གཞན་རྣམས་དགའ་འགྱུར་ཞིང་། །མཐོང་བའི་ཆོས་ལ་བསྔགས་པ་དང་། །ཕ་རོལ་དུ་ཡང་བདེ་འགྲོར་འགྱུར། །གཏམས་ན་གནང་བའི་ཚིག་སྨྲ་དང་། །མི་རྀགས་སྤྱོད་ལས་ཟློག་ པ་ལ། །དམ་པ་རྣམས་ནི་དགའ་བར་བྱེད། །དམ་པ་མ་ཡིན་དགའ་མི་འགྱུར། །དེ་བས་མཆོག་དང་མཆོག་མིན་པ། །ཤི་འཕོས་བྲལ་བར་གྱུར་པ་ན། །དམ་པ་མ་ཡིན་དམྱལ་བར་འགྲོ། །དམ་པ་མཐོ་རིས་འགྲོ་བར་ འགྱུར། །སྡུག་པའི་ཚོམས་ཏེ་ལྔ་པའོ།། །། བསྔགས་པར་འགྱུར་དང་ནོར་འཐོབ་དང་། །ཕ་རོལ་བདེ་འགྲོར་དགའ་འགྱུར་བའི། །བདེ་བ་གསུམ་པོ་དོན་གཉེར་བའི། །མཁས་པས་ཚུལ་ཁྲིམས་བསྲུང་བར་བྱ། ། 67-1-230a འཕགས་དང་མཐོང་བ་ཕུན་ཚོགས་དང་། །འཇིག་རྟེན་ཞི་བ་རྟེན་འགྱུར་བའི། །གནས་གཞན་འདི་དག་མཐོང་བ་ཡི། །མཁས་པས་ཚུལ་ཁྲིམས་བསྲུང་བར་བྱ། །ལུས་ལ་ཡོངས་སུ་གདུང་མེད་པར། །ཚུལ་ཁྲིམས་ཀྱིས་ ནི་བདེ་བ་འཐོབ། །མཚན་མོ་བདེ་བར་ཉལ་བ་དང་། །སད་པ་ན་ཡང་དགའ་བར་འགྱུར། །སྦྱིན་པ་ཚུལ་ཁྲིམས་ལྡན་པ་དག །མཁས་པས་བྱས་པའི་བསོད་ནམས་ཀྱིས། །འདི་དང་ཕ་རོལ་དག་ཏུ་ཡང་། །རྟག་ཏུ་བདེ་བ་ཐོབ་པར་ འགྱུར། །རྒན་པའི་བར་ལ་ཚུལ་ཁྲིམས་དགེ། །དད་ལ་རབ་ཏུ་གནས་ན་ལེགས། །མི་ཡྀ་རིན་ཆེན་ཤེས་རབ་སྟེ། །བསོད་ནམས་ཆོམ་པོས་དབྲོག་པར་དཀའ། །དགེ་སློང་ཚུལ་ཁྲིམས་ལ་གནས་ཤིང་། །དབང་པོ་ རྣམས་ཀྱང་བསྡམས་པ་དང་། །ཟས་ཀྱི་ཚོད་ནི་རིག་པ་དང་། །མི་ཉལ་བ་ལ་འབད་པ་སྟེ། །དེ་ལྟར་གནས་པར་བརྩོན་པ་དང་། །ཉིན་མཚན་སྙོམ་ལས་མི་བྱེད་པ། །མྱ་ངན་འདས་དང་ཉེ་བའི་ཕྱིར། །ཡོངས་སུ་ཉམས་ འགྱུར་མི་སྲིད་དོ། །མི་ནི་ཚུལ་ཁྲིམས་ལ་གནས་ནས། །སེམས་དང་ཤེས་རབ་སྒོམ་པ་ལ། །བརྩོན་ཞིང་ངེས་གནས་དགེ་སློང་གིས། །སྡུག་བསྔལ་ཟད་པ་ཐོབ་པར་འགྱུར། །དེ་ཕྱིར་རྟག་ཏུ་ཚུལ་ཁྲིམས་དང་། །ཏིང་འཛིན་ རྗེས་སུ་སྲུང་བ་དང་། །ལྷག་མཐོང་ལ་ནི་བསླབ་པ་དང་། །ཤེས་བཞིན་སོ་སོར་དྲན་པར་བྱ། །དེས་ནི་ཀུན་སྦྱོར་ཟད་བྱས་ནས། །ཡིད་བྲལ་ལྷག་མ་མེད་འགྱུར་ཏེ། །ལུས་ཞིག་ཤེས་རབ་ལྡན་པ་ཡིས། །བགྲང་དུ་མེད་པའི་མྱ་ངན་ འདས། །གང་ཞིག་ཚུལ་ཁྲིམས་ཏིང་འཛིན་དང་། །ཤེས་རབ་འདི་གསུམ་ལེགས་བསྒོམས་ཏེ། །ཤིན་དུ་དྲི་མེད་མཐར་ཕྱིན་ཅིང་། །གདུང་མེད་ཡང་སྲིད་ཟད་གྱུར་དང་། །ཆགས་པའི་འཆིང་ལས་རྣམ་གྲོལ་ཞིང་། །ལུས་སྤངས་ ཤེས་རབ་ལྡན་པ་དང་། །བདུད་ཀྱི་ཡུལ་ལས་འདས་པ་དང་། །ཉི་མ་བཞིན་དུ་ལམ་མེ་འབར། །དགེ་སློང་ཕྱི་དང་ནང་ཉིད་ལ། །བག་མེད་རློམ་པར་བྱེད་པ་ཡི། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རྣམས། །ཡོངས་སུ་ 67-1-230b རྫོགས་པར་མི་འགྱུར་རོ། །སྤྲིན་གྱིས་ཁེབས་ལས་ཆར་འབབ་ཅིང་། །ནམ་ཐང་བ་ལས་ཆར་མི་འབབ། །དེ་བས་ཁེབས་པ་སོལ་ཅིག་དང་། །འདི་ལྟར་ཆར་པ་འབབ་མི་འགྱུར། །དེ་ལྟར་རྟག་ཏུ་མཐོང་བ་དང་། །དགེ་སློང་ཚུལ་ཁྲིམས་ སྡོམ་པ་ཡི། །མྱ་ངན་འདས་པར་འགོ་བའི་ལམ། །མྱུར་བ་ཁོ་ནར་རྣམ་པར་འདག །མེ་ཏོག་དྲི་ནི་རྫི་ཕྱོགས་མིན་མྀ་འགྲོ། །རྩ་བ་རྒྱ་སྤོས་ཙན་དན་རྣམས་ཀྱང་མིན། །དམ་པའི་དྲི་ནི་རྫི་ཕྱོགས་མི་འགྲོ་སྟེ། །ཕྱོགས་རྣམས་ཀུན་དུ་མི་ མཆོག་དྲི་ཡིས་ཁྱབ། །རྒྱ་སྤོས་དང་ནི་ཙན་དན་དང་། །ཨུད་པ་ལ་དང་མ་ལི་ཀ །སྤོས་ཀྱི་རྀགས་ནི་འདི་དག་པས། །ཚུལ་ཁྲིམས་དྲི་བསུང་ཕུལ་དུ་ཕྱིན། །རྒྱ་སྤོས་ཙན་དན་གང་ཡིན་པའི། །དྲི་བསུང་འདི་ནི་ཆུང་ངུ་མ། །ཚུལ་ ཁྲིམས་ལྡན་པའི་དྲྀ་བསུང་གང་། །དེས་ནི་འདི་དང་མཐོ་རིས་ཁྱབ། །དེ་ལྟར་བག་ཡོད་གནས་བྱ་ཞིང་། །ཚུལ་ཁྲིམས་རྣམ་པར་དག་པར་བྱ། །ཡང་དག་ཤེས་པས་རྣམ་གྲོལ་ན། །བདུད་ཀྱི་ལམ་ནི་རྙེད་མི་འགྱུར། །འདི་ནི་བདེ་བར་འགྲོ་ ལམ་སྟེ། །རྣམ་པར་དག་བྱེད་ལམ་འདི་ལ། །རབ་ཏུ་ཞུགས་ཏེ་སྒོམས་ནས་ཀྱང་། །བདུད་ཀྱི་འཆིང་བ་སྤང་བར་གྱིས། །ཚུལ་ཁྲིམས་ཀྱི་ཚོམས་ཏེ་དྲུག་པའོ།། །། ལུས་ཀྱི་ཉེས་པར་སྤྱོད་སྤངས་ཤིང་། །ལུས་ཀྱི་ ལེགས་སྤྱད་སྤྱད་པའི་ཕྱིར། །ལུས་ཀྱི་ཉེས་ཆེན་ལས་བསྲུངས་ན། །ལུས་ནི་བསྡམ་པར་བྱས་པར་འགྱུར། །ངག་གི་ཉེས་པར་སྤྱད་སྤངས་ཤིང་། །ངག་གི་ལེགས་སྤྱད་སྤྱད་པའི་ཕྱིར། །ངག་གི་ཉེས་ཆེན་ལས་བསྲུངས་ན། ། ངག་ནི་བསྡམ་པ་བྱས་པར་འགྱུར། །ཡིད་ཀྱི་ཉེས་པར་སྤྱོད་སྤངས་ཤིང་། །ཡིད་ཀྱི་ལེགས་སྤྱད་སྤྱད་པའི་ཕྱིར། །ཡིད་ཀྱི་ཉེས་ཆེན་ལས་བསྲུངས་ན། །ཡིད་ནི་བསྡམ་པ་བྱས་པར་འགྱུར། །ལུས་ཀྱི་ཉེས་པར་སྤྱོད་སྤང་ཞིང་། ། ངག་གི་ཉེས་པར་སྤྱོད་པ་སྤང་། །ཡིད་ཀྱི་ཉེས་པར་སྤྱོད་སྤང་ཞིང་། །སྐྱོན་གཞན་ལྡན་པ་གང་ཡིན་སྤང་། །ལུས་ཀྱི་དགེ་བ་རྣམས་བྱ་ཞིང་། །ངག་གི་དགེ་བ་ཕལ་ཆེན་བྱ། །ཡིད་ཀྱི་དགེ་བ་རྣམས་བྱ་ཞིང་། །ཚད་མེད་བཞི་དང་ལྡན་ 67-1-231a པར་བྱ། །ལུས་ཀྱི་དགེ་བ་རྣམས་བྱ་ཞིང་། །ངག་དང་ཡིད་ཀྱིས་བྱས་ན་ནི། །འདི་དང་ཕ་རོལ་དག་ཏུ་ཡང་། །རྟག་ཏུ་བདེ་བ་ཐོབ་པར་འགྱུར། །རྟག་ཏུ་ལུས་ནི་བསྡམས་པའི་ཕྱིར། །ཐུབ་པ་འཚེ་བ་མེད་པ་ཡིན། །དེ་ནི་འཆི་ མེད་གནས་འགྲོ་ཞིང་། །གང་དུ་སོང་ཞིང་མྱ་ངན་མེད། །རྟག་ཏུ་ངག་ནི་བསྡམས་པའི་ཕྱིར། །ཐུབ་པ་འཚེ་བ་མེད་པ་ཡིན། །དེ་ནི་འཆི་མེད་གནས་འགྲོ་ཞིང་། །གང་དུ་སོང་ནའང་མྱ་ངན་མེད། །རྟག་ཏུ་ཡིད་ནི་བསྡམས་པའི་ཕྱིར། ། ཐུབ་པ་འཚེ་བ་མེད་པ་ཡིན། །དེ་ནི་འཆི་མེད་གནས་འགྲོ་ཞིང་། །གང་དུ་སོང་ནའང་མྱ་ངན་མེད། །བརྟན་པ་རྣམས་ཀྱིས་ལུས་བསྡམ་ཞིང་། །བརྟན་པ་རྣམས་ཀྱིས་ངག་ཀྱང་བསྡམ། །བརྟན་པ་རྣམས་ཀྱིས་ཡིད་བསྡམ་ཞིང་། ། བརྟན་པས་ཀུན་དུ་བསྡམས་བྱས་ན། །དེ་དག་འཆི་མེད་གནས་འགྲོ་ཞིང་། །གང་དུ་སོང་ཡང་མྱ་ངན་མེད། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པའང་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པའང་ལེགས་པ་སྟེ། །ཐམས་ ཅད་ཏུ་ནི་བསྡམས་པ་ལེགས། །ཀུན་དུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རྣམ་པར་འགྲོལ། །ངག་རྣམས་བསྲུང་ཞིང་ཡིད་ནི་ལེགས་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་སྤྱད་མི་བྱ། ། ལས་ལམ་གསུམ་པོ་འདི་དག་རྣམ་སྦྱངས་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ལེགས་པར་སྤྱད་པའི་ཚོམས་ཏེ་བདུན་པའོ།། །། གང་དག་བྱས་བཞིན་མ་བྱས་ཟེར་བ་དང་། །བརྫུན་དུ་སྨྲ་ ལ་དམྱལ་བར་འགྲོ་བར་འགྱུར། །མི་དེ་གཉིས་ཀ་འདྲ་བ་ཕ་རོལ་དུ། །སོང་ནས་དམན་པའི་ཆོས་དང་ལྡན་པར་འགྱུར། །སྐྱེས་བུ་སྐྱེས་པའི་ཁ་ནས་ནི། །ཚིག་ངན་སྨྲ་བར་བྱེད་པ་ཡི། །ཚིག་གི་སྟ་རེ་སྐྱེས་གྱུར་ནས། ། བདག་ཉིད་གཅོད་པར་བྱེད་པར་འགྱུར། །གང་ཞིག་སྨད་འོས་སྐྱེ་བོ་སྟོད་བྱེད་དང་། །བསྟོད་འོས་སྐྱེ་བོ་རྣམ་པར་སྨད་བྱེད་པ། །དེ་ནི་ཁ་ཡིས་འཐབ་ཁྲོལ་ཀུན་སོགས་ཤིང་། །འཐབ་ཁྲོལ་ཅན་གང་དེས་ནི་བདེ་མི་ 67-1-231b འཐོབ། །གང་འདིར་ཆོ་ལོས་རང་ནོར་འཕམ་བྱེད་པ། །འཐབ་ཁྲོལ་དེ་ནི་ཆུང་ཟད་ཙམ་དུ་ཟད། །གང་ཞིག་བདེ་བར་གཤེགས་ལ་ཡིད་འཁྲུག་པ། །དེ་འདིར་འཐབ་ཁྲོལ་ཤིན་དུ་ཆེན་པོ་ཡིན། །ངག་ཡིད་འཕགས་པས་སྨད་ པའི་སྡིག་བསྟེན་ན། །བྱེ་བར་ཆུ་བུར་ཅན་དང་སྟོང་ཕྲག་ནི། །བཞི་བཅུ་གཅིག་ཏུ་ཆུ་བུར་རྡོལ་པ་ཡི། །སེམས་ཅན་དམྱལ་བ་རྣམས་སུ་འགྲོ་བར་འགྱུར། །སྡིག་པའི་སེམས་ཀྱིས་མ་ཉེས་སྐྱོན་རྗོད་པ། །བདག་ཉིད་ བསད་ཕྱིར་དམྱལ་བར་སྤེལ་བར་ཟད། །སྟོབས་ལྡན་ཉེས་མེད་པ་དག་བཟོད་བྱེད་ཅིང་། །དེ་ལ་སེམས་ཀྱང་འཁྲུག་པར་མི་བྱེད་དོ། །བསམ་བརླག་གང་ཞིག་སྡིག་ཅན་གྱི། །ལྟ་ལ་བརྟེན་ནས་འཕགས་པ་ནི། །དགྲ་ བཅོམ་ཆོས་ཀྱིས་འཚོ་བ་དང་། །བསྟན་པ་སྤོང་བར་བྱེད་པ་དག །སྨྱིག་མ་འབྲུ་ཆགས་ལྟ་བུར་ནི། །དེ་ནི་རང་གི་འབྲས་བུས་གསོད། །ཚིག་བཟང་ཁོ་ན་སྨྲ་བྱ་ཡི། །སྡིག་པ་ཅན་དག་སྨྲ་མི་བྱ། །སྡིག་ཅན་གདུང་བྱེད་ སྨྲ་བ་བས། །ཚིག་བཟང་སྨྲ་བར་བྱེད་པ་རུང་། །བྱིས་པ་སྡིག་ཅན་སྨྲ་བྱེད་པ། །སྨྲ་བའི་ཚེ་ན་འཆིང་འགྱུར་ལ། །གལ་ཏེ་སྨྲ་ན་གཞན་སྤོང་བ། །དེ་དག་འཕགས་པ་མི་གསུང་ངོ་། །དགེ་སློང་ངག་ནི་བསྡམས་པ་དང་། །དལ་ བུས་སྨྲ་ཞིང་རློམ་པ་མེད། །གང་ཞིག་ཆོས་ལྡན་དོན་སྟོན་པ། །དེ་ནི་སྙན་པར་སྨྲ་བ་ཡིན། །ལེགས་པར་སྨྲ་བ་མཆོག་ཅེས་འཕགས་པ་གསུང་། །སྙན་སྨྲ་མི་སྙན་མ་ཡིན་དེ་གཉིས་པ། །བདེན་སྨྲ་བརྫུན་པ་མ་ཡིན་དེ་གསུམ་ པ། །ཆོས་སྨྲ་ཕལ་པ་མ་ཡིན་བཞི་པ་དེའོ། །ཚིག་དེ་རྣམས་ནི་སྨྲ་བྱ་ཞིང་། །གང་གིས་བདག་ཀྱང་མི་གདུང་ལ། །ཕ་རོལ་ལ་ཡང་གནོད་མེད་པའི། །ཚིག་དེ་ལེགས་པར་སྨྲ་བར་བྱ། །གང་གིས་མངོན་པར་དགའ་འགྱུར་ ཞིང་། །གང་གིས་སྡིག་པ་མི་སྐྱེད་དང་། །སྨྲས་པས་ཕ་རོལ་དགའ་འགྱུར་བའི། །སྙན་ཚིག་ཁོ་ན་སྨྲ་བར་བྱ། །བདེན་པའི་ཚིག་ནི་བདུད་རྩི་སྟེ། །བདེན་པའི་ཚིག་ནི་བླ་མེད་ཡིན། །དོན་དང་ཆོས་ལ་རབ་གནས་པ། ། 67-1-232a བདེན་པ་ཡིན་ཞེས་དམ་པ་གསུང་། །སྡུག་བསྔལ་ཐམས་ཅད་སྤང་བའི་ཕྱིར། །སངས་རྒྱས་ཀྱིས་ནི་གསུངས་ཚིག་གང་། །བདེན་པ་མྱ་ངན་འདས་འགྲོ་བའི། །ཚིག་དེ་བླ་ན་མེད་པ་ཡིན། །ཚིག་གི་ཚོམས་ ཏེ་བརྒྱད་པའོ།། །། ཆོས་གཅིག་ལས་ནི་རབ་འདས་ཤིང་། །འཇིག་རྟེན་ཕ་རོལ་བཅོམ་པ་ཡི། །ལུས་ཅན་བརྫུན་དུ་སྨྲ་བ་ཡི། །སྡིག་པ་མི་བྱ་ཅི་ཡང་མེད། །ལྕགས་སྒོང་མེ་ལྕེ་འབར་འདྲ་བ། །ཟོས་པར་གྱུར་པ་ཆེས་སླ་ཡི། །ཚུལ་འཆལ་ ལེགས་པར་མི་སྡོམ་པས། །ཡུལ་འཁོར་བསོད་སྙོམས་ཟ་མི་རུང་། །ཁྱོད་ནི་སྡུག་བསྔལ་གྱིས་འཇིགས་ཤིང་། །ཁྱོད་ལ་སྡུག་བསྔལ་མི་སྡུག་ན། །མངོན་སུམ་དག་གམ་ལྐོག་ཏུ་འང་རུང་། །སྡིག་པ་ཅན་གྱི་ལས་མི་བྱ། ། གལ་ཏེ་སྡིག་པའི་ལས་བྱས་སམ། །བྱེད་ཀྱང་རུང་སྟེ་ཁྱོད་ཀྱིས་ནི། །ཀོག་ཅེས་ལངས་ཏེ་བྲོས་བྱས་ཀྱང་། །སྡུག་བསྔལ་ལས་ནི་ཐར་མི་འགྱུར། །གང་དུ་གནས་ན་ལས་ཀྱིས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ཀྱང་མིན། །ཕ་རོལ་པོ་ལ་བརྟགས་ཀྱང་གང་། །སྡིག་པ་ཅན་གྱི་ལས་མཐོང་བ། །དེ་དག་བདག་གིས་མི་བྱ་སྟེ། །སྡིག་བྱས་ལས་ནི་རྗེས་ སུ་འབྲང་། །ལས་གང་ཤིན་དུ་མི་བཟད་དང་། །ཟོལ་བྱེད་གཞལ་བླུགས་འཆོས་པ་དང་། །མི་ལ་འཚེ་བར་བྱེད་པ་དང་། །གཞན་ལ་བྱེད་ཏུ་འཇུག་པ་ཡི། །ལས་དེ་མི་ཡི་རྗེས་འབྲང་བས། །དེ་ཡིས་གཡང་སར་ལྟུང་བར་བྱེད། ། མི་ཡིས་དགེ་བ་འམ་སྡིག་པ་ཡི། །ལས་ནི་གང་དང་གང་བྱས་པའི། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །དེ་ལྟ་དེ་ལྟར་འབྲས་བུར་འགྱུར། །དེ་ཡི་ཚོགས་པ་ཇི་སྲིད་པར། །དེ་སྲིད་འདི་ནི་རྡུང་བར་བྱེད། །དེ་ལ་གཞན་དག་རྡུང་ བྱེད་དེ། །རྡུང་བྱེད་དེ་ནི་བརྟགས་པར་འགྱུར། །འདི་ནི་བདག་རྗེས་མི་འབྲང་ཞེས། །བྱིས་པས་མ་བརྟགས་བྱས་པ་ཡི། །སྡིག་པའི་ལས་ཀྱིས་འགྲོ་བ་དག །ཕ་རོལ་དུ་ནི་ཤེས་པར་འགྱུར། །གལ་ཏེ་བྱིས་པས་མི་ 67-1-232b ཤེས་པར། །སྡིག་པའི་ལས་ནི་བྱས་པ་དག །ནམ་ཞིག་ན་ནི་དེ་ཉིད་ཀྱིས། །རྣམ་སྨིན་ཚ་བ་སོ་སོར་སྟེན། །རང་གི་ལས་ཀྱིས་དེའི་འོག་ཏུ། །མེ་ཡིས་བསྲེགས་པ་བཞིན་དུ་གདུངས། །བྱིས་པ་ཤེས་རབ་ཆུང་ངུ་དག །བདག་ལ་ དགྲ་བཞིན་བྱེད་པ་ཡིས། །གང་ཞིག་འབྲས་བུ་ཚར་འགྱུར་བའི། །སྡིག་ཅན་ལས་ནི་སྤྱོད་པར་བྱེད། །གང་དག་བྱས་པས་གདུང་འགྱུར་ཞིང་། །མཆི་མས་གདོང་ཡོག་ངུ་བཞིན་དུ། །རྣམ་སྨིན་སོ་སོར་སྟེན་པ་ཡི། །ལས་དེ་དག་ནི་ མ་བྱས་ལེགས། །གང་ཞིག་བྱས་ན་མི་གདུང་ཞིང་། །དགའ་ཞིང་ཡིད་ནི་བདེ་བ་ཡིས། །རྣམ་སྨིན་སོ་སོར་སྟེན་པ་ཡི། །ལས་དེ་དག་ནི་བྱས་ན་ལེགས། །བདག་ཉིད་བདེ་བ་འདོད་པའི་ཕྱིར། །རྒོད་བཞིན་སྡིག་པའི་ལས་ བྱས་པའི། །སྡིག་པའི་ལས་དེའི་རྣམ་སྨིན་དག །ངུ་བཞིན་ཉམས་སུ་མྱོང་བར་འགྱུར། །ངེས་པར་སྡིག་ལས་འཕྲལ་དུ་ནི། །འོ་མ་ལྟ་བུར་འགྱུར་མི་བྱེད། །ཐལ་བས་གཡོགས་པའི་མེ་ལྟ་བུར། །དེས་ནི་བྱིས་པ་སྲེག་ པར་བྱེད། །སྡིག་ལས་འཕྲལ་དུ་ངེས་པར་ནི། །མཚོན་བཞིན་གཅོད་པར་མི་བྱེད་ཀྱང་། །སྡིག་པའི་ལས་ཀྱི་འགྲོ་བ་དག །ཕ་རོལ་དུ་ནི་མངོན་པར་འགྱུར། །གང་དུ་དེ་དག་རྣམ་སྨིན་ནི། །ཚ་བ་སོ་སོར་སྟེན་པ་ཡི། ། སྡིག་པའི་ལས་ཀྱི་འགྲོ་བ་དག །ཕ་རོལ་དུ་ནི་ཤེས་པར་འགྱུར། །ལྕགས་ལས་གཡའ་ནི་ལངས་གྱུར་པ། །ལངས་པ་དེས་ནི་དེ་ཉིད་ཟ། །དེ་བཞིན་མ་བརྟགས་བྱས་པ་ཡི། །རང་གི་ལས་ཀྱིས་ངན་འགྲོར་འགྲོ། ། ལས་ཀྱི་ཚོམས་ཏེ་དགུ་པའོ།། །། དད་དང་ངོ་ཚ་ཚུལ་ཁྲིམས་སྦྱིན་པ་སྟེ། །ཆོས་འདི་རྣམས་ནི་སྐྱེས་བུ་དམ་པས་བསྟགས། །འདི་ཡིས་ལྷ་ཡི་འཇིག་རྟེན་འགྲོ་འགྱུར་ཞིང་། །ལམ་འདི་ཉིད་ཀྱིས་ལྷ་ཡུལ་འགྲོ་ཞེས་གསུངས། འཇུངས་རྣམས་ལྷ་ཡི་འཇིག་རྟེན་མི་འགྲོ་ཞིང་། །དེ་ཡིས་བྱིས་པ་སྦྱིན་པའི་བསྦགས་མི་རྗོད། །བརྟན་རྣམས་སྦྱིན་ལ་རྗེས་སུ་ཡི་རང་བ། །དེས་ནི་དེ་དག་གཞན་དུ་བདེ་བ་མྱོང་། །འདི་ན་སྐྱེས་བུའི་ནོར་མཆོག་དད་པ་སྟེ། ། 67-1-233a འདི་ན་ཆོས་ལ་ལེགས་སྤྱོད་བདེ་བ་འཐོབ། །བདེན་པ་ཁོ་ན་རོ་བྲོ་རྣམས་ཀྱི་ཕུལ། །ཤེས་རབ་ཀྱིས་འཚོ་འཚོ་བའི་མཆོག་ཅེས་གསུངས། །མྱ་ངན་འདས་པར་འགྲོ་བ་ཡི། །དགྲ་བཅོམ་ཆོས་ལ་དད་བསྐྱེད་དེ། །མཁས་པས་ གུས་པར་མཉན་ན་ནི། །དེ་དང་དེ་ཡི་ཤེས་རབ་འཐོབ། །བག་ཅན་གྱིས་ནི་རྒྱ་མཚོ་དང་། །དད་པས་ཆུ་བོ་རྣམས་ལས་སྒྲོལ། །བརྩོན་འགྲུས་ཀྱིས་ནི་སྡུག་བསྔལ་སྤོང་། །ཤེས་རབ་ཀྱིས་ནི་ཡང་དག་འགྱུར། །དགེ་སློང་ དད་པའི་གྲོགས་ལྡན་ཞིང་། །ཤེས་རབ་ཀྱིས་ནི་གཏམས་པ་དང་། །མྱ་ངན་འདས་ལ་མངོན་དགའ་བས། །འཆིང་བ་ཐམས་ཅད་གཅོད་པར་འགྱུར། །གང་གིས་དད་དང་ཚུལ་ཁྲིམས་དང་། །ཤེས་རབ་ཉིད་ནི་ལེགས་བསྒོམས་ ཤིང་། །མཁས་པ་སྐྱོན་རྣམས་སྤོང་བ་དེའི། །ལེགས་པའི་ངང་ཚུལ་ཅན་ཞེས་བརྗོད། །དད་དང་ཚུལ་ཁྲིམས་ཕུན་སུམ་ཚོགས། །གཏོང་ལྡན་འཇུངས་པ་རྣམ་སྤངས་པ། །དེ་ནི་གང་དང་གར་སོང་བ། །དེ་དང་དེར་ནི་མཆོད་ པར་འགྱུར། །མཁས་གང་འཚོ་བའི་འཇིག་རྟེན་ན། །དད་དང་ཤེས་རབ་སྟེན་བྱེད་པ། །དེ་དག་དེ་ཡི་ནོར་མཆོག་སྟེ། །དེ་ཡི་ནོར་གཞན་ཕལ་པར་ཟད། །འཕགས་པ་ལྟ་བར་འདོད་པ་དང་། །དམ་ཆོས་ཉན་པར་དགའ་བ་དང་། ། སེར་སྣའི་དྲི་མ་རྣམ་སྤངས་པ། །དེ་ནི་དད་པ་ཅན་ཞེས་བྱ། །དད་པའི་ལམ་རྒྱགས་བསྐུར་བར་བྱ། །བསོད་ནམས་ཆོམ་པས་དབྲོག་མི་ནུས། །ཆོམ་རྐུན་འཕྲོག་པར་བྱེད་པ་བཟློག །དགེ་སྦྱོང་རྣམས་ཀྱིས་བླངས་ནས་ དགའ། །མཁས་པ་དགེ་སྦྱོང་འོངས་པ་ལ། །མངོན་པར་དགའ་བར་བྱེད་འགྱུར་ཞིང་། །སྐྱེ་བོ་རྣམས་ནི་ཅི་རིགས་པར། །དད་པ་ཇི་བཞིན་སྦྱིན་བྱེད་ཅིག །གཞན་གྱི་ཟས་དང་སྐོམ་དེ་ལ། །གང་ཞིག་ཡིད་ནི་མི་བདེ་བ། ། དེས་ནི་ཉིན་དང་མཚན་རྣམས་སུ། །ཏིང་འཛིན་ཐོབ་པར་མི་འགྱུར་རོ། །གང་གིས་ཏ་ལའྀ་མགོ་བཅད་ལྟར། །དེ་འདྲ་ཀུན་དུ་གཅོད་བྱེད་པ། །དེས་ནི་ཉིན་དང་མཚན་རྣམས་སུ། །ཏིང་ངེ་འཛིན་དག་ཐོབ་པར་འགྱུར། ། 67-1-233b ཁྲོན་པ་སྐམ་པོ་ཇི་ལྟ་བར། །དད་པ་མེད་པ་བསྟེན་མི་བྱ། །ཇི་སྟེ་དེ་ལ་ཡོངས་བརྐོས་ཀྱང་། །འདམ་ཆུ་དྲི་ང་འབྱུང་བར་འགྱུར། །ཆུ་མང་རྣམ་པར་དང་བ་དང་། །བསིལ་བར་གྱུར་ཅིང་རྙོག་མེད་པའི། །མཚོ་ལ་ཆུ་འདོང་ཇི་ལྟ་བར། །ཤེས་ རབ་ཅན་གྱིས་དད་ལྡན་བསྟེན། །ཆགས་སམ་མ་ཆགས་ཀྱང་རུང་སྟེ། །དེ་ཡིས་ཐུབ་སྐུ་མི་ངེས་པས། །མ་དད་པ་དག་སྤང་བར་བྱ། །དད་པ་རྣམས་ནི་ཉེ་བར་བསྟེན། །དད་པའི་ཚོམས་ཏེ་བཅུ་པའོ།། །། སྡོམ་ལ། མི་རྟག་འདོད་དང་ སྲེད་པ་དང་། །བག་ཡོད་དེ་བཞིན་དགའ་བ་དང་། །ཚུལ་ཁྲིམས་ལེགས་སྤྱོད་ཚིག་དག་དང་། །ལས་དང་དད་པ་དེ་དག་བཅུ། །བྲམ་ཟེས་འདོད་པ་རབ་སྤང་ཞིང་། །བརྩོན་འགྲུས་ཀྱིས་ནི་རྒྱུན་ཆོད་ཅིག །འདོད་པ་རབ་ཏུ་མ་སྤངས་པར། ། ཐུབ་པ་གཅིག་གིས་མ་ཐོབ་བོ། །ཀུན་དུ་རྒྱུ་བ་ཞན་པ་དག །ཉོན་མོངས་ཕྱིར་ཡང་ཀུན་སོགས་པས། །བརྩོན་འགྲུས་བརྟན་པོ་ཁོ་ན་ཡིས། །བྱ་བ་དེ་ཉིད་བྱེད་ལ་རག །ཞན་པའི་ལས་ནི་ཇི་སྙེད་དང་། །ཀུན་ནས་ཉོན་མོངས་དཀའ་ཐུབ་ དང་། །ཚངས་སྤྱོད་ཡོངས་སུ་མ་དག་དེ། །དོན་ཆེན་འགྱུར་སྙམ་མི་བྱེད་དོ། །ཇི་ལྟར་མདའ་ནི་གཟུང་ཉེས་པས། །ལག་པ་ཆོད་པར་གྱུར་པ་ལྟར། །དགེ་སློང་བསྲུང་བ་བྱ་ཉེས་དང་། །དམྱལ་བར་ཉེ་བར་ཁྲིད་པར་བྱེད། །ཇི་ལྟར་མདའ་ནི་ བཟུང་ལེགས་པས། །ལག་པ་ཆོད་པར་མི་འགྱུར་ལྟར། །དགེ་སྦྱོང་བསྲུང་བ་བྱ་ལེགས་ན། །མྱ་ངན་འདས་པར་ཉེ་བར་འདྲེན། །དགེ་སྦྱོང་རྣམ་པར་མ་ཤེས་དང་། །རྒལ་བར་དཀའ་དང་བཟོད་དཀའ་དང་། །གང་དག་ཞན་པ་འགྱོད་ འགྱུར་བའི། །སྡུག་བསྔལ་མང་པོ་དེ་དག་འབྱུང་། །ཡང་དང་ཡང་དུ་འགྱོད་པ་ཡི། །ཀུན་རྟོག་དབང་དུ་འགྲོ་བ་ཡི། །སེམས་ནི་བཟློག་པ་མ་བྱས་པར། །དགེ་སྦྱོང་སྤྱོད་པ་ཇི་ལྟར་བྱ། །ཉེས་པར་རབ་བྱུང་ཉེས་དགའ་བ། །ཁྱིམ་འདུག་ ཉེས་རྩོམ་བྱེད་པ་དག །སྡུག་བསྔལ་མཉམ་མེད་སྟེན་པ་དག །ཡང་སྲིད་སྡུག་བསྔལ་སོགས་པར་ཟད། །ཚེམ་བུ་ངུར་སྨྲིག་གྱོན་པ་དང་། །ཕལ་ཆེར་ཡང་དག་མི་སྡོམ་ཞིང་། །སྡིག་པའི་ཆོས་ཅན་སྡིག་ལ་དགའ། །སྡིག་ཅན་དེ་དག་ 67-1-234a ངན་འགྲོར་འགྲོ། །སཱ་ལའི་ཤིང་ལ་འཁྲི་ཤིང་ལྟར། །གང་ཞིག་ཤིན་དུ་ཁྲིམས་འཆལ་ཏེ། །ཇི་ལྟར་རང་ལ་དགྲ་བཞིན་དུ། །དེ་ནི་དེ་ལྟར་བྱེད་པར་འདོད། །མགོ་བོ་སྐྱ་བོར་གྱུར་བར་དུ། །ད་དུང་རྒན་རབས་མ་ཆུད་པ། །དེ་ནི་ལང་ཚོ་ གཏུགས་པ་སྟེ། །དེ་ནི་རྒན་བླུན་ཞེས་བྱའོ། །གང་ཞིག་དགེ་དང་སྡིག་པ་དག །སྤངས་ཤིང་ཚངས་པར་སྤྱོད་པ་དང་། །སྡེ་ཚོགས་སྤངས་ནས་སྤྱོད་བྱེད་པ། །དེ་ནི་རྒན་རབས་ཞེས་བྱའོ། །བརྟུལ་ཞུགས་མེད་ཅིང་བརྫུན་སྨྲ་ན། །མགོ་བོ་ བྲེགས་ཙམ་དགེ་སྦྱོང་མིན། །རྨོངས་པ་འདོད་ལ་ཞུགས་པ་དག །ཇི་ག་དགེ་སྦྱོང་ཡིན་ནམ་ཀྱེ། །བརྟུལ་ཞུགས་མེད་ཅིང་བརྫུན་སྨྲ་ན། །མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན། །གང་ཞིག་སྡིག་པ་ཞི་གྱུར་ཏེ། །མཁས་པས་དགེ་སྦྱོང་ཡིན་ པར་ཤེས། །བརྟུལ་ཞུགས་མེད་ཅིང་བརྫུན་སྨྲ་ན། །མགོ་བོ་བྲགས་ཙམ་དགེ་སྦྱོང་མིན། །གང་དག་སྡིག་པ་ཆེ་ཕྲ་དགྲ། ཀུན་ལ་བརྟགས་ནས་བྱེད་པ་དང་། །སྡིག་པ་ཞི་བ་དེ་དག་ནི། །དགེ་སྦྱོང་ཉིད་ཅེས་བརྗོད་པར་བྱ། ། སྡིག་པ་སྤངས་པ་བྲམ་ཟེ་སྟེ། །ཞི་བར་བྱེད་པ་དགེ་སྦྱོང་ཡིན། །བདག་གི་དྲི་མ་རབ་སྤངས་པ། །དེས་ན་རབ་ཏུ་བྱུང་ཞེས་བརྗོད། །དགེ་སྦྱོང་གི་ཚོམས་ཏེ་བཅུ་གཅིག་པའོ།། །། གང་ཚེ་འཕགས་པའི་བདེན་པ་བཞི། ། ཤེས་རབ་ཀྱིས་ནི་མཐོང་བ་དང་། །ལམ་འདི་རབ་ཏུ་ཤེས་པ་ཡིས། །སྲིད་པའི་སྲེད་པ་རབ་ཏུ་འདུལ། །དཔེར་ན་རླུང་གིས་རྡུལ་བསླང་བ། །ཆར་པ་བབ་པས་ཞི་བྱེད་ལྟར། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ཚེ་ཀུན་ རྟོག་ཞི་བར་འགྱུར། །གང་ཞིག་ལེགས་པར་རྟོགས་པ་ཡིས། །སྐྱེ་ཤི་ལེགས་པར་ཟད་འགྱུར་ཞིང་། །འཇིག་རྟེན་ངེས་འབྱེད་འགྱུར་བ་ཡི། །ཤེས་རབ་དེ་ནི་གཙོ་བོ་ཡིན། །བདེན་པའི་ནང་ན་བདེན་བཞི་དང་། །ལམ་ནང་ ཡན་ལག་བརྒྱད་པ་མཆོག །རྐང་གཉིས་ནང་ན་མིག་ཅན་དང་། །ཆོས་ཀྱི་ནང་ན་ཆགས་བྲལ་མཆོག །འདུ་བྱེད་ཐམས་ཅད་མི་རྟག་པར། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ཚེ་སྡུག་བསྔལ་ལས་ཡིད་འབྱུང་། །ལམ་ 67-1-234b འདི་རྣམ་པར་དག་པར་འགྱུར། །འདུ་བྱེད་ཐམས་ཅད་སྡུག་བསྔལ་བར། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ཚེ་སྡུག་བསྔལ་ལས་ཡིད་འབྱུང་། །ལམ་འདི་རྣམ་པར་དག་པར་འགྱུར། །འདུ་བྱེད་ཐམས་ཅད་སྟོང་ཉིད་ཏུ། ། གང་ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ཚེ་སྡུག་བསྔལ་ལས་ཡིད་འབྱུང་། །ལམ་འདི་རྣམ་པར་དག་པར་འགྱུར། །འདུ་བྱེད་ཐམས་ཅད་བདག་མེད་པར། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ཚེ་སྡུག་བསྔལ་ལས་ཡིད་འབྱུང་། ། ལམ་འདི་རྣམ་པར་དག་པར་འགྱུར། །སྲེད་པའི་ཟུག་རྔུ་གཅོད་བྱེད་ལམ། །ངས་ནི་ཁྱེད་ཅག་རྣམས་ལ་བསྟན། །དེ་བཞིན་གཤེགས་པ་སྟོན་པ་སྟེ། །ཁྱེད་ཅག་རྣམས་ཀྱིས་བྱ་དགོས་སོ། །སྲེད་པའི་ཟུག་རྔུ་སེལ་བའི་ལམ། ། ངས་ནི་ཁྱེད་ཅག་རྣམས་ལ་བསྟན། །དེ་བཞིན་གཤེགས་པ་སྟོན་པ་སྟེ། །ཁྱེད་ཅག་རྣམས་ཀྱིས་བྱ་དགོས་སོ། །ལྟ་བ་རྣམ་པར་དག་བྱེད་པ། །ལམ་འདི་མ་གཏོགས་གཞན་མེད་པས། །ཏིང་ངེ་འཛིན་ལ་རབ་གནས་ཏེ། ། བདུད་ཀྱི་འཆིང་བ་སྤང་བར་གྱིས། །འདི་ནི་དྲང་ལམ་འདི་ནི་ཕ་རོལ་གནོན། །མཚོ་ལ་ངང་པའི་སྲང་ལྟར་བགྲོད་པ་གཅིག །ཤཱཀྱ་ཐུབ་པས་མཉམ་བཞག་གང་རྟོགས་ནས། །ཚོགས་ལ་ཡང་དང་ཡང་དུ་བཤད་པ་འདི། ། སྐྱེ་ཤིའི་མཐའ་རྟོགས་ཕན་མཛད་ཐུགས་བརྩེ་བས། །བགོད་པ་གཅིག་ལམ་རབ་ཏུ་བསྟན་མཛད་པའི། །ལམ་འདིས་ཆུ་བོ་རྣམས་ལས་སྔོན་རྒལ་ཞིང་། །དེ་བཞིན་རྒལ་བར་འགྱུར་ཞིང་རྒལ་བར་མཛད། །ཤིན་དུ་མཐར་ གཏུག་གདུལ་བྱ་དག་བྱ་དང་། །འཁོར་བའི་སྐྱེ་ཤི་ཟད་པར་བྱ་བ་དང་། །ཁམས་རྣམས་དུ་མ་སོ་སོར་རྟོགས་བྱའི་ཕྱིར། །སྤྱན་དང་ལྡན་པས་ལམ་འདི་རབ་ཏུ་བསྟན། །ཇི་ལྟར་ཆུ་ཀླུང་གང་གཱའི་ཆུ་རྒྱུན་ཞུགས། །རྒྱ་མཚོའི་ནང་དུ་ འབབ་པར་འགྱུར་བ་ལྟར། །དེ་བཞིན་ཤེས་རབ་ཡངས་པས་བསྟན་པའི་ལམ། །འདི་ནི་འཆི་མེད་ཐོབ་པར་བྱ་ཕྱིར་འཇུག །གང་ཞིག་འབྱུང་པོ་ཀུན་ལ་ཐུགས་བརྩེ་བས། །སྔོན་ཆད་མ་ཐོས་ཆོས་ཀྱི་འཁོར་ལོ་བསྐོར། ། 67-1-235a སྐྱོབ་པ་ལྷ་དང་མི་རྣམས་འདུལ་མཛད་པ། །སྲིད་པའི་མཐར་ཕྱིན་དེ་ལ་ཕྱག་འཚལ་ལོ། །རྣམ་རྟོག་དགེ་བ་གསུམ་ནི་བརྟག་བྱ་ཞིང་། །དགེ་བ་མ་ཡིན་གསུམ་ཡང་རྣམ་པར་སྤངས། །ཀུན་ནས་རྡུལ་ལངས་ཆར་གྱིས་ མནན་པ་ལྟར། །དེ་ནས་རྟོག་དང་སྤྱོད་པ་ཞི་བར་བྱ། །དེ་ནས་སེམས་ལ་རྣམ་རྟོག་ཉེར་ཞི་ནས། །བླ་མེད་བྱང་ཆུབ་བདེ་ལ་རེག་པར་འགྱུར། །ཏིང་འཛིན་གསུམ་པོ་རྣམས་ལ་ཡིད་གཏད་ཅིང་། །བདེན་པ་ལས་སྐྱེས་ཚད་མེད་བསྒོམ་པར་ བྱ། །དྲན་ལྡན་མཁས་པས་མདུད་པ་ཞི་བྱ་ཞིང་། །གསུམ་པོ་རྣམས་ཀྱིས་གནས་གསུམ་རབ་ཏུ་དྲལ། །ཤེས་རབ་མཚོན་དང་བརྩོན་འགྲུས་སྟོབས་དང་ལྡན། །དྲན་ལྡན་མཉམ་བཞག་ཏིང་འཛིན་ལ་དགའ་བས། །འཇིག་རྟེན་ སྐྱེ་དང་འཇིག་པར་རྟོགས་ནས་ནི། །ཀུན་ལས་རབ་ཏུ་རྣམ་གྲོལ་དེ་རིག་ཡིན། །འཇིག་རྟེན་མཐའ་མ་ལེགས་པར་རྟོགས་གྱུར་ནས། །འཇིག་རྟེན་མཐར་སོན་ཕ་རོལ་ཕྱིན་ཞེས་བརྗོད། །གང་གིས་ཞི་བ་འཕགས་ལམ་ཡན་ ལག་བརྒྱད། །ལམ་དྲང་བསྒོམས་པ་དེས་ནི་བདུད་རྩི་རྙེད། །དེ་ལྟར་སྤྱོད་པས་བདེ་འདོད་བདེ་བ་འཐོབ། །སྙན་པ་འཐོབ་ཅིང་གྲགས་པ་འཕེལ་བར་འགྱུར། །ལམ་གྱི་ཚོམས་ཏེ་བཅུ་གཉིས་པའོ།། །། ཆེད་ཏུ་བརྗོད་པའི་ཚོམས། བམ་པོ་གཉིས་པ། དྲེའུ་མོ་རང་གི་མངལ་གྱིས་དང་། །འདམ་བུ་སྨྱིག་མ་འབྲས་བུས་དང་། །ཆུ་ཤིང་འབྲས་བུས་ཕུང་བ་ལྟར། །ཕོ་བཤལ་བཀུར་སྟིས་ཕུང་བར་འགྱུར། །ཇི་སྲིད་བླུན་པོ་མཆོད་བྱས་པ། ། དེ་སྲིད་རབ་ཏུ་བརླག་པར་འགྱུར། །བྱིས་པའི་དཀར་པོའི་ཆ་འགྲིབ་ཅིང་། །དེ་ཡི་སྤྱི་བོའང་ངེས་པར་ཉམས། །ངན་པ་རྙེད་པ་འདོད་པ་དང་། །དགེ་སློང་འཁོར་ནི་འདོད་པ་དང་། །གནས་ལ་སེར་སྣ་བྱེད་པ་དག །རིགས་གཞན་ དག་གིས་མཆོད་པ་དང་། །རབ་ཏུ་བྱུང་དང་ཁྱིམ་པ་དག །གང་ཡང་རུང་བས་བདག་འཕྲིགས་ཏེ། །བྱ་བ་བྱས་རུང་མ་བྱས་རུང་། །བདག་དབང་གྱུར་ན་རེ་སྟེས་ཞེས། །དེ་ལྟར་བྱིས་པ་ཀུན་རྟོག་ན། །སེམས་ལ་འདོད་ 67-1-235b ཆེན་འཕེལ་བར་འགྱུར། །རྙེད་པའི་ཐབས་ནི་གཞན་ཡིན་ལ། །མྱ་ངན་འདས་འགྲོའི་གཞན་ཡིན་ཞེས། །དེ་ལྟར་ཅི་རིགས་ཤེས་ནས་སུ། །བཀུར་སྟི་དག་ལ་མི་དགའ་ཞིང་། །དབེན་པ་རིམ་གྱིས་འཕེལ་བྱེད་པའི། ། དགེ་སློང་སངས་རྒྱས་ཉན་ཐོས་ཡིན། །ཐམས་ཅད་ལ་ནི་མི་རྩོལ་ཞིང་། །མི་ཡིས་འཕྲིགས་པར་མ་གྱུར་དང་། །འཚོ་བ་གཞན་ལ་མི་རྟེན་ཅིང་། །ཆོས་ལ་ཚོང་པ་བཞིན་མི་སྤྱད། །རང་གི་རྙེད་པ་བླང་བྱ་ཞིང་། །གཞན་གྱི་ ལ་ནི་འདོད་མི་བསྐྱེད། །དགེ་སློང་གཞན་གྱི་འདོད་བྱེད་པས། །ཏིང་འཛིན་ཐོབ་པར་མི་འགྱུར་རོ། །གལ་ཏེ་བདེ་བར་འཚོ་འདོད་ཅིང་། །དགེ་སྦྱོང་འདི་ལ་ལྟ་འདོད་ན། །དགེ་འདུན་གྱིས་ནི་ཆོས་གོས་དང་། །བཟའ་བཏུང་བྱིན་པར་ གྱུར་ན་བླང་། །གལ་ཏེ་བདེ་བར་འཚོ་འདོད་ཅིང་། །དགེ་སྦྱོང་འདི་ལ་ལྟ་འདོད་ན། །བྱི་བའི་ཁུང་ནས་སྦྲུལ་ལྟ་བུར། །གནས་མལ་དག་ལ་བསྟེན་པར་གྱིས། །གལ་ཏེ་བདེ་བར་འཚོ་འདོད་ཅིང་། །དགེ་སྦྱོང་འདི་ལ་ལྟ་འདོད་ན། ། ངན་ངོན་ཙམ་གྱིས་ཆོག་ཤེས་ཤིང་། །ཆོས་གཅིག་པོ་ཡང་བསྒོམ་པར་བྱ། །གལ་ཏེ་མང་པོ་མི་ཤེས་ཤིང་། །ཚུལ་ཁྲིམས་ལེགས་པར་མཉམ་བཞག་ན། །དེ་ཤེས་པ་དག་འཚོ་དག་ཅིང་། །སྙོམ་ལས་མེད་ཅེས་ སྟོད་པར་བྱེད། །གལ་ཏེ་འཆི་བདག་ཉམས་བྱེད་པའི། །ཟག་མེད་རིག་པ་གསུམ་ལྡན་ན། །བླུན་པོས་ཅི་ཡང་མི་ཤེས་ཞེས། །བསམས་ནས་དེ་ལ་འཕྱ་ཡང་སླ། །གང་ཟག་སྡིག་པའི་ཆོས་ཅན་ལ། །གལ་ཏེ་བཟའ་དང་ བཏུང་བ་ཡི། །རྙེད་པ་དག་དང་ལྡན་གྱུར་ན། །དེ་ལ་དེ་དག་མཆོད་པ་བྱེད། །མགོ་བྲེགས་ངུར་སྨྲིག་བྱིས་པ་ཡི། །བཟའ་བ་དང་ནི་བཏུང་བ་དང་། །གོས་དང་མལ་ཆ་རྙེད་པ་ལྟ། །དགྲ་བྱེད་མང་བ་ཁོ་ནར་ཟད། །དེ་ལྟར་བཀུར་སྟི་ འཇིགས་ཆེན་གྱི། །སྐྱོན་རྣམས་ཁོང་དུ་ཆུད་བྱས་ནས། །འཕྲིགས་ཉུང་སེམས་ཁྲལ་བསྐྱངས་ནས་སུ། །དྲན་ལྡན་དགེ་སློང་ཀུན་དུ་རྒྱུས། །ཁམ་གྱི་ཟས་ཀྱིས་སེམས་ཞིར་མི་འགྱུར་ཡང་། །འཚོ་བ་འདི་ཕྱིར་མི་བཟའ་ 67-1-236a མི་བྱ་སྟེ། །ཁ་ཟས་ཀྱིས་ནི་ལུས་དག་གནས་འགྱུར་བ། །དེ་ལྟར་རྟོགས་ལ་བསོད་སྙོམས་དག་ལ་རྒྱུས། །རིགས་ཀྱིས་ཕྱག་བྱས་མཆོད་པ་གང་ཡིན་འདི། །ཟུག་རྔུ་ཕྲ་མོ་དབྱུང་བར་དཀའ་བ་སྟེ། །མི་ཡིས་ བཟོད་དཀའ་བཀུར་སྟི་གང་ཡིན་འདི། །འདམ་དང་འདྲ་བར་རབ་ཏུ་རྟོགས་པར་གྱིས། །བཀུར་སྟིའི་ཚོམས་ཏེ་བཅུ་གསུམ་པའོ།། །། སྡིག་པའི་ལས་ནི་མི་བྱེད་པ། །འཁུ་བྱ་མིན་ལ་གང་འཁུ་བ། །འཇིག་རྟེན་འདི་ དང་ཕ་རོལ་ཏུ། །དེ་ཉིད་སྡིག་པ་རྣམས་ཀྱི་གོས། །དང་པོར་བདག་ནི་ཕུང་བྱེད་ཅིང་། །ཕྱི་ནས་གཞན་ཡང་ཕུང་བྱེད་པ། །ཁྲ་ཡི་གཅན་མའི་བྱ་ལྟ་བུར། །ཕུང་ཞིང་གཞན་ཡང་ཕུང་བར་བྱེད། །རྡེག་པར་བྱེད་པས་རྡེག་པ་ འཐོབ། །འཁོན་དུ་འཛིན་པས་འཁོན་ཅན་མཐོང་། །དེ་བཞིན་གཤེ་བས་གཤེ་བ་སྟེ། །ཁྲོ་བར་བྱེད་ལ་ཁྲོ་བ་འབྱུང་། །འདི་གཞན་དགེ་སྦྱོང་བྱིས་པ་སྟེ། །དམ་པའི་ཆོས་ལ་མི་མཁས་པ། །ཡོངས་སུ་ཚེ་ཐུང་འདི་ལ་ཡང་། ། གྱི་ནའི་ཕྱིར་ནི་འཁོན་པར་བྱེད། །འདི་ནི་མཆོག་ཅེས་བསམས་ནས་སུ། །སོ་སོར་སྨྲ་ཞིང་འཐུན་འཇུག་པས། །འདི་ན་དགེ་འདུན་འབྱེད་པའི་ཚེ། །ཅི་ཕྱིར་སྟོབས་མེད་སེམས་མི་བྱེད། །རུས་པ་གཅོག་ཅིང་སྲོག་གཅོད་ ལ། །རྟ་ཕྱུགས་ནོར་ནི་འཕྲོག་པ་དང་། །ཡུལ་འཁོར་འཇོམས་པར་བྱེད་པ་ཡང་། །ཕྱི་ནས་འཇལ་དུམ་བྱེད་པ་ལྟར། །མཁས་པས་བརྟགས་ཤིང་གསུངས་པའི་ཚིག །སྤྱོད་ཡུལ་སྟོན་པར་བྱེད་པ་ཡི། །ཆོས་འདི་རྣམ་ པར་ཤེས་ན་གོ། །ཁྱེད་ཅག་ཅི་ཕྱིར་བྱེད་མི་འགྱུར། །ཁྱོད་ནི་མི་མཁས་ལུགས་ཅན་ཏེ། །ཁ་བྱ་ཡིས་ནི་རྩོལ་བྱེད་པ། །ཕ་རོལ་པོ་དག་མི་ཤེས་པས། །བདག་ནི་འདི་ལ་བརྩོན་པར་བྱེད། །འདི་ན་མཁས་པ་གང་ཡིན་ པ། །དེ་དག་བཞམས་པའི་ཚིག་གིས་ཞི། །བདག་ལ་ཁ་ཟེར་བདག་ལ་གཤེ། །བདག་ཕམ་བདག་ཕམ་བྱེད་པའོ་ཞེས། །འདི་གང་སེམས་ལ་འཛིན་བྱེད་པ། །དེ་ཡི་འཁོན་ནི་ཞི་མི་འགྱུར། །བདག་ལ་ཁ་ཟེར་བདག་ལ་གཤེ། ། 67-1-236b བདག་ཕམ་བདག་ཕམ་བྱེད་པའོ་ཞེས། །འདི་གང་སེམས་ལ་མི་འཛིན་པ། །དེ་ཡི་འཁོན་ནི་ཞི་བར་འགྱུར། །འདི་ན་འཁོན་གྱིས་འཁོན་ཅན་དག །ནམ་ཡང་ཞི་བར་འགྱུར་བ་མེད། །བཟོད་པས་འཁོན་ནི་ཞི་འགྱུར་བ། ། འདི་ནི་ཆོས་ཀྱི་རང་བཞིན་ཡིན། །འཁོན་གྱིས་འཁོན་ཅན་ནམ་ཡང་ཞི་མི་འགྱུར། །འཁོན་མེད་རྣམས་ཀྱིས་འཁོན་ནི་ཞི་བར་བྱེད། །ཤ་ཁོན་ཞུགས་པ་ལུས་ཅན་ལ་གནོད་པས། །དེ་ཕྱིར་མཁས་པས་འཁོན་པར་མི་ བྱའོ། །བརྟན་པ་ལེགས་གནས་ལྷན་ཅིག་སྤྱད་པ་ཡི། །གྲོགས་པོ་མཁས་པ་གལ་ཏེ་རྙེད་ན་ནི། །ཉོན་མོངས་ཐམས་ཅད་མངོན་པར་ཟིལ་མནན་ནས། །དྲན་ལྡན་དགའ་བའི་ཡིད་ཀྱིས་དེ་དང་སྤྱད། །བརྟན་པ་ ལེགས་གནས་ལྷན་ཅིག་སྤྱད་པ་ཡི། །གྲོགས་པོ་མཁས་པ་གལ་ཏེ་མ་རྙེད་ན། །ཡུལ་འཁོར་ཡངས་པ་སྤངས་པའི་རྒྱལ་པོ་ལྟར། །གཅིག་པུས་སྤྱད་བྱ་སྡིག་པ་མི་བྱའོ། །བདག་དང་འཐུན་པར་སྤྱོད་པ་ཡི། །གྲོགས་ བཟངས་རྙེད་པར་མ་གྱུར་ན། །བྱིས་པ་གྲོགས་སུ་མི་འགྱུར་བས། །གཅིག་པུས་སྤྱོད་པ་བརྟན་པར་བྱ། །བྱིས་པ་གྲོགས་སུ་མི་འགྱུར་བས། །གཅིག་པུ་སྤྱོད་པར་བྱེད་སླ་བས། །མ་ཏང་དགོན་པའི་གླང་པོ་ལྟར། ། སེམས་ཁྲལ་བསྐྱུངས་ཏེ་གཅིག་པུ་སྤྱད། །འཁུ་བའི་ཚོམས་ཏེ་བཅུ་བཞི་པའོ།། །། སངས་རྒྱས་ཀྱིས་ནི་བསྟན་པ་བཞིན། །གང་གི་དབུགས་དབྱུང་རྔུབ་དྲན་པ། །ཡོངས་སུ་རྫོགས་པར་ལེགས་བསྒོམས་པས། ། རིམ་གྱིས་ཡོངས་སུ་བྱང་གྱུར་ཏེ། །སྤྲིན་བྲལ་ཉི་མ་ཟླ་བ་ལྟར། །འཇིག་རྟེན་འདི་ན་ཀུན་ནས་གསལ། །འགྲེང་དང་འདུག་དང་དེ་བཞིན་ཉལ་བ་དང་། །ལུས་དང་དེ་བཞིན་སེམས་ནི་འགྱོག་བྱེད་ཅིང་། །དགེ་སློང་ དྲན་པ་དེ་ལེགས་འཇོག་པ་ན། །སྔ་ཕྱིའི་ཁྱད་པར་རྣམས་ནི་ཐོབ་པར་འགྱུར། །སྔ་ཕྱིའི་ཁྱད་པར་རྣམས་ནི་ཐོབ་གྱུར་ན། །འཆི་བདག་རྒྱལ་པོས་བལྟར་ཡང་མེད་པར་འགྲོ། །ལུས་རྟོགས་དྲན་པ་ཉེ་བར་ 67-1-237a གཞག་ནས་སུ། །རེག་པའི་སྐྱེ་མཆེད་དྲུག་ནི་བསྡམ་བྱས་ཏེ། །གང་ཞིག་རྟག་ཏུ་མཉམ་པར་འཇོག་བྱེད་པ། །དེ་བདག་ཉིད་ཀྱིས་མྱ་ངན་འདས་པ་རྟོགས། །གང་ཞིག་རྟག་ཏུ་རྣམ་པ་ཐམས་ཅད་ཏུ། །ལུས་རྟོགས་ དྲན་པ་ཉེ་བར་འཇོག་བྱེད་པ། །བདག་ཉིད་མེད་ཅིང་བདག་གིར་འཛིན་པ་མེད། །བདག་ཏུ་མི་འགྱུར་བདག་གིར་འཛིན་མི་འགྱུར། །དེ་ལྟར་དགེ་སློང་མཉམ་འཇོག་མྱུར་དུ་ནི། །ཡུལ་ལ་སྲེད་པ་དག་ལས་རྒལ་བར་འགྱུར། །གང་ ཞིག་དྲན་དང་ཤེས་བཞིན་མཉམ་འཇོག་དང་། །དགའ་དང་རབ་ཏུ་དང་བས་དུས་དུས་སུ། །ཆོས་འདི་ལ་སྤྱོད་མེལ་རྩེ་བྱེད་པ་དེ། །སྐྱེ་རྒ་རྣམས་ལས་རྒལ་བར་འགྱུར་ཞེས་གསུང་། །དེ་ལྟས་རྟག་ཏུ་མེལ་ཙེ་བྱེད་སྟེན་ཅིང་། །དགེ་སློང་ མཁས་པ་དྲན་ལྡན་བརྩོན་པ་ཡིས། །སྐྱེ་བ་ཀུན་དུ་སྦྱོར་བ་སྤངས་ནས་སུ། །དེས་ནི་འདི་ལ་མྱ་ངན་འདས་པ་འཐོབ། །གཉིད་ལོག་དེ་དག་སད་པར་བྱེད་པ་ཡི། །མེལ་ཙེ་བདག་ལས་ཁྱོད་ཉོན་ཅིག །ཉལ་བས་མེལ་ཙེ་བྱེད་སླ་སྟེ། ། མེལ་ཙེ་བྱེད་ལ་འཇིགས་པ་མེད། །མེལ་ཙེ་བྱེད་པར་བརྩོན་པ་དང་། །ཉིན་མཚན་རྗེས་སུ་སློབ་བྱེད་ཅིང་། །འཆི་བ་མེད་ལ་ལྷག་མོས་པའི། །ཟག་པ་རྣམས་ནི་ཟད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །སངས་ རྒྱས་རྗེས་སུ་དྲན་བྱེད་ཅིང་། །གང་དག་སངས་རྒྱས་སྐྱབས་སོང་བ། །དེ་དག་མི་ཡི་རྙེད་པ་ཡིན། །གང་ཞིག་ཉིན་དང་མཚན་རྣམས་སུ། །ཆོས་རྣམས་རྗེས་སུ་དྲན་བྱེད་ཅིང་། །གང་དག་ཆོས་ལ་སྐྱབས་སོང་བ། །དེ་དག་མི་ཡི་ རྙེད་པ་ཡིན། །གང་ཞིག་ཉིན་དང་མཚན་རྣམས་སུ། །དགེ་འདུན་རྗེས་སུ་དྲན་བྱེད་ཅིང་། །གང་དག་དགེ་འདུན་སྐྱབས་སོང་བ། །དེ་དག་མི་ཡི་རྙེད་པ་ཡིན། །གང་ཞིག་ཉིན་དང་མཚན་རྣམས་སུ། །སངས་རྒྱས་རྗེས་སུ་དྲན་བྱེད་པ། ། གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །ཆོས་རྣམས་རྗེས་སུ་དྲན་བྱེད་པ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། ། 67-1-237b གང་ཞིག་ཉིན་དང་མཚན་རྣམས་སུ། །དགེ་འདུན་རྗེས་སུ་དྲན་བྱེད་པ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །ཚུལ་ཁྲིམས་རྗེས་སུ་དྲན་བྱེད་པ། །གཽ་ཏ་མ་ ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །གཏོང་བ་རྗེས་སུ་དྲན་བྱེད་པ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། ། གང་ཞིག་ཉིན་དང་ མཚན་རྣམས་སུ། །ལྷ་ནི་རྗེས་སུ་དྲན་བྱེད་པ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །རྟག་ཏུ་ལུས་རྟོགས་དྲན་བྱེད་པ། །གཽ་ཏ་མ་ཡི་ཉན་ཐོས་དེ། ། ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །རྟག་ཏུ་ཏིང་འཛིན་བཞི་དྲན་པ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་ སུ། །འཚེ་བ་མེད་ལ་ཡིད་དགའ་བ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །གནོད་སེམས་མེད་ལ་ཡིད་དགའ་བ། །གཽ་ཏ་མ་ཡི་ཉན་ཐོས་དེ། ། ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །བསྒོམ་པ་ལ་ནི་ཡིད་དགའ་བ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་ རྣམས་སུ། །སྟོང་པ་ཉིད་ལ་ཡིད་དགའ་བ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །མཚན་མ་མེད་ལ་ཡིད་དགའ་བ། །གཽ་ཏ་མ་ཡི་ཉན་ཐོས་དེ། ། ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །དབེན་པ་ལ་ནི་ཡིད་དགའ་བ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་ 67-1-238a རྣམས་སུ། །ངེས་པར་འབྱུང་ལ་ཡིད་དགའ་བ། །གཽ་ཏ་མ་ཡི་ཉན་ཐོས་དེ། ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །ཅི་ཡང་མེད་ལ་ཡིད་དགའ་བ། །གཽ་ཏ་མ་ཡི་ཉན་ཐོས་ དེ། །ལེགས་པར་སད་པས་སད་པར་འགྱུར། །གང་ཞིག་ཉིན་དང་མཚན་རྣམས་སུ། །མྱ་ངན་འདས་ལ་ཡིད་དགའ་བ། །གཽ་ཏ་མ་ཡི་ཉན་ཐོས་དེ། །ལེགས་པར་སད་པས་སད་པར་འགྱུར། །དྲན་པའི་ཚོམས་ཏེ་བཅྭ་ ལྔ་པའོ།། །། བདག་གི་བྱ་བ་བྱ་བའི་དུས་གཡོ་བས། །དང་པོ་ཁོ་ནར་བྱ་བའི་མེལ་ཙེ་གྱིས། །བདག་གིས་དང་པོ་དེ་ལྟར་བྱས་ན་ནི། །བྱ་བ་བྱ་བའི་དུས་ལྟར་ཟད་འདོད་ཅིང་། །ཇི་ལྟར་འདོད་པ་དེ་བཞིན་འབྱོར་འགྱུར་བར། ། དེ་ཡི་རང་བཞིན་ང་ཡིས་མཐོང་བས་ན། །ཇི་སྲིད་དོན་ནི་ཕུན་སུམ་ཚོགས་འགྱུར་བ། །དེ་སྲིད་བར་དུ་མི་ཡིས་བསྒྲིམ་པར་གྱིས། །བསྒྲིམ་ཞིང་བརྩོན་པར་བྱ་བ་ཡིས། །བདག་ཉིད་གླིང་དུ་འགྱུར་བར་བྱ། །མགར་བ་ཡིས་ནི་ དངུལ་བཞིན་དུ། །རང་གི་དྲི་མ་སྦྱང་བར་གྱིས། །དྲི་མ་སྦྱངས་པ་སྐྱོན་མི་འབྱུང་། །ཕྱི་ནས་སྐྱེ་དང་རྒ་མི་འཐོབ། །ངོ་ཚ་མིན་ལ་ངོ་ཚ་ཞིང་། །ངོ་ཚ་བ་ལ་ངོ་མི་ཚ། །མི་འཇིགས་པའི་འཇིག་ལྟ་དང་། །འཇིགས་ལ་མི་འཇིགས་ལྟ་བ་ཡི། ། ལོག་པར་ལྟ་བ་བླངས་པ་ཡིས། །སེམས་ཅན་ངན་འགྲོར་འགྲོ་བར་འགྱུར། །འདི་ན་གང་སྔོན་བག་མེད་ལས། །ཕྱི་ནས་བག་དང་ལྡན་གྱུར་ཏེ། །སྤྲིན་བྲལ་ཉི་མ་ཟླ་བ་ལྟར། །འཇིག་རྟེན་འདི་ན་ཀུན་ནས་གསལ། །འདི་ན་གང་སྔོན་བག་ མེད་ལས། །ཕྱི་ནས་བག་དང་ལྡན་གྱུར་ཏེ། །འཇིག་རྟེན་འདི་ན་སྲེད་པ་ལས། །དྲན་པ་ལེགས་པར་འདའ་བར་འགྱུར། །གང་ཞིག་གཞོན་ནུར་རབ་བྱུང་ནས། །སངས་རྒྱས་བསྟན་ལ་འཇུག་པ་དེ། །སྤྲིན་བྲལ་ཉི་མ་ཟླ་བ་ལྟར། ། འཇིག་རྟེན་འདི་ན་ཀུན་ནས་གསལ། །གང་ཞིག་གཞོན་ནུར་རབ་བྱུང་ནས། །སངས་རྒྱས་བསྟན་ལ་འཇུག་པ་དེ། །འཇིག་རྟེན་འདི་ན་སྲེད་པ་ལས། །དྲན་པས་ལེགས་པར་འདའ་བར་འགྱུར། །གང་ཞིག་སྡིག་པའི་ལས་ 67-1-238b བྱས་པ། །དགེ་བས་འགེབས་པར་བྱེད་པ་དེ། །སྤྲིན་བྲལ་ཉི་མ་ཟླ་བ་ལྟར། །འཇིག་རྟེན་འདི་ན་ཀུན་ནས་གསལ། །གང་ཞིག་སྡིག་པའི་ལས་བྱས་པ། །དགེ་བས་འགེབས་པར་བྱེད་པ་དེ། །འཇིག་རྟེན་འདི་ན་སྲེད་པ་ལས། ། དྲན་པས་ལེགས་པར་འདའ་བར་འགྱུར། །གང་ཞིག་གསོན་ལ་མི་དགའ་བ། །དེ་ནི་ཤི་ན་མྱ་ངན་མེད། །བརྟན་པ་གོ་འཕང་མཐོང་བ་དེ། །མྱ་ངན་དབུས་ནའང་གདུང་མི་འགྱུར། །གང་ཞིག་གསོན་ལ་མི་དགའ་བ། །དེ་ནི་ཤི་ན་ མྱ་ངན་མེད། །བརྟན་པ་གོ་འཕང་མཐོང་བ་དེ། །གཉེན་འདུན་དབུས་ན་ལམ་མེར་འདུག །དགེ་སློང་དཀར་པོ་བསྒོམ་གྱིས་ལ། །ནག་པོའི་ཆོས་ནི་རྣམ་པར་སྤོངས། །ཁྱིམ་ནས་ཁྱིམ་མེད་སོང་ནས་སུ། །སྤྱོད་ཡུལ་དབེན་ པ་གང་ཡིན་པ། །དེ་ལ་མངོན་པར་དགའ་བསླབ་ཅིང་། །འདོད་པ་ཅི་ཡང་མེད་པར་སྤངས། །རྟག་ཏུ་སྙིང་པོ་དག་པ་དང་། །རྟག་ཏུ་གསོ་སྦྱོང་དག་པ་དང་། །གཙང་མའི་ལས་ནི་དག་པ་དེའི། །བརྟུལ་ཞུགས་ཕུན་སུམ་ཚོགས་ པར་འགྱུར། །ཞིང་གི་སྐྱོན་ནི་རྩྭ་ཡིན་ལྟར། །སྐྱེ་དགུ་འདི་ལ་འདོད་ཆགས་སྐྱོན། །དེ་བས་འདོད་ཆགས་བྲལ་རྣམས་ལ། །བྱིན་ན་འབྲས་བུ་ཆེན་པོར་འགྱུར། །ཞིང་གི་སྐྱོན་ནི་རྩྭ་ཡིན་ལྟར། །སྐྱེ་དགུ་འདི་ལ་ཞེ་སྡང་སྐྱོན། །དེ་བས་ ཞེ་སྡང་བྲལ་རྣམས་ལ། །བྱིན་ན་འབྲས་བུ་ཆེན་པོར་འགྱུར། །ཞིང་གི་སྐྱོན་ནི་རྩྭ་ཡིན་ལྟར། །སྐྱེ་དགུ་འདི་ལ་གཏི་མུག་སྐྱོན། །དེ་བས་གཏི་མུག་བྲལ་རྣམས་ལ། །བྱིན་ན་འབྲས་བུ་ཆེན་པོར་འགྱུར། །ཞིང་གི་སྐྱོན་ནི་རྩ་ཡིན་ ལྟར། །སྐྱེ་དགུ་འདི་ལ་ང་རྒྱལ་སྐྱོན། །དེ་བས་ང་རྒྱལ་བྲལ་རྣམས་ལ། །བྱིན་ན་འབྲས་བུ་ཆེན་པོར་འགྱུར། །ཞིང་གི་སྐྱོན་ནི་རྩྭ་ཡིན་ལྟར། །སྐྱེ་དགུ་འདི་ལ་ཆགས་པ་སྐྱོན། །དེ་བས་ཆགས་དང་བྲལ་རྣམས་ལ། ། བྱིན་ན་འབྲས་བུ་ཆེན་པོར་འགྱུར། །ཞིང་གི་སྐྱོན་ནི་རྩྭ་ཡིན་ལྟར། །སྐྱེ་དགུ་འདི་ལ་སྲེད་པ་སྐྱོན། །དེ་བས་སྲེད་དང་བྲལ་རྣམས་ལ། །བྱིན་ན་འབྲས་བུ་ཆེན་པོར་འགྱུར། །དྲུག་པ་བདག་པོ་རྒྱལ་པོ་སྟེ། །ཆགས་པར་གྱུར་ 67-1-239a ན་ཆགས་ཅན་ཡིན། །མ་ཆགས་གྱུར་ན་མ་ཆགས་ཡིན། །ཆགས་པ་བྱིས་པ་ཞེས་བརྗོད་དོ། །འདོད་ཆགས་ཞེ་སྡང་ང་རྒྱལ་དང་། །འཆབ་པ་གང་དུ་གནས་པ་ཡི། །གྲོང་ཁྱེར་རུས་པའི་ར་བ་ཅན། །ཤ་དང་ཁྲག་གིས་ཞལ་ཞལ་བྱས། ། རྒྱུ་ཡིས་ཀུན་ནས་བསླང་བ་ལས་བྱུང་སྡུག་བསྔལ་ཅན། །དེ་མ་མཐོང་ན་དེར་ནི་དེ་དག་འཆིང་འགྱུར་ཞིང་། །དེ་དག་རྟོགས་ན་ཆུ་བོ་རྣམས་ནི་རབ་ཏུ་སྤོང་། །ཕྱི་རོལ་པ་ལ་ཆགས་པ་དེ་དག་སྤོང་བ་མེད། །སིལ་བུའི་ཚོམས་ཏེ་བཅུ་དྲུག་པའོ།། །། དེ་དག་ཁྱིམ་ལ་མི་དགའ་བར། །དྲན་དང་ལྡན་པ་འབད་པ་ཡིས། །ངང་པས་མཚོ་ངན་སྤོང་བ་ལྟར། །དེ་དག་ཁྱིམ་སྤངས་ཆུ་བོ་རྒལ། །བརྟན་པ་འཇིག་རྟེན་ངེས་བྱུང་ནས། །བདུད་ཀྱི་སྡེ་རྣམས་རབ་བཅོམ་སྟེ། །ཉི་མའི་ལམ་ནས་ངང་པ་ལྟར། ། རྫུ་འཕྲུལ་གྱིས་ནི་མཁའ་ལ་འགྲོ། །ཚངས་པར་སྤྱོད་པ་མ་སྤྱད་ཅིང་། །གཞོན་ནུར་ནོར་ནི་མ་རྙེད་པ། །མཚོ་ངན་ཉ་ཉུང་ངོགས་དག་ན། །ཆུ་སྐྱར་རྒན་སེམས་བཞིན་དུ་འགྱུར། །ཚངས་པར་སྤྱོད་པ་མ་སྤྱད་ཅིང་། །གཞོན་ནུར་ནོར་ནི་མ་ རྙེད་པ། །སྔན་ཆད་བྱས་པ་རྗེས་དྲན་ཞིང་། །ལུས་བསྐུམས་ནས་ནི་ཉལ་བར་འགྱུར། །སྡིག་པ་ཆུང་བྱས་བདག་ཉིད་ཀྱི། །ཕྱི་བཞིན་མི་འོང་མ་སེམས་ཤིག །ཆུ་ཡི་ཐིགས་པ་ལྷུང་བ་ཡིས། །བུམ་ཆེན་གང་བ་ཇི་བཞིན་དུ། ། ཆུང་ཟད་ཆུང་ཟད་བསགས་པ་ཡི། །སྡིག་པས་བྱིས་པ་གང་བར་འགྱུར། །དགེ་བ་ཆུང་བྱས་བདག་ཉིད་ཀྱི། །ཕྱི་བཞིན་མི་འོང་མ་སེམས་ཤིག །ཆུ་ཡི་ཐིགས་པ་ལྷུང་བ་ཡིས། །བུམ་ཆེན་གང་བ་ཇི་བཞིན་དུ། །ཆུང་ཟད་ཆུང་ཟད་ བསགས་པ་ཡི། །དགེ་བས་བརྟན་པ་གང་བར་འགྱུར། །གང་ཞིག་རགས་བརྩིགས་མཚོ་ངན་སྤངས། །རྒྱ་མཚོའི་ཆུ་བོ་རྒལ་འདོད་པ། །སྐྱེ་བོས་གཟིངས་ནི་བཅས་ནས་ཀྱང་། །སྐྱེ་བོ་མཁས་པ་རྒལ་བར་བྱེད། །རྒལ་ནས་ སངས་རྒྱས་བཅོམ་ལྡན་འདས། །བྲམ་ཟེ་སྐམ་སར་གནས་པར་མཛད། །དེ་ལ་དགེ་སློང་ཁྲུས་བྱེད་ཅིང་། །ཉན་ཐོས་རྣམས་ཀྱིས་གཟིངས་ཀྱང་བཅས། །ཇི་ལྟར་མཚོ་ཆེན་ཟབ་མོ་དག །རབ་ཏུ་མནམ་དང་རྙོག་མེད་ལྟར། །དེ་བཞིན་མཁས་ 67-1-239b པ་རབ་དང་བས། །འདི་ནི་ཆོས་ནི་ཉན་པར་བྱེད། །འདི་ལྟར་ཀུན་ན་ཆུ་ཡོད་པས། །སུ་ཞིག་ཚོལ་ཞིང་རྒྱུ་བྱེད་དེ། །ཁྲོན་པའི་ཆུ་ལྟ་ཅི་ཞིག་དགོས། །སྲེད་པ་རྩ་ནས་བཅད་པར་གྱིས། །བཙོ་བླག་མཁན་དག་ཆུས་འཁྲུ་ཞིང་། །མདའ་མཁན་ མེས་ནི་སྲོང་བ་དང་། །ཤིང་མཁན་ཤིང་ལ་འཇོག་སྦྱོང་ལྟར། །མཁས་པས་བདག་ཉིད་གདུལ་བར་བྱ། །ནམ་མཁའ་ལྟ་བུར་ཆགས་མེད་ཅིང་། །སྒོ་ཐེམ་ལྟ་བུར་གཡོ་བ་མེད། །རྙོག་པ་ཅན་གྱི་མཚོ་ལྟ་ བུར། །མཁས་པ་འཁོར་བ་ལ་མི་དགའ། །ཆུའི་ཚོམས་ཏེ་བཅུ་བདུན་པའོ།། །། ལྷར་བཅས་གཤིན་རྗེའི་འཇིག་རྟེན་འདི། །ས་སྟེང་ལས་རྒྱལ་གང་ཞིང་ལགས། །མེ་ཏོག་ལྟ་བུར་རབ་འདོད་པའི། ། ཆོས་བཞི་ལེགས་པར་སྟོན་མཁས་གང་། །ལྷར་བཅས་གཤིན་རྗེའི་འཇིག་རྟེན་འདི། །ས་སྟེང་ལས་རྒྱལ་སློབ་པ་ཡི། །མེ་ཏོག་ལྟ་བུར་རབ་འདོད་པའི། །ཆོས་བཞི་ལེགས་པར་སྟོན་མཁས་དེ། ། ནགས་ཚལ་ལས་ནི་འཇིགས་སྐྱེས་ཕྱིར། །ནགས་ཚལ་གཅད་ཀྱི་ཤིང་མ་ཡིན། །ནགས་དང་ནགས་སྦྱོར་ཆོད་ཅིག་དང་། །དགེ་སྦྱོང་མྱ་ངན་འདའ་བར་འགྱུར། །གལ་ཏེ་ནགས་སྦྱོར་མ་བཅད་ན། །ཕྲ་རབ་ཀྱིས་ ཀྱང་མི་རྣམས་སྐྱེ། །མ་དྲུང་ནུ་ཞོ་འདོད་བེའུ་ལྟར། །དེ་ཡིས་ཡིད་ནི་རབ་ཏུ་འཆིང་། །ལག་པས་སྟོན་ཀའི་པད་མ་ལྟར། །བདག་ལ་དགའ་བ་བཅད་ནས་སུ། །རྒྱལ་གསུངས་མྱ་ངན་འདས་པའི་ཕྱིར། །ཞི་བའི་ལམ་ཉིད་བསྐྱེད་ པར་གྱིས། །ཇི་ལྟར་མེ་ཏོག་ཡིད་འོང་བ། །ཁ་དོག་བཟང་ཡང་དྲི་མེད་ལྟར། །དེ་བཞིན་ལེགས་པར་གསུངས་པའི་ཚིག །འབྲས་བུ་མེད་པར་མ་བྱེད་ཅིག །ཇི་ལྟར་བུང་བ་མེ་ཏོག་གི། ཁ་དོག་དྲི་ལ་མི་གནོད་པར། ། ཁུ་བ་བཞིབས་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །གཞན་གྱི་སྐྱོན་ལ་མི་བརྟག་ཅིང་། །གཞན་གྱི་བྱས་དང་མ་བྱས་མིན། །བདག་ཉིད་ཀྱིས་ནི་རིགས་པ་དང་། །མི་རིགས་པ་ལ་བརྟག་པར་བྱ། །ཇི་ལྟར་ཕྱག་ 67-1-240a དར་ཕུང་པོ་དག །མི་གཙང་ཆུ་ནི་མེད་འདི་ལས། །པད་མ་ཁ་བྱེ་གཙང་བ་དང་། །དྲི་ཞིམ་ཡིད་འོང་རབ་སྐྱེས་ལྟར། །དེ་བཞིན་སོ་སོ་སྐྱེ་བོ་དག །ལྡོངས་གྱུར་ཕྱག་དར་ཕུང་འདི་ལས། །རྫོགས་སངས་རྒྱས་ཀྱི་ཉན་ཐོས་ དག །ཤེས་རབ་ཀྱིས་ནི་གསལ་བ་འབྱུང་། །ཇི་ལྟར་མེ་ཏོག་ཕུང་པོ་ལས། །མེ་ཏོག་ཕྲེང་རྒྱུད་མང་བྱེད་ལྟར། །དེ་བཞིན་མིར་ནི་སྐྱེས་པ་ཡིས། །དགེ་བ་ཕལ་ཆེན་རྣམས་ཀྱང་བྱ། །ཇི་ལྟར་དབྱར་ཀ་བ་ཀུ་ལའི། །མེ་ཏོག་རབ་ཏུ་རྣམ་ འབྲུལ་ལྟར། །དེ་བཞིན་དགེ་སློང་འདོད་ཆགས་དང་། །ཞེ་སྡང་གཏི་མུག་སྤང་བར་གྱིས། །མི་ཡི་ཡིད་ལ་རྣམ་ཆགས་དང་། །མེ་ཏོག་བཞིན་དུ་རབ་བསགས་པ། །འཆི་བདག་གིས་ནི་བླངས་ནས་འགྲོ། །ཉལ་གྲོང་ཆུ་བོས་ བདས་པ་བཞིན། །མི་ཡི་ཡིད་ལ་རྣམ་ཆགས་དག །མེ་ཏོག་བཞིན་དུ་རབ་བསགས་པ། །འདོད་པ་རྣམས་ཀྱིས་མི་ངོམས་ཤིང་། །འཆི་བདག་གིས་ནི་དབང་དུ་བྱེད། །མི་ཡི་ཡིད་ལ་རྣམ་ཆགས་དག །མེ་ཏོག་བཞིན་དུ་ རབ་བསགས་པ། །ལོངས་སྤྱོད་སྐྱེ་བར་མི་འགྱུར་ཞིང་། །འཆི་བདག་གིས་ནི་དབང་དུ་བྱེད། །མི་ཡི་ཡིད་ལ་རྣམ་ཆགས་དག །མེ་ཏོག་བཞིན་དུ་རབ་བསགས་པ། །བྱ་བ་མཐར་ནི་མ་ཕྱིན་པར། །འཆི་བདག་ གིས་ནི་དབང་དུ་བྱེད། །ལུས་འདི་བུང་བ་འདྲ་བར་རྟོགས་བྱས་ཤིང་། །དེ་བཞིན་ཆོས་རྣམས་སྨིག་རྒྱུ་འདྲར་ཤེས་ནས། །བདུད་ཀྱི་མེ་ཏོག་མཆོག་ནི་འདིར་གཅོད་པ། །འཆི་བདག་རྒྱལ་པོས་བལྟར་ ཡང་མེད་པར་འགྲོ། །འཇིག་རྟེན་འདི་དག་བུང་བ་འདྲར་རྟོགས་ཤིང་། །དེ་བཞིན་ཆོས་རྣམས་སྨིག་རྒྱུ་འདྲར་ཤེས་ནས། །བདུད་ཀྱི་མེ་ཏོག་མཆོག་ནི་འདིར་གཅོད་པ། །འཆི་བདག་རྒྱལ་པོས་བལྟར་ཡང་ མེད་པར་འགྲོ། །ལུས་འདི་དབུ་བ་འདྲ་བར་རྟོགས་བྱས་ཤིང་། །དེ་བཞིན་ཆོས་རྣམས་སྨིག་རྒྱུ་འདྲར་ཤེས་ནས། །བདུད་ཀྱི་མེ་ཏོག་མཆོག་ནི་འདིར་གཅོད་པ། །འཆི་བདག་རྒྱལ་པོས་བལྟར་ཡང་མེད་པར་འགྲོ། ། 67-1-240b འཇིག་རྟེན་འདི་དག་དབུ་བ་འདྲར་རྟོགས་ཤིང་། དེ་བཞིན་ཆོས་རྣམས་སྨིག་རྒྱུ་འདྲར་ཤེས་ནས། །བདུད་ཀྱི་མེ་ཏོག་མཆོག་ནི་འདིར་གཅོད་བ། །འཆི་བདག་རྒྱལ་པོས་བལྟར་ཡང་མེད་པར་འགྲོ། ། སྲིད་པ་ཨུ་དུམ་བ་རའི་ མེ་ཏོག་ལྟར། །སྙིང་པོ་མེད་པར་སེམས་པའི་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྟའི། །འདོད་ཆགས་མ་ལུས་གཅོད་ བྱེད་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྟའི། །ཞེ་སྡང་མ་ལུས་གཅོད་བྱེད་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་ རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྟའི། །གཏི་མུག་མ་ལུས་གཅོད་བྱེད་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་ རྗེ་བ་བཞིན། །ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྟའི། །ང་རྒྱལ་མ་ལུས་གཅོད་བྱེད་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་ གནས་ལྟའི། །ཆགས་པ་མ་ལུས་གཅོད་བྱེད་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྟའི། །སྲེད་པ་མ་ལུས་གཅོད་བྱེད་དགེ་ སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །མེ་ཏོག་གི་ཚོམས་ཏེ་བཅྭ་བརྒྱད་པའོ།། །། ཇི་ལྟར་རྟ་བཟངས་ལྕག་གིས་གཞུས་པ་ན། །སྐྲག་ཅིང་ ཤུགས་དྲག་འགྲོ་བྱེད་ཇི་བཞིན་དུ། །དད་པ་ཚུལ་ཁྲིམས་ཏིང་འཛིན་ལྡན་པ་དང་། །ཆོས་རྣམས་རྣམ་པར་གཏན་ལ་འབེབས་ལྡན་ཞིང་། །དབང་པོ་མཉམ་བཞག་བཟོད་ལྡན་འགྲོགས་བདེ་བ། །སྐྱོབ་པ་དེ་རྣམས་ 67-1-241a སྲིད་པ་མ་ལུས་སྤོང་། །ཇི་ལྟར་རྟ་བཟངས་ལྕག་གིས་གཞུས་པ་ན། །སྐྲག་ཅིང་ཤུགས་དྲག་འགྲོ་བྱེད་ཇི་བཞིན་དུ། །དད་པ་ཚུལ་ཁྲིམས་ཏིང་འཛིན་ལྡན་པ་དང་། །ཆོས་རྣམས་རྣམ་པར་གཏན་ལ་འབེབས་ ལྡན་ཞིང་། །རིག་དང་རྐང་པར་ལྡན་ཞིང་དྲན་ལྡན་པའི། །སྐྱོབ་རྣམས་སྡུག་བསྔལ་མ་ལུས་སྤོང་བར་མཛད། །འདུལ་སྦྱོང་བྱེད་པས་ལེགས་བཏུལ་རྟ་ལྟ་བུར། །གང་ཞིག་དབང་པོ་ལེགས་པར་སྡོམ་པ་ཡིས། ། ཁྲོ་བ་སྤོང་ཞིང་ཟག་པ་ཟད་བྱེད་པ། །ཐུབ་དེ་རྣམས་ཀྱིས་ལྷ་ཡི་བར་དུ་མྱོང་། །བག་ཡོད་པ་ཡིས་བག་མེད་དང་། །མི་ཉལ་མང་པོས་གཉིད་ལོག་དང་། །རྟ་བཟངས་ཀྱིས་ནི་རྟ་རྒོད་ལྟར། །ཤིན་དུ་མཁས་པས་ སྤངས་ནས་འགྲོ། །རྟ་བཟངས་ལ་ནི་ལྕག་བཞིན་དུ། །གང་ཞིག་ངོ་ཚ་ཤེས་སྟེན་ཅིང་། །ཤེས་རབ་ལེགས་པར་མཉམ་བཞག་པ། །དེས་ནི་སྡིག་པ་སེལ་བར་བྱེད། །དུལ་བ་འདུན་སར་འགྲོ་བྱེད་ཅིང་། ། དུལ་བ་རྒྱལ་པོ་ལྷག་པར་ཞོན། །གང་ཞིག་ཚིག་ངན་བཟོད་བྱེད་པ། །དུལ་བ་མི་ཡི་ནང་ན་མཆོག །གླང་པོའི་ནང་ན་གླང་ཆེན་དང་། །སིན་དུའི་ཅང་ཤེས་རྟ་དང་ནི། །དྲེའུ་འདུལ་བྱེད་པ་གང་ཡིན་པ། །དེ་བས་བདག་ ཉིད་འདུལ་བ་མཆོག །བདག་ཉིད་ལེགས་འདུལ་གང་ཡིན་པའི། །མཁས་དེས་ཞི་བ་ཐོབ་འགྱུར་གྱི། །བཞོན་པ་དེ་དག་རྣམས་ཀྱིས་ནི། །ས་དེ་མངོན་པར་འཐོབ་མི་སྲིད། །གླང་པོའི་ནང་ན་གླང་ཆེན་དང་། ། སིན་དུའི་ཅང་ཤེས་རྟ་དང་ནི། །དྲེའུ་འདུལ་བྱེད་པ་གང་ཡིན་པ། །དེ་བས་བདག་ཉིད་འདུལ་བ་མཆོག །བདག་ཉིད་ལེགས་འདུལ་དྲན་ལྡན་གང་། །དེས་ནི་སྡུག་བསྔལ་མཐར་ཕྱིན་གྱི། །བཞོན་པ་དེ་དག་རྣམས་ ཀྱིས་ནི། །ས་དེ་མངོན་པར་འཐོབ་མི་སྲིད། །གླང་པོའི་ནང་ན་གླང་ཆེན་དང་། །སིན་དུའི་ཅང་ཤེས་རྟ་དང་ནི། །དྲེའུ་འདུལ་བྱེད་པ་གང་ཡིན་པ། །དེ་བས་བདག་ཉིད་འདུལ་བ་མཆོག །བདག་ཉིད་ལེགས་འདུལ་དྲན་ 67-1-241b ལྡན་གང་། །དེས་ནི་འགྲོ་རྣམས་སྤོང་འགྱུར་གྱི། །བཞོན་པ་དེ་དག་རྣམས་ཀྱིས་ནི། །ས་དེ་མངོན་པར་འཐོབ་མི་སྲིད། །གློང་པོའི་ནང་ན་གླང་ཆེན་དང་། །སིན་དུའི་ཅང་ཤེས་རྟ་དང་ནི། །དྲེའུ་འདུལ་བྱེད་པ་གང་ཡིན་པ། །དེ་བས་ བདག་ཉིད་འདུལ་བ་མཆོག །བདག་ཉིད་ལེགས་འདུལ་གང་ཡིན་དེས། །འཆིང་བ་བཅད་ནས་འགྲོ་འགྱུར་གྱི། །གཞོན་པ་དེ་དག་རྣམས་ཀྱིས་ནི། །ས་དེ་མངོན་པར་འཐོབ་མི་སྲིད། །འདུལ་སྦྱོང་བྱེད་པས་རྟ་བཟངས་ ལྟར། །བདག་ཉིད་ཁོ་ན་གདུལ་བར་བྱ། །བདག་ཉིད་ལེགས་པར་དུལ་བ་ཡིས། །སྡུག་བསྔལ་རྣམས་ཀྱི་ཕ་མཐར་ཕྱིན། །བདག་ཉིད་ཁོ་ན་བདག་གི་མགོན། །བདག་ཉིད་ཁོ་ན་བདག་གི་སྐྱབས་ཡིན་པས། ། འདུལ་སྦྱོང་བྱེད་པས་རྟ་བཟངས་ལྟར། །དེ་བས་བདག་ཉིད་གདུལ་བར་བྱ། །རྟ་ཡི་ཚོམས་ཏེ་བཅུ་དགུ་པའོ།། །། ཁྲོ་བ་སྤངས་ཤིང་ང་རྒྱལ་རྣམ་སྤངས་ན། །ཀུན་སྦྱོར་ཀུན་ལས་ཤི་དུ་འདའ་འགྱུར་ཞིང་། །མིང་དང་ གཟུགས་ལ་ཆགས་པ་མེད་དེ་དག །ཅི་ཡང་མེད་པས་ཆགས་པའི་རྗེས་མི་ལྷུང་། །སྐྱེས་མ་ཐག་ཏུ་ཁྲོ་བ་སྤོངས། །སྐྱེས་ནས་འདོད་ཆགས་སྤང་བར་གྱིས། །བརྟན་པས་མ་རིག་རབ་ཏུ་སྤང་། །བདེན་པ་མཐོང་ན་བདེ་བར་འགྱུར། ། ཁྲོ་བ་སྤངས་ན་བདེ་བར་ཉལ། །ཁྲོ་བ་སྤངས་ན་གདུང་མི་འགྱུར། །དགེ་སློང་ཁྲོ་བ་བདེ་འཇོམས་པའི། །དུག་གི་རྩ་བ་ཆོམ་ཤིག་དང་། །འཕགས་པ་རྣམས་ཀྱིས་བསྔགས་འགྱུར་ཞིང་། །དེ་བཅོམ་པ་ཡིས་མྱ་ངན་ མེད། །གང་ཁྲོས་བདག་གིས་ལེགས་བྱས་ཀྱི། །མ་ལེགས་མིན་ཞེས་རབ་སྨྲ་བ། །དེ་ནི་ཁྲོ་བ་ཞི་འོག་ཏུ། །མེ་ཡིས་བསྲེགས་བཞིན་གདུང་བར་འགྱུར། །ངོ་ཚ་མེད་ཅིང་ཁྲེལ་མེད་པ། །ཁྲོ་བ་ཅན་ལ་བརྟུལ་ཞུགས་ མེད། །ཁྲོ་བས་མངོན་པར་ཟིལ་གནོན་པ། །དེ་ལ་སུ་ཡང་རྟེན་མི་བྱེད། །གང་ཞིག་བྱིས་པའི་མཐུ་སྟོབས་ཅན། །དེ་ཡི་སྟོབས་ནི་སྟོབས་མེད་ཡིན། །བྱིས་པ་ཆོས་དང་བྲལ་བ་ལ། །བསྒྲུབ་པར་བྱ་བ་ཡོད་རེ་ 67-1-242a སྐན། །གང་ཞིག་སྟོབས་དང་ལྡན་གྱུར་ཡང་། །སྟོབས་ཆུང་རྣམས་ཀྱི་བཟོད་བྱེད་པ། །དེ་ནི་བཟོད་པའི་མཆོག་ཅེས་གསུངས། །ཉམ་ཆུང་བ་ལྟ་རྟག་ཏུ་སྒུར། །གང་ཞིག་གཞན་གྱི་དཔོན་གྱུར་ཀྱང་། ། སྟོབས་ཆུང་རྣམས་ཀྱི་བཟོད་བྱེད་པ། །དེ་ནི་བཟོད་པའི་མཆོག་ཅེས་གསུངས། །ཉམ་ཆུང་བ་ལྟ་རྟག་ཏུ་སྒུར། །གཞན་གྱིས་ལྷག་པར་བརྒྱད་བཀག་ཀྱང་། །སྟོབས་ལྡན་གང་ཡིན་བཟོད་བྱེད་པ། །དེ་ནི་ བཟོད་པའི་མཆོག་ཅེས་གསུངས། །ཉམ་ཆུང་བ་ལྟ་རྟག་ཏུ་སྒུར། །གཞན་གྱིས་ལྷག་པར་སྨད་བྱས་ཀྱང་། །སྟོབས་ལྡན་གང་ཞིག་བཟོད་བྱེད་པ། །དེ་ནི་བཟོད་པའི་མཆོག་ཅེས་གསུངས། །ཉམ་ཆུང་ བ་ལྟ་རྟག་ཏུ་སྒུར། །གང་ཞིག་ཕ་རོལ་ཁྲོས་རིག་ནས། །བདག་ཉིད་ཉེ་བར་ཞི་བྱེད་པ། །དེ་ནི་བདག་དང་གཞན་དག་གི། འཇིགས་ཆེན་དག་ལས་སྐྱོབ་པ་ཡིན། །གང་ཞིག་ཕ་རོལ་ཁྲོས་རིག་ནས། །བདག་ཉིད་ ཉེ་བར་ཞི་བྱེད་པ། །དེ་ནི་བདག་དང་གཞན་དག་གི། གཉི་གའི་དོན་ནི་སྤྱོད་པ་ཡིན། །བདག་ཉིད་དང་ནི་གཞན་དག་དང་། །གཉི་གའི་དོན་ནི་སྤྱོད་དེ་ལ། །སྐྱེ་བོ་ཆོས་ལ་མི་མཁས་རྣམས། །བྱིས་པ་ཡིན་ཞེས་ སེམས་ཀྱང་སླ། །གཙོ་བོའི་ཚིག་ནི་འཇིགས་ཕྱིར་བཟོད་བྱེད་དང་། །ཐབ་ཟླའི་ཚིག་ནི་འཐབ་གཅུགས་རྒྱུ་བཟོད་པས། །གང་ཞིག་དམན་པའི་ཚིག་ལ་བཟོད་བྱེད་དེ། །བཟོད་པའི་མཆོག་ཅེས་དམ་པས་རབ་ ཏུ་གསུངས། །བྱིས་པ་ཁྲོས་ནས་ཚིག་རྩུབ་དག །སྨྲས་ན་རྒྱལ་བར་འགྱུར་སྙམ་སེམས། །གང་ཞིག་ཚིག་དག་བཟོད་བྱེད་པ། །དེ་ནི་རྟག་ཏུ་རྒྱལ་བ་ཡིན། །བདེན་པར་སྨྲ་བྱ་ཁྲོ་མི་བྱ། །སློང་ལ་ ཆུང་ཡང་སྦྱིན་པར་བྱ། །རྣམ་པ་འདི་གསུམ་གནས་ཀྱིས་ནི། །ལྷ་ཡི་གནས་སུ་འགྲོ་བར་འགྱུར། །ཁྲོ་བའི་ཟིལ་གྱིས་ནོན་པའི་མིས། །རང་གི་དོན་ཀྱང་མི་རྟོགས་པས། །འཁོར་གྱི་ནང་དུ་བག་རྐྱོང་ལ། ། 67-1-242b ཁྲོ་བ་མེད་པའི་ཚིག་སྨྲོས་ཤིག །གང་ཞིག་ཁྲོས་ལ་སླར་ཁྲོ་བ། །དེ་ནི་སྡིག་པ་ཅན་འགྱུར་བས། །ཁྲོས་ལ་སླར་ནི་མ་ཁྲོ་དང་། །ཐུབ་པར་དཀའ་བའི་གཡུལ་ལས་རྒྱལ། །ཁྲོ་བ་མེད་པས་ཁྲོ་བ་ཐུབ། །ལེགས་པས་ ལེགས་པ་མ་ཡིན་ཐུབ། །སྦྱིན་པ་ཡིས་ནི་འཇུངས་པ་ཐུབ། །བདེན་པས་བདེན་པ་མ་ཡིན་ཐུབ། །དུལ་ཞིང་རིགས་པས་འཚོ་བ་དང་། །ཁྲོ་བ་མེད་པ་ག་ལ་ཁྲོ། །ཡང་དག་ཤེས་པས་རྣམ་གྲོལ་བའི། །མཁས་ པ་རྣམས་ལ་ཁྲོ་བ་མེད། །ཁྲོ་བ་མེད་ལ་འཚེ་མེད་ལ། །འཕགས་པའི་སྐྱེ་བོས་རྟག་བསྟེན་ཀྱང་། །སྐྱེ་བོ་སྡིག་ཅན་ཁྲོ་བ་དག །རི་བོ་བཞིན་དུ་སྒུར་བར་བྱེད། །གང་ཞིག་ཁྲོ་བ་བྱུང་བ་དང་། །ཤིང་རྟ་འཁྱམས་ལས་ འཛིན་བྱེད་དེ། །འདུལ་སྦྱོང་མཁན་དུ་ངས་གསུངས་ཀྱི། །ཞགས་འདེགས་སྐྱེ་བོ་ཕལ་པ་ཡིན། །ཁྲོ་བའི་ཚོམས་ཏེ་ཉི་ཤུ་པའོ།། །། སྡོམ་ལ། དགེ་སྦྱོང་ལམ་དང་བཀུར་སྟི་དང་། །འཁུ་དང་ལྔ་པ་དྲན་པ་སྟེ། སིལ་བུ་དག་དང་ཆུ་དང་ནི། །མེ་ཏོག་ཁྲོ་བ་བཅུ་པའོ། །འཇིག་རྟེན་འདི་ན་ཀུན་རིག་ཀུན་ཟིལ་གནོན། །འདི་ན་ཆོས་རྣམས་ཀུན་གྱིས་མ་གོས་ཤིང་། །ཀུན་སྤངས་སྲེད་ཟད་རབ་ཏུ་རྣམ་གྲོལ་བ། །ཉིད་ཀྱིས་མངོན་མཁྱེན་ པ་ལ་སུ་ཡིས་བསྟན། །དེ་བཞིན་གཤེགས་པ་ལྷ་མིའི་སྟོན་པ་སྟེ། །སྟོབས་རྣམས་ཀུན་ལྡན་ཐམས་ཅད་མཁྱེན་པ་ང་། །བྱང་ཆུབ་བརྙེས་ནས་ཉིད་ཀྱིས་རབ་སྟོན་པ། །མཚུངས་མེད་མཉམ་མེད་ང་ལ་སུ་ཡིས་ བསྟན། །ང་ནི་འཇིག་རྟེན་དགྲ་བཅོམ་སྟེ། །འཇིག་རྟེན་དག་ན་བླ་མེད་དང་། །ལྷ་དང་བཅས་པའི་འཇིག་རྟེན་ན། །བདུད་རྣམས་ཟིལ་གནོན་རྒྱལ་བ་ང་། །ང་དང་འདྲ་བ་མེད་པས་ན། །ང་ལ་སློབ་དཔོན་སུ་ཡང་མེད། ། འཇིག་རྟེན་འདི་ན་གཅིག་པུ་ཡིས། །རྫོགས་པའི་བྱང་ཆུབ་བླ་མེད་བརྙེས། །གང་ཞིག་ཟག་པ་ཟད་བརྙེས་པ། །རྒྱལ་བ་ང་འདྲར་ཤེས་པར་གྱིས། །སྡིག་པའི་ཆོས་ལས་ང་རྒྱལ་བས། །དེ་བས་ཉེ་འགྲོ་ང་རྒྱལ་ 67-1-243a བ། །འཇིག་རྟེན་ཡུལ་སྲེད་རྒལ་བ་ཡི། །ཀུན་མཁྱེན་སངས་རྒྱས་མྱ་ངན་འདས། །འཇིག་རྟེན་པ་ལ་མ་བསྟན་པར། །ཀུན་ནས་འབྱུང་བ་མི་ཤེས་པས། །བཱ་ར་ཎ་སཱིར་སོང་ནས་སུ། །ངས་ནི་ཆོས་ཀྱིས་རྔ་ བརྡུང་ཞིང་། །འཇིག་རྟེན་སུས་ཀྱང་མ་བསྐོར་བའི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ། །དཔའ་བོ་དེ་བཞིན་གཤེགས་པ་རྣམས། །འདི་ན་ཆོས་ཀྱིས་འདུལ་བར་མཛད། །དེ་དག་ཆོས་ཀྱིས་བཏུལ་བ་ལ། །མཁས་པ་ སུ་ཡང་སྨོད་མི་བྱེད། །བརྟན་གང་ཏིང་འཛིན་ལ་ཞུགས་ཤིང་། །ངེས་འབྱུང་ཞི་ལ་དགའ་བ་དང་། །སྐུ་ཡི་ཐ་མ་འཛིན་པ་ཡི། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །ཤེས་རབ་མྱུར་བ་དེ་དག་ལ། །ལྷ་དང་མི་རྣམས་ དགའ་བར་བྱེད། །གང་དག་འདས་པའི་སངས་རྒྱས་དང་། །གང་དག་མ་བྱོན་སངས་རྒྱས་དང་། །གང་དག་ད་ལྟར་རྫོགས་སངས་རྒྱས། །མང་པོའི་མྱ་ངན་སེལ་མཛད་པ། །བཞུགས་པར་གྱུར་ཅིང་བཞུགས་པ་དང་། །དེ་བཞིན་ བཞུགས་པར་འགྱུར་ཀུན་གྱིས། །དམ་ཆོས་བླ་མར་མཛད་པ་འདི། །རྫོགས་སངས་རྒྱས་ཀྱི་ཆོས་ཉིད་ཡིན། །དེ་བས་འདི་ན་བདག་དགའ་ཞིང་། །བདག་ཉིད་ཆེན་པོ་མངོན་འདོད་པས། །སངས་རྒྱས་བསྟན་པ་དྲན་བྱས་ ཏེ། །དམ་པའི་ཆོས་ལ་བླ་མར་བྱ། །མི་གང་སངས་རྒྱས་བསྟན་པ་ལ། །དད་པ་མ་སྐྱེད་བྱིས་པ་དེ། །རྒུད་པའི་གནས་སུ་འགྲོ་འགྱུར་ཏེ། །སྲིན་མོ་རྣམས་ཀྱིས་ཚོང་པ་བཞིན། །མི་གང་སངས་རྒྱས་བསྟན་པ་ལ། །དད་པ་ བསྐྱེད་པ་ཤེས་རབ་ཅན། །དེ་ནི་བདེ་བར་ཕ་རོལ་འགྲོ། །སྤྲིན་ཤུགས་ལྡན་པས་ཚོང་པ་བཞིན། །དེ་བཞིན་གཤེགས་པ་མཉམ་མེད་མཚུངས་པ་མེད། །བདེ་བར་རྣམ་རྟོག་དེ་བཞིན་རབ་དབེན་པའི། །རྣམ་རྟོག་ གཉིས་པོ་སྤྱོད་པའི་སངས་རྒྱས་རྣམས། །མུན་བསལ་ཕ་རོལ་གཤེགས་ཤིང་གྲགས་དང་ལྡན། །དེས་ནི་བརྙེས་བྱ་བརྙེས་ཤིང་ཡིད་དབང་གྱུར། །ཀུན་གྲོལ་ཟག་ཟད་རབ་ཏུ་རྣམ་པར་གྲོལ། །རྣམ་གྲོལ་ཐུགས་ལྡན་ཐ་བ་ 67-1-243b ཟག་མེད་རྣམས། །ལུས་ཅན་འཇིག་རྟེན་རྣམས་ལ་ཕན་ཕྱིར་གཟིགས། །འགའ་ཞིག་རི་བོའི་སྤོ་ལ་འདུག་ནས་སུ། །འགྲོ་བ་རྣམས་ལ་ཀུན་དུ་ལྟ་བ་ལྟར། །དེ་བཞིན་བློ་བཟང་མྱ་ངན་བྲལ་བ་དག །ཆོས་ལས་བྱུང་བའི་ ཁང་བཟངས་སྟེང་གཤེགས་ནས། །སྐྱེ་བོ་སྐྱེ་རྒས་ཟིལ་གནོན་མྱ་ངན་གྱིས། །གདུངས་པ་རྣམས་ལ་ཀུན་དུ་སྤྱན་གཟིགས་ནས། །འཆི་བ་མེད་པའི་སྒོ་མོ་འབྱེད་མཛད་ཀྱིས། །གང་དག་ཉན་འདོད་ཐེ་ཙོམ་བསལ་བར་གྱིས། དེ་བཞིན་གཤེགས་པའི་ཚོམས་ཏེ་ཉི་ཤུ་གཅིག་པའོ།། །། ལེགས་པར་ཐོས་དང་ལེགས་སྤྱོད་དང་། །ཁྱིམ་ནས་ལེགས་པར་བྱུང་བ་དང་། །སྤོང་བར་བྱེད་པས་རབ་བསྐོར་ཅིང་། །དགེ་སྦྱོང་གི་ནི་རྗེས་འཐུན་ལེགས། །བྱིས་པ་མི་ མཁས་པ་དག་ནི། །འཆི་བ་མེད་པ་ལྟ་བུར་སྤྱོད། །མཁས་པ་དམ་པའི་ཆོས་དག་ལ། །མཚན་མོའི་ནད་པ་བཞིན་དུ་བྱེད། །ཇི་ལྟར་ཁྱིམ་ནི་ལེགས་གཡོས་པ། །མུན་པས་ཁེབས་པའི་ནང་ཞུགས་ན། །གཟུགས་ རྣམས་ཡོད་པར་གྱུར་ཀྱང་ནི། །མིག་ལྡན་བཞིན་དུ་མི་མཐོང་བ། །དེ་བཞིན་འདི་ན་རིགས་སྐྱེས་པའི། །མི་ནི་བློ་གྲོས་ལྡན་གྱུར་ཀྱང་། །སྡིག་པ་དང་ནི་དགེ་བའི་ཆོས། །མ་ཐོས་བར་དུ་ཤེས་མི་འགྱུར། །མིག་ལྡན་མར་མེ་ ཡོད་པ་ཡིས། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དང་སྡིག་པའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཐོས་པས་ཆོས་རྣམས་རྣམ་པར་ཤེས། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། ། ཐོས་པས་དོན་མེད་སྤོང་བར་བྱེད། །ཐོས་པས་མྱ་ངན་འདས་པ་འཐོབ། །གལ་ཏེ་ཐོས་པ་མང་གྱུར་ཀྱང་། །ཚུལ་ཁྲིམས་ལེགས་པར་མི་སྡོམ་ན། །དེ་ནི་ཚུལ་ཁྲིམས་ཕྱིར་སྨད་ཅིང་། །དེ་ཡི་ཐོས་པ་ཕུན་སུམ་མིན། །གལ་ ཏེ་ཐོས་པ་ཉུང་གྱུར་ཀྱང་། །ཚུལ་ཁྲིམས་ལེགས་པར་སྡོམ་བྱེད་ན། །དེ་ནི་ཚུལ་ཁྲིམས་ཕྱིར་བསྔགས་ཤིང་། །དེ་ཡི་ཐོས་པ་ཕུན་སུམ་འགྱུར། །གང་ཞིག་ཐོས་པ་ཉུང་བ་དང་། །ཚུལ་ཁྲིམས་ལེགས་པར་མི་སྡོམ་པ། ། 67-1-244a དེ་ནི་གཉི་གའི་ཕྱིར་སྨད་ཅིང་། །དེ་ཡི་བརྟུལ་ཞུགས་ཕུན་སུམ་མིན། །གང་ཞིག་མང་དུ་ཐོས་པ་དང་། །ཚུལ་ཁྲིམས་ལེགས་པར་སྡོམ་བྱེད་པ། །དེ་ནི་གཉི་གའི་ཕྱིར་བསྔགས་ཤིང་། །དེ་ཡིས་བརྟུལ་ ཞུགས་ཕུན་སུམ་འགྱུར། །ཐོས་པ་མང་ཞིང་ཆོས་འཛིན་དང་། །ཤེས་རབ་ལྡན་ཞིང་མཉམ་བཞག་པ། །དེ་དག་སུས་ཀྱང་སྨད་འོས་མིན། །འཛམ་བུའི་གླིང་གི་གསེར་རྒྱན་བཞིན། །གང་ཞིག་གཟུགས་ཀྱིས་ རྗེས་དཔོག་ཅིང་། །ང་ལ་སྒྲ་ཡིས་འཇལ་བྱེད་པ། །འདུན་པའི་འདོད་ཆགས་ལྡན་པ་ཡི། །སྐྱེ་བོ་དེ་ཡིས་ང་མི་ཤེས། །གལ་ཏེ་ནང་ནི་རྣམ་ཤེས་ཤིང་། །ཕྱི་རོལ་མཐོང་བར་མ་གྱུར་ན། །ནང་གི་འབྲས་བུ་མཐོང་བ་གང་། ། དེ་ནི་སྒྲ་ཡིས་དྲང་དུ་རུང་། །གལ་ཏེ་ཕྱི་རོལ་མཐོང་གྱུར་ཅིང་། །ནང་ནི་ཤེས་པར་མ་གྱུར་ན། །ཕྱི་རོལ་འབྲས་བུ་མཐོང་བ་གང་། །དེ་ནི་སྒྲ་ཡིས་དྲང་དུ་རུང་། །གལ་ཏེ་ནང་ཡང་མི་ཤེས་ཤིང་། །ཕྱི་རོལ་མཐོང་བར་མ་གྱུར་ན། ། བྱིས་པ་ཀུན་ནས་བསྒྲིབས་པ་དག །དེ་ནི་སྒྲ་ཡིས་དྲང་དུ་རུང་། །གལ་ཏེ་ནང་ནི་རྣམ་ཤེས་ཤིང་། །ཕྱི་རོལ་དག་ཀྱང་མཐོང་གྱུར་པ། །བསྟན་པ་ངེས་འབྱུང་ཤེས་རབ་ཅན། །དེ་ནི་སྒྲ་ཡིས་དྲང་དུ་རུང་། །རྣ་བས་ཕལ་ ཆེན་ཐོས་པ་དང་། །མིག་གིས་མང་པོ་མཐོང་ན་ཡང་། །བསྟན་པ་མཐོང་ཐོས་དེ་ཀུན་གྱིས། །ཡིད་ཆེས་བྱ་བའི་མི་རིགས་སོ། །ལེགས་གསུངས་ཐོས་པ་སྙིང་པོར་ཤེས་པ་དང་། །ཏིང་ངེ་འཛིན་དག་སྙིང་པོར་ ཤེས་གྱུར་ཀྱང་། །གང་ཞིག་བག་མེད་རླང་པོར་བྱེད་པ་དེའི། །ཐོས་དང་ཤེས་པ་དོན་ཆེན་མི་འགྱུར་རོ། །གང་ཞིག་འཕགས་པས་བསྟན་པའི་ཆོས་དགའ་ཞིང་། །དེ་བཞིན་ལུས་དང་ངག་གིས་སྤྱོད་བྱེད་པ། ། དེ་དག་བཟོད་ལྡན་འགྲོགས་དགའ་དབང་པོ་བསྡམས། །ཐོས་དང་ཤེས་པའི་ཕ་རོལ་ཕྱིན་པ་འཐོབ། །ཐོས་པའི་ཚོམས་ཏེ་ཉི་ཤུ་གཉིས་པའོ།། །། ལེགས་པར་གསུངས་ལ་བསླབ་བྱ་ཞིང་། །དགེ་སྦྱོང་ 67-1-244b ལ་ནི་བསྙེན་བཀུར་དང་། །དབེན་པ་དང་ནི་སྟེན་གཅིག་དང་། །སེམས་ནི་ཉེ་བར་ཞི་བར་བྱ། །སྟན་གཅིག་མལ་སྟན་གཅིག་པ་དང་། །གཅིག་པུ་སྙོམ་ལས་མེད་སྤྱོད་ཅིང་། །གཅིག་པུ་ནགས་ཚལ་གནས་པ་དང་། །གཅིག་ པུས་བདག་ཉིད་གདུལ་བར་བྱ། །གང་ཞིག་སྟོང་ཕྲག་སྟོང་དག་གི། མི་ཡི་གཡུལ་ལས་རྒྱལ་བ་བས། །གང་ཞིག་བདག་ལས་རྒྱལ་བྱེད་པ། །དེ་ནི་མི་ཡི་གཡུལ་ལས་རྒྱལ། །རྟག་ཏུ་སྡོམ་པ་སྤྱོད་པ་ཡི། །མི་ཡིས་ བདག་བརྟུལ་གཅིག་པུ་ཡིས། །བདག་ཉིད་ལས་རྒྱལ་མཆོག་ཡིན་གྱི། །སྐྱེ་དགུ་གཞན་ལྟ་ཕལ་པར་ཟད། །ཤེས་རབ་ཀྱིས་གནས་དགེ་སློང་གིས། །རྒྱལ་བར་བྱས་ལ་བདུད་དང་ནི། །ཚངས་པར་བཅས་པས་ ཕམ་མི་ནུས། །ལྷ་ཡིས་མ་ཡིན་དྲི་ཟས་མིན། །བདག་ཉིད་དང་པོར་རིགས་པར་གནས་བྱས་ནས། །ཕྱི་ནས་གཞན་དག་བདག་བཞིན་གདུལ་བར་བྱ། །བདག་ཉིད་དང་པོར་རིགས་པར་གནས་བྱས་ན། ། ཕྱི་དུས་འདུལ་ཚེ་མཁས་པ་ཉོན་མི་མོངས། །བདག་ལ་ཇི་ལྟར་བྱས་པ་བཞིན། །གཞན་དག་ལ་ཡང་དེ་ལྟར་བྱ། །བདག་ཉིད་དུལ་ཞིང་ཞི་བ་ཡིས། །གཞན་དག་བདེ་བར་གདུལ་བར་བྱ། །བདག་ལ་ཇི་ལྟར་བྱས་ པ་བཞིན། །གཞན་དག་ལ་ཡང་དེ་ལྟར་བྱ། །ཀྱེ་མ་བདག་རང་ལེགས་དུལ་བ། །བདག་ཉིད་དུལ་བས་དགའ་བར་འགྱུར། །བདག་གི་དོན་ཕྱིར་གཞན་དོན་ནི། །མང་པོ་དག་ཀྱང་གཏང་བར་བྱ། །བདག་དོན་ཆེད་ ཆེར་ཤེས་གྱུར་ན། །རང་གི་དོན་གྱི་མཆོག་ཏུ་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད། བདག་གི་མགོན་གྱུར་པའི། །མཁས་པས་དོན་རྣམས་འཐོབ་པར་ འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པའི། །མཁས་པས་ཆོས་རྣམས་འཐོབ་པར་འགྱུར། །བདག་ཉིད་བདག་གི་ 67-1-245a མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པའི། །མཁས་པས་གྲགས་པ་འཐོབ་པར་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་ མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པའི། །མཁས་པས་བདེ་བ་འཐོབ་པར་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་ པའི། །མཁས་པས་བདེ་འགྲོ་ཐོབ་པར་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པས། །ཡུན་རིང་མཐོ་རིས་དགའ་བར་འགྱུར། །བདག་ ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པ། །གཉེན་གྱི་ནང་ན་ལམ་མེར་འབར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་ གྱུར་པ། །མྱ་ངན་ནང་ན་གདུང་མི་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པས། །འཆིང་བ་ཐམས་ཅད་གཅོད་པར་འགྱུར། །བདག་ཉིད་ བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པས། །ངན་འགྲོ་ཐམས་ཅད་སྤོང་བར་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་ དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པས། །སྡུག་བསྔལ་ཀུན་ལས་རབ་ཏུ་ཐར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པས། ། བདག་ཉིད་མགོན་དུ་འགྱུར་བ་འཐོབ། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །མྱ་ངན་འདས་ཉིད་ཉེ་བར་འགྱུར། །བདག་གི་ཚོམས་ཏེ་ 67-1-245b ཉི་ཤུ་གསུམ་པའོ།། །། གང་དག་དོན་དང་མི་ལྡན་ཚིག །ཚིགས་བཅད་བརྒྱ་དག་སྨྲ་བ་བས། །གང་དག་ཉེ་བར་ཞི་འགྱུར་བའི། །དོན་ལྡན་ཚིག་གཅིག་ཐོས་པ་རུང་། །གང་དག་ཆོས་དང་མི་ལྡན་ཚིག །ཚིགས་བཅད་ བརྒྱ་དག་སྨྲ་བ་བས། །གང་དག་ཉེ་བར་ཞི་འགྱུར་བའི། །ཆོས་ལྡན་ཚིག་གཅིག་ཐོས་པ་རུང་། །ཚུལ་འཆལ་མཉམ་པར་མ་བཞག་པ། །ལོ་བརྒྱར་གསོན་པ་གང་ཡིན་པས། །ཚུལ་ཁྲིམས་ལྡན་ཞིང་མཉམ་བཞག་ པ། །ཉིན་ཞག་འགའ་ཞིག་གསོན་པ་རུང་། །བརྩོན་མེད་ལེ་ལོ་ལྡན་པ་དག །ལོ་བརྒྱར་གསོན་པ་གང་ཡིན་པས། །བརྩོན་འགྲུས་བརྟན་པ་བརྩམས་པ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། །ཤེས་འཆལ་ མཉམ་པར་མ་བཞག་པ། །ལོ་བརྒྱར་གསོན་པ་གང་ཡིན་པས། །ཤེས་རབ་ཆེན་པོ་མཉམ་བཞག་པ། །ཉིན་ཞག་འགའ་ཞིག་གསོན་པ་རུང་། །སྐྱེ་དང་འཇིག་པ་མ་མཐོང་བ། །ལོ་བརྒྱར་གསོན་པ་གང་ཡིན་པས། ། སྐྱེ་དང་འཇིག་པ་མཐོང་བ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། །ཚོར་བ་ཟད་པ་མ་མཐོང་བ། །ལོ་བརྒྱར་གསོན་པ་གང་ཡིན་པས། །ཚོར་བ་ཟད་པ་མཐོང་བ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། ། ཟག་པ་ཟད་པ་མ་མཐོང་བ། །ལོ་བརྒྱར་གསོན་པ་གང་ཡིན་པས། །ཟག་པ་ཟད་པ་མཐོང་བ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། །གོ་འཕང་མི་གཡོ་མ་མཐོང་བ། །ལོ་བརྒྱར་གསོན་པ་གང་ཡིན་པས། ། གོ་འཕང་མི་གཡོ་མཐོང་བ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། །གོ་འཕང་བལྟ་དཀའ་མ་མཐོང་བ། །ལོ་བརྒྱར་གསོན་པ་གང་ཡིན་པས། །གོ་འཕང་བལྟ་དཀའ་མཐོང་བ་དག །ཉིན་ཞག་འགའ་ཞིག་ གསོན་པ་རུང་། །གོ་འཕང་མཐོན་པ་མ་མཐོང་བ། །ལོ་བརྒྱར་གསོན་པ་གང་ཡིན་པས། །གོ་འཕང་མཐོན་པོ་མཐོང་བ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། །གོ་འཕང་དམ་པ་མ་མཐོང་བ། ། 67-1-246a ལོ་བརྒྱར་གསོན་པ་གང་ཡིན་པས། །གོ་འཕང་མཐོན་པོ་མཐོང་བ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། །གོ་འཕང་དམ་པ་མ་མཐོང་བ། །ལོ་བརྒྱར་གསོན་པ་གང་ཡིན་པས། །གོ་འཕང་དམ་པ་ མཐོང་བ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། །འཆི་མེད་གོ་འཕང་མ་མཐོང་བ། །ལོ་བརྒྱར་གསོན་པ་གང་ཡིན་པས། །འཆི་མེད་གོ་འཕང་མཐོང་བ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། །བདུད་རྩིའི་ གོ་འཕང་མ་མཐོང་བ། །ལོ་བརྒྱར་གསོན་པ་གང་ཡིན་པས། །བདུད་རྩིའི་གོ་འཕང་མཐོང་བ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། །རྡུལ་མེད་གོ་འཕང་མ་མཐོང་བ། །ལོ་བརྒྱར་གསོན་པ་གང་ཡིན་པས། ། རྡུལ་མེད་གོ་འཕང་མཐོང་བ་དག །ཉིན་ཞག་འགའ་ཞིག་གསོན་པ་རུང་། །རྡུལ་བྲལ་གོ་འཕང་མ་མཐོང་བ། །ལོ་བརྒྱར་གསོན་པ་གང་ཡིན་པས། །རྡུལ་བྲལ་གོ་འཕང་མཐོང་བ་དག །ཉིན་ཞག་འགའ་ ཞིག་གསོན་པ་རུང་། །མི་ནི་ལོ་བརྒྱར་ནགས་ཚལ་ན། །མེ་ལ་ཡོངས་སྟེན་གང་ཡིན་དང་། །བདག་ཉིད་བསྒོམ་ལ་ཡུད་ཙམ་ཞིག །མཆོད་པ་བྱེད་པ་གང་ཡིན་པ། །མཆོད་བྱེད་དེ་ཉིད་ཆེས་རུང་གི། ལོ་བརྒྱར་ སྦྱིན་བསྲེག་བྱེད་མི་རུང་། །ཟླ་བ་རེ་རེ་ཀུ་ཤའི་རྩེས། །ཁ་ཟས་ཟ་བ་གང་ཡིན་དེས། །སངས་རྒྱས་ལ་ནི་དད་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེ་ཀུ་ཤའི་རྩེས། །ཁ་ཟས་ཟ་བ་གང་ཡིན་དེས། ། དམ་པའི་ཆོས་ལ་དད་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེ་ཀུ་ཤའི་རྩེས། །ཁ་ཟས་ཟ་བ་གང་ཡིན་དེས། །དགེ་འདུན་ལ་ནི་དད་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེ་ཀུ་ཤའི་རྩེས། ། ཁ་ཟས་ཟ་བ་གང་ཡིན་དེས། །སེམས་ཅན་རྣམས་ལ་སྙིང་བརྩེ་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེ་ཀུ་ཤའི་རྩེས། །ཁ་ཟས་ཟ་བ་གང་ཡིན་དེས། །སྲོག་ཆགས་རྣམས་ལ་སྙིང་བརྩེ་བའི། ། 67-1-246b བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེ་ཀུ་ཤའི་རྩེས། །ཁ་ཟས་ཟ་བ་གང་ཡིན་དེས། །འབྱུང་པོ་རྣམས་ལ་སྙིང་བརྩེ་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་ཀུ་ཤའི་རྩེས། །ཁ་ཟས་ཟ་བ་གང་ཡིན་ དེས། །བྱམས་པར་སེམས་པར་བྱེད་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་ཀུ་ཤའི་རྩེས། །ཁ་ཟས་ཟ་བ་གང་ཡིན་དེས། །ལེགས་པར་གསུངས་པའི་དམ་ཆོས་ཀྱི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། ། ཟླ་བ་རེ་རེར་མཆོད་སྦྱིན་སྟོང་། །ལོ་བརྒྱར་བྱེད་པ་གང་ཡིན་དེས། །སངས་རྒྱས་ལ་ནི་དད་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་མཆོད་སྦྱིན་སྟོང་། །ལོ་བརྒྱར་བྱེད་པ་གང་ཡིན་དེས། །དམ་པའི་ཆོས་ ལ་དད་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་མཆོད་སྦྱིན་སྟོང་། །ལོ་བརྒྱར་བྱེད་པ་གང་ཡིན་དེས། །དགེ་འདུན་ལ་ནི་དད་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་མཆོད་སྦྱིན་སྟོང་། །ལོ་བརྒྱར་ བྱེད་པ་གང་ཡིན་དེས། །སེམས་ཅན་རྣམས་ལ་སྙིང་བརྩེ་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་མཆོད་སྦྱིན་སྟོང་། །ལོ་བརྒྱར་བྱེད་པ་གང་ཡིན་དེས། །སྲོག་ཆགས་རྣམས་ལ་སྙིང་བརྩེ་བའི། ། བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་མཆོད་སྦྱིན་སྟོང་། །ལོ་བརྒྱར་བྱེད་པ་གང་ཡིན་དེས། །འབྱུང་པོ་རྣམས་ལ་སྙིང་བརྩེ་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་མཆོད་སྦྱིན་སྟོང་། །ལོ་བརྒྱར་ བྱེད་པ་གང་ཡིན་དེས། །བྱམས་པར་སེམས་པར་བྱེད་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཟླ་བ་རེ་རེར་མཆོད་སྦྱིན་སྟོང་། །ལོ་བརྒྱར་བྱེད་པ་གང་ཡིན་དེས། །ལེགས་པར་གསུངས་པའི་དམ་ཆོས་ཀྱི། །བཅུ་དྲུག་ ཆར་ཡང་མི་ཕོད་དོ། །བསོད་ནམས་འདོད་པའི་མི་ཡིས་འཇིག་རྟེན་དུ། །སྦྱིན་བསྲེག་མཆོད་སྦྱིན་ཆུང་ཟད་ཅི་བྱས་དེས། །གང་ཞིག་དྲང་པོའི་སེམས་ཀྱིས་ཕྱག་འཚལ་བ། །དེ་ཡི་བཞི་ཆར་ཡང་ནི་མི་ 67-1-247a ཕོད་དོ། །བསྒྲེ་བའི་ཚོམས་ཏེ་ཉི་ཤུ་རྩ་བཞི་པའོ།། །། ཆེད་ཏུ་བརྗོད་པའི་ཚོམས། བམ་པོ་གསུམ་པ། དད་པ་མེད་ཅིང་འཇུངས་པ་དང་། །དབྱེན་བྱེད་ཕྲ་མ་ཅན་དག་དང་། །མཁས་པས་ ཤེས་པར་མི་བྱ་ཞིང་། །སྡིག་ཅན་མི་དང་འགྲོགས་མི་བྱ། །དད་ལྡན་སྙན་པར་སྨྲ་བ་དང་། །ཐོས་མང་ཚུལ་ཁྲིམས་ལྡན་པ་དང་། །མཁས་པ་ཡིས་ནི་མཛའ་བྱ་ཞིང་། །མི་མཆོག་དག་དང་འགྲོགས་པར་བྱ། ། སྡིག་པའི་གྲོགས་པོ་མི་བསྟེན་ཅིང་། །སྐྱེས་བུ་ངན་པ་བསྟེན་མི་བྱ། །དགེ་བའི་བཤེས་གཉེན་བསྟེན་བྱ་ཞིང་། །སྐྱེས་བུ་དམ་པ་བསྟེན་པར་བྱ། །དེ་ལྟ་བུ་དག་བསྟེན་བྱས་ན། །སྡིག་པར་མི་འགྱུར་ལེགས་པར་འགྱུར། ། གང་དག་ཐོས་མང་གནས་མང་སེམས་པ་དང་། །དད་དང་ཤེས་རབ་ལྡན་དེ་མི་ཡིས་བསྟེན། །འདིར་ནི་དེ་ཡིས་ལེགས་སྨྲས་མཉན་བྱས་ན། །རིང་པོ་ནས་ཀྱང་ཁྱད་པར་ཐོབ་པར་འགྱུར། །དམན་པ་བསྟེན་པས་མི་དག་ ཉམས་འགྱུར་ཞིང་། །ཐད་ཀར་བབ་པ་བསྟེན་པས་སོ་ན་གནས། །གཙོ་བོ་བསྟེན་པས་དམ་པ་འཐོབ་འགྱུར་བས། །དེ་ཕྱིར་བདག་པས་གཙོར་གྱུར་བསྟེན་པར་བྱ། །ཚུལ་ཁྲིམས་ཉེ་བར་ཞི་བ་དང་། །ཤེས་རབ་ཆེས་ མཆོག་ལྡན་པ་ཡི། །གཙོ་བོ་གང་ཡིན་དེ་བསྟེན་ན། །གཙོ་བོ་བས་ཀྱང་ཆེས་གཙོར་འགྱུར། །མི་ཡིས་འདི་ན་ཉ་རུལ་ལ། །ཀུ་ཤའི་གཙང་བྱེད་བཅིངས་པ་གང་། །ཀུ་ཤ་ཉིད་ཀྱང་རུལ་འགྱུར་བ། །སྡིག་པ་བསྟེན་པ་འང་ དེ་བཞིན་འགྱུར། །མི་ཡིས་རྒྱ་སྤོས་པ་ལ་ཤའི། །ལོ་མར་ཕུར་མ་བྱས་པ་གང་། །ལོ་མ་ཉིད་ཀྱང་དྲི་ཞིམ་པ། །དམ་པ་སྟེན་པའང་དེ་བཞིན་འགྱུར། །གལ་ཏེ་སྡིག་པ་བྱེད་པ་དག །སྡིག་མི་བྱེད་པས་བསྟེན་ ན་ཡང་། །སྡིག་པ་བྱེད་པར་དོགས་སྐྱེ་ཞིང་། །མི་སྙན་པ་ཡང་འཕེལ་བར་འགྱུར། །བསྟེན་བྱ་མ་ཡིན་བསྟེན་པའི་མི། །དེ་ཡི་སྐྱོན་གྱིས་སྐྱོན་ཅན་འགྱུར། །དོང་པར་དུག་བསྐུས་མདའ་བཅུག་པས། ། 67-1-247b དུག་མ་བསྐུས་པའང་གོས་པ་བཞིན། །བརྟེན་པ་སྐྱོན་གོས་འཇིགས་པ་དག །སྡིག་པ་ཅན་དང་བཤེས་མི་བྱ། །ཇི་ལྟར་གྲོགས་པོ་བསྟེན་པ་དང་། །ཇི་ལྟར་ཉེ་བར་བསྟེན་བྱས་པ། །བསྟེན་བྱ་དེ་ནི་ཅི་འདྲ་བར། རིང་པོ་མི་ཐོགས་དེ་འདྲར་འགྱུར། །དེ་བས་འབྲས་བུའི་སྣོད་བཞིན་དུ། །བདག་གིས་བསྟེན་པ་ཤེས་པ་ཡིས། །དམ་པ་མ་ཡིན་མི་བསྟེན་ཅིང་། །མཁས་པས་དམ་པ་བསྟེན་བྱས་ལ། །དགེ་སློང་དེའི་ ལམ་རྗེས་འབྲང་ན། །སྡུག་བསྔལ་ཟད་པ་ཐོབ་པར་འགྱུར། །བྱིས་པས་ཇི་སྲིད་གསོན་བར་དུ། །གལ་ཏེ་མཁས་པ་བསྟེན་བྱས་ཀྱང་། །དེ་ཡིས་ཆོས་ཤེས་མི་འགྱུར་ཏེ། །གཟར་བུས་ཚོད་མའི་རོ་ བཞིན་ནོ། །ཤེས་རབ་ལྡན་པས་ཡུད་ཙམ་ཞིག །མཁས་པ་ཉེ་བར་བསྟེན་པས་ཀྱང་། །དེ་ཡིས་ཆོས་རྣམས་ཤེས་འགྱུར་ཏེ། །ལྕེ་ཡིས་ཚོད་མའི་རོ་བཞིན་ནོ། །བྱིས་པས་ཇི་སྲིད་གསོན་བར་དུ། ། གལ་ཏེ་མཁས་པ་བསྟེན་བྱས་ཀྱང་། །དེ་ལ་མིག་ནི་མེད་པའི་ཕྱིར། །ཆོས་རྣམས་ཤེས་པར་མི་འགྱུར་རོ། །ཤེས་རབ་ལྡན་པས་ཡུད་ཙམ་ཞིག །མཁས་པ་ཉེ་བར་བསྟེན་པས་ཀྱང་། །དེ་ལ་མིག་ ནི་ཡོད་པའི་ཕྱིར། །ཆོས་རྣམས་རབ་ཏུ་ཤེས་པར་འགྱུར། །བྱིས་པས་ཇི་སྲིད་གསོན་བར་དུ། །གལ་ཏེ་མཁས་པ་བསྟེན་བྱས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བསྟན་པ་ཡི། །ཆོས་རྣམས་དེ་ཡིས་ ཤེས་མི་འགྱུར། །ཤེས་རབ་ལྡན་པས་ཡུད་ཙམ་ཞིག །མཁས་པ་ཉེ་བར་བསྟེན་པས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བསྟན་པ་ཡི། །ཆོས་རྣམས་དེ་ཡིས་ཤེས་པར་འགྱུར། །དོན་ལྡན་ཚིག་ནི་ གཅིག་གིས་ཀྱང་། །མཁས་པ་ཡི་ནི་བྱ་བ་བྱེད། །སངས་རྒྱས་ཀུན་གྱི་གསུང་གིས་ཀྱང་། །བྱིས་པའི་བྱ་བ་བྱེད་མི་འགྱུར། །བློ་དང་ལྡན་པ་ཚིག་གཅིག་གིས། །ཚིག་བརྒྱ་དག་ནི་ཤེས་པར་འགྱུར། ། 67-1-248a བྱིས་པ་ལ་ནི་ཚིག་སྟོང་གིས། །ཚིག་གཅིག་ཤེས་པར་མི་འགྱུར་རོ། །ཉིས་ན་མཁས་དང་མི་མཛའ་སླའི། །བྱིས་པ་རྣམས་དང་མཛའ་མི་རུང་། །བྱིས་པ་རྣམས་དང་མཛའ་བྱེད་པ། །སེམས་ ཅན་དམྱལ་བར་ཁྲིད་པར་བྱེད། །བྱིས་པ་གང་ཞིག་བྱིས་པའོ་ཞེས། །ཤེས་པ་དེ་འདིར་མཁས་པ་ཡིན། །བྱིས་པ་གང་ཞིག་མཁས་སེམས་པ། །དེ་ནི་བྱིས་པ་ཞེས་བརྗོད་དོ། །བྱིས་པས་བསྟོད་པ་གང་ ཡིན་དང་། །མཁས་པས་སྨད་པ་གང་ཡིན་ལས། །མཁས་པས་སྨད་པ་ཆེས་རུང་གིས། །བྱིས་པས་བསྟོད་པ་མི་རུང་ངོ་། །བྱིས་པ་བསྟེན་པ་སྡུག་བསྔལ་ཞིང་། །རྣམ་པ་ཀུན་དུ་དགྲ་འདྲ་བས། །བྱིས་པ་ མི་ཐོས་མི་མཐོང་ཞིང་། །མ་བསྟེན་གྱུར་པ་ཉིད་རུང་ངོ་། །གཉེན་དང་ཕྲད་པ་ཇི་ལྟ་བར། །བརྟན་པ་བསྟེན་ན་བདེ་བར་འགྱུར། །དེ་བས་རྒྱུ་སྐར་ལམ་དུ་ཟླ་བ་ལྟར། །བརྟན་ཞིང་ཐོས་མང་མཆོག་འདྲེན་བྱེད་ པ་དང་། །ཚུལ་ཁྲིམས་ལྡན་དང་འཕགས་པའི་བརྟུལ་ཞུགས་ཅན། །མི་མཆོག་བརྩེ་ལྡན་བློ་བཟངས་བསྟེན་པར་གྱིས། །མཛའ་བཤེས་ཀྱི་ཚོམས་ཏེ་ཉི་ཤུ་རྩ་ལྔ་པའོ།། །། རུ་སྦལ་རང་གི་ཁོག་ པར་ཡན་ལག་ལྟར། །དགེ་སློང་ཡིད་ཀྱི་རྣམ་རྟོག་ནང་བསྡུས་ནས། །རྟེན་པ་མེད་ཅིང་གཞན་ལ་འཚེ་མེད་པར། །མྱ་ངན་འདས་ལ་སུ་ཡང་སྨོད་མི་བྱེད། །བཟོད་པ་དཀའ་ཐུབ་མཆོག་སྟེ་བཟོད་པ་ནི། ། མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང་། །རབ་ཏུ་བྱུང་བ་གཞན་ལ་འཚེ་བ་དང་། །གཞན་ལ་གནོད་པས་དགེ་སྦྱོང་མ་ཡིན་ནོ། །ཚིག་རྩུབ་ཅི་ཡང་སྨྲ་མི་བྱ། །སྨྲས་ན་སླར་ཡང་སྨྲ་བར་བྱེད། །འཐབ་གཅུགས་ཚིག་གིས་ སྡུག་བསྔལ་ཞིང་། །དེ་ལ་ཕྱིར་ཡང་ཆད་པས་གཅོད། །གལ་ཏེ་བདག་གིས་ཕར་བྱས་ན། །འཁོར་བའི་སྣོད་ལ་བརྡུངས་པ་བཞིན། །འཁོར་བར་སྐྱེ་དང་རྒ་བ་དག །ཡུན་རིང་ཉམས་སུ་མྱོང་བར་འགྱུར། ། 67-1-248b བདག་གིས་ཕར་ནི་མ་བྱས་དང་། །འཁར་བའི་སྣོད་ལ་མ་བརྡུངས་ལྟར། །འདི་ལྟར་འཐབ་མོ་མི་འགྱུང་ཞིང་། །མྱ་ངན་འདས་པ་ཐོབ་པར་འགྱུར། །ནད་མེད་རྙེད་པའི་དམ་པ་སྟེ། །ཆོག་ཤེས་པ་ནི་ནོར་གྱི་དབྱིག ། ཡིད་གཅུགས་བཤེས་པའི་མཆོག་ཡིན་ཏེ། །མྱ་ངན་འདས་པ་བདེ་བའི་ཕུལ། །འདུ་བྱེད་སྡུག་བསྔལ་མ་རུངས་པ། །ནད་ཀྱི་ནང་ན་བཀྲེས་མི་བཟད། །དེ་ལྟར་ཇི་བཞིན་ཤེས་ན་ནི། །མྱ་ངན་འདས་པ་མཆོག་ཏུ་ འགྱུར། །བདེ་འགྲོར་འགྲོ་བ་ཉུང་ཟད་དེ། །ངན་འགྲོར་འགྲོ་བ་བསམ་ཡས་ཤིག །དེ་ལྟའི་ཉེས་དམིགས་རྟོགས་གྱུར་ན། །མྱུར་དུ་ང་མྱ་ངན་འདས་པ་འཐོབ། །བདེ་འགྲོར་འགྲོ་བ་རྒྱུ་དང་བཅས། །ངན་ འགྲོར་འགྲོ་བ་རྒྱུ་དང་ལྡན། །མྱ་ངན་འདས་འགྲོ་རྒྱུ་ཅན་ཏེ། །དེ་དགེ་ཐམས་ཅད་རྒྱུ་དང་བཅས། །ནགས་ཚལ་མཆོག་ཏུ་རི་དགས་འགྲོ། །མཁའ་ལ་བྱ་རྣམས་འགྲོ་བར་བྱེད། །ཆོས་ལ་རྣམ་པར་བསྒོམས་ འགྲོ་སྟེ། །དགྲ་བཅོམ་མྱ་ངན་འདས་པར་འགྲོ། །འདི་ན་བརྩོན་འགྲུས་ཞན་པ་དང་། །བློ་ཆུང་ཤེས་པ་མེད་པ་ཡིས། །མདུད་པ་ཐམས་ཅད་རབ་གཏུབས་པའི། །མྱ་ངན་འདས་པ་ཐོབ་མི་འགྱུར། ། ཁྱོད་ཀྱིས་གྲུ་འདིའི་ཆུ་ཕྱགས་དང་། །འདི་ནི་ཡང་བར་འགྱུར་བ་ལྟར། །དེ་བཞིན་ཞེ་སྡང་འདོད་ཆགས་སྤོངས། །དེ་ནས་མྱ་ངན་འདས་པ་འཐོབ། །སྔོན་ཆད་བྱུང་བ་མི་འབྱུང་ཞིང་། །མ་བྱུང་བ་དག་འབྱུང་བར་ འགྱུར། །མ་བྱུང་འབྱུང་བར་མི་འགྱུར་ལ། །ད་ལྟར་བྱུང་བའང་ཡོད་མ་ཡིན། །བལྟ་དཀའ་མཐའ་མེད་བདེར་མི་མཐོང་། །བདེན་པ་རབ་རྟོགས་ཤེས་པ་དང་། །སྲེད་དང་དགའ་བ་མེད་མཐོང་བ། །འདི་འདྲ་འདི་ ནི་སྡུག་བསྔལ་མཐའ། །སྲེད་པ་རྣམས་ནི་བཅད་པ་དང་། །འདོད་ཆགས་རབ་ཏུ་སྤངས་པ་དང་། །མཚོ་བསྐམས་ནས་ནི་མི་འབབ་པ། །འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །ལུས་ཞིག་ཚོར་བ་བསིལ་བར་ 67-1-249a གྱུར། །འདུ་ཤེས་འགགས་ཤིང་འདུ་བྱེད་ཞི། །རྣམ་པར་ཤེས་པ་ནུབ་གྱུར་པ། །འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །ལྟ་བས་མཐོང་བར་གྱུར་ཙམ་དང་། །ཉན་པས་ཐོས་པར་གྱུར་པ་ཙམ། །རྟོགས་པར་བྱེད་པས་ རྟོགས་ཙམ་དང་། །རྣམ་པར་ཤེས་པས་རྣམ་ཤེས་ཙམ། །འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །འདི་དང་མ་དང་གདུངས་རབ་གདུངས། །འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །མ་རེ་མ་དགའ་རབ་ཞི་དང་། །ཀུན་དུ་འདོད་ ཆགས་བྲལ་གྱུར་པ། །འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །རྟེན་པ་ཡོད་པས་སྤྱོད་པར་འགྱུར་རོ། །སྤྱོད་པ་ཡོད་པས་གཞོལ་བར་འགྱུར་རོ། །གཞོལ་བ་ཡོད་པས་ཤིན་དུ་མ་སྦྱངས་པར་འགྱུར་རོ། །ཤིན་དུ་མ་སྦྱངས་ པ་ཡོད་པས་འགྲོ་བ་དང་འོང་བར་འགྱུར་རོ། །འགྲོ་བ་དང་འོང་བ་ཡོད་པས་གཞན་དུ་ཤི་འཕོ་ལེན་པར་འགྱུར་རོ། །གཞན་དུ་ཤི་འཕོ་བླངས་པས་འདི་ལྟར་གཞན་དུ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་ སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་འབྱུང་ཞིང་འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་འབྱུང་བར་འགྱུར་རོ། །རྟེན་པ་མེད་པས་སྤྱོད་པ་མེད་པར་འགྱུར་རོ། ། སྤྱོད་པ་མེད་པས་གཞོལ་བར་མི་འགྱུར་རོ། །གཞོལ་བར་མ་གྱུར་པས་ཤིན་དུ་སྦྱངས་པར་འགྱུར་རོ། །ཤིན་དུ་སྦྱངས་པས་འགྲོ་བ་དང་འོང་བར་མི་འགྱུར་རོ། །འགྲོ་བ་དང་འོང་བ་མེད་པས་གཞན་དུ་འཆི་འཕོ་ལེན་པ་མེད་ པར་འགྱུར་རོ། །གཞན་དུ་འཆི་འཕོ་ལེན་པ་མེད་པས་འདི་ལྟར་གཞན་དུ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ འགག་པར་འགྱུར་ཞིང་། འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་འགག་པར་འགྱུར་རོ། །དགེ་སློང་དག་མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བཅོས་པ་དང་། འདུས་མ་བྱས་པ་དང་། མི་འབྱུང་ 67-1-249b བ་ཡོད་དོ། །སྐྱེ་བ་དང་། འབྱུང་བ་དང་། བཅོས་མ་དང་། སེམས་པས་བྱས་པ་དང་། འདུས་བྱས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཡོད་དོ། །དགེ་སློང་དག་གལ་ཏེ་མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བཅོས་པ་དང་། འདུས་མ་བྱས་པ་དང་། མི་འབྱུང་བ་མེད་དུ་ཟིན་ན། སྐྱེ་བ་དང་། འབྱུང་བ་དང་། བཅོས་མ་དང་། འདུས་བྱས་དང་། སེམས་པས་བྱས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ངེས་པར་འབྱུང་བ་ཡོད་དོ་ཞེས་ང་མི་ སྨྲའོ། །དགེ་སློང་དག་གང་གི་ཕྱིར་འདི་ན་མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བཅོས་པ་དང་། འདུས་མ་བྱས་པ་དང་། མི་འབྱུང་བ་ཡོད་པ་དེའི་ཕྱིར། སྐྱེ་བ་དང་། འབྱུང་བ་དང་། བཅོས་མ་དང་། འདུས་བྱས་དང་། སེམས་པས་བྱས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ངེས་པར་འབྱུང་བ་ཡོད་དོ་ཞེས་ང་སྨྲའོ། །སྐྱེས་དང་བྱུང་དང་འབྱུང་བ་དང་། །བཅོས་དང་འདུས་བྱས་མི་བརྟེན་ཞིང་། །རྒ་དང་འཆི་དང་རྨོངས་པ་ཡི། ། ཆོས་ཅན་རབ་ཏུ་འཇིག་འགྱུར་བ། །ཟས་ཀྱི་རྒྱུད་ལས་བྱུང་བ་ཡི། །འཇིག་འགྱུར་འདི་ལ་དགའ་མི་བྱ། །དེ་ཡི་ངེས་པར་འགྱུར་བའི་གཞི། །རྟོག་དང་དཔྱོད་དང་ཞི་བ་དང་། །སྡུག་བསྔལ་ཆོས་རྣམས་འགགས་ པ་སྟེ། །འདུ་བྱེད་ཉེ་བར་ཞི་བ་བདེ། །དགེ་སློང་དག་དེ་ནི་གང་དུ་ཡང་གནས་པར་མི་འགྱུར་ཏེ། ས་ལ་གནས་པར་མི་འགྱུར། ཆུ་ལ་མ་ཡིན། མེ་ལ་མ་ཡིན། རླུང་ལ་མ་ཡིན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་མ་ ཡིན། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་མ་ཡིན། ཅི་ཡང་མེད་པའི་སྐྱེ་མཆེད་ལ་མ་ཡིན། འདུ་ཤེས་ཡོད་མིན་མེད་མིན་སྐྱེ་མཆེད་ལ་མ་ཡིན། འཇིག་རྟེན་འདི་ལ་མ་ཡིན། འཇིག་རྟེན་ཕ་རོལ་ལ་མ་ཡིན། ཉི་མ་དང་ ཟླ་བ་གཉིས་ལ་གནས་པ་མ་ཡིན་ཏེ། འདི་ལ་དམིགས་པ་མེད་པར་ངས་མངོན་པར་ཤེས་སོ། །དགེ་སློང་དག་དེ་ལ་འགྲོ་བ་དང་འོང་བ་ཡོད་པར་ང་མི་སྨྲ་སྟེ། གནས་པར་མ་ཡིན་ནོ། །འཆི་འཕོ་ཡོད་པར་ང་མི་སྨྲ་སྟེ། སྐྱེ་བར་ 67-1-250a མ་ཡིན། འདི་ལྟ་བུ་འདི་ནི་སྡུག་བསྔལ་གྱི་མཐའ་ཡིན་ནོ། །ས་དང་ཆུ་དང་མེ་དང་རླུང་། །གང་ལའང་གནས་པ་མ་ཡིན་པ། །དེ་ལ་དཀར་པོས་གསལ་མི་བྱེད། །དེ་ལ་མུན་པ་འང་ཡོད་མ་ཡིན། །དེ་ལ་ཟླ་བས་སྣང་མི་བྱེད། དེ་ལ་ཉི་མས་མངོན་མི་བྱེད། །ཐུབ་པ་བྲམ་ཟེ་གང་ཡིན་པ། །དེས་ནི་རང་གིས་རིག་པ་ཡིན། །དེ་ནི་གཟུགས་དང་གཟུགས་མེད་དང་། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །མཐར་ཕྱིན་འཇིགས་པ་མེད་པ་སྟེ། །རློམ་ མེད་འགྱོད་པ་མེད་པ་ཡིན། །སྲིད་པའི་ཟུག་རྔུ་གཏུབས་པ་སྟེ། །ལུས་ཀྱི་ཐ་མར་གྱུར་པ་ཡིན། །འདི་ནི་མཐར་ཕྱིན་རྣམས་ཀྱི་མཆོག །ཞི་བའི་གོ་འཕང་བླ་མེད་པ། །མཚན་མ་ཐམས་ཅད་ཟད་པ་སྟེ། །བྱང་གྲོལ་གོ་ འཕང་འཆི་མེད་ཡིན། །མཚུངས་དང་མི་མཚུངས་འབྱུང་བ་ཡི། །འདུ་བྱེད་ཐུབ་པས་རབ་ཏུ་སྤངས། །ནང་དུ་མཉམ་བཞག་དགའ་བ་ཡིས། །སྒོ་ངའི་སྦུབས་ནི་དྲལ་ནས་བྱུང་། །སྦྱིན་ཀུན་ཆོས་ཀྱི་སྦྱིན་པས་ཐུབ། ། དགའ་ཀུན་ཆོས་ཀྱི་དགའ་བས་ཐུབ། །སྟོབས་ཀུན་བཟོད་པའི་སྟོབས་ཀྱིས་ཐུབ། །བདེ་ཀུན་སྲེད་པ་ཟད་པས་ཐུབ། །མྱ་ངན་ལས་འདས་པའི་ཚོམས་ཏེ་ཉི་ཤུ་རྩ་དྲུག་པའོ།། །། བདག་ལས་གཞན་པའི་སྐྱོན་དག་ ནི། །ཕུབ་མ་གཏོར་བ་ཇི་བཞིན་དུ། །གཞན་གྱི་སྐྱོན་མཐོང་སླ་བ་སྟེ། །རང་གི་སྐྱོན་ནི་མཐོང་བར་དཀའ། །གཡོ་ཅན་ཆོ་ལོ་འཇོ་བ་ལྟར། །རང་གི་དེ་ནི་སྦེད་པ་དང་། །གཞན་གྱི་སྐྱོན་ལ་ལྟ་བྱེད་ཅིང་། །རྟག་ཏུ་འཕྱས་ལོང་ འདུ་ཤེས་ཅན། །དེ་ཡིས་རིང་དུ་ཆོས་མི་མཐོང་། །གཡོན་ཕྱོགས་ཆོས་ནི་རབ་ཏུ་འཕེལ། །སྤྱི་རྡོལ་བྱེད་ཅིང་འཕྲོག་རློམ་ཅན། །མི་གཙང་ལས་ལྡན་ཁྭ་ལྟ་བུ། །ཤིན་དུ་ཉོན་མོངས་འཚོ་བ་ཅན། ། ངོ་ཚ་མེད་པའི་འཚོ་བ་སླ། །རྟག་ཏུ་གཙང་མ་ཚོལ་བ་དང་། །ཐུབ་ཆོད་མི་བྱེད་འཛེམ་བག་ཅན། །འཚོ་བ་དག་པ་ལྟ་བ་ཡི། །ངོ་ཚ་ཤེས་པའི་འཚོ་བ་དཀའ། །འཇིག་རྟེན་མུན་པར་གྱུར་འདི་སྟེ། །དེ་ལས་ལྷག་ 67-1-250b མཐོང་ལྡན་པ་ཉུང་། །རྒྱ་ལས་ཤོར་བའི་བྱ་ལྟ་བུར། །མཐོ་རིས་ལ་དགའ་ཤས་ཙམ་ཞིག །བྱིས་པ་ལུས་ཀྱིས་བཅིངས་གྱུར་པ། །མུན་པའི་འཁོར་གྱིས་བསྐོར་བ་ཡིན། །འཇིག་རྟེན་ནོར་ལ་ཆགས་པ་དག ། གཞན་རྫས་ལྟ་བུར་ལྟ་བར་བྱེད། །བདག་གིས་སྐྱེ་དགུ་འདི་ཕྱུང་ཞིང་། །གཞན་གྱིས་བྱས་སོ་སྙམ་སེམས་པ། །བདེན་པ་མིན་ལ་བདེན་ལྟ་བས། །ཅི་ཡང་མཐོང་བར་མི་འགྱུར་རོ། །དེ་ནི་འགས་ཀྱང་མི་མཐོང་ཞིང་། ། ཟུག་རྔུ་མཐོང་བར་མི་འགྱུར་རོ། །ཡུལ་སྲེད་གང་ལ་སྐྱེ་བོ་ཆགས་པ་ཡི། །ཟུག་རྔུ་དེ་དག་སྔོན་ཆད་མཐོང་བ་དག །དེ་ནི་བདག་གིས་བྱས་སྙམ་མི་འཛིན་ཅིང་། །དེ་ནི་གཞན་གྱིས་བྱས་སྙམ་མི་འཛིན་ཏོ། །སྐྱེ་དགུ་ འདི་དག་ང་རྒྱལ་ལྡན། །ང་རྒྱལ་ལ་ཆགས་ང་རྒྱལ་བཅིངས། །རྩོད་པར་གྱུར་པའི་ལྟ་བ་ཅན། །འཁོར་བ་ལྡོག་པར་མི་འགྱུར་རོ། །ཐོབ་པར་གྱུར་པ་གང་ཡིན་དང་། །ཐོབ་པར་བྱ་བ་གང་ཡིན་པ། །དེ་དག་གཉི་ག་རྡུལ་ གྱིས་ཡོག །རྗེས་སུ་ནད་པ་སློབ་པར་བྱེད། །གང་ཞིག་ཚུལ་ཁྲིམས་དང་། བསླབ་པ་དང་། བརྟུལ་ཞུགས་དང་། ཚངས་པར་སྤྱོད་པ་དང་། དཀའ་ཐུབ་དང་། ཉེ་བར་གནས་པ་སྙིང་པོར་བྱེད་པ་དེ་ནི་མཐའ་གཅིག་གོ། ། གང་ཞིག་དེ་ལྟར་ལྟ་ཞིང་འདི་སྐད་ཅེས་འདོད་པ་ནི་གཙང་བའོ། །འདོད་པ་ནི་བསོད་ཉམས་ཅན་ནོ། །འདོད་པ་ནི་ལོངས་སྤྱད་པར་བྱ་བའོ། །འདོད་པ་ནི་སྐྱོན་མེད་པ་ཡིན་ནོ་ཞེས་སྨྲ་ཞིང་དེ་དག་ལྷག་པར་འདོད་པ་རྣམས་སུ་ ལྷུང་བར་བྱེད་པའི་བརྟུལ་ཞུགས་ལེན་པ་འདི་ཡང་མཐའ་གཅིག་གོ། །མཐའ་གཉིས་པོ་འདི་དག་ནི་དུར་ཁྲོད་འཕེལ་བར་བྱེད་པ་སྟེ། འདི་དག་གིས་དུར་ཁྲོད་འཕེལ་བར་བྱས་སོ། །མཐའ་གཉིས་པོ་འདི་དག་མ་ མཐོང་བ་ཁ་ཅིག་ཞེན་པར་བྱེད་ཅིང་། ཁ་ཅིག་མངོན་པར་རྒྱུག་པར་བྱེད་ལ། དེ་དག་ལྷག་པར་ཞེན་པར་བྱེད་ཅིང་ལྷག་པར་རྒྱུག་པར་བྱེད་པ་དག་མིག་དང་ལྡན་པས་མཐོང་ངོ་། །མཐའ་གཉིས་པོ་འདི་དག་མཐོང་ 67-1-251a བ་ན་ཞེན་པར་མི་བྱེད་རྒྱུག་པར་མི་བྱེད་ལ། དེ་དག་ལྷག་པར་ཞེན་པར་མི་བྱེད་ཅིང་ལྷག་པར་རྒྱུག་པར་མི་བྱེད་པ་ཡང་མིག་དང་ལྡན་པས་མཐོང་ངོ་། །དེ་དག་དེ་ལྟར་མི་བྱེད་ཅིང་དེ་དག་དེ་ལྟར་མི་སེམས་ན། དེ་དག་གི་ལམ་དུ་མི་གདགས་པ་འདི་ལྟ་སྟེ་འདི་ནི་སྡུག་བསྔལ་གྱི་མཐའ་ཡིན་ནོ། །ཇི་ལྟར་ཆུ་བུར་མཐོང་བ་དང་། །ཇི་ལྟར་སྨི་རྒྱུ་མཐོང་བ་ལྟར། །དེ་བཞིན་འཇིག་རྟེན་ལྟ་བྱེད་པ། །འཆི་བདག་རྒྱལ་པོས་མཐོང་མི་འགྱུར། །ཇི་ལྟར་ཆུ་ བུར་མཐོང་བ་དང་། །ཇི་ལྟར་སྨིག་རྒྱུ་མཐོང་བ་ལྟར། །དེ་བཞིན་ལུས་ལ་ལྟ་བྱེད་པ། །འཆི་བདག་རྒྱལ་པོས་མཐོང་མི་འགྱུར། །གང་ལ་བྱིས་པ་མངོན་ཆགས་པ། །དེ་ལ་མཁས་པ་ཆགས་མི་འགྱུར། །རྒྱལ་པོའི་ ཤིང་རྟ་བཀྲ་བ་ལྟར། །ལུས་འདི་རྟག་ཏུ་བལྟ་བར་གྱིས། །གང་ལ་བྱིས་པ་རྨོངས་འགྱུར་བ། །དེ་ལ་མཁས་པ་རྨོངས་མི་འགྱུར། །རྒྱལ་པོའི་ཤིང་རྟ་བཀྲ་བ་ལྟར། །ལུས་འདི་རྟག་ཏུ་བལྟ་བར་གྱིས། །གང་དུ་བྱིས་པ་ ཉམས་གྱུར་པ། །གླང་རྒན་རྫབ་ཏུ་ཆུད་པ་བཞིན། །རྒྱལ་པོའི་ཤིང་རྟ་བཀྲ་བ་ལྟར། །ལུས་འདི་རྟག་ཏུ་བལྟ་བར་གྱིས། །ནད་པ་ལྟ་བུར་འཇིག་ཆོས་ཅན། །རྨ་བྱུང་བ་དང་འདྲ་བ་སྟེ། །གང་ཡང་བརྟན་པར་མི་གནས་པ། ། ལུས་འདི་རྟག་ཏུ་བལྟ་བར་གྱིས། །ནད་པ་འཇིག་པའི་ཆོས་ཅན་ལྟར། །གང་ཡང་གརྟན་པར་མི་གནས་པར། །ནོར་བུའི་རྣ་ཆ་གདུབ་འཁོར་གྱིས། །བརྒྱན་པའི་ལུས་ལ་བལྟ་བར་གྱིས། །སྐྲ་ནི་ལན་བུ་བརྒྱད་བྱས་ཤིང་། ། མིག་སྨན་གྱིས་ནི་བསྐུས་པའི་མིག །བྱིས་པ་ལྷག་པར་རྨོངས་བྱེད་ཀྱང་། །ཕ་རོལ་ཚོལ་བར་མི་བྱེད་དོ། །མིག་སྨན་གྱིས་ནི་གསར་བྲིས་ཤིང་། །རྣག་ཅན་ལུས་ནི་བརྒྱན་པ་ཡིས། །བྱིས་པ་ལྷག་པར་རྨོངས་བྱེད་ ཀྱང་། །ཕ་རོལ་ཚོལ་བར་མི་བྱེད་དོ། །ལུས་ནི་དྲི་ཞིམ་གྱིས་བསྐུས་ནས། །རྐང་པ་བཙག་གིས་བྱུགས་པ་དག །བྱིས་པ་ལྷག་པར་རྨོངས་བྱེད་ཀྱང་། །ཕ་རོལ་ཚོལ་བར་མི་བྱེད་དོ། །གང་ཞིག་འདོད་པར་ཀུན་སྦྱོར་འབྲེལ་ 67-1-251b ཆགས་ཤིང་། །ཀུན་དུ་སྦྱོར་བའི་སྐྱོན་རྣམས་མ་མཐོང་བ། །འདོད་པར་འབྲེལ་ལ་ཆགས་པའི་མི་དེ་ཡིས། །ཆུ་བོ་མཐའ་ཡས་ཡངས་པ་རྒལ་མི་འགྱུར། །ཆགས་བྲལ་མཆོག་དང་ཐ་མ་ཐམས་ཅད་དག ། འདི་ལ་བདག་དང་བདག་གིར་མི་ལྟ་ཞིང་། །དེ་ལྟར་རྣམ་གྲོལ་སྔོན་ཆད་མ་རྒལ་བའི། །ཆུ་བོ་རབ་རྒལ་ཡང་སྲིད་མེད་པར་འགྱུར། །གང་ཞིག་ཚལ་སྤངས་ཚལ་མེད་པ། །ནགས་ཚལ་སྤངས་ནས་ནགས་སུ་རྒྱུག ། གྲོལ་བ་འཆིང་བར་གཅེན་པ་ཡིན། །གང་ཟག་འདི་ལ་ལྟོས་ཤིག་ཚུར། །ཤིང་རྟ་འཐུན་པའི་རྩིབས་ལྡན་པ། །ཡན་ལག་ཡིད་འོང་གོས་དཀར་གཡོགས། །སྡིག་མེད་འགྲོ་བ་ལ་ལྟོས་ལ། །ཆིངས་མའི་རྒྱུན་ རྣམས་བཅད་པར་གྱིས། །འཇིགས་པས་སྐྲག་པའི་མི་དག་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །བསྐྱེད་མོས་ཚལ་དང་མཆོད་གནས་དང་། །ལྗོན་ཤིང་རྣམས་ལ་སྐྱབས་སུ་འགྲོ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། སྐྱབས་དེ་མཆོག་ཏུ་གྱུར་པ་མིན། །དེ་ལ་སྐྱབས་སུ་སོང་བ་ཡིས། །སྡུག་བསྔལ་ཀུན་ལས་གྲོལ་མི་འགྱུར། །གང་ཞིག་སངས་རྒྱས་ཆོས་དང་ནི། །དགེ་འདུན་ལ་ནི་སྐྱབས་སོང་ཞིང་། །སྡུག་བསྔལ་སྡུག་བསྔལ་ཀུན་ འབྱུང་དང་། །སྡུག་བསྔལ་ཡང་དག་འདས་པ་དང་། །བདེ་བ་མྱ་ངན་འདས་འགྲོ་བའི། །འཕགས་ལམ་ཡན་ལག་བརྒྱད་པ་སྟེ། །འཕགས་པའི་བདེན་པ་བཞི་པོ་དག །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ནི་ སྐྱབས་ཀྱི་མཆོག་ཡིན་ཞིང་། །དེ་ནི་སྐྱབས་ཀྱི་དམ་པ་ཡིན། །དེ་ལ་སྐྱབས་སུ་སོང་བ་ཡིས། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །མཐོང་བས་མཐོང་ཞིང་མཐོང་བས་མ་མཐོང་མཐོང་། །མ་མཐོང་མི་ མཐོང་མཐོང་བྱ་མཐོང་མི་འགྱུར། །འདྲ་མཐོང་ལྷག་མཐོང་ཐ་དད་དངོས་པོར་བརྗོད། །ཉིན་མཚན་ནམ་ཡང་ལྷན་ཅིག་མི་གནས་བཞིན། །འདྲ་བ་མཐོང་བས་མཐོང་མི་འགྱུར། །གལ་ཏེ་མཐོང་ན་འདྲ་མི་མཐོང་། 67-1-252a མཐོང་འདིས་འདྲ་བ་མི་མཐོང་སྟེ། །འདྲ་མཐོང་མི་ཡིས་མཐོང་བ་མེད། །མི་ཡིས་ཅི་མ་མཐོང་ན་འདྲ་བ་མཐོང་། །ཅི་ཞིག་མཐོང་ན་འདྲ་བ་མཐོང་མི་འགྱུར། །ཇི་ལྟར་འདི་ན་འདྲ་བ་མཐོང་བ་དག །གང་ཞིག་མེད་ ན་འདྲ་བར་མཐོང་དང་བྲལ། །གང་ཚེ་འདི་ཡིས་སྡུག་བསྔལ་མ་མཐོང་བ། །དེ་ཡི་ཚེ་ན་བདག་ཏུ་མཐོང་བར་འགྱུར། །ཇི་ལྟ་ཇི་ལྟར་སྡུག་བསྔལ་རྟོགས་གྱུར་པ། །དེས་ནི་བདག་འདི་འདྲ་བ་མཐོང་མི་འགྱུར། །གང་གིས་ སོ་སོའི་སྐྱེ་བསྒྲིབས་ན། །འདུ་བྱེད་སྡུག་བསྔལ་མ་མཐོང་བ། །དེ་ཕྱིར་འདི་ན་འདྲ་མཐོང་སྟེ། །དེ་མེད་འདྲ་བ་མི་མཐོང་ངོ་། །མཐོང་བའི་ཚོམས་ཏེ་ཉི་ཤུ་རྩ་བདུན་པའོ།། །། སྡིག་པ་ཐམས་ཅད་མི་བྱ་སྟེ། ། དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ལེགས་བསྡམས་དགྲ་སོགས་མི་འགྱུར་རོ། །དགེ་ དང་ལྡན་པས་སྡིག་པ་སྤོང་། །ཉོན་མོངས་ཟད་པས་མྱ་ངན་འདའ། །མཁས་དང་འདྲེ་དང་བྱིས་པའི་སྐྱེ་བོ་དང་། །ལྷན་ཅིག་སྤྱོད་དང་གཅིག་པུ་གནས་ཀྱང་རུང་། །ངང་པས་ཆུ་ལ་འོ་མ་འཐུང་བ་ལྟར། །མཁས་པས་ སྡིག་པ་ཅན་རྣམས་རབ་ཏུ་སྤང་། །འཇིག་རྟེན་ཉེས་དམིགས་མཐོང་བ་དང་། །འགོག་པར་འགྱུར་བའི་ཆོས་མཐོང་བས། །འཕགས་པ་སྡིག་ལ་དགའ་མི་བྱེད། །སྡིག་ཅན་དགེ་ལ་དགའ་མི་འགྱུར། །ལེགས་པར་ཉེར་ཞིའི་རོ་དང་ནི། ། རབ་ཏུ་དབེན་པའི་རོ་ཤེས་པ། །རིམས་ནད་མེད་ཅིང་སྡིག་མེད་ལ། །ཆོས་ལ་དགའ་བའི་རོ་དག་འཐུང་། །སེམས་ཀྱི་ཟག་པ་མེད་པ་དང་། །སེམས་ནི་འཆིང་བས་མ་བཅོས་ལ། །དགེ་དང་སྡིག་པ་རབ་སྤངས་པ། །ངན་འགྲོ་རྣམས་ ཀྱིས་འཇིགས་པ་མེད། །གནས་མིན་ཟློག་དང་ལེགས་སྨྲ་དང་། །ཉེས་དམིགས་སྟོན་པར་བྱེད་པ་དང་། །མཁས་པས་ཚར་གཅོད་སྨྲ་བྱེད་པ། །དེ་ལྟའི་སྐྱེ་དགུ་བསྟེན་པར་བྱ། །དེ་ལྟ་བུ་དག་བསྟེན་བྱས་ན། །སྡིག་པར་མི་ 67-1-252b འགྱུར་ལེགས་པར་འགྱུར། །ཉེ་བར་ཞི་ཞིང་རབ་ཞི་ལ། །དལ་བུས་སྨྲ་ཞིང་ཁེངས་མེད་པ། །སྡིག་པའི་ཆོས་རྣམས་སྤྲུག་བྱེད་དེ། །རླུང་གིས་ལྗོན་ཤིང་ལོ་མ་བཞིན། །གང་ཞིག་སྐྱེས་བུ་དག་ཅིང་ཉོན་མོངས་མེད། །རབ་ཏུ་སྡང་མེད་ མི་ལ་ཁྲོ་བྱེད་པའི། །བྱིས་པ་དེ་ལ་སྡིག་པ་ཕྱིར་འགོག་སྟེ། །རྫི་ཕྱོགས་སུ་ནི་རྡུལ་རྣམས་གཏོར་བ་བཞིན། །དགེ་བ་བྱེད་པས་དགེ་བ་དང་། །སྡིག་པ་བྱེད་པས་སྡིག་པ་སྟེ། །མི་ཡིས་གང་དང་གང་བྱས་པ། །དེ་དེ་རང་གིས་ མཐོང་བར་འགྱུར། །བདག་གིས་སྡིག་པ་བྱས་ན་ནི། །དེ་བདག་ཁོ་ན་ཀུན་ཉོན་མོངས། །བདག་གིས་སྡིག་པ་མ་བྱས་ན། །བདག་ཉིད་ཁོ་ན་རྣམ་པར་དག །གཞན་གྱིས་གཞན་སྤྱོད་མི་བྱེད་ཀྱི། །དག་དང་མ་དག་རང་རང་བྱེད། ། བདག་ཉིད་ཀྱིས་ནི་སྡིག་པ་དག །བྱས་ཤིང་ཉེ་བར་བསགས་པ་ཡིས། །བསམ་བརླག་མངོན་དུ་འཇོམས་པར་བྱེད། །རྡོ་རྗེས་ནོར་བུ་འབིགས་པ་བཞིན། །མིག་ལྡན་འགྲོ་བར་བྱེད་པ་ཡིས། །ཉམ་ངའི་ལམ་དག་ཇི་ལྟ་བར། ། མཁས་པས་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤང་། །ནོར་ཆེན་གྱིས་ནི་གྲོགས་ཉུང་དང་། །ཚོང་པས་འཇིགས་བཅས་ལམ་དང་ནི། །གསོན་པར་འདོད་པས་དུག་ལྟ་བུར། །མཁས་པས་སྡིག་ཅན་ཡོངས་ སུ་སྤང་། །གལ་ཏེ་ལག་མཐིལ་རྨ་མེད་ན། །ལག་པས་དུག་ནི་བཟུང་བྱས་ཀྱང་། །རྨ་མེད་དུག་ནི་མི་འཇེན་ལྟར། །མ་བྱས་པ་ལ་སྡིག་པ་མེད། །བདག་ལ་མི་ཕན་བྱ་བ་དང་། །ལེགས་པ་མ་ཡིན་བྱ་བར་སླ། །གང་དག་ ཕན་ཞིང་བདེར་འགྱུར་བ། །དེ་ནི་མཆོག་ཏུ་བྱ་བར་དཀའ། །དམ་པས་ལེགས་པ་བྱ་སླ་ཡི། །དམ་པས་སྡིག་པ་བྱ་བར་དཀའ། །ངན་པས་སྡིག་པ་བྱ་སླ་ཡི། །འཕགས་པས་སྡིག་པ་བྱ་བར་དཀའ། །ཇི་སྲིད་སྡིག་པ་མ་སྨིན་ པ། །དེ་སྲིད་བྱིས་པ་མངར་བར་སེམས། །གང་ཚེ་སྡིག་པ་སྨིན་གྱུར་པ། །དེ་ཚེ་དེ་ནི་ཚ་བར་སེམས། །ཇི་སྲིད་སྡིག་པ་མ་སྨིན་པ། །དེ་སྲིད་སྡིག་པ་རུང་བར་ལྟ། །གང་ཚེ་སྡིག་པ་སྨིན་གྱུར་པ། །དེ་ཚེ་སྡིག་པ་མཐོང་བར་ 67-1-253a འགྱུར། ཇི་སྲིད་བཟང་པོ་མ་སྨིན་པ། །དེ་སྲིད་བཟང་པོ་སྡིག་པར་མཐོང་། །གང་ཚེ་བཟང་པོ་སྨིན་གྱུར་པ། །དེ་ཚེ་བཟང་པོར་མཐོང་བར་འགྱུར། །སྡིག་པ་སྡུག་བསྔལ་སོགས་པས་ན། །དེ་ལ་དགའ་བར་མི་བྱའོ། །བརྒྱ་ལ་ སྡིག་པ་བྱས་ན་ཡང་། །ཡང་དང་ཡང་དུ་དེ་མི་བྱ། །བསོད་ནམས་བདེ་བ་སོགས་པས་ན། །དེ་ཉིད་ལ་ནི་དགའ་བར་བྱ། །གལ་ཏེ་བསོད་ནམས་བྱས་ན་ཡང་། །དེ་ནི་ཡང་དང་ཡང་དུ་བྱ། །སྡིག་ལ་ཡིད་ནི་མངོན་དགའ་བ། །བསོད་ནམས་ དལ་བུས་བྱེད་འགྱུར་བས། །སྡིག་པ་ལས་ནི་སེམས་བཟློག་ཅིང་། །བསོད་ནམས་མངོན་པར་སྨྱུར་ཏེ་བྱ། །སྡིག་པ་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིག་ཆེན་དང་། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བ་ འི་དུག་བཞིན་ནོ། །བསོད་ནམས་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་བདེ་བར་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་སུམ་འབྱོར་བ་བཞིན། །གང་ཞིག་ཉེས་མེད་ཆད་པས་གཅོད། །སྡང་བ་མིན་ལ་ རབ་སྡང་བ། །གནས་གཞན་གང་ཡང་རུང་བ་བཅུ། །མྱུར་དུ་ཐོབ་པ་ཁོ་ནར་འགྱུར། །ཚོར་བ་མི་བཟད་པ་དག་གམ། །ཡང་ན་ལུས་ནི་འདྲལ་བ་འམ། །གནོད་པའི་ཚོར་བ་ཚ་བའང་རུང་། །ཡང་ན་སེམས་འཁྲུགས་ཐོབ་པར་ འགྱུར། །གཉེན་འདུན་རྣམས་དང་བྲལ་བ་འམ། །ལོངས་སྤྱོད་ཟད་པར་འགྱུར་བ་འམ། །རྒྱལ་པོའི་གནོད་པ་འབྱུང་བ་འམ། །མི་སྙན་ཤིན་དུ་མི་བཟད་དམ། །ཡང་ན་ཁྱིམ་ནི་མེ་ཆེན་པོས། །ངེས་པར་སྲེག་པར་བྱེད་པར་འགྱུར། ། ཤེས་རབ་འཆལ་བ་ལུས་ཞིག་ནས། །བཅུ་པ་ངན་འགྲོར་འགྲོ་བར་འགྱུར། །སྡིག་པ་བྱས་པས་བག་དབབ་མི་བྱ་སྟེ། །རིང་བྱས་རྒྱང་མར་བྱས་ཀྱང་བག་མི་དབབ། །དབེན་པར་བྱས་ཀྱང་བག་དབབ་མི་བྱ་སྟེ། །དེ་ཡི་རྣམ་ སྨིན་ཡོད་པས་བག་མི་དབབ། །བསོད་ནམས་བྱས་པས་བག་ནི་དབབ་བྱ་སྟེ། །རིང་བྱས་རྒྱང་རིང་བྱས་ཀྱང་བག་དབབ་ཅིང་། །དབེན་པར་བྱས་ཀྱང་བག་ནི་དབབ་པར་བྱ། །དེ་ཡི་རྣམ་སྨིན་ཡོད་པས་བག་དབབ་བོ། ། 67-1-253b བདག་གིས་སྡིག་པ་བྱས་པས་མྱ་ངན་བྱེད། །རིང་དང་རྒྱང་རིང་བྱས་པས་མྱ་ངན་བྱེད། །བདག་གིས་དབེན་པར་བྱས་པས་མྱ་ངན་བྱེད། །དེ་ཡི་རྣམ་སྨན་ཡོད་པས་མྱ་ངན་བྱེད། །བདག་ཉིད་ནག་པོའི་ལས་དང་ལྡན་མཐོང་ནས། ། འདིར་ཡང་མྱ་ངན་གཞན་དུའང་མྱ་ངན་བྱེད། །སྡིག་པ་བྱས་པས་གཉིས་གས་མྱ་ངན་བྱེད། །དེ་ནི་མྱ་ངན་དེ་རབ་མྱ་ངན་བྱེད། །བདག་གིས་བསོད་ནམས་བྱས་པས་དགའ་བར་འགྱུར། །རིང་དང་རྒྱང་རིང་བྱས་པས་དགའ་བར་འགྱུར། ། བདག་གིས་དབེན་པར་བྱས་པས་དགའ་བར་འགྱུར། །དེ་ཡི་རྣམ་སྨིན་ཡོད་པས་དགའ་བར་འགྱུར། །བདག་ཉིད་རྣམ་དག་ལས་དང་ལྡན་མཐོང་ནས། །འདི་ན་དགའ་འགྱུར་གཞན་དུའང་དགའ་བར་འགྱུར། །བསོད་ནམས་ བྱས་པས་གཉི་གར་དགའ་འགྱུར་ཞིང་། །དེ་ནི་དགའ་འགྱུར་དེ་རབ་དགའ་བར་འགྱུར། །བདག་གིས་སྡིག་པ་བྱས་པས་གདུང་འགྱུར་ཞིང་། །རིང་བྱས་རྒྱང་རིང་བྱས་པས་གདུང་བར་འགྱུར། །བདག་གིས་དབེན་པར་བྱས་ པས་གདུང་འགྱུར་ཞིང་། །དེ་ཡི་རྣམ་སྨིན་ཡོད་པས་གདུང་བར་འགྱུར། །བདག་ཉིད་ནག་པོའི་ལས་དང་ལྡན་མཐོང་ནས། །འདི་ན་གདུང་འགྱུར་ཕ་རོལ་གདུང་བར་འགྱུར། །སྡིག་པ་བྱས་པས་གཉི་གར་གདུང་འགྱུར་ཞིང་། ། དེ་ནི་གདུང་འགྱུར་དེ་རབ་གདུང་བར་འགྱུར། །བདག་གིས་བསོད་ནམས་བྱས་པས་དགའ་འགྱུར་ཞིང་། །རིང་བྱས་རྒྱང་རིང་བྱས་པས་དགའ་བར་འགྱུར། །བདག་གིས་དབེན་པར་བྱས་པས་དགའ་འགྱུར་ཞིང་། །དེ་ཡི་རྣམ་ སྨིན་ཡོད་པས་དགའ་བར་འགྱུར། །བདག་ཉིད་ནག་པོའི་ལས་དང་ལྡན་མཐོང་ནས། །འདི་ན་དགའ་འགྱུར་ཕ་རོལ་དགའ་བར་འགྱུར། །བསོད་ནམས་བྱས་པས་གཉིས་གར་དགའ་འགྱུར་ཞིང་། །དེ་ནི་དགའ་འགྱུར་དེ་རབ་དགའ་བར་ འགྱུར། །སྡིག་པ་བྱས་ཤིང་བསོད་ནམས་མ་བྱས་ལ། །ཆོས་དང་གོལ་ཞིང་ཆོས་མིན་ཐོབ་པའི་མི། །སྡིག་པའི་ལས་ཅན་འཆི་བས་འཇིགས་འགྱུར་ཏེ། །ཆུ་ཆེན་ནང་དུ་གྲུ་ངན་ཞིག་པ་བཞིན། །བསོད་ནམས་བྱས་ 67-1-254a ཤིང་སྡིག་པ་མ་བྱས་ལ། །དམ་པ་རྣམས་ཀྱི་སྔོན་གྱི་ཆོས་སྤྱད་པས། །ང་ནི་ནམས་ཀྱང་འཆི་བས་འཇིགས་མེད་དེ། །བརྟན་པ་གྲུ་ཡིས་ཕ་རོལ་འགྲོ་བ་བཞིན། །སྡིག་པའི་ཚོམས་ཏེ་ཉི་ཤུ་རྩ་བརྒྱད་པའོ།། །། ཇི་སྲིད་ཉི་མ་མ་ཤར་བ། །དེ་སྲིད་སྲིན་བུ་མེ་ཁྱེར་སྣང་། །ཉི་མ་ཤར་བར་གྱུར་པ་ན། །སྣང་བ་མེད་ཅིང་སྔོན་པོར་འགྱུར། །ཇི་སྲིད་དེ་བཞིན་གཤེགས་མ་ཤར། །དེ་སྲིད་རྟོག་གེ་པ་རྣམས་སྣང་། །འཇིག་རྟེན་རྫོགས་སངས་རྒྱས་ཤར་ བ། །རྟོག་ཅན་ཉན་ཐོས་བཅས་མི་སྣང་། །གཅེས་མིན་གཅེས་པར་བློས་འཛིན་ཅིང་། །གཅེས་ལ་གཅེས་པ་མིན་རྟོག་སྤྱོད་ཡུལ་ཅན། །དེས་ནི་གཅེས་པ་ཐོབ་མི་འགྱུར། །གཅེས་པ་མིན་ལ་གཅེས་མིན་དང་། །གཅེས་ལ་ གཅེས་པར་འདུ་ཤེས་པ། །ལེགས་པར་ཀུན་རྟོག་སྤྱོད་ཡུལ་ཅན། །དེས་ནི་གཅེས་པ་འཐོབ་པར་འགྱུར། །འདི་ན་ལྟ་དང་ཉན་ལ་མངོན་ཞེས་པའི། །ཆིངས་མ་གསར་དང་གསར་དུ་འཕེལ་བ་དག །འཁོར་བར་རྒྱུག་ཅིང་ འགྲོ་དང་སྡོད་འགྱུར་ཏེ། །མེ་ནང་ལྷུང་བའི་ཕྱེ་མ་ལེབ་དང་འདྲ། །འདི་ལ་མྱོང་འགྱུར་གཞན་ལ་མྱོང་འགྱུར་བ་འམ། །འདི་ན་ཐེ་ཚོམ་ཐ་དད་ཇི་སྙེད་པ། །དེ་དག་ཚངས་པར་སྤྱད་སྤྱོད་འབད་པ་དང་། །སེམས་པར་བྱེད་པས་རབ་ཏུ་རྣམ་པར་ སྤོང་། །གང་ཞིག་སྙིགས་མ་ཡོད་བཞིན་དུ། །ངུར་སྨྲིག་གོས་ནི་གྱོན་བྱེད་པ། །དུལ་དང་དེས་པ་མེད་པ་དེ། །ངུར་སྨྲིག་གྱོན་པའི་འོས་མ་ཡིན། །གང་ཞིག་སྙིགས་མ་རྣམས་སྤངས་ནས། །ཚུལ་ཁྲིམས་ལེགས་པར་མཉམ་ བཞག་པ། །དུལ་དང་དེས་པར་ལྡན་པ་དེ། །ངུར་སྨྲིག་གྱོན་པའི་འོས་ཡིན་ནོ། །གཡོ་སྒྱུ་འཇུངས་དང་ལྡན་པའི་མི། །ཁ་དོག་དང་ནི་གཟུགས་ལྡན་པ་འམ། །ཡང་ན་སྨྲ་བར་བྱེད་ཙམ་གྱིས། །ཕོ་མཆོག་ཡིན་པར་མི་ཆུད་དོ། ། གང་ཞིག་ཆོས་གསུམ་དེ་དག་རྣམས། །ཏ་ལའི་མགོ་བོ་བཞིན་བཅད་ནས། །བློ་ལྡན་སྐྱོན་ནི་བསལ་བ་དེ། །ཕོ་མཆོག་ཡིན་པར་བརྗོད་པར་བྱ། །འཇིག་རྟེན་འདི་ན་ལེགས་པར་མ་བསྡམས་པ། །ཕལ་ཆེར་ལེགས་བསྡམས་ 67-1-254b རྟགས་ཀྱིས་རྒྱུ་བྱེད་པས། །ལེགས་པར་མ་བརྟགས་བར་དུ་མི་དག་གི། མདོག་གཟུགས་ལན་འགའ་མཐོང་བས་ཡིད་མ་རྟོན། །ར་གན་ཁ་བསྒྱུར་ལྟ་བུར་མི་འཚམ་ཞིང་། །ལྕགས་ཕྱེད་གསེར་གྱིས་གཡོགས་པ་ཇི་ལྟ་བུར། ། ཁོང་པ་རབ་གདུག་ཕྱི་རོལ་འཕགས་ཚུལ་གྱིས། །འཇིག་རྟེན་འདི་ན་འཁོར་དང་བཅས་པར་རྒྱུ། །གང་ཞིག་རྡེ་འགེངས་གཉིད་ནི་ལོག་པ་དང་། །ཉིན་དང་མཚན་དུ་འགྲེ་ལྡོག་ཉལ་བྱེད་པ། །རྫབ་ནང་ཕག་ཆེན་ལུས་རྒྱས་ཇི་ ལྟ་བར། །ཡང་དང་ཡང་དུ་སྨད་པའི་མངལ་དུ་འཇུག །མི་ནི་རྟག་ཏུ་དྲན་པ་ལྡན་པ་དང་། །རྟག་ཏུ་ཁ་ཟས་ཀྱི་ནི་ཚོད་ཤེས་པ། །དེ་ཡི་སྡུག་བསྔལ་ཆུང་བར་འགྱུར་བ་དང་། །དལ་བུས་འཇུ་བས་ཚེ་ཡང་རིང་བར་བྱེད། །གང་ཞིག་ དབང་པོ་མ་བསྡམས་ཤིང་། །ཟས་ཀྱི་ཚོད་ནི་མི་ཤེས་ལ། །དྲན་པ་ཉམས་དང་ལེ་ལོ་ཅན། །གཙང་བར་ལྟ་ཞིང་གནས་བྱེད་པ། །དེ་ནི་འདོད་ཆགས་རྣམས་ཀྱིས་བཅོམ། །རླུང་གིས་མི་བརྟན་ལྗོན་ཤིང་བཞིན། །གང་ཞིག་ དབང་པོ་ལེགས་བསྡམས་ཤིང་། །ཟས་ཀྱི་ཚོད་ནི་ཤེས་པ་དང་། །སོ་སོར་དྲན་ཞིང་བརྩོན་འགྲུས་ལྡན། །མི་གཙང་ལྟ་བས་གནས་བྱེད་པ། །དེ་ནི་འདོད་ཆགས་ཀྱིས་མི་ཆོམས། །རླུང་གིས་རི་བོ་མི་གཡོས་བཞིན། ། དགོན་པ་དགའ་བར་བྱ་འོས་པ། །དེ་ལ་སྐྱེ་བོ་མི་དགའ་ཡང་། །དེ་ལ་འདོད་ཆགས་བྲལ་བ་དགའ། །འདོད་པ་ཚོལ་བར་བྱེད་རྣམས་མིན། །དགོན་པ་འམ་ཡང་ན་གྲོང་དག་གམ། །གཤོང་ངམ་ཐང་བུ་དག་ཀྱང་རུང་། །གང་ན་ འཕགས་པ་བཞུགས་པ་ཡི། །ས་དེ་ཡིད་ཏུ་འོང་བ་ཡིན། །དམ་པ་རིང་ནས་སྣང་གྱུར་ཏེ། །གངས་ཅན་གྱི་ནི་རི་བོ་བཞིན། །ངན་པ་ཉེ་ཡང་མི་སྣང་སྟེ། །མུན་ཁྲོད་མདའ་ནི་འཕངས་པ་བཞིན། །མཁས་པ་དོན་སེམས་ བྱེད་པ་ཡི། །དམ་པ་ཉིད་དང་འགྲོགས་ན་ནི། །དོན་ཆེན་འགྱུར་ཞིང་ཟབ་མོ་ཡི། །ཤེས་རབ་སོ་སོར་རྟོགས་པར་འགྱུར། །གཞུ་ཡིས་མདའ་འཕངས་བསྣུན་པ་ཡི། །གཡུལ་ངོའི་གླང་ཆེན་ཇི་བཞིན་དུ། །ཚུལ་འཆལ་ 67-1-255a སྐྱེ་བོ་མང་པོ་ཡིས། །མི་སྙན་སྨྲས་པ་བཟོད་པར་བྱ། །མི་གང་ཁྱིམ་འབིགས་བྱེད་པ་དང་། །དད་པ་མེད་ཅིང་བྱས་མི་གཟོ། །གོ་སྐབས་བཅོམ་དང་སྐྱུགས་པ་ཟ། །དེ་ནི་སྐྱེས་བུ་དམ་པ་ཡིན། །ཕ་མ་དག་ནི་བསད་བྱས་ ཤིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་འཁོར་དང་བཅས་བཅོམ་ན། །མི་ནི་དག་པར་འགྱུར་ཞེས་བྱ། །གང་དག་ཀུན་དུ་སོགས་མེད་ཅིང་། །གང་དག་ཁ་ཟས་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་དང་། དབེན་པ་ཉིད་ཀྱི་སྤྱོད་ཡུལ་ཅན། །དེ་དག་འགྲོ་བ་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། །གང་དག་ཀུན་དུ་སོགས་མེད་ཅིང་། །གང་དག་ཁ་ཟས་ཡོངས་ཤེས་པ། །སྟོང་པ་མཚན་མ་མེད་པ་དང་། །དབེན་པ་ཉིད་ཀྱི་སྤྱོད་ ཡུལ་ཅན། །དེ་དག་རྗེས་ནི་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། །གང་དག་ཀུན་དུ་སོགས་མེད་ཅིང་། །གང་དག་ཁ་ཟས་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་དང་། །རྟག་ཏུ་བསམ་གཏན་སྤྱོད་ཡུལ་ཅན། ། དེ་དག་འགྲོ་བ་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། །གང་དག་ཀུན་དུ་སོགས་མེད་ཅིང་། །གང་དག་ཁ་ཟས་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་དང་། །རྟག་ཏུ་བསམ་གཏན་སྤྱོད་ཡུལ་ཅན། །དེ་དག་རྗེས་ནི་ རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། །གང་དག་ཀུན་དུ་སོགས་མེད་ཅིང་། །གང་དག་ཁ་ཟས་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་དང་། །དབེན་པ་ཉིད་ཀྱི་སྤྱོད་ཡུལ་ཅན། །དེ་དག་འགྲོ་བ་རྟོགས་དཀའ་ སྟེ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། །གང་དག་ཀུན་དུ་སོགས་མེད་ཅིང་། །གང་དག་ཁ་ཟས་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་དང་། །དབེན་པ་ཉིད་ཀྱི་སྤྱོད་ཡུལ་ཅན། །དེ་དག་རྗེས་ནི་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་ བྱ་རྗེས་བཞིན། །གང་དག་ཕ་མཐར་རྟེན་མེད་ཅིང་། །གང་གིས་ཟག་ཟད་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་དང་། །དབེན་པ་ཉིད་ཀྱི་སྤྱོད་ཡུལ་ཅན། །དེ་དག་འགྲོ་བ་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་རྗེས་ 67-1-255b བཞིན། །གང་དག་ཕ་མཐར་རྟེན་མེད་ཅིང་། །གང་གིས་ཟག་ཟད་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་དང་། །དབེན་པ་ཉིད་ཀྱི་སྤྱོད་ཡུལ་ཅན། །དེ་དག་རྗེས་ནི་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། ། གང་དག་ཕ་མཐར་རྟེན་མེད་ཅིང་། །གང་གིས་ཟག་ཟད་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་དང་། །རྟག་ཏུ་བསམ་གཏན་སྤྱོད་ཡུལ་ཅན། །དེ་དག་འགྲོ་བ་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། ། གང་དག་ཕ་མཐར་རྟེན་མེད་ཅིང་། །གང་གིས་ཟག་ཟད་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་དང་། །རྟག་ཏུ་བསམ་གཏན་སྤྱོད་ཡུལ་ཅན། །དེ་དག་རྗེས་ནི་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། ། གང་དག་ཕ་མཐར་རྟེན་མེད་ཅིང་། །གང་གིས་ཟག་ཟད་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་དང་། །རྟག་ཏུ་བསམ་གཏན་སྤྱོད་ཡུལ་ཅན། །དེ་དག་འགྲོ་བ་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། ། གང་དག་ཕ་མཐར་རྟེན་མེད་ཅིང་། །གང་གིས་ཟག་ཟད་ཡོངས་ཤེས་པ། །སྟོང་དང་མཚན་མ་མེད་པ་དང་། །རྟག་ཏུ་བསམ་གཏན་སྤྱོད་ཡུལ་ཅན། །དེ་དག་རྗེས་ནི་རྟོགས་དཀའ་སྟེ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། ། སྐྱེ་དགུ་ཕལ་པ་འདི་དག་ནི། །ཕ་མཐའ་ཉིད་ཏུ་རྒྱུག་བྱེད་པས། །གང་དག་ཕ་རོལ་འགྲོ་བྱེད་པའི། །མི་ཡི་སྐྱེ་བོ་དེ་དག་ཉུང་། །གང་དག་ལེགས་པར་གསུངས་པ་ཡི། །ཆོས་ལ་ཆོས་ཀྱི་རྗེས་ལྟ་བས། །སྐྱེ་བོ་དེ་དག་སྐྱེ་ཤི་ཡི། །མཚོ་ ཆེན་རྒལ་དཀའི་ཕ་རོལ་འགྲོ། །སྐྱོབ་པ་རབ་ཏུ་རྣམ་གྲོལ་ཞིང་། །དུས་འདས་མྱ་ངན་བྲལ་བ་དང་། །མདུད་པ་ཐམས་ཅད་སྤངས་པ་ལ། །ཡོངས་སུ་གདུང་བ་ཡོད་མི་འགྱུར། །འཇིགས་དང་བཅས་པའི་ལམ་རྒལ་ཅིང་། །གཡང་ ས་ཡོངས་སུ་སྤངས་པ་དང་། །སྦྱོར་དང་མདུད་པ་ལས་གྲོལ་བས། །འདོད་ཆགས་ཀྱི་ནི་དུག་ཀུན་བཅོམ། །འདོད་པ་ལྟ་བུའི་འདམ་རྫབ་མེད། །ཞེ་སྡང་ལྟ་བུའི་གནོད་མེད་དོ། །གཏི་མུག་ལྟ་བུའི་རྒྱ་མེད་དེ། །སྲེད་པ་ལྟ་བུའི་ཆུ་ཀླུང་མེད། ། 67-1-256a ནམ་མཁའ་ལ་ནི་རྗེས་ལྟ་བུར། །ཕྱི་རོལ་པ་ལ་དགེ་སྦྱོང་མེད། །བྱིས་པ་སྤྲོས་ལ་མངོན་པར་དགའ། །དེ་བཞིན་གཤེགས་ལ་སྤྲོས་མི་མངའ། །སྦྱོར་བས་བྱིས་པ་ཁྲིད་པའི་ཕྱིར། །མཁས་པ་སྦྱོར་བ་འཇོམས་པར་བྱེད། ། མཁས་པ་ལྷ་དང་མི་དག་གི། སྦྱོར་བ་གང་ཡིན་འཇོམས་བྱེད་པ། །སྦྱོར་བ་ཀུན་དང་བྲལ་བའི་ཕྱིར། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །སྦྱོར་བ་ལས་ནི་སྲིད་པ་བྱུང་། །སྦྱོར་བ་མེད་པས་སྲིད་པ་ཟད། །སྲིད་པ་དང་ནི་སྲིད་ མེད་པའི། །ལམ་འདི་གཉིས་ནི་ཤེས་གྱིས་ལ། །སྦྱོར་ལས་རབ་ཏུ་འདའ་བྱའི་ཕྱིར། །མཁས་པས་དེ་ལ་བསླབ་པར་གྱིས། །ཉེས་པར་སྤྱད་པ་བྱས་པས་གདུང་འགྱུར་ཞིང་། །ངན་འགྲོར་སོང་བའི་འོག་ཏུའང་གདུང་བར་འགྱུར། ། ལེགས་པར་སྤྱད་པ་བྱས་པས་དགའ་འགྱུར་ཞིང་། །བདེ་འགྲོར་སོང་བའི་འོག་ཏུ་འང་དགའ་བར་འགྱུར། །ཕྱི་ནས་གདུང་འགྱུར་དེ་བྱེད་པས། །གཉིས་ན་ཉེས་སྤྱད་མ་བྱས་བླ། །གདུང་བར་མི་འགྱུར་དེ་བྱ་སྟེ། །ལེགས་པར་ སྤྱད་པ་བྱས་ན་རུང་། །མཁས་དང་བྱིས་པ་འདྲེས་པ་ལས། །མ་སྨྲས་ཤེས་པར་མི་འགྱུར་བས། །ཞི་བའི་གོ་འཕང་སྨྲོས་ཤིག་དང་། །སྨྲས་པ་ཡིས་ནི་ཤེས་པར་འགྱུར། །ལེགས་བཤད་དྲང་སྲོང་རྒྱལ་མཚན་ཏོ། ། དྲང་སྲོང་རྒྱལ་མཚན་ཆོས་ཡིན་པས། །ཆོས་ནི་བཤད་པས་གསལ་བྱ་ཞིང་། །དྲང་སྲོང་རྒྱལ་མཚན་བསྒྲེང་བར་གྱིས། །མ་སྨྲས་ན་ཡང་སྨོད་བྱེད་ཅིང་། །མང་དུ་སྨྲས་ན་སྨོད་པར་བྱེད། །དལ་བུས་སྨྲས་ཀྱང་སྨོད་བྱེད་དེ། ། འཇིག་རྟེན་ན་ནི་མི་སྨད་མེད། །གཅིག་ཏུ་སྨད་པར་བྱ་བ་དང་། །གཅིག་ཏུ་བསྟོད་པར་བྱ་བའི་མི། །ད་ལྟར་ཡོད་པ་མ་ཡིན་ཏེ། །འབྱུང་བར་མ་གྱུར་འབྱུང་མི་འགྱུར། །གང་དག་ལ་ནི་གནས་པའི་སྤྲོས་མེད་ཅིང་། །གང་དག་ཀུན་སྦྱོར་གདུང་ ལས་རབ་ལོག་པ། །ཐུབ་པ་སྲེད་བྲལ་དེ་དག་རྒྱུ་མཛད་ཀྱང་། །ལྷར་བཅས་འཇིག་རྟེན་རྣམས་ཀྱིས་མི་ཤེས་སོ། །གང་གིས་དད་དང་ཚུལ་ཁྲིམས་དང་། །བློ་ལ་ཕན་ནི་མ་བྱུང་བར། །ཇི་ལྟ་ཇི་ལྟར་རྟོགས་གྱུར་པའི། །ཤེས་པ་ཅན་ 67-1-256b དག་སྟོད་བྱེད་དེ། །དེ་དག་སུས་ཀྱང་སྨད་འོས་མིན། །འཛམ་བུའི་གླིང་གི་གསེར་རྒྱན་བཞིན། །ཇི་ལྟར་རི་དང་བྲག་དག་ནི། །རླུང་གིས་གཡོས་པར་མི་འགྱུར་ལྟར། །དེ་བཞིན་བསྟོད་དང་སྨད་པ་ཡིས། །མཁས་པ་རབ་ཏུ་གཡོ་བ་མེད། ། ས་ལ་གང་གི་རྩྭ་མེད་པ། །ལོ་མེད་ལྕུག་ཕྲན་ག་ལ་ཡོད། །འཆིང་བ་ལས་གྲོལ་བརྟན་པ་དེའི། །ཇི་ག་སུས་ཀྱང་སྨད་འོས་མིན། །གང་ཞིག་རྒྱལ་ལས་མི་ཉམས་ཤིང་། །འཇིག་རྟེན་མ་རྒྱལ་ཆུང་ཟད་མེད། །སངས་རྒྱས་སྤྱོད་ཡུལ་མཐའ་ཡས་ དེ། །འགྲོ་མེད་གོམ་པ་གང་གིས་བཀྲི། །གང་ཞིག་རྒྱལ་ལས་མི་ཉམས་ཤིང་། །འཇིག་རྟེན་མ་རྒྱལ་ཆུང་ཟད་མེད། །སངས་རྒྱས་མཐུ་རྩལ་མཐའ་ཡས་དེ། །འགྲོ་མེད་གོམ་པ་གང་གིས་བཀྲི། །གང་ལ་འཁྲིད་བྱེད་སྲིད་པ་ནི། ། ཡུལ་སྲེད་འདྲ་བ་དགའ་མེད་པ། །སངས་རྒྱས་སྤྱོད་ཡུལ་མཐའ་ཡས་དེ། །འགྲོ་མེད་གོམ་པ་གང་གིས་བཀྲི། །གང་ལ་འཁྲིད་བྱེད་སྲིད་པ་ནི། །ཡུལ་སྲིད་དྲ་བ་དགའ་མེད་པ། །སངས་རྒྱས་མཐུ་རྩལ་མཐའ་ཡས་དེ། །འགྲོ་མེད་གོམ་ པ་གང་གིས་བཀྲི། །གང་ཞིག་རྣམ་པར་རྟོག་པ་རྣམ་བསལ་ཅིང་། །ནང་གི་ཀུན་ལ་རྣམ་པར་རྟོག་མེད་པ། །ཀུན་དུ་སྦྱོར་དང་གཟུགས་དང་འདུ་ཤེས་འདས། །རྣལ་འབྱོར་བཞི་དང་བྲལ་བ་སྐྱེ་བ་མེད། །སྔོན་བྲལ་ཕྱི་མ་དང་བྲལ་ ཞིང་། །དབུས་བྲལ་སྲིད་པའི་ཕ་རོལ་ཕྱིན། །རྣམ་པ་ཀུན་ལས་སེམས་གྲོལ་བ། །སྐྱེ་རྒ་ཕྱི་མ་འདྲེན་མི་འགྱུར། །ཕྲུགས་ཀྱི་ཚོམས་ཏེ་ཉི་ཤུ་དགུ་པའོ།། །། རྒྱལ་བ་ལས་ནི་འཁོན་བྱུང་ཞིང་། །ཕ་རོལ་ཕམ་པ་སྡུག་ བསྔལ་འཐོབ། །རྒྱལ་དང་ཕ་རོལ་ཕམ་སྤངས་ན། །ཉེ་བར་ཞི་བའི་བདེ་བ་འཐོབ། །གཞན་ལ་སྡུག་བསྔལ་བསྐྱེད་པ་ཡིས། །གང་ཞིག་བདག་ནི་བདེ་འདོད་པ། །དགྲ་དང་མི་འབྲལ་འགྲོགས་པ་དང་། །དེ་ནི་སྡུག་བསྔལ་ལས་མི་ འགྲོལ། །བདེ་བ་འདོད་ཕྱིར་འབྱུང་པོ་ལ། །གང་ཞིག་འཚེ་ཞིང་ཆད་པས་གཅོད། །བདག་གི་བདེ་བ་འདོད་པ་དེ། །ཕ་རོལ་དུ་ནི་བདེ་མི་འགྱུར། །གང་ཞིག་བདེ་བ་འདོད་པ་དག །འབྱུང་པོ་ལ་ནི་མི་འཚེ་ཞིང་། །ཆད་པས་མི་གཅོད་ 67-1-257a བདེ་འདོད་པ། །དེ་དག་ཕ་རོལ་བདེ་བ་འཐོབ། །ཆོས་སྤྱོད་ལེགས་པར་སྤྱད་བྱ་ཞིང་། །ཉེས་པར་སྤྱད་པ་དེ་མི་སྤྱོད། །འཇིག་རྟེན་འདི་དང་ཕ་རོལ་དུ། །ཆོས་སྤྱད་པས་ནི་བདེ་བ་འཐོབ། །ཆོས་ལ་ལེགས་སྤྱོད་བདེ་ སྐྱེད་པས། །ཆོས་སྤྱོད་ཆོས་ཀྱིས་བསྲུང་བར་བྱ། །ཆོས་སྤྱོད་ངན་འགྲོར་མི་འགྲོ་བ། །ཆོས་ལ་ལེགས་སྤྱོད་ཕན་ཡོད་དེའོ། །ཡངས་པའི་གདུགས་ཀྱིས་དབྱར་ཀ་ལྟར། །ཆོས་སྤྱོད་ཆོས་ཀྱིས་བསྲུང་བར་བྱ། །ཆོས་སྤྱོད་ ངན་འགྲོར་མི་འགྲོ་བ། །ཆོས་ལ་ལེགས་སྤྱོད་ཕན་ཡོད་དེའོ། །བག་མེད་མི་ཡིས་ཆོས་མིན་སྤྱད་ན་ནི། །འགྲོ་བ་གང་ཡང་རུང་བ་ངན་འགྲོར་འགྲོ། །འདི་ན་སྦྲུལ་ནག་རྐེད་ནས་བཟུང་བ་ལྟར། །ཆོས་མིན་སྤྱོད་པ་དེ་དག་རླག་ པར་འགྱུར། །ཆོས་དང་ཆོས་མིན་གཉིས་ག་ཡི། །རྣམ་སྨིན་འདྲ་བར་མི་འགྱུར་ཏེ། །ཆོས་མ་ཡིན་པས་དམྱལ་བར་འགྲོ། །ཆོས་ཀྱིས་བདེ་འགྲོ་ཐོབ་པར་བྱེད། །སྦྱིན་པ་བྱེད་པའི་དུས་དང་གཡུལ་འགྱེད་དུས། །རྒྱུ་ ཡིས་ཡོངས་སུ་བཟུང་བར་འདྲ་བས་ན། །སྦྱིན་པ་བྱེད་དང་གཡུལ་འགྱེད་འདྲ་ཞེས་གསུངས། །ཡོན་ཏན་དེ་གཉིས་མི་ངན་རྟེན་མི་བྱེད། །ཤིན་དུ་ལེགས་པར་ཆས་པ་གཅིག་པུས་ཀྱང་། །ལེགས་པར་མ་ཆས་འཕྱེས་ ལས་རྒྱལ་བྱེད་ལྟར། །གལ་ཏེ་དད་པ་བསྐྱེད་ན་ཆུང་ངུ་བྱིན་པས་ཀྱང་། །དེས་ནི་དེ་དག་གཞན་དུ་བདེ་བར་འགྱུར། །འདི་ན་ལན་བརྒྱར་གཡུལ་ཟློག་དཔའ་བོ་བས། །སེར་སྣ་དགྲར་གྱུར་ཟིལ་གྱིས་མནན་ནས་སུ། །གང་ཞིག་ ཆགས་མེད་སེམས་ཀྱིས་སྦྱིན་བྱེད་པ། །དེ་དག་ཆེས་དཔའ་ཡིན་པར་ངས་གསུངས་སོ། །བསོད་ནམས་རྣམ་སྨིན་བདེ་བ་སྟེ། །མངོན་པར་བསམས་པ་འབྱོར་བར་བྱེད། །མྱུར་དུ་ཞི་བ་དམ་པ་ཡི། །མྱ་ངན་འདས་པ་ཐོབ་པར་ འགྱུར། །བསོད་ནམས་བྱེད་པ་རྣམས་ལ་ནི། །གཞན་ལས་བྱུང་བའི་གནོད་པ་དང་། །ལྷ་དང་བདུད་ཀྱི་རིས་རྣམས་ཀྱིས། །བར་ཆད་བྱ་བར་མི་ནུས་སོ། །གལ་ཏེ་སྡུག་བསྔལ་ཟད་བྱའི་ཕྱིར། །འཕགས་དང་ཤེས་རབ་ 67-1-257b གཏོང་ལྡན་ལ། །དེ་ཡིས་འབད་རྩོལ་བྱས་ན་ནི། །ལྷག་མཐོང་གིས་ནི་རེག་པར་འགྱུར། །སེམས་ནི་རབ་ཏུ་རྣམ་དང་བས། །ཆོས་ལ་དགའ་བྱེད་བདེ་བ་འཐོབ། །འཕགས་པས་གསུངས་པའི་ཆོས་དག་ལ། །མཁས་པ་ རྟག་ཏུ་དགའ་བར་བྱེད། །གང་དག་སེམས་ནི་བསམ་གཏན་དགའ། །གང་ཞིག་སྐྱེ་མེད་དགའ་བ་དང་། །དྲན་པ་ཉེ་བར་གཞག་བཞི་དང་། །བྱང་ཆུབ་ཡན་ལག་བདུན་དག་དང་། །རྫུ་འཕྲུལ་རྐང་པ་བཞི་རྣམས་དང་། ། ཡན་ལག་བརྒྱད་ལམ་གང་དགའ་བ། །དེ་དག་ཆོས་གོས་འཆང་བ་དང་། །བསོད་སྙོམས་བདེ་བར་ཟ་བར་བྱེད། །དེ་དག་རི་དང་ནགས་ཚལ་ན། །བདེ་བར་འཆག་པར་བྱེད་པ་དང་། །དེ་དག་བདེ་འཐོབ་བདེ་བར་ནི། །མཐོང་བའི་ ཆོས་ལ་མྱ་ངན་འདའ། །འཁོན་དང་འཇིགས་པ་ཀུན་འདས་ཤིང་། །འཇིག་རྟེན་ཡུལ་གྱི་སྲིད་ལས་རྒལ། །ཆོས་ཐོས་པ་དང་མཐོང་བ་དང་། །དབེན་པར་དགའ་བ་བདེ་བ་སྟེ། །འཇིག་རྟེན་སྲོག་ཆགས་འབྱུང་པོ་ལ། །འཚེ་མེད་ ཡང་དག་སྡོམ་པ་བདེ། །འདོད་པ་རྣམས་ལས་རབ་འདས་ཤིང་། །འཇིག་རྟེན་འདོད་ཆགས་བྲལ་བ་བདེ། །ངའོ་སྙམ་པའི་ང་རྒྱལ་དག །བཏུལ་བ་དེ་དག་མཆོག་ཏུ་བདེ། །རྒས་ཁར་ཚུལ་ཁྲིམས་ལྡན་པ་བདེ། །དད་ལ་རབ་ཏུ་ གནས་པ་བདེ། །དོན་ལྡན་ཚིག་ལ་དགའ་བ་བདེ། །སྡིག་པ་མི་བྱེད་པ་དག་བདེ། །འཇིག་རྟེན་ན་ནི་ཕར་འཛིན་བདེ། །དེ་བཞིན་མར་ཡང་འཛིན་པ་བདེ། །འཇིག་རྟེན་དགེ་སྦྱོང་འཛིན་པ་བདེ། །དེ་བཞིན་བྲམ་ཟེར་འཛིན་ པ་བདེ། །སངས་རྒྱས་རྣམས་ནི་འབྱུང་བ་བདེ། །དེ་བཞིན་ཆོས་རྣམས་བསྟན་པ་བདེ། །དགེ་འདུན་རྣམས་ནི་འཐུན་པ་བདེ། །འཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། །མང་དུ་ཐོས་པ་ མཐོང་བ་བདེ། །ཡང་སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་དག་མཐོང་བ་བདེ། །འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཆོས་ཀྱིས་རྒྱལ་བའི་སྐྱེ་བོ་བདེ། །ཤེས་རབ་ཐོབ་པར་གྱུར་པ་བདེ། །ང་འོ་ང་རྒྱལ་ཟད་ 67-1-258a པ་བདེ། །འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་དག་དང་འགྲོགས་པ་བདེ། །བྱིས་པ་རྣམས་ནི་མ་མཐོང་ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར། །རྣམ་པ་ཀུན་དུ་དགྲ་འདྲ་བའི། །བྱིས་དང་འགྲོགས་པ་སྡུག་བསྔལ་ ཞིང་། །བྱིས་པ་དག་དང་འགྲོགས་བྱེད་པ། །ཡུན་རིང་རྗེས་སུ་འགྱོད་པར་འགྱུར། །སྐྱེས་བུ་ཅང་ཤེས་དཀོན་པ་སྟེ། །དེ་དག་ཀུན་དུ་འབྱུང་མ་ཡིན། །བརྟན་པ་རྣམས་དང་འགྲོགས་པ་དག །གཉེན་དང་ཕྲད་པ་ལྟ་བུར་བདེ། ། གང་དུ་བརྟན་པ་དེ་སྐྱེས་པ། །དེ་ཡི་རིགས་ཀྱིས་བདེ་བ་འཐོབ། །བྲམ་ཟེ་མྱ་ངན་འདས་པ་དག །རྣམ་པ་ཀུན་དུ་བདེ་བར་འཇུག །གང་ཞིག་འདོད་པས་མ་གོས་ཤིང་། །ཟག་མེད་རབ་ཏུ་རྣམ་གྲོལ་བ། །སྲེད་པ་ཐམས་ཅད་ གཏུབས་པ་དག །སྙིང་ལས་རིམས་ནད་རྣམ་པར་བསལ། །སེམས་ཀྱིས་ཞི་བ་ཐོབ་པ་རྣམས། །ཉེ་བར་ཞི་ཞིང་བདེ་བར་འཇུག །གང་ཞིག་བདེ་བ་ཡངས་འདོད་ཅིང་། །བདེ་བ་ཆུང་ངུ་གཏོང་འདོད་པའི། །བརྟན་པས་བདེ་ཆུང་ སྤང་བྱས་ན། །བདེ་བ་ཡངས་པ་ལེགས་པར་མཐོང་། །འཇིག་རྟེན་འདོད་བདེ་གང་ཡིན་དང་། །ལྷ་ཡུལ་བདེ་བ་གང་ཡིན་པས། །སྲེད་པ་ཟད་པའི་བདེ་བ་དེའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཁུར་གྱིས་སྡུག་བསྔལ་བླངས་པས་ ན། །ཁུར་བོར་ན་ནི་བདེ་བར་འགྱུར། །ལྕི་བའི་ཁུར་དག་ངེས་བོར་ན། །ཕྱི་ནས་གཞན་དག་ལེན་མི་འགྱུར། །ཀུན་སྦྱོར་ཐམས་ཅད་ཟད་པའི་ཕྱིར། །སྲེད་པ་ཐམས་ཅད་རབ་ཏུ་སྤོངས། །ཕུང་པོ་ཐམས་ཅད་ཡོངས་ཤེས་ན། ། སྲིད་པ་ཕྱི་མར་འགྲོ་བ་མེད། །དོན་རྣམས་བསྐྲུན་པ་ལ་ནི་གྲོགས་ལྡན་བདེ། །སྲོག་དག་རབ་ཏུ་གཏུགས་ལ་བསོད་ནམས་བདེ། །ངན་ངོན་ཙམ་གྱིས་ལེགས་པར་ཆོག་ཤེས་བདེ། །སྡུག་བསྔལ་ཐམས་ཅད་ངེས་པར་ནུབ་ པ་བདེ། །འདི་ན་མེ་ནི་འབར་བ་ལ། །ལྕགས་ཀྱི་ཐོ་བས་བརྒྱབ་པ་ཡིས། །རིམ་གྱིས་ཉེ་བར་ཞི་འགྱུར་ཏེ། །ཇི་ལྟར་སོང་བ་མི་ཤེས་ལྟར། །འདོད་པའི་འདམ་རྫབ་ཆུ་རྒལ་ཅིང་། །གོ་འཕང་མི་གཡོ་ཐོབ་པ་དང་། ། 67-1-258b ལེགས་པར་རྣམ་པར་གྲོལ་རྣམས་ཀྱི། །འགྲོ་བ་གདགས་སུ་མེད་པ་ཡིན། །གང་ཞིག་ཁོང་ན་འཁྲུག་པ་མེད་པ་དང་། །གང་ཞིག་སྲེད་དང་སྲེད་མིན་ལས་ལོག་པ། །དེ་དག་འཇིགས་བྲལ་བདེ་ཞིང་མྱ་ངན་མེད། །ལྷས་ཀྱང་ བལྟ་ཞིང་བསམ་དུ་མེད་པར་འགྱུར། །འདི་ན་གང་དག་ཆོས་མང་ཐོས་པ་དང་། །རྟོགས་ཤིང་ཅི་ཡང་མེད་པ་ཀྱེ་རེ་བདེ། །སྐྱེ་བོ་སྐྱེ་བོའི་ལུས་ལ་རབ་ཆགས་ཤིང་། །ཆུང་ཟད་ཡོད་པ་བརླག་པར་གྱུར་ལ་ལྟོས། །འདི་ ན་གང་དག་ཆོས་མང་ཐོས་པ་དང་། །རྟོགས་ཤིང་ཅི་ཡང་མེད་པ་ཀྱེ་རེ་བདེ། །སྐྱེ་བོ་སྐྱེ་བོའི་ལུས་ལ་རབ་ཆགས་ཤིང་། །ཆུང་ཟད་ཡོད་པ་བརླག་པར་གྱུར་ལ་ལྟོས། །སྐྱེ་བོ་ཅི་མེད་ཡོན་ཏན་རྟོགས་པ་དང་། །སྐྱེ་བོ་ཅི་ ཡང་མེད་པར་གྱུར་པ་བདེ། །སྐྱེ་བོ་སྐྱེ་བོའི་སེམས་ལ་རབ་ཆགས་ཤིང་། །ཆུང་ཟད་ཡོད་པ་བརླག་པར་གྱུར་ལ་ལྟོས། །སྐྱེ་བོ་ཅི་མེད་ཡོན་ཏན་རྟོགས་པ་དང་། །སྐྱེ་བོ་ཅི་ཡང་མེད་པར་གྱུར་པ་བདེ། །སྐྱེ་བོ་སྐྱེ་བོའི་ལུས་ལ་རབ་ ཆགས་ཤིང་། །ཆུང་ཟད་ཡོད་པ་བརླག་པར་གྱུར་ལ་ལྟོས། །གཞན་གྱི་དབང་གྱུར་ཀུན་སྡུག་སྟེ། །རང་དབང་ཡོད་པ་ཐམས་ཅད་བདེ། །སྦྱོར་བ་ཤིན་དུ་སྤང་དཀའ་བ། །ཐུན་མོང་གྱུར་པས་བརླག་པར་ཟད། །ཞེན་པར་གྱུར་པའི་ མི་ནང་ན། །ཞེན་པ་མེད་པར་གནས་པ་དང་། །ཞེན་པའི་ནང་ན་མ་ཞེན་པ། །ཀྱེ་མའོ་ཤིན་དུ་བདེ་བར་འཚོ། །ནད་ཀྱིས་ཐེབས་པའི་མི་ནང་ན། །ནད་མེད་པར་ནི་གནས་པ་དང་། །ནད་པའི་ནང་ན་ནད་མེད་པ། །ཀྱེ་མའོ་ཤིན་ དུ་བདེ་བར་འཚོ། །འཚེ་བ་ཅན་གྱི་མི་ནང་ན། །འཚེ་བ་མེད་པར་གནས་པ་དང་། །འཚེ་བའི་ནང་ན་འཚེ་མེད་པ། །ཀྱེ་མའོ་ཤིན་དུ་བདེ་བར་འཚོ། །གནོད་སེམས་ཅན་གྱི་མི་ནང་ན། །གནོད་སེམས་མེད་པར་གནས་ པ་དང་། །གནོད་སེམས་ཅན་ནང་གནོད་མེད་པ། །ཀྱེ་མའོ་ཤིན་དུ་བདེ་བར་འཚོ། །ཤ་ཁོན་ཅན་གྱི་མི་ནང་ན། །ཤ་ཁོན་མེད་པར་གནས་པ་དང་། །ཤ་ཁོན་ཅན་ནང་འཁོན་མེད་པ། །ཀྱེ་མའོ་ཤིན་དུ་བདེ་བར་འཚོ། ། 67-1-259a མི་ཐི་ལ་དག་རབ་བསྲེགས་ཀྱང་། །ང་ལ་ཅི་ཡང་ཚིག་པ་མེད། །ང་ལ་གང་དག་ཅི་མེད་པས། །ཀྱེ་མའོ་ཤིན་དུ་བདེ་བར་འཚོ། །ང་ལ་ཅི་ཡང་མེད་མོད་ཀྱི། །དགའ་བ་ཟ་བར་བྱེད་པས་ན། །འོད་གསལ་གྱི་ནི་ལྷ་བཞིན་ དུ། །ཀྱེ་མའོ་ཤིན་དུ་བདེ་བར་འཚོ། །འཇིག་ཚོགས་ལ་ནི་མི་རྟེན་པས། །ང་ལ་ཅི་ཡང་མེད་མོད་ཀྱིས། །དགའ་བ་ཟ་བར་བྱེད་པས་ན། །ཀྱེ་མའོ་ཤིན་དུ་བདེ་བར་འཚོ། །ལེན་པའི་རྐྱེན་གྱིས་ཕྲད་ཅིང་རེག་འགྱུར་གྱི། ། ལེན་མེད་ཅི་དང་ཕྲད་ཅིང་རེག་མེད་པས། །བདག་དང་གཞན་གྱིས་བསྐྱེད་པའི་བདེ་སྡུག་གིས། །དགོན་པ་འམ་གྲོང་དུ་རེག་པར་མི་འགྱུར་རོ། །འཇིག་རྟེན་འདི་ན་བདེ་དང་སྡུག་བསྔལ་གྱིས། །སྐྱེས་བུ་དམ་པ་མཐོ་དམན་མི་འགྱུར་ ཞིང་། །བརྟན་རྣམས་འདོད་པའི་རྒྱུ་ཡིས་མི་འཁྱལ་བར། །སྐྱེས་བུ་དམ་པ་ཀུན་དུ་འགྲོ་བར་བྱེད། །བདེ་བའི་ཚོམས་ཏེ་སུམ་བཅུ་པའོ།། །། ཆེད་དུ་བརྗོད་པའི་ཚོམས། བམ་པོ་བཞི་པ་སྟེ་ཐ་མ། གཟུང་བར་དཀའ་ ཞིང་ཡང་བ་དང་། །གང་དུ་དགའ་བར་འགྲོ་བ་ཡི། །སེམས་དུལ་བ་ནི་ལེགས་པ་སྟེ། །སེམས་དུལ་བ་ཡིས་བདེ་བ་འདྲེན། །བདུད་ཀྱི་གཞི་དག་སྤོང་བ་ནི། །ཆུ་བོའི་གནས་ནས་རབ་བཏོན་ཏེ། །ཐང་ལ་བོར་བའི་ཉ་ལྟ་ བུར། །བདག་གི་སེམས་ནི་ཡོངས་སུ་གཡོ། །ཉི་མ་ལས་ནི་འོད་ཟེར་ལྟར། །བདག་གི་སེམས་ནི་སོ་སོར་རྒྱུག །དེ་དག་མཁས་པས་ངེས་བཟློག་སྟེ། །ལྕགས་ཀྱུ་ཡིས་ནི་གླང་ཆེན་བཞིན། །ང་ལ་དོན་མེད་སྤྱོད་པ་ དང་། །བལྟར་མེད་སྙིང་པོ་མེད་པ་དེ། །རྟག་ཏུ་གདུལ་བར་བྱ་བའི་ཕྱིར། །སེམས་དེ་ལ་ནི་ང་སྨྲའོ། །སེམས་འདི་སྔོན་ཆད་ཇི་ལྟར་འདོད་པ་དང་། །དགའ་དགུར་སྤྱོད་ཅིང་རྒྱུ་བར་བྱེད་པ་དག །གླང་ཆེན་མྱོས་ལ་མི་ཡིས་ལྕགས་ཀྱུ་ ལྟར། །དེ་ནི་ཚུལ་བཞིན་བྱ་བས་དེ་བཟུང་ངོ་། །ཁང་ཁྱིམ་བྱེད་པ་འདི་ཡིས་ནི། །ཡང་ཡང་སྐྱེ་བའི་སྡུག་བསྔལ་ཅན། །སྐྱེ་བའི་འཁོར་བ་དུ་མ་ཞིག །ད་ལྟར་ཕན་ཅད་ཁྱོད་ཀྱི་ཕྱུང་། །ཁང་ཁྱིམ་བྱེད་པ་ཁྱོད་མཐོང་བས། ། 67-1-259b ཁྱིམ་གྱི་གདུང་ཆེན་རྣམ་བཅོམ་ལ། །ཕྱམ་རྣམས་ཐམས་ཅད་བཅག་ནས་སུ། །ཕྱིན་ཅད་ཁྱིམ་བྱེད་མི་གཞུག་གོ། །སེམས་ནི་འདུ་བྱེད་དང་བྲལ་ནས། །འདི་ཉིད་ལ་ནི་ཟད་པར་འདོད། །སེམས་ནི་གཡོ་ཞིང་བརྫུན་པ་སྟེ། །རིང་དུ་འགྲོ་ཞིང་བཟློག་དཀའ་བ། །མདའ་ མཁན་མེ་ཡིས་སྲོང་བ་ལྟར། །ཡིད་གཞུངས་པ་ཡིས་བསྲང་བར་བྱ། །གང་ཞིག་ལུས་མེད་ཕུག་ན་གནས། །གཅིག་པུ་རྒྱུ་ཞིང་རིང་འགྲོ་བའི། །སེམས་དེ་འདུལ་བར་བྱེད་པ་ནི། །འཇིགས་པ་ཆེ་ལས་ཐར་བར་འགྱུར། །ལོག་པའི་སྨོན་ལྡན་སེམས་གང་གིས། ། བདག་ཉིད་སྡུག་བསྔལ་བྱེད་འགྱུར་བའི། །དེ་ལྟར་འཁོན་གྱིས་འཁོན་ཅན་དང་། །དགྲ་བོས་དགྲ་ལ་བྱེད་མི་འགྱུར། །ཡང་དག་སྨོན་ལྡན་སེམས་གང་གིས། །བདག་ཉིད་བདེ་བར་བྱེད་འགྱུར་བ། །དེ་ལྟར་ཕ་དང་མ་དག་དང་། །གཉེན་གཞན་གྱིས་ ཀྱང་བྱེད་མི་འགྱུར། །ཇི་ལྟར་ཁང་སྟེང་གཡོག་ཉེས་ན། །ཆར་པ་ཡོངས་སུ་འཇག་པ་ལྟར། །དེ་བཞིན་སེམས་ནི་མ་བསྒོམས་པ། །འདོད་ཆགས་རྣམས་ཀྱིས་ཡོངས་སུ་བཅོམ། །ཇི་ལྟར་ཁང་སྟེང་གཡོག་ལེགས་ན། །ཆར་པ་རྣམ་པར་མི་འཛག་པ། ། དེ་བཞིན་ལེགས་པར་བསྒོམས་པའི་སེམས། །འདོད་ཆགས་རྣམས་ཀྱིས་ཡོང་མི་ཆོམས། །ཇི་ལྟར་ཁང་སྟེང་གཡོག་ཉེས་ན། །ཆར་པ་ཡོངས་སུ་འཛག་པ་ལྟར། །དེ་བཞིན་སེམས་ནི་མ་བསྒོམས་པ། །ཞེ་སྡང་རྣམས་ཀྱིས་ཡོངས་སུ་བཅོམ། ། ཇི་ལྟར་ཁང་སྟེང་གཡོག་ལེགས་ན། །ཆར་པ་རྣམ་པར་མི་འཛག་པ། །དེ་བཞིན་ལེགས་པར་བསྒོམ་པའི་སེམས། །ཞེ་སྡང་རྣམས་ཀྱིས་ཡོང་མི་ཆོམས། །ཇི་ལྟར་ཁང་སྟེང་གཡོག་ཉེས་ན། །ཆར་པ་ཡོངས་སུ་འཛག་པ་ལྟར། །དེ་བཞིན་སེམས་ནི་མ་ བསྒོམས་པ། །གཏི་མུག་རྣམས་ཀྱིས་ཡོངས་སུ་བཅོམ། །ཇི་ལྟར་ཁང་སྟེང་གཡོག་ལེགས་ན། །ཆར་པ་རྣམ་པར་མི་འཛག་པར། །དེ་བཞིན་ལེགས་པར་བསྒོམས་པའི་སེམས། །གཏི་མུག་རྣམས་ཀྱིས་ཡོང་མི་ཆོམས། །ཇི་ལྟར་ཁང་སྟེང་གཡོག་ཉེས་ན། ། ཆར་པ་ཡོངས་སུ་འཛག་པ་ལྟར། །དེ་བཞིན་སེམས་ནི་མ་བསྒོམས་པ། །ང་རྒྱལ་རྣམས་ཀྱིས་ཡོངས་སུ་བཅོམ། །ཇི་ལྟར་ཁང་སྟེང་གཡོག་ལེགས་ན། །ཆར་པ་རྣམ་པར་མི་འཛག་པ། །དེ་བཞིན་ལེགས་པར་བསྒོམས་པའི་སེམས། །ང་རྒྱལ་ 67-1-260a རྣམས་ཀྱིས་ཡོང་མི་ཆོམས། །ཇི་ལྟར་ཁང་སྟེང་གཡོག་ཉེས་པ། །ཆར་པ་ཡོངས་སུ་འཛག་པ་ལྟར། །དེ་བཞིན་སེམས་ནི་མ་བསྒོམས་པ། །ཆགས་པ་རྣམས་ཀྱིས་ཡོངས་སུ་བཅོམ། །ཇི་ལྟར་ཁང་སྟེང་གཡོག་ ལེགས་ན། །ཆར་པ་རྣམ་པར་མི་འཛག་པ། །དེ་བཞིན་ལེགས་པར་བསྒོམས་པའི་སེམས། །ཆགས་པ་རྣམས་ཀྱིས་ཡོང་མི་ཆོམས། །ཇི་ལྟར་ཁང་སྟེང་གཡོག་ཉེས་ན། །ཆར་པ་ཡོངས་སུ་འཛག་པ་ལྟར། །དེ་བཞིན་སེམས་ ནི་མ་བསྒོམས་པ། །སྲེད་པ་རྣམས་ཀྱིས་ཡོངས་སུ་བཅོམ། །ཇི་ལྟར་ཁང་སྟེང་གཡོག་ལེགས་ན། །ཆར་པ་རྣམ་པར་མི་འཛག་པ། །དེ་བཞིན་ལེགས་པར་བསྒོམས་པའི་སེམས། །སྲེད་པ་རྣམས་ཀྱིས་ཡོང་མི་ཆོམས། ། ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ། །ཡིད་མགྱོགས་ཡིད་ནི་གཙོ་བོ་ཡིན། །གལ་ཏེ་ཡིད་རབ་གདུག་པ་ཡིས། །སྨྲས་སམ་ཡང་ན་བྱས་ཀྱང་རུང་། །དེ་ཡིས་དེ་ནི་སྡུག་བསྔལ་འཐོབ། །འཁོར་ལོས་མགོ་བོ་བཅད་པ་བཞིན། ། ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ། །ཡིད་མགྱོགས་ཡིད་ནི་གཙོ་བོ་ཡིན། །གལ་ཏེ་ཡིད་རབ་དང་བ་ཡིས། །སྨྲས་སམ་ཡང་ན་བྱས་ཀྱང་རུང་། །དེ་ཡིས་དེ་ནི་བདེ་བ་འཐོབ། །གྲིབ་མ་རྗེས་སུ་འབྲང་བ་བཞིན། །བཅད་པ་ཆེད་ ཆེར་འཛིན་པ་དང་། །སེམས་ནི་ཉོན་མོངས་གྱུར་པ་ཡིས། །གླགས་སྐབས་ཚོལ་བར་བྱེད་པ་ཡིས། །ལེགས་བཤད་ལེགས་པར་མི་ཤེས་སོ། །སྡང་བའམ་ཡང་ན་འཁྲུག་པ་འམ། །དད་པ་མེད་པའི་ སེམས་དག་གིས། །རྫོགས་སངས་རྒྱས་ཀྱི་བསྟན་པ་ཡི། །དམ་ཆོས་ཀུན་ཤེས་མི་ནུས་སོ། །གང་གིས་བག་མེད་སེམས་དང་ནི། །ཁྲོ་བ་རྣམ་པར་བཏུལ་བ་དང་། །འདི་ན་གནོད་སེམས་རབ་སྤངས་པ། ། དེས་ནི་ལེགས་པར་བཤད་པ་ཤེས། །སེམས་ཀྱི་བརྟན་པ་མེད་པ་ཡིས། །དམ་ཆོས་རྣམ་པར་ཤེས་མི་འགྱུར། །དད་པ་འགྱུར་ལྡོག་བྱེད་པ་ཡི། །ཤེས་རབ་ཡོངས་སུ་རྫོགས་མི་འགྱུར། །ཀུན་རྟོག་ལ་ཆུམས་ 67-1-260b རྟེན་པ་ཡི། །ལྟ་ངན་སུམ་བཅུ་རྩ་དྲུག་གི། ཆུ་བོའི་རྒྱུན་ནི་གང་ཡིན་པ། །ཡིད་ཀྱི་རྒྱུན་ལས་རབ་ཏུ་འབབ། །དགའ་སེམས་དང་པོ་ཕལ་པ་དང་། །སེམས་ཀྱི་རྗེས་འབྲང་ཞན་པ་ཡི། །མི་དེའི་གྲགས་འགྲིབ་འབྲས་ ལྷགས་པའི། །ལྗོན་ཤིང་ལ་ནི་བྱ་བཞིན་ནོ། །སེམས་ཁྱོད་ཕུང་ཁྲོལ་འདོད་ལ་དགའ་མ་བྱེད། །བརྩོན་སེམས་བག་ཡོད་པ་ལ་གནས་པར་གྱིས། །བག་མེད་བྱས་པས་དམྱལ་བར་བཙོས་པ་ན། །ལྕགས་གོང་མིད་ པས་ཁྱོད་ནི་མ་ངུ་ཤིག །ལྡང་བའི་དུས་ཚེ་འདུག་པར་བྱེད་པ་དང་། །ལང་ཚོ་སྟོབས་ལྡན་མི་འབད་ཁྱིམ་འདུག་དང་། །བསམ་པ་རྫོགས་ཚེ་ལེ་ལོ་བྱེད་པ་ཡི། །མི་ཡི་ཤེས་རབ་ལམ་རྟོགས་མི་འགྱུར་རོ། །ཕྲན་ཚེགས་རྣམ་ རྟོགས་ཞིབ་མོར་རྣམ་རྟོག་པས། །ནང་ན་གནས་པའི་ཡིད་ནི་གཡེན་ཡང་སྤྱོ། །ཡིད་ཀྱི་རྣམ་རྟོག་དེ་དག་མ་ཤེས་ན། །འཁྲུལ་སེམས་ཡང་དང་ཡང་དུ་རྒྱུག་པར་བྱེད། །གང་ཞིག་དྲན་ལྡན་རྣམ་འབྱེད་བརྩོན་པ་དང་། ། རྣམ་པར་རྟོག་ལ་མཁས་པས་དེ་ཤེས་ན། །ནང་ན་གནས་པའི་ཡིད་ནི་གཡེན་སྤྱོ་བ། །ཐམས་ཅད་མ་ལུས་བློ་ཡིས་རབ་ཏུ་སྤོང་། །ལུས་འདི་བུམ་པ་འདྲ་བར་རྟོགས་བྱས་ཤིང་། །གྲོང་ཁྱེར་འདྲ་བའི་སེམས་ཀྱིས་སྲན་བཙུགས་ ནས། །ཤེས་རབ་མཚོན་གྱིས་བདུད་དང་གཡུལ་སྤྲད་དེ། །བཏུལ་ནས་གནས་མེད་པར་ནི་བསྲུང་བར་བྱ། །འཇིག་རྟེན་འདི་དག་བུམ་པ་འདྲར་རྟོགས་ཤིང་། །དེ་བཞིན་ཆོས་རྣམས་སྨི་རྒྱུ་འདྲར་ཤེས་ནས། །ཤེས་རབ་མཚོན་ གྱིས་བདུད་དང་གཡུལ་སྤྲད་དེ། །བཏུལ་ནས་གནས་མེད་པར་ནི་བསྲུང་བར་བྱ། །ལུས་འདི་དབུ་བ་འདྲ་བར་རྟོགས་བྱས་ཤིང་། །གྲོང་ཁྱེར་འདྲ་བའི་སེམས་ཀྱིས་སྲན་བཙུགས་ནས། །ཤེས་རབ་མཚོན་གྱིས་བདུད་དང་གཡུལ་ སྤྲད་དེ། །བཏུལ་ནས་གནས་མེད་པར་ནི་བསྲུང་བར་བྱ། །འཇིག་རྟེན་འདི་དག་དབུ་བ་འདྲར་རྟོགས་ཤིང་། །གྲོང་ཁྱེར་འདྲ་བའི་སེམས་ཀྱིས་སྲན་བཙུགས་ནས། །ཤེས་རབ་མཚོན་གྱིས་དགྲ་དང་གཡུལ་སྤྲད་དེ། ། 67-1-261a བཏུལ་ནས་གནས་མེད་པར་ནི་བསྲུང་བར་བྱ། །གང་གིས་བྱང་ཆུབ་ཡན་ལག་བདུན། །སེམས་ཀྱིས་ལེགས་པར་བསྒོམས་པ་དང་། །གང་ཞིག་ལེན་ལ་མི་དགའ་ཞིང་། །ལེན་པ་རབ་ཏུ་སྤངས་པ་དང་། །ཟག་ ཟད་སྐྱོན་རྣམས་བསལ་བ་དེ། །འཇིག་རྟེན་དག་ན་མྱ་ངན་འདས། །གང་ཞིག་གཡག་རྔའི་རྩེ་མོ་ལྟར། །རང་གི་སེམས་ནི་རྗེས་སྲུང་ཞིང་། །འབྱུང་པོ་རྣམས་ལ་བརྩེར་ལྡན་པ། །དེ་ཡི་བདེ་བ་ཡོངས་མི་ཉམས། ། གང་ཕྱིར་གླང་པོའི་གླང་པོ་ཆེ། །མཆེ་བ་བཟང་པོའི་གླང་ཆེན་དང་། །སེམས་དང་སེམས་ནི་མཉམ་པས་ན། །དེ་ཕྱིར་གཅིག་པུ་ནགས་སུ་དགྱེས། །གང་གི་ཡིད་ལ་གནོད་མེད་ཅིང་། །འབྱུང་པོ་ཀུན་ལ་བརྩེ་བ་དང་། ། འབྱུང་པོ་རྣམས་ལ་བྱམས་བྱེད་པ། །དེ་ལ་ནམས་ཀྱང་འཁོན་མི་འབྱུང་། །གང་ལ་གནོད་པའི་སེམས་མེད་ཅིང་། །འབྱུང་པོ་ཀུན་ལ་བརྩེ་བ་དང་། །སྲོག་ཆགས་ཀུན་ལ་བྱམས་བྱེད་པ། །དེ་ལ་ནམས་ཀྱང་འཁོན་མི་ འབྱུང་། །གང་ལ་གནོད་པའི་སེམས་མེད་ཅིང་། །འབྱུང་པོ་རྣམས་ལ་བརྩེ་བ་དང་། །སེམས་ཅན་ཀུན་ལ་བྱམས་བྱེད་པ། །དེ་ལ་ནམས་ཀྱང་འཁོན་མི་འགྱུར། །མཛའ་བཤེས་ཀུན་དང་གྲོགས་ཀུན་དང་། །འབྱུང་པོ་ཀུན་ ལ་བརྩེ་བ་དང་། །བྱམས་པའི་སེམས་ནི་བསྒོམ་བྱས་ན། །བདེ་བ་ཤིན་དུ་འཕེལ་བར་འགྱུར། །གལ་ཏེ་གང་ཞིག་སྲོག་ཆགས་འགའ་ལའང་སྡང་མེད་སེམས། །བྱམས་པར་བྱེད་ན་དེ་ཡིས་དེ་ནི་དགེ་བ་ཡིན། །སེམས་ ཅན་ཐམས་ཅད་ལ་ནི་ཡིད་ཀྱིས་བརྩེ་བྱས་ན། །བསོད་ནམས་ཕལ་ཆེན་འཕགས་པས་རབ་ཏུ་བསྒྲུབས་པར་འགྱུར། །མི་གང་དགའ་བའི་སེམས་དང་ནི། །ཞུམ་པ་མེད་པའི་ཡིད་ཀྱིས་སུ། །དགེ་བའི་ཆོས་ལ་སྒོམ་ བྱེད་པ། །གྲུབ་པ་དང་ནི་བདེ་བ་འཐོབ། །ཡང་དག་ཤེས་པས་རྣམ་གྲོལ་ཞིང་། །སྐྱོབ་པ་ཉེ་བར་ཞི་གྱུར་པ། །དེ་ཡི་ཡིད་ནི་ཞི་གྱུར་ཅིང་། །ལུས་དང་ངག་གི་ལས་ཀྱང་ཞི། །ཇི་ལྟར་རྩེ་གཅིག་སེམས་ཀྱིས་ནི། ། 67-1-261b ཆོས་རྣམས་ལེགས་པར་མཐོང་བ་ལྟར། །སིལ་སྙན་ཡན་ལག་ལྔ་པས་ཀྱང་། །དེ་ལྟར་དགའ་བར་བྱེད་མི་འགྱུར། །གང་ཡིད་ཏིང་འཛིན་ལ་དགའ་བ། །དེ་དག་འདོད་པས་རྩེ་མི་བྱེད། །གང་ཞིག་ཅུང་ཟད་གདུང་མེད་པའི། ། སྐྱོབ་པ་བདེ་བར་ཉལ་བར་འགྱུར། །གང་ཡིད་ཏིང་འཛིན་ལ་དགའ་བ། །དེ་དག་འདོད་པས་རྩེན་མི་བྱེད། །གང་ཞིག་ཅུང་ཟད་གདུང་མེད་པའི། །ཐུབ་པ་ཀྱེ་མའོ་དགའ་བར་འགྱུར། །གང་གི་སེམས་ནི་བྲག་ལྟ་བུར། ། རབ་ཏུ་གཡོ་བ་མེད་འདུག་པ། །ཆགས་པའི་གནས་ལ་མི་ཆགས་ཏེ། །ཁྲོ་བའི་གནས་ལ་འཁྲུག་མེད་པར། །གང་ཡིད་དེ་ལྟར་གྱུར་པ་དེ། །སྡུག་བསྔལ་ཐོབ་པར་ག་ལ་འགྱུར། །སྐུར་པ་མི་གདབ་གནོད་མི་བྱ། ། སོ་སོར་ཐར་པས་བསྡམ་པར་བྱ། །ཟས་ཀྱི་ཚོད་ཀྱང་ཤེས་པར་བྱ། །བས་མཐའ་དགོན་པར་གནས་བྱ་ཞིང་། །ལྷག་པའི་སེམས་ལ་རྣལ་འབྱོར་བྱ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །སེམས་ཀྱི་རྟགས་ལ་མཁས་ པ་དང་། །རབ་ཏུ་དབེན་པའི་རོ་རྙེད་དང་། །རབ་དྲན་སེམས་པའི་འགྲུས་སྐྱོང་ཅན། །ཟང་ཟིང་མེད་པའི་དགའ་བ་མྱོང་། །གང་ཞིག་ཡིད་གཞུངས་དབེན་དགའ་དབེན་གནས་པས། །རྟག་ཏུ་རང་གི་ལུས་ཀྱིས་སྤྱད་ལམ་ དང་། །སྨྲ་དང་ཡིད་ནི་སྲུང་བར་བྱེད་པ་དེ། །མྱ་ངན་སྤོང་ཞིང་སྡུག་བསྔལ་འཐོབ་མི་འགྱུར། །མ་བསྲུངས་པ་ཡི་སེམས་དང་ནི། །ལོག་པར་ལྟ་བས་བཅོམ་པ་དང་། །གཉིད་དང་རྨུགས་པས་ཟིལ་ནོན་པ། །བདུད་ཀྱི་ དབང་དུ་འགྲོ་བར་འགྱུར། །དེ་བས་སེམས་ནི་བསྲུང་བྱས་ཏེ། །ཡང་དག་ལྟ་བས་མདུན་བདར་ཅིང་། །ཡང་དག་ཀུན་རྟོག་སྤྱོད་ཡུལ་ཅན། །ཡང་དག་སྐྱེ་དང་འཇིག་པ་ཤེས། །གཉིད་དང་རྨུགས་པ་ཟིལ་གནོན་ པའི། །དགེ་སློང་སྡུག་བསྔལ་ཟད་པ་འཐོབ། །བག་ཡོད་སེམས་ནི་སྲུང་བ་དང་། །སེམས་དུལ་ཡང་དག་སྡོམ་པ་བདེ། །སྐྱེ་དགུ་སེམས་ཀྱིས་བསླུས་པ་དག །གཅིག་ཏུ་སེམས་ཅན་དམྱལ་བར་འཚེད། ། 67-1-262a བག་ཡོད་སེམས་ནི་བསྲུང་བ་དང་། །སེམས་དུལ་ཡང་དག་སྡོམ་པ་བདེ། །སྐྱེ་དགུ་སེམས་ཀྱིས་བསླུས་པ་དག །གཅིག་ཏུ་དུད་འགྲོ་རྣམས་སུ་འཚེད། །བག་ཡོད་སེམས་ནི་སྲུང་བ་དང་། །སེམས་དུལ་ ཡང་དག་སྡོམ་པ་བདེ། །སྐྱེ་དགུ་སེམས་ཀྱིས་བསླུས་པ་དག །གཅིག་ཏུ་ཡི་དགས་རྣམས་སུ་འཚེད། །བག་ཡོད་སེམས་ནི་སྲུང་བ་དང་། །སེམས་དུལ་ཡང་དག་སྡོམ་པ་བདེ། །སྐྱེ་དགུ་སེམས་ནི་བསྲུངས་བ་དག ། གཅིག་ཏུ་མི་ཡི་ནང་དུ་དགའ། །བག་ཡོད་སེམས་ནི་སྲུང་བ་དང་། །སེམས་དུལ་ཡང་དག་སྡོམ་པ་བདེ། །སྐྱེ་དགུ་སེམས་ནི་བསྲུངས་བ་དག །གཅིག་ཏུ་མཐོ་རིས་རྣམས་སུ་དགའ། །བག་ཡོད་སེམས་ནི་སྲུང་བ་དང་། ། སེམས་དུལ་ཡང་དག་སྡམ་པ་བདེ། །སྐྱེ་དགུ་སེམས་ནི་བསྲུངས་བ་དག །གཅིག་ཏུ་མྱ་ངན་འདས་པ་འཐོབ། །སེམས་ཀྱི་ཚོམས་ཏེ་སུམ་བཅུ་རྩ་གཅིག་པའོ།། །། དགེ་སློང་བསོད་སྙོམས་བྱེད་པ་བདག་རང་ཙམ། ། འདྲངས་པར་བྱེད་ཀྱི་གཞན་དག་མི་གསོ་བ། །རྟག་ཏུ་ཉེར་ཞི་དྲན་དང་ལྡན་པ་ཡི། །སྐྱོབ་པ་དེ་ལ་ལྷ་རྣམས་དགའ་བར་བྱེད། །དགེ་སློང་བསོད་སྙོམས་བྱེད་པ་བདག་རང་ཙམ། །འདྲངས་པར་བྱེད་ཀྱི་གཞན་དག་མི་གསོ་བ། ། སྐྱོབ་པ་དེ་ལ་ལྷ་རྣམས་དགའ་བྱེད་ཀྱི། །བཀུར་སྟི་ནོར་དང་གྲགས་འདོད་རྣམས་ལ་མིན། །དགེ་སློང་འདོད་པ་ཀུན་སྤངས་ཤིང་། །མདུན་ན་གནས་པའི་རྡུལ་བསལ་བ། །བདག་མེད་ཐུབ་པ་བརྟན་པ་ཡིས། །གཞན་ལ་སྨྲ་ བར་བྱ་མི་དགོས། །སྐྱེ་བོ་མ་བསྡམས་ཚིག་གིས་གནོད་བྱེད་པ། །མི་བཟད་རྗོད་པའི་ཚིག་དེ་ཐོས་གྱུར་ཀྱང་། །དགེ་སློང་སྡང་སེམས་བྲལ་ལ་ཇི་མི་སྙམ། །གཡུལ་ངོར་གླང་ཆེན་མདའ་ཡིས་བསྣུན་པ་བཞིན། །སྐྱེ་བོ་མ་ བསྡམས་ཚིག་གིས་གནོད་བྱེད་པ། །མི་བཟད་རྗོད་པའི་ཚིག་དེ་ཐོས་གྱུར་ཀྱང་། །དགེ་སློང་ཡིད་ལེགས་བཞག་ལ་ཇི་མི་སྙམ། །གཡུལ་ངོར་གླང་ཆེན་མདའ་ཡིས་བསྣུན་པ་བཞིན། །བཟོ་ཡིས་མི་འཚོ་ཡང་ཞིང་ 67-1-262b བདག་ལ་དགའ། །དབང་པོ་དུལ་ཞིང་ཀུན་ལས་རྣམ་གྲོལ་ཞིང་། །ཁྱིམ་ལ་མ་ཆགས་བག་མེད་འདོད་སྲེད་སྤངས། །གཅིག་པུ་སྤྱོད་བྱེད་དེ་ནི་དགེ་སློང་ཡིན། །འཚོ་གཙང་སྙོམ་ལས་མེད་པ་ཡི། །གྲོགས་པོ་འཐུན་པ་བསྟེན་བྱ་ཞིང་། ། སོ་སོར་བགོ་བཤའ་བྱ་བ་དང་། །སྤྱོད་ཡུལ་ཆོ་ག་མཁས་པར་བྱ། །ལག་པ་ལེགས་བསྡམས་རྐང་པ་ལེགས་བསྡམས་དང་། །ཚིག་རྣམས་ལེགས་བསྡམས་དབང་པོ་ལེགས་བསྡམས་ཤིང་། །གཅིག་པུ་ནང་དུ་མཉམ་པར་ འཇོག་ལ་དགའ། །ཆོག་ཤེས་དེ་ནི་དགེ་སློང་ཡིན་ཞེས་གསུང་། །དགེ་སློང་ཆོས་ལ་ཀུན་དགའ་ཞིང་། །ཆོས་དགའ་ཆོས་ལ་སེམས་པ་དང་། །ཆོས་ལ་རྗེས་སུ་དྲན་པ་དག །ཆོས་ལས་ཡོངས་སུ་ཉམས་མི་འགྱུར། ། དགེ་སློང་ཁང་སྟོང་ཞུགས་ནས་སུ། །ནང་ལ་ལྟ་བར་བྱེད་པ་དང་། །ཆོས་རྣམས་ལེགས་པར་མཐོང་བ་དག །ལྷ་ཡི་དགའ་དང་ལྡན་པར་འགྱུར། །ཇི་ལྟ་ཇི་ལྟར་ཕུང་པོ་ལ། །སྐྱེ་དང་འཇིག་པར་ལེགས་རྟོགས་པ། ། དེ་ལྟ་དེ་ལྟར་དེ་ཡིས་ནི། །དགའ་དང་མགུ་བ་ཉིད་ཀྱང་འཐོབ། །དགེ་སློང་དགའ་བ་མང་པོ་ཡིས། །སྡུག་བསྔལ་ཟད་པ་ཐོབ་པར་འགྱུར། །ཇི་ལྟར་བྲག་གི་རི་བོ་དག །རླུང་གིས་རབ་ཏུ་མི་གཡོས་ལྟར། །དེ་བཞིན་དགེ་སློང་ འདོད་ཆགས་དག །ཟད་པ་ཀུན་དུ་རབ་མི་གཡོ། །ཇི་ལྟར་བྲག་གི་རི་བོ་དག །རླུང་གིས་རབ་ཏུ་མི་གཡོས་ལྟར། །དེ་བཞིན་དགེ་སློང་ཞེ་སྡང་དག །ཟད་པ་ཀུན་དུ་རབ་མི་གཡོ། །ཇི་ལྟར་བྲག་གི་རི་བོ་དག །རླུང་གིས་ རབ་ཏུ་མི་གཡོས་ལྟར། །དེ་བཞིན་དགེ་སློང་གཏི་མུག་དག །ཟད་པ་ཀུན་དུ་རབ་མི་གཡོ། །ཇི་ལྟར་བྲག་གི་རི་བོ་དག །རླུང་གིས་རབ་ཏུ་མི་གཡོས་ལྟར། །དེ་བཞིན་དགེ་སློང་ང་རྒྱལ་དག །ཟད་པ་ཀུན་དུ་རབ་མི་གཡོ། ། ཇི་ལྟར་བྲག་གི་རི་བོ་དག །རླུང་གིས་རབ་ཏུ་མི་གཡོས་ལྟར། །དེ་བཞིན་དགེ་སློང་ཆགས་པ་དག །ཟད་པ་ཀུན་དུ་རབ་མི་གཡོ། །ཇི་ལྟར་བྲག་གི་རི་བོ་དག །རླུང་གིས་རབ་ཏུ་མི་གཡོས་ལྟར། །དེ་བཞིན་དགེ་སློང་ 67-1-263a སྲེད་པ་དག །ཟད་པ་ཀུན་དུ་རབ་མི་གཡོ། །གང་ལ་ཀུན་དུ་སོགས་མེད་ཅིང་། །གང་ལ་བདག་གིར་བྱེད་མེད་པ། །གང་དག་མེད་ནའང་མི་གདུང་བ། །དེ་ནི་དགེ་སློང་ཞེས་བརྗོད་དོ། །རེ་ཤིག་གཞན་ལ་སློང་བ་ ཙམ། །ཇི་ག་དགེ་སློང་མིན་པ་སྙམ། །གྲོང་བའི་ཆོས་ནི་འཛིན་བྱེད་པ། །ཇི་ག་དགེ་སློང་མིན་པ་སྙམ། །གང་ཞིག་དགེ་དང་སྡིག་པ་དག །རབ་སྤངས་ཚངས་པར་སྤྱོད་ལྡན་ཞིང་། །སྡེ་ཚོགས་སྤངས་ནས་སྤྱོད་བྱེད་པ། ། དེ་ནི་དགེ་སློང་ཞེས་བརྗོད་དོ། །དགེ་སློང་གང་ཞིག་བྱམས་གནས་ཤིང་། །སངས་རྒྱས་བསྟན་ལ་རབ་དང་བ། །དེས་ནི་བལྟ་བས་མི་ངོམས་པའི། །ཞི་བའི་གོ་འཕང་ཐོབ་པར་འགྱུར། །དགེ་སློང་གང་ཞིག་བྱམས་གནས་ ཤིང་། །སངས་རྒྱས་བསྟན་ལ་རབ་དང་དེས། །འདུ་བྱེད་ཉེར་ཞི་ཞི་བ་ཡི། །ཞི་བའི་གོ་འཕང་ཐོབ་པར་འགྱུར། །དགེ་སློང་གང་ཞིག་བྱམས་གནས་ཤིང་། །སངས་རྒྱས་བསྟན་ལ་རབ་དང་བ། །དེས་ནི་ཀུན་སྦྱོར་ཀུན་ཟད་པ། ། རིམ་གྱིས་མངོན་སུམ་བྱེད་པར་འགྱུར། །དགེ་སློང་གང་ཞིག་བྱམས་གནས་ཤིང་། །སངས་རྒྱས་བསྟན་ལ་རབ་དང་བས། །བདག་ཉིད་ངན་འགྲོ་ལས་འདྲེན་ཏེ། །འདམ་རྫབ་ལས་ནི་གླང་ཆེན་བཞིན། །དགེ་སློང་གང་ ཞིག་བྱམས་གནས་ཤིང་། །སངས་རྒྱས་བསྟན་ལ་རབ་དང་བས། །སྡིག་པའི་ཆོས་རྣམས་སྤྲུག་བྱེད་དེ། །རླུང་གིས་ལྗོན་ཤིང་ལོ་མ་བཞིན། །དགེ་སློང་གང་ཞིག་བྱམས་གནས་ཤིང་། །སངས་རྒྱས་བསྟན་ལ་རབ་དང་ བས། །མྱ་ངན་འདས་དང་ཉེ་བའི་ཕྱིར། །ཡོངས་སུ་ཉམས་འགྱུར་མི་སྲིད་དོ། །སེམས་དགའ་ཡིད་ནི་བཟང་བ་དང་། །དགའ་དང་མི་དགའ་ཟིལ་གནོན་པའི། །དགེ་སློང་དགའ་བ་མང་པོ་ཡིས། །སྡུག་བསྔལ་ ཟད་པ་ཐོབ་པར་འགྱུར། །ལུས་ཞི་ངག་ནི་ཞི་བ་དང་། །སེམས་ཞི་ལེགས་པར་མཉམ་བཞག་ཅིང་། །འཇིག་རྟེན་ཟང་ཟིང་སྤངས་པ་ཡི། །དགེ་སློང་ཉེར་ཞི་ཡིན་ཞེས་བརྗོད། །ཏིང་འཛིན་མེད་ལ་ཤེས་རབ་ 67-1-263b མེད། །ཤེས་རབ་མེད་ལ་ཏིང་འཛིན་མེད། །ཤེས་རབ་ཏིང་འཛིན་ལྡན་པ་དེ། །དགེ་སློང་ཡིན་ཞེས་བརྗོད་པར་བྱ། །དེ་བས་ཏིང་འཛིན་ཤེས་རབ་ལ། །མཁས་པ་རྣམས་ཀྱིས་འཇུག་བྱ་སྟེ། །དེ་བཞིན་ཤེས་རབ་ དགེ་སློང་དེའི། །དང་པོར་བྱ་བ་འདི་ཡིན་ནོ། །ཆོག་ཤེས་དབང་པོ་བསྡམ་བྱ་ཞིང་། །སོ་སོར་ཐར་པས་བསྡམ་པར་བྱ། །ཟས་ཀྱི་ཚོད་ཀྱང་ཤེས་པར་བྱ། །བས་མཐའ་དགོན་པར་གནས་བྱ་ཞིང་། །ལྷག་ པའི་སེམས་ལ་རྣལ་འབྱོར་བྱ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །གང་གི་ལུས་དང་ངག་དང་ནི། །ཡིད་ལ་ཉེས་བྱས་མེད་གྱུར་པ། །དེ་ནི་དགེ་བའི་ཚུལ་ཁྲིམས་ཅན། །ངོ་ཚའི་ཡིད་ལྡན་དགེ་སློང་ཡིན། ། གང་གིས་རྫོགས་པའི་བྱང་ཆུབ་ཀྱི། །ཕྱོགས་ཀྱི་ཆོས་བདུན་ལེགས་བསྒོམ་པ། །དེ་ནི་དགེ་བའི་ཆོས་ཅན་དེ། །མཉམ་བཞག་དགེ་སློང་ཡིན་ཞེས་གསུང་། །འདི་ན་གང་ཞིག་བདག་ཉིད་ཀྱི། །སྡུག་བསྔལ་ ཟད་པ་རབ་ཤེས་ལ། །དགེ་ཞིང་ཤེས་རབ་ལྡན་པ་དེ། །ཟག་མེད་དགེ་སློང་མིན་ཞེས་གསུང་། །ཟག་པ་ཟད་པ་མ་ཐོབ་ན། །ཚུལ་ཁྲིམས་བརྟུལ་ཞུགས་ཙམ་དག་གམ། །ཡང་ན་ཐོས་པ་མང་པོ་འམ། ། དབེན་པ་དག་ཏུ་གནས་ཀྱང་རུང་། །ཏིང་འཛིན་ཐོབ་པར་གྱུར་ཀྱང་ངལ། །རྡེང་དྲོད་ཆོད་པའི་དགེ་སློང་མིན། །ཕུང་པོ་ལ་ནི་བདག་ཟེར་བའི། །འཇིག་རྟེན་འདི་དག་གདུང་བ་སྟེ། །རྫོགས་པའི་བྱང་ཆུབ་བདེ་བ་ནི། ། འཕགས་པས་བསྟེན་པ་མངོན་དུ་བྱ། །ཇི་ལྟ་ཇི་ལྟར་བསམ་བྱས་པ། །དེ་ལྟ་དེ་ལྟར་གཞན་དུ་འགྱུར། །གཞན་དུ་འགྱུར་བའི་འཇིག་རྟེན་འདི། །སྲིད་པ་ལ་ཆགས་སྲིད་པ་དགའ། །སྲིད་ལ་མངོན་ཆགས་ ལ་ལྟ། །སྲིད་པ་ཉིད་ལ་མངོན་པར་དགའ། །དགའ་བྱ་གང་ཡིན་དེ་སྡུག་བསྔལ། །སྐྱི་གཡའ་གང་ཡིན་དེ་བདེ་བས། །སྲིད་པ་རབ་ཏུ་སྤང་བའི་ཕྱིར། །འདི་ན་ཚངས་པར་སྤྱོད་པ་སྟེན། །དགེ་སྦྱོང་བྲམ་ཟེ་ 67-1-264a ཇི་སྙེད་པ། །སྲིད་པས་སྲིད་ལས་ངེས་འབྱུང་ཟེར། །དེ་དག་ཐམས་ཅད་སྲིད་པ་ལས། །ངེས་འབྱུང་མིན་ཞེས་བརྗོད་པར་བྱ། །དགེ་སྦྱོང་བྲམ་ཟེ་ཇི་སྙེད་པ། །སྲིད་པས་སྲིད་ལས་ངེས་འབྱུང་ཟེར། ། དེ་དག་ཐམས་ཅད་སྲིད་པ་ལས། །རྣམ་གྲོལ་མིན་ཞེས་བརྗོད་པར་བྱ། །ལེན་པའི་རྐྱེན་གྱིས་སྡུག་བསྔལ་བྱུང་། །སྡུག་བསྔལ་ལས་ནི་ལེན་པ་བྱུང་། །ལེན་པ་ཐམས་ཅད་ཡོངས་ཟད་ན། །སྡུག་བསྔལ་རབ་ཏུ་ འབྱུང་བ་མེད། །ལེན་པ་ཐམས་ཅད་ན་སྲིད་པའི་རྣམ་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ནི་མི་རྟག་པ། སྡུག་བསྔལ་བ། ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་ནོ་ཞེས་དེ་ལྟར་དེ་དག་ལ་ཡང་དགེ་བའི་ ཤེས་རབ་ཀྱིས་ཇི་ལྟར་བཞིན་དུ་མཐོང་ན། སྲིད་པའི་སྲེད་པ་རབ་ཏུ་སྤོང་བར་འགྱུར་ཞིང་། སྲིད་པ་མེད་པས་མངོན་པར་མི་དགའ་བར་འགྱུར་རོ། །དེ་ལྟར་མྱ་ངན་ལས་འདས་པའི་དགེ་སློང་སྐྱོབ་པ་ནི་གཞན་ དུ་ལེན་པ་མེད་ཅིང་ཡང་སྲིད་མེད་པར་འགྱུར་ཏེ། བདུད་ཟིལ་གྱིས་ནོན་པ་དང་། གཡུལ་ལས་རྒྱལ་བ་དང་། སྲིད་པ་ཐམས་ཅད་ལས་རབ་ཏུ་འདས་པ་འདི་ལྟ་བུ་འདི་ནི་སྡུག་བསྔལ་གྱི་མཐའ་ཡིན་ནོ། །དགེ་སློང་དངོས་ པོ་བཅད་པ་དང་། །ཉེ་བར་ཞི་ཞིང་སེམས་ཞི་བ། །དེ་ནི་ཡང་སྲིད་མེད་པར་འགྱུར། །སྐྱེ་བའི་འཁོར་བ་རྣམ་པར་སྤངས། །དགེ་སློང་དངོས་པོ་བཅད་པ་དང་། །ཉེ་བར་ཞི་ཞིང་སེམས་ཞི་བ། །དེ་ནི་བདུད་ཀྱི་འཆིང་ ལས་གྲོལ། །སྐྱེ་བའི་འཁོར་བ་རྣམ་པར་སྤངས། །དགེ་སློང་དངོས་པོ་བཅད་པ་དང་། །སེམས་ནི་ཟག་པ་མེད་གྱུར་པ། །དེ་ནི་ཡང་སྲིད་མེད་པ་སྟེ། །སྐྱེ་བའི་འཁོར་བ་རྣམ་པར་སྤངས། །དགེ་སློང་དངོས་ པོ་བཅད་པ་དང་། །སེམས་ནི་ཟག་པ་མེད་གྱུར་པ། །དེ་ནི་བདུད་ཀྱི་འཆིང་ལས་གྲོལ། །སྐྱེ་བའི་འཁོར་བ་རྣམ་པར་སྤངས། །དགེ་སློང་དངོས་པོ་བཅད་པ་དང་། །སྲིད་པའི་སྲེད་པ་གཏུབས་གྱུར་པ། ། 67-1-264b དེ་ནི་ཡང་སྲིད་མེད་པར་འགྱུར། །སྐྱེ་བའི་འཁོར་བ་རྣམ་པར་སྤངས། །དགེ་སློང་དངོས་པོ་བཅད་པ་དང་། །སྲིད་པའི་སྲེད་པ་བཅད་གྱུར་པ། །དེ་ནི་བདུད་ཀྱི་འཆིང་ལས་གྲོལ། །སྐྱེ་བའི་འཁོར་བ་རྣམ་པར་ སྤངས། །གང་ཞིག་འདམ་རྫབ་ལེགས་རྒལ་ཅིང་། །གྲོང་གི་ཚེར་མ་བཀྲུགས་པ་དང་། །འདོད་ཆགས་ཟད་པ་རྗེས་ཐོབ་པ། །དེ་ནི་དགེ་སློང་ཡིན་ཞེས་བརྗོད། །གང་ཞིག་འདམ་རྫབ་ལེགས་རྒལ་ཅིང་། ། གྲོང་གི་ཚེར་མ་བཀྲུགས་པ་དང་། །ཞེ་སྡང་ཟད་པ་རྗེས་ཐོབ་པ། །དེ་ནི་དགེ་སློང་ཡིན་ཞེས་བརྗོད། །གང་ཞིག་འདམ་རྫབ་ལེགས་རྒལ་ཅིང་། །གྲོང་གི་ཚེར་མ་བཀྲུགས་པ་དང་། །གཏི་མུག་ཟད་པ་རྗེས་ཐོབ་ པ། །དེ་ནི་དགེ་སློང་ཡིན་ཞེས་བརྗོད། །གང་ཞིག་འདམ་རྫབ་ལེགས་རྒལ་ཅིང་། །གྲོང་གི་ཚེར་མ་བཀྲུགས་པ་དང་། །ང་རྒྱལ་ཟད་པ་རྗེས་ཐོབ་པ། །དེ་ནི་དགེ་སློང་ཡིན་ཞེས་བརྗོད། །གང་ཞིག་འདབ་ རྫབ་ལེགས་རྒལ་ཅིང་། །གྲོང་གི་ཚེར་མ་བཀྲུགས་པ་དང་། །ཆགས་པ་ཟད་པ་རྗེས་ཐོབ་པ། །དེ་ནི་དགེ་སློང་ཡིན་ཞེས་བརྗོད། །གང་ཞིག་འདབ་རྫབ་ལེགས་རྒལ་ཅིང་། །གྲོང་གི་ཚེར་མ་བཀྲུགས་པ་དང་། ། སྲེད་པ་ཟད་པ་རྗེས་ཐོབ་པ། །དེ་ནི་དགེ་སློང་ཡིན་ཞེས་བརྗོད། །གང་ཞིག་གཤེ་བ་དང་ནི་གསོད་པ་དང་། །འཆིང་དང་གྲོང་གི་ཚེར་མ་ཐུལ་བ་དང་། །གང་ཞིག་རི་བོ་བཞིན་གནས་མི་བཀྲི་ཞིང་། །སྡུག་བདེས་མ་གཡོས་ དེ་ནི་དགེ་སློང་ཡིན། །སྐུར་པ་མི་འདེབས་སྒྲོ་འདོགས་མི་བྱེད་ཅིང་། །འཇིག་རྟེན་འདི་ཀུན་བརྫུན་རྟོགས་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །སྦྲུལ་གྱིས་དུག་ བཏང་བ་ལ་སྨན་བཞིན་དུ། །འདོད་ཆགས་ལངས་པ་འདུལ་བའི་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །སྦྲུལ་གྱིས་དུག་བཏང་བ་ལ་སྨན་བཞིན་དུ། །ཞེ་སྡང་ལངས་ 67-1-265a པ་འདུལ་བའི་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །སྦྲུལ་གྱིས་དུག་བཏང་བ་ལ་སྨན་བཞིན་དུ། །གཏི་མུག་ལངས་པ་འདུལ་བའི་དགེ་སློང་གང་། ། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །སྦྲུལ་གྱིས་དུག་བཏང་བ་ལ་སྨན་བཞིན་དུ། །ང་རྒྱལ་ལངས་པ་འདུལ་བའི་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་ སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །སྦྲུལ་གྱིས་དུག་བཏང་བ་ལ་སྨན་བཞིན་དུ། །ཆགས་པ་ལངས་པ་འདུལ་བའི་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། ། སྦྲུལ་གྱིས་དུག་བཏང་བ་ལ་སྨན་བཞིན་དུ། །ཁྲོ་བ་ལངས་པ་འདུལ་བའི་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །སྦྲུལ་གྱིས་དུག་བཏང་བ་ལ་སྨན་བཞིན་དུ། །སྲེད་ པ་ལངས་པ་འདུལ་བའི་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །མཐུ་ཆུང་འདམ་བུའི་རགས་ལ་ཀླུང་ཆེན་ལྟར། །འདོད་ཆགས་མ་ལུས་དྲུངས་འབྱིན་དགེ་སློང་ གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །མཐུ་ཆུང་འདམ་བུའི་རགས་ལ་ཀླུང་ཆེན་ལྟར། །ཞེ་སྡང་མ་ལུས་དྲུངས་འབྱིན་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་ པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །མཐུ་ཆུང་འདམ་བུའི་རགས་ལ་ཀླུང་ཆེན་ལྟར། །གཏི་མུག་མ་ལུས་དྲུངས་འབྱིན་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་ བ་བཞིན། །མཐུ་ཆུང་འདམ་བུའི་རགས་ལ་ཀླུང་ཆེན་ལྟར། །ང་རྒྱལ་མ་ལུས་དྲུངས་འབྱིན་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །མཐུ་ཆུང་འདམ་བུའི་ 67-1-265b རགས་ལ་ཀླུང་ཆེན་ལྟར། །ཆགས་པ་མ་ལུས་དྲུངས་འབྱིན་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །མཐུ་ཆུང་འདམ་བུའི་རགས་ལ་ཀླུང་ཆེན་ལྟར། །སྲེད་པ་མ་ ལུས་དྲུངས་འབྱིན་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །འདོད་པའི་ཡོན་ཏན་ཐམས་ཅད་སྤོང་བྱེད་ཅིང་། །འདོད་སྦྱོར་འཆིང་བ་རྣམ་བསལ་དགེ་སློང་གང་། ། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །སྒྲིབ་པ་ཐམས་ཅད་སྤངས་ཤིང་སྡིག་མེད་པ། །ཡིད་གཉིས་ཟུག་རྔུ་བཅད་པའི་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། ། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །རྟོག་པ་རྣམ་བསལ་ནང་གི་མ་ལུས་ལ། །རྣམ་པར་རྟོག་པ་མེད་པའི་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། ། ནགས་སྦྱོར་བྱེད་པ་འགའ་མེད་མི་དགེ་བའི། །རྩ་བ་ལེགས་པར་དྲུངས་ཕྱུང་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །རིམས་ནད་བཅས་པ་འགའ་མེད་མི་དགེ་བའི། ། རྩ་བ་ལེགས་པར་དྲུངས་ཕྱུང་དགེ་སློང་གང་། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །བག་ལ་ཉལ་བ་འགའ་མེད་མི་དགེ་བའི། །རྩེ་བ་ལེགས་པར་དྲུངས་ཕྱུང་དགེ་སློང་གང་། །དེ་ནི་ཕ་ རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན། །ཁྲིམས་ལྡན་གང་ཡིན་དགེ་སློང་དེ། །སྟོང་ཉིད་གང་ལྡན་བསམ་གཏན་དེ། །རྟག་ཏུ་བྱེད་གང་རྣལ་འབྱོར་དེ། །མྱ་ངན་འདས་གང་བདེ་བ་དེ། །དགེ་སློང་དགའ་ དང་མི་དགས་མི་བརྗོད་ཅིང་། །བས་མཐའི་གནས་མལ་དག་ཏུ་སྟེན་པ་དང་། །དེ་ནི་བག་ཡོད་གནས་ཤིང་སྲེད་པ་ཡི། །འདོད་ཆགས་ཕྲ་རྒྱས་ལེགས་པར་འབྱིན་པར་བྱེད། །དགེ་སློང་གི་ཚོམས་ཏེ་སུམ་བཅུ་གཉིས་པའོ།། །། 67-1-266a གང་ཞིག་བརྒྱན་ཀྱང་ཆོས་སྤྱོད་དུལ་བ་དང་། །ཞི་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པས་མི་གཅོད་དེ། །བྲམ་ཟེ་དགེ་སྦྱོང་དེ་ཡིན་དགེ་སློང་དེ། །གཅེར་བུས་སྤྱོད་པས་མ་ཡིན་རོལ་པས་ མ་ཡིན་རྫབ་ཀྱིས་མིན། །ཁ་ཟས་མི་ཟ་བ་ཡིས་མ་ཡིན་ཐང་ལ་ཉལ་བ་འམ། །རྡུལ་དང་དྲི་མས་མ་ཡིན་ཅོག་པུར་འདུག་ལ་འབད་པ་ཡིས། །མི་རྣམས་དག་པར་མི་འགྱུར་སོམ་ཉི་རྣམས་ལས་རྒལ་མི་འགྱུར། །དགེ་སྦྱོང་ བྲམ་ཟེ་གང་ཡང་རུང་། །དེ་དག་ཉིད་ལ་ཆགས་བྱེད་པ། །ཟག་པ་ཟད་པ་མ་ཐོབ་པར། །བར་མ་དོར་ནི་རྣམ་པར་ཉམས། །དགེ་སྦྱོང་བྲམ་ཟེ་གང་ཡང་རུང་། །དེ་དག་ཉིད་ལ་ཆགས་བྱེད་པ། །ཚོར་བ་ཟད་པ་མ་ཐོབ་པར། ། བར་མ་དོར་ནི་རྣམ་པར་ཉམས། །དགེ་སྦྱོང་བྲམ་ཟེ་གང་ཡང་རུང་། །དེ་དག་ཉིད་ལ་ཆགས་བྱེད་ཅིང་། །བྱིས་པ་མཐའ་གཅིག་ལ་ལྟ་བ། །བར་མ་དོར་ནི་རྣམ་པར་ཉམས། །དགེ་སྦྱོང་བྲམ་ཟེ་གང་ཡང་རུང་། །དེ་དག་ཉིད་ ལ་ཆགས་བྱེད་པ། །བྱིས་པའི་སྐྱེ་བོ་བློ་ངན་རྣམས། །བར་མ་དོར་ནི་རྣམ་པར་ཉམས། །དགེ་སྦྱོང་བྲམ་ཟེ་གང་ཡང་རུང་། །དེ་དག་ཉིད་ལ་ཆགས་བྱེད་པ། །གོ་འཕང་དམ་པ་མ་ཐོབ་པར། །བར་མ་དོར་ནི་རྣམ་པར་ཉམས། ། བློ་ངན་ཁྱོད་ཀྱི་རལ་པ་ཅི། །ཁྱོད་ཀྱི་གཡང་གཞི་གྱོན་པ་ཅི། །ཁྱོད་ནང་ཐིབས་པོར་འདུག་བཞིན་དུ། །ཕྱི་རོལ་ལེགས་པར་བྱི་དོར་བྱེད། །བློ་ངན་ཁྱོད་ཀྱི་རལ་པ་ཅི། །ཁྱོད་ཀྱི་གཡང་གཞི་གྱོན་པ་ཅི། །ཁྱོད་ནང་དྲི་མ་ལྡན་བཞིན་ དུ། །ཕྱི་རོལ་ལེགས་པར་བྱི་དོར་བྱེད། །རིགས་ཀྱིས་བྲམ་ཟེར་འགྱུར་མ་ཡིན། །རལ་པས་མ་ཡིན་རུས་ཀྱིས་མིན། །གང་ཞིག་བདེན་པའི་ཆོས་ལྡན་པ། །གཙང་མ་དེ་ཡིན་བྲམ་ཟེ་ཡིན། །རིགས་ཀྱིས་བྲམ་ཟེར་ འགྱུར་མ་ཡིན། །རལ་པས་མ་ཡིན་རུས་ཀྱིས་མིན། །གང་ཞིག་སྡིག་པ་ཚད་ཆུང་རྣམས། །ཐམས་ཅད་སྤོང་བར་བྱེད་པ་དག །སྡིག་པ་རྣམས་ནི་སྤངས་ཕྱིར་དེ། །བྲམ་ཟེ་ཡིན་ཞེས་ངེས་པར་བརྗོད། ། 67-1-266b མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན། །ཨོ་མ་ཞེས་ཟེར་བ་བྲམ་ཟེར་མིན། །གང་ཞིག་དགེ་བའི་ཆོས་ལྡན་པ། །གཙང་མ་དེ་ཡིན་བྲམ་ཟེ་དེ། །མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན། །ཨོ་མ་ཞེས་ཟེར་བ་བྲམ་ཟེ་མིན། ། གང་ཞིག་སྡིག་པ་ཆེ་ཆུང་རྣམས། །ཐམས་ཅད་སྤོང་བར་བྱེད་པ་དག །སྡིག་པ་རྣམས་ནི་སྤངས་ཕྱིར་དེ། །དགེ་སྦྱོང་བྲམ་ཟེ་དེ་ཡིན་ནོ། །སྐྱེ་བོ་ཕལ་ཆེར་འདིར་འཁྲུ་བ། །ཆུ་ཡིས་དག་པར་མི་འགྱུར་ཏེ། །གང་ཞིག་ སྡིག་པ་ཆེ་ཆུང་རྣམས། །ཐམས་ཅད་སྤོང་བར་བྱེད་པ་དག །སྡིག་པ་རྣམས་ནི་སྤངས་ཕྱིར་དེ། །དགེ་སྦྱོང་བྲམ་ཟེ་དེ་ཡིན་ནོ། །གང་ཞིག་སྡེ་ཆོས་རབ་སྤངས་ཤིང་། །རྟག་ཏུ་དྲན་ལྡན་སྤྱོད་བྱེད་པ། །ཀུན་སྦྱོར་ཟད་པའི་སངས་ རྒྱས་དེ། །འཇིག་རྟེན་དག་ན་བྲམ་ཟེ་ཡིན། །བྲམ་ཟེ་གང་ཞིག་སྡིག་པའི་ཆོས་སྤངས་ཤིང་། །བདག་ཉིད་ཚུལ་འཆོས་མེད་ཅིང་རྙོག་མེད་གནས། །རིག་བྱེད་མཐར་ཕྱིན་ཚངས་པར་སྤྱོད་པ་སྤྱད། །དུས་སུ་སྨྲ་བྱེད་དེ་ནི་ ཚངས་པ་སྨྲ། །གང་ཞིག་རྒྱུ་ལ་མི་གནས་ང་རྒྱལ་མེད། །གང་ཞིག་ཆགས་མེད་བདག་མེད་རེ་བ་མེད། །འཁྲུག་བཅོམ་བདག་ཉིད་མྱ་ངན་འདས་ཕྱོགས་དེ། །བྲམ་ཟེ་དགེ་སྦྱོང་དེ་ཡིན་དགེ་སློང་དེ། །གང་ཞིག་མ་ཡི་མངལ་སྐྱེས་ ནས། །གལ་ཏེ་འཛིན་པ་དང་བཅས་ནས། །དེ་མིང་བྷུ་ཞེས་སྨྲ་བར་བསྟན། །བྲམ་ཟེ་ཡིན་པར་ང་མི་སྨྲ། །ཡོངས་སུ་འཛིན་མེད་ལེན་མེད་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་ལུས་དང་ངག་དང་ནི། །ཡིད་ ཀྱིས་ཉིས་བྱས་མི་བྱེད་ཅིང་། །གང་ཞིག་གནས་གསུམ་ལེགས་བསྡམས་ཏེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་གི་ཚིག་ངག་མི་རྩུབ་ཅིང་། །གོ་བྱེད་ཡིད་འོང་སྨྲ་བ་དང་། །གང་གིས་ཉོན་མོངས་མི་སྐྱེད་དེ། །བྲམ་ཟེ་ ཡིན་པར་ངས་གསུངས་སོ། །གང་ཞིག་གསོད་འཆིང་གཤེ་བ་དང་། །སྡང་བ་མིན་ལ་བཟོད་བྱེད་དེ། །བཟོད་པའི་བཏུལ་ཞུགས་སྟོབས་ཚོགས་ཅན། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །ཁྲོ་བ་མེད་ཅིང་ཚུལ་ཁྲིམས་ཅན། ། 67-1-267a བརྟུལ་ཞུགས་ལྡན་ཞིང་སེམས་ཁྲལ་མེད། །དུལ་ཞིང་ལུས་མཐར་གནས་པ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་རབ་བྱུང་ཁྱིམ་པ་དང་། །དེ་བཞིན་གཉིས་གར་ མི་འདྲེ་ཞིང་། །འདོད་ཆུང་ཁྱིམ་ནས་མ་བྱུང་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །མ་འོངས་པ་ལ་མངོན་མི་དགའ། །འདས་པ་རྣམས་ལ་གདུང་མེད་པ། །འཁྲིག་པའི་སྦྱོར་བྲལ་གཡུལ་རྒྱལ་དེ། །བྲམ་ཟེ་ཡིན་པར་ ངས་གསུངས་སོ། །མ་འོངས་པ་ལ་མངོན་མི་དགའ། །འདས་ལ་གདུང་མེད་རྡུལ་བྲལ་ཞིང་། །ཞི་བ་མྱ་ངན་མེད་པ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་འདོད་ཆུང་གཞན་མི་གསོ། །དུལ་ཞིང་སྙིང་པོར་རབ་ གནས་ལ། །ཟག་ཟད་སྐྱོན་རྣམས་བསལ་བ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་ཕ་རོལ་ཚུ་རོལ་དང་། །ཕ་རོལ་ཚུ་རོལ་གཉིས་མེད་ཅིང་། །ཆོས་རྣམས་ཀུན་གྱི་མཐར་ཕྱིན་དེ། །བྲམ་ཟེ་ཡིན་པར་ངས་ གསུངས་སོ། །གང་ཞིག་ཕ་རོལ་ཚུ་རོལ་དང་། །ཕ་རོལ་ཚུ་རོལ་གཉིས་མེད་ཅིང་། །གང་ཞིག་གནས་གསུམ་མ་ཆགས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་ཐུང་དང་རིང་བ་དང་། །ཕྲ་སྦོམ་དགེ་དང་མི་དགེ་དང་། ། འཇིག་རྟེན་ཅུང་ཟད་མི་ལེན་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་འདི་ཉིད་རབ་ཤེས་ཤིང་། །རང་གི་སྡུག་བསྔལ་ཟད་པ་དང་། །འདོད་ཆགས་བྲལ་ཞིང་མི་ལྡན་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། ། གང་ཞིག་དགེ་དང་སྡིག་པ་དང་། །གཉི་ག་ཡིས་ཀྱང་མི་གོས་པ། །གོས་མེད་རྡུལ་བྲལ་ཞི་བ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་དགེ་དང་སྡིག་པའི་ལས། །ཆགས་གང་ཡིན་དེ་རབ་འདས་ཤིང་། ། ཆགས་ལས་རབ་འདས་རྣམ་གྲོལ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་སྔོན་དང་ཕྱིན་མ་དང་། །དབུས་ཀྱང་ཡོད་པ་མ་ཡིན་པ། །རྡུལ་བྲལ་འཆིང་བ་ལས་གྲོལ་ཏེ། །བྲམ་ཟེ་ཡིན་པར་ངས་ 67-1-267b གསུངས་སོ། །པད་མའི་འདབ་ལ་ཆུ་ལྟར་དང་། །སྨྱུང་བུའི་རྩེ་ལ་ཡུངས་ཀར་ལྟར། །གང་ཞིག་སྡིག་པ་མི་གནས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །པད་མའི་འདབ་ལ་ཆུ་ལྟར་དང་། །སྨྱུང་བུའི་རྩེ་ལ་ཡུངས་ཀར་ལྟར། ། གང་ཞིག་འདོད་ལ་མི་གནས་ཏེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །པད་མའི་འདབ་ལ་ཆུ་ལྟར་དང་། །སྨྱུང་བུའི་རྩེ་ལ་ཡུངས་ཀར་ལྟར། །སྲིད་ལ་དགའ་བ་ཡོངས་སྤངས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། ། ཟླ་བ་དག་ཅིང་དྲི་མེད་ལ། །སྐྱོན་བྲལ་རབ་ཏུ་དང་བ་ལྟར། །གང་ཞིག་སྡིག་པས་མི་གོས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །སྐྱོན་བྲལ་རབ་ཏུ་དང་བ་ལྟར། །གང་ཞིག་འདོད་པས་མི་གོས་དེ། །བྲམ་ཟེ་ཡིན་པར་ ངས་གསུངས་སོ། །ཟླ་བ་དག་ཅིང་དྲི་མེད་ལ། །སྐྱོན་བྲལ་རབ་ཏུ་དང་བ་ལྟར། །སྲིད་ལ་དགའ་བ་ཡོངས་སྤངས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །འདམ་རྫབ་ཀྱིས་ནི་མཁའ་ལྟར་དང་། །རྡུལ་གྱིས་ཟླ་བ་ཇི་ལྟ་བར། ། གང་ཞིག་སྡིག་པས་མི་གོས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །འདམ་རྫབ་ཀྱིས་ནི་མཁའ་ལྟར་དང་། །རྡུལ་གྱིས་ཟླ་བ་ཇི་ལྟ་བར། །གང་ཞིག་འདོད་པས་མི་གོས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །འདམ་རྫབ་ ཀྱིས་ནི་མཁའ་ལྟར་དང་། །རྡུལ་གྱིས་ཟླ་བ་ཇི་ལྟ་བར། །སྲིད་ལ་དགའ་བ་ཡོངས་སྤངས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་འདུག་ནས་རྡུལ་བྲལ་བ། །སེམས་ཤིང་ཟག་ཟད་བྱ་བ་བྱས། །དུལ་ཞིང་ ལུས་མཐར་གནས་པ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །ཤེས་རབ་ཟབ་ཅིང་ཡིད་གཞུངས་ལ། །ལམ་དང་ལམ་མིན་རྣམས་ལ་མཁས། །གང་ཞིག་དོན་མཆོག་རྗེས་ཐོབ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། ། མི་ནི་གང་ཡང་རུང་བ་དག །སློངས་མོ་ཙམ་གྱིས་འཚོ་བ་དང་། །བདག་མེད་སུ་ལ་འང་གནོད་མི་བྱེད། །བརྟན་ལྡན་ཚངས་པར་སྤྱོད་པ་ཅན། །ཀུན་ཤེས་སྤྱད་ཕྱིར་ཆོས་སྟོན་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་ 67-1-268a འདོད་པ་ལེགས་སྤངས་ཤིང་། །ཁྱིམ་མེད་པར་ནི་རབ་བྱུང་སྟེ། །འདོད་པའི་ཟག་པ་ཡོངས་ཟད་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །འགྲོ་བ་དང་ནི་གནས་པ་ཡི། །འབྱུང་པོ་ཆད་པས་མི་གཅོད་ཅིང་། །བསོད་ མེད་བསོད་ཏུ་མི་འཇུག་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་མི་མཐུན་འཐུན་བྱེད་ཅིང་། །ཆད་པས་གཅོད་པ་དང་དུ་ལེན། །འབྱུང་པོ་རྣམས་ལ་བརྩེ་ཕན་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །སྨྱུང་བུའི་ རྩེ་ལ་ཡུངས་ཀར་ལྟར། །གང་ཞིག་འདོད་ཆགས་ཞེ་སྡང་དང་། །ང་རྒྱལ་འཆབ་པ་འཇོམས་པ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་སྲེད་པའི་རྫོང་འདི་དང་། །འཁོར་བའི་ཀླུང་ལས་རབ་རྒལ་ཅིང་། །རྒལ་ནས་ཕ་ རོལ་འགྲོ་བར་སེམས། །ཡིད་ཉིད་ཀྱིས་ནི་མི་བཀྲི་ཞིང་། །གང་ཞིག་ལེན་པ་ལས་ལོག་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་འཇིག་རྟེན་འདི་དང་ནི། །ཕ་རོལ་ན་ཡང་སྲེད་མེད་ཅིང་། །སྲིད་པའི་སྲེད་པ་ཡོངས་ ཟད་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་འཇིག་རྟེན་འདི་དང་ནི། །ཕ་རོལ་ལ་ཡངས་ཆགས་མེད་ཅིང་། །ཆགས་མེད་རྣམ་པར་བྲལ་བ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །དགའ་དང་མི་དགའ་ སྤངས་པ་དང་། །བསིལ་བར་གྱུར་ཅིང་ཟག་པ་མེད། །འཇིག་རྟེན་ཀུན་ཟིལ་གནོན་བརྟན་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །མི་ཡི་སྦྱོར་བ་སྤངས་ནས་སུ། །ལྷ་ཡི་སྦྱོར་བ་རབ་འདས་ཤིང་། །སྦྱོར་བ་ཀུན་དང་རྣམ་ བྲལ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་ལྷ་དང་དྲི་ཟ་དང་། །མི་ཡི་འགྲོ་བ་མི་ཤེས་ཤིང་། །ཞི་བ་འགྲོ་བ་མི་ཤེས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་གིས་ཆོས་རྣམས་མི་ཤེས་པ་འམ། ། མ་མཐོང་བ་ནི་མེད་གྱུར་ལ། །ཤེས་བྱ་མཐའ་ཡས་ལྟ་བ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་གིས་སྔོན་གྱི་གནས་རྟོགས་ཤིང་། །མཐོ་རིས་ངན་སོང་མཐོང་བ་དང་། །དེ་ནས་སྐྱེ་བ་ཟད་ཐོབ་པའི། །ཐུབ་པ་ 67-1-268b མངོན་ཤེས་ལ་བརྩོན་པ། །སྡུག་བསྔལ་ཐ་མར་རབ་ཤེས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །སེམས་ཀྱི་རྣམ་གྲོལ་ཤེས་པ་དང་། །འདོད་ཆགས་ཀུན་ལས་གྲོལ་བ་དང་། །རིག་པ་གསུམ་དང་ལྡན་པ་དེ། །བྲམ་ཟེ་ ཡིན་པར་ངས་གསུངས་སོ། །གང་གིས་སེམས་ཅན་འཆི་འཕོ་དང་། །སྐྱེ་བ་ཐམས་ཅད་རྟོགས་གྱུར་པ། །ཐོགས་མེད་སྤྱན་ལྡན་སངས་རྒྱས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་ཀུན་སྦྱོར་ཀུན་འདས་ཤིང་། ཡོངས་སུ་གདུང་བ་མེད་པ་དང་། །དགའ་མེད་དྲན་ལྡན་སྟོན་པ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །ཐུབ་པ་རྣམ་རྒྱལ་དྲང་སྲོང་ཆེ། །ཁྱུ་མཆོག་རབ་མཆོག་གླང་པོ་ཆེ། །བཀུར་མེད་ཁྲུས་བྱས་སངས་རྒྱས་དེ། ། བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་སྲིད་འདས་ཀུན་ཟིལ་གནོན། །ཆུ་བོ་ལས་རྒལ་རྣམ་པར་འདྲེན། །རྣམ་བྲལ་ཕ་རོལ་ཕྱིན་པ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །སྡིག་ཅན་རྣམ་པར་མི་སེམས་ ཤིང་། །མི་སྒོམ་སྨྲ་བར་མི་བྱེད་པར། །འདུག་ནས་རྡུལ་བྲལ་སེམས་པ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་ཕྱག་དར་ཁྲོད་འཆང་ཞིང་། །ངོ་ཚ་ཤེས་ཤིང་འདོད་མི་ལྟ། །ཤིང་དྲུང་དག་ཏུ་གནས་པ་དེ། ། བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་སྡུག་བསྔལ་ཀུན་སྤངས་ཕྱིར། །ཞི་བ་འཕགས་ལམ་ཡན་ལག་བརྒྱད། །དྲང་པོ་སྒོམ་པར་བྱེད་པ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ལ་ཆུང་ཟད་གནས་མེད་ ཅིང་། །འདུ་ཤེས་ཡིད་གཉིས་ཟུག་རྔུ་མེད། །འཆི་མེད་གོ་འཕང་ཐོབ་པ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་ལུས་མེད་ཕུག་ན་གནས། །གཅིག་པུ་རྒྱུ་ཞིང་རིང་དུ་འགྲོ། །གདུལ་བར་དཀའ་བའི་སེམས་ འདུལ་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་ཞིག་གཟུགས་མེད་བལྟར་མེད་མཐའ་ཡས་ལ། །ཤིན་དུ་བལྟར་མེད་ཕྲ་ཞིང་གཞི་མངོན་རྟོགས། །རྟག་དྲན་ཀུན་སྦྱོར་ཟད་རྒྱུ་སངས་རྒྱས་པ། །འཇིག་རྟེན་ 67-1-269a འདི་ན་དེ་ནི་བྲམ་ཟེ་ཡིན། །གང་གིས་སོགས་མིག་འཆིང་གཏུབས་ཏེ། །ཆིངས་མ་རྒྱང་ཐག་བཅད་ནས་སུ། །ཡོངས་སུ་གདུང་སྤངས་སངས་རྒྱས་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །གང་གིས་རྙེད་འདོད་སྡིག་ ཅན་དང་། །སོག་མིག་ཆིངས་མ་གཏུབས་གྱུར་ཅིང་། །སྲེད་པ་རྩར་བཅས་དྲུངས་ཕྱུང་དེ། །བྲམ་ཟེ་ཡིན་པར་ངས་གསུངས་སོ། །བརྩོན་པས་ཆུ་བོའི་རྒྱུན་བཅད་ཅིང་། །འདོད་པ་ཐམས་ཅད་རབ་བཅོམ་དང་། །འདུ་བྱེད་རྣམས་ ཀྱི་ཟད་ཤེས་པ། །སྡིག་མེད་གང་ཡིན་བྲམ་ཟེ་ཡིན། །ཕ་དང་མ་ནི་བསད་བྱས་ཤིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་འཁོར་དང་བཅས་བཅོམ་པ། །སྡིག་མེད་གང་ཡིན་བྲམ་ཟེ་ཡིན། །ཕ་དང་མ་ནི་བསད་ བྱས་ཤིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །མི་བཟད་པ་ཡི་སྟག་བསད་པ། །སྡིག་མེད་གང་ཡིན་བྲམ་ཟེ་ཡིན། །གང་ཞིག་བྲམ་ཟེ་རྡེག་པ་བླུན། །སྐྲོད་པར་བྱེད་པ་དེ་ངན་པས། །བྲམ་ཟེ་རྣམས་ལ་བརྡེག་མི་བྱ། ། བྲམ་ཟེ་བསྐྲད་པར་མི་བྱའོ། །གང་ཞིག་ཆོས་རྣམས་རྣམ་ཤེས་ན། །རྒན་ནམ་ཡང་ན་གཞོན་ཡང་རུང་། །དེ་ལ་བཀུར་ཞིང་ཕྱག་བྱ་སྟེ། །བྲམ་ཟེ་གཙང་མས་མེ་བཞིན་ནོ། །གང་ཞིག་ཆོས་རྣམས་རྣམ་ཤེས་ན། །རྒན་ ནམ་ཡང་ན་གཞོན་ཡང་རུང་། །དེ་ལ་བཀུར་ཞིང་བསྙེན་བཀུར་ཏེ། །བྲམ་ཟེ་གཙང་མས་མེ་བཞིན་ནོ། །གང་ཞིག་རྫོགས་པའི་སངས་རྒྱས་ཀྱིས། །བསྟན་པའི་ཆོས་རྣམས་རྣམ་ཤེས་ན། །དེ་ལ་བཀུར་ཞིང་ ཕྱག་བྱ་སྟེ། །བྲམ་ཟེ་གཙང་མས་མེ་བཞིན་ནོ། །གང་ཞིག་རྫོགས་པའི་སངས་རྒྱས་ཀྱིས། །བསྟན་པའི་ཆོས་རྣམས་རྣམ་ཤེས་ན། །དེ་ལ་བཀུར་ཞིང་བསྙེན་བཀུར་ཏེ། །བྲམ་ཟེ་གཙང་མས་མེ་བཞིན་ནོ། ། གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱི། །ཕ་རོལ་ཕྱིན་པར་གྱུར་པ་ན། །དེ་ཚེ་ཤ་ཟ་བ་ཀུ་ལ། །གཅིག་པོ་ལས་ཀྱང་ཤིན་དུ་འདས། །གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱི། །ཕ་རོལ་ཕྱིན་པར་གྱུར་པ་ན། །དེ་ཚེ་དེས་མཐོང་ཚོར་ 67-1-269b བ་རྣམས། །ཐམས་ཅད་ནུབ་པ་ཉིད་ཏུ་འགྱུར། །གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱི། །ཕ་རོལ་ཕྱིན་པར་གྱུར་པ་ན། །དེ་ཚེ་དེ་ཡིས་མཐོང་བས་ན། །རྐྱེན་རྣམས་ཐམས་ཅད་ནུབ་པར་གྱུར། །གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱི། །ཕ་རོལ་ཕྱིན་པར་གྱུར་པ་ན། །དེ་ཚེ་དེ་ཡིས་མཐོང་ བས་ན། །ཀུན་སྦྱོར་ཐམས་ཅད་ནུབ་པར་གྱུར། །གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱིས། །ཕ་རོལ་ཕྱིན་པར་གྱུར་པ་ན། །དེ་ཚེ་སྐྱེ་དང་རྒ་བ་དང་། །འཆི་བ་རྣམས་ལས་ཤིན་དུ་འདས། །ཉིན་མོ་ཉི་མ་གསོལ་བར་བྱེད། །མཚན་མོ་ཟླ་བ་སྣང་བ་ལྟར། །རྒྱལ་རིགས་གོ་ཆས་ཆས་པ་གསལ། བྲམ་ཟེ་སེམས་པར་བྱེད་ན་གསལ། །ཉིན་མོ་ཉི་མ་གསལ་བར་བྱེད། །མཚན་མོ་ཟླ་བ་སྣང་བྱེད་ལྟར། །རྟག་ཏུ་སངས་རྒྱས་གཟི་བརྗིད་ཅན། །ཉིན་དང་མཚན་དུ་གསལ་བར་བྱེད། །ཇི་ལྟར་མི་སྡུག་པ་ལས་ཡིད་ལྡོག་པ། །དེ་འདྲ་བྲམ་ཟེ་རྣམས་ལ་ཅུང་ཟད་མེད། །ཇི་ལྟ་ཇི་ལྟར་ དེ་ཡི་ཡིད་ལྡོག་པ། །དེ་ལྟ་དེ་ལྟར་ཀུན་རྫོབ་བདེན་པར་ཟད། །གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། །གང་གིས་ཆོས་རྣམས་རྒྱུར་བཅས་རབ་ཤེས་པ། །ཆོས་འདི་རྣམས་ལས་རབ་ཏུ་འབྱུང་འགྱུར་ཏེ། །དེ་ཚེ་དེ་ཡི་སོམ་ཉི་མ་ལུས་སྤོང་། །གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། །གང་ གིས་སྡུག་བསྔལ་རྒྱུར་བཅས་རབ་ཤེས་པ། །ཆོས་འདི་རྣམས་ལས་རབ་ཏུ་འབྱུང་འགྱུར་ཏེ། །དེ་ཚེ་དེ་ཡི་སོམ་ཉི་མ་ལུས་སྤོང་། །གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། །གང་གིས་ཚོར་བ་ཟད་པ་འཐོབ་འགྱུར་བ། །ཆོས་འདི་རྣམས་ལས་རབ་ཏུ་འབྱུང་འགྱུར་ཏེ། །དེ་ཚེ་དེ་ཡི་སོམ་ཉི་ མ་ལུས་སྤོང་། །གང་ཚེ་བྲམ་ཟེ་བརྩོན་པས་འབད་པ་ན། །གང་གིས་རྐྱེན་རྣམས་ཟད་པ་འཐོབ་འགྱུར་བ། །ཆོས་འདི་རྣམས་ལས་རབ་ཏུ་འབྱུང་འགྱུར་ཏེ། །དེ་ཚེ་དེ་ཡི་སོམ་ཉི་མ་ལུས་སྤོང་། །གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། །གང་གིས་ཟག་པ་ཟད་པ་འཐོབ་འགྱུར་བ། ། ཆོས་འདི་རྣམས་ལས་རབ་ཏུ་འབྱུང་འགྱུར་ཏེ། །དེ་ཚེ་དེ་ཡི་སོམ་ཉི་མ་ལུས་སྤོང་། །གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། །ཇི་ལྟར་མཁའ་ལ་ཉི་མ་ཤར་བ་ལྟར། །འཇིག་རྟེན་ཐམས་ཅད་སྣང་བྱེད་འདུག་འགྱུར་བ། །ཆོས་འདི་རྣམས་ལས་རབ་ཏུ་འབྱུང་བར་འགྱུར། །གང་ ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། །བློ་ཡིས་ཀུན་སྦྱོར་རྣམས་ལས་རབ་གྲོལ་ཏེ། །བདུད་སྡེ་རྣམ་པར་བསལ་ནས་འདུག་འགྱུར་ལ། །ཆོས་འདི་རྣམས་ལས་རབ་ཏུ་འབྱུང་བར་འགྱུར། །བྲམ་ཟེའི་ཚོམས་ཏེ་སུམ་བཅུ་རྩ་གསུམ་པའོ།། །།སྡོམ་ལ། དེ་བཞིན་གཤེགས་དང་ཐོས་ 67-1-270a དང་བདག །བསྒྲེ་དང་མཛའ་བཤེས་ལྔ་པའོ། །མྱ་ངན་འདས་དང་མཐོང་བ་དང་། །སྡིག་དང་ཕྲུགས་དང་བདེན་པ་དང་། །སེམས་དང་དགེ་སློང་ཚོམས་དག་དང་། །བྲམ་ཟེ་ཡང་ནི་ཐ་མ་ཡིན། །ཆེད་དུ་བརྗོད་པའི་ཚོམས་ དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པ། །རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བིདྱ་པྲ་བྷ་ཀ་ར་དང་། ལོ་ཙྪ་བ་བན་དེ་རིན་ཆེན་མཆོག་གིས་བསྒྱུར། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ནས་གཏན་ལ་ཕབ་པ། ། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་སད་ཛཱ་ན་པུ་རུ་ཥ་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྐྱེས་བུ་དམ་པའི་མདོ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་ དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ ལྔ་པོ་འདི་དག་ནི་སྐྱེས་བུ་དམ་པའི་སྦྱིན་པ་དག་ཡིན་ཏེ། ལྔ་གང་ཞེ་ན་དགེ་སློང་དག་སྐྱེས་བུ་དམ་པ་ནི་དད་པས་སྦྱིན་པ་སྦྱིན་པར་བྱེད་པ་ཡིན། གུས་པར་བྱས་ཏེ་རང་གི་ལག་པ་ནས་དང་། དུས་སུ་གཞན་དག་ལ་མི་གནོད་པར་ སྦྱིན་པ་སྦྱིན་པར་བྱེད་པ་ཡིན་ནོ། །དགེ་སློང་དག་དད་པས་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པར་འདོད་བྱ་བ་གང་ཞེ་ན། དད་པས་སྦྱིན་པ་བྱིན་པས་ཕྱུག་པོར་འགྱུར་བ་ཡིན། ནོར་མང་བ་དང་། ལོངས་སྤྱོད་ཆེ་བ་ཡིན། ནོར་གྱི་ཡོ་བྱད་མང་བ་ཡིན། བདག་དབང་བའི་སློང་ཆེ་བ་ཡིན། ནོར་དང་། འབྲུ་དང་། དབྱིག་དང་། གསེར་དང་། མཛོད་དང་། བདེ་བའི་ཚོགས་མང་བ་ཡིན། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་མང་བ་ཡིན་ མཛའ་བོ་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་མང་བ་ཡིན་ཏེ། དགེ་སློང་དག་དད་པས་སྦྱིན་པ་བྱིན་པའི་འབྲས་བུ་རྣམས་པར་སྨིན་པ་དེ་ལྟ་བུ་འདོད་པར་བྱའོ། །དགེ་སློང་དག་གུས་པར་བྱས་ཏེ། སྦྱིན་པ་ 67-1-270b བྱིན་པའི་འབྲས་བུ་རྣམ་པར་སྨིན་པ་འདོད་པར་བྱ་བ་གང་ཞེ་ན། གུས་པར་བྱས་ཏེ་སྦྱིན་པ་བྱིན་པས་ཕྱུག་པོར་འགྱུར་བ་ཡིན། མཛའ་བོ་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་མང་བ་ཡིན་པའི་བར་སྔ་མ་བཞིན་ ནོ། །བུ་དང་། ཆུང་མ་དག་དང་བྲན་དང་། བྲན་མོ་དང་ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་མཛའ་བོ་དང་། བློན་པོ་དང་ཉེ་དུ་དང་། སྣག་གི་གཉེན་མཚམས་དག་གིས་ཀྱང་། །གུས་པར་བྱས་པར་འགྱུར་བ་ཡིན་ཏེ། དགེ་སློང་དག་ གུས་པར་བྱས་ཏེ་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པ་དེ་ལྟ་བུ་འདོད་པར་བྱའོ། །དགེ་སློང་དག་རང་གི་ལག་པ་ནས་སྦྱིན་པའི་འབྲས་བུ་རྣམ་པར་སྨིན་པ་འདོད་པར་བྱ་བ་གང་ཞེ་ན། རང་གི་ལག་པ་ནས་སྦྱིན་པ་བྱིན་ པས་ཕྱུག་པོར་གྱུར་པ་ནས་མཛའ་བོ་དང་། བློན་པོ་དང་ཉེ་དུ་དང་། སྣག་གི་གཉེན་མཚམས་མང་བ་ཡིན་པའི་བར་སྔ་མ་བཞིན་ནོ། །དེའི་ཁྱིམ་གྱི་ལོངས་སྤྱོད་རྒྱ་ཆེན་པོ་དག་ལ་ཡང་སེམས་འཇུག་པ་ཡིན། ཟས་ཀྱི་ལོངས་ སྤྱོད་རྒྱ་ཆེན་པོ་དག་དང་། ཐེག་པའི་ལོངས་སྤྱོད་རྒྱ་ཆེན་པོ་དག་དང་། མལ་ཆའི་ལོངས་སྤྱོད་རྒྱ་ཆེན་པོ་དག་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྒྱ་ཆེན་དག་ལ་ཡང་སེམས་འཇུག་པ་ཡིན་ནོ། །དགེ་ སློང་དག་རང་གི་ལག་པ་ནས་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པ་དེ་ལྟ་བུ་འདོད་པར་བྱའོ། །དགེ་སློང་དག་དུས་སུ་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པ་འདོད་པར་བྱ་བ་གང་ཞེ་ན། དུས་སུ་སྦྱིན་པ་བྱིན་པས་ ཕྱུག་པོར་འགྱུར་བ་ཡིན་པ་ནས། མཛའ་བོ་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་མང་པོའི་བར་སྔ་མ་བཞིན་ནོ། །དེའི་ནོར་དག་ཀྱང་དུས་སུ་ཐོབ་པ་དང་། མང་ཞིང་འཐུན་པ་མངོན་དུ་འབྱུང་བ་ཡིན་ཏེ། དགེ་ སློང་དག་དུས་སུ་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པ་དེ་ལྟ་བུ་འདོད་པར་བྱའོ། །དགེ་སློང་དག་གཞན་ལ་མི་གནོད་པར་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པ་འདོད་པར་བྱ་བ་གང་ཞེ་ན། གཞན་ལ་མི་ 67-1-271a གནོད་པར་སྦྱིན་པ་བྱིན་པས་ཕྱུག་པོར་འགྱུར་བ་ཡིན་པ་ནས་མཛའ་བོ་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་མང་བའི་བར་སྔ་མ་བཞིན་ནོ། །དེའི་ལོངས་སྤྱོད་གང་དག་བརྩོན་འགྲུས་བརྩམས་ པས་ཐོབ་པ་ལགས། མཐུས་བསྒྲུབས་པ་རྔུལ་ཞིང་དྲི་མ་ཆགས་ཆགས་སུ་བསྒྲུབས་པ། ཆོས་དང་ལྡན་པ་ཆོས་ཀྱིས་ཐོབ་པ་དེ་དག་ལ་ཡང་རྒྱལ་པོ་འམ། རྐུན་པོ་འམ། མེ་འམ། ཆུ་འམ། མི་འཛའ་བ་བགོ་སྐལ་ ལ་སྤྱོད་པ་འམ། གང་ལས་ཀྱང་བར་ཆད་མི་འབྱུང་བ་ཡིན་ཏེ། གཞན་ལ་མི་གནོད་པར་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པ་འདི་ལ་འདོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ། ། བདེ་བར་གཤེགས་པས་དེ་སྐད་ཅེས་གསུངས་ནས་འདི་ལྟར་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །དད་ཅིང་གུས་པར་བྱས་ཏེ་རང་གི་ལག་པ་ནས། །དུས་སུ་གནོད་པ་མེད་པར་མཁས་པ་སྦྱིན་པ་བྱེད། ། སྦྱིན་པ་རྒྱ་ཆེ་བ་དང་ཆེན་པོ་འདིར་བྱིན་ནས། །ཀུན་བགེད་བྱེད་པ་དེ་ནི་བཟང་འགྲོར་འགྲོ་བ་ཡིན། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་ པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྐྱེས་བུ་དམ་པའི་མདོ། རྫོགས་སྷོ།། །།དྷརྨ་ཤུད་དྷོ་པ་རི་པྲི་ཙྪའོ། ། རྒྱ་གར་གྱི་མཁན་པོ་དྷརྨཱ་ཀ་ར་དང་། ལོ་ཙྪ་བ་བན་དེ་བཟང་སྐྱོང་གིས་བསྒྱུར། བན་དེ་དཔལ་ བརྩེགས་ཀྱིས་ཞུ་ཆེན་བགྱིས། ཤེ། དྷརྨ་ཤུད་དྷོ་བ་རི་པྲི་ཙྪའོ། ། རྒྱ་གར་སྐད་དུ། ནན་ད་པྲ་པྲ་ཛྱཱ་སཱུ་ཏྲ། བོད་སྐད་དུ། དགའ་བོ་རབ་ཏུ་བྱུང་བའི་མདོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སེར་སྐྱའི་གནས་ཀྱི་ནྱ་གྲོ་དྷའི་ཀུན་དགའི་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཆོས་གོས་དང་ཤམ་ཐབས་བནབས་ཏེ། ལྷུང་བཟེད་བསྣམས་ནས་ཕྱི་ 67-1-271b བཞིན་འབྲང་བའི་དགེ་སྦྱོང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། སེར་སྐྱའི་གནས་སུ་བསོད་སྙོམས་ལ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་རིགས་ཀྱི་བུ་དགའ་བོའི་ཁྱིམ་ག་ལ་བ་དེར་གཤེགས་པ་དང་། རིགས་ཀྱི་བུ་དགའ་ བོས་བཅོམ་ལྡན་འདས་རྒྱང་རིང་པོ་ནས་གཤེགས་པ་མཐོང་ངོ་། །མཐོང་ནས་ཀྱང་རིངས་པ་རིངས་པར་བཅོམ་ལྡན་འདས་ཀྱི་ཆེད་དུ་གདན་བཤམས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚུར་གཤེགས། བཅོམ་ ལྡན་འདས་གཤེགས་པ་ལེགས་སོ། །བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སུ་གསོལ། བཅོམ་ལྡན་འདས་བཞུགས་སོ། །དེ་ནས་རིགས་ཀྱི་བུ་དགའ་བོས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་ འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བོ་ཅིའི་ཕྱིར་རབ་ཏུ་མི་འབྱུང་། དགའ་བོས་གསོལ་པ། བཅོམ་ ལྡན་འདས་རབ་ཏུ་འབྱུང་བ་ཞེས་བྱ་བའི་ཚིག་གི་དོན་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་པ་ཐམས་ཅད་ཡོངས་སུ་སྤོང་བ་ཡིན་ནོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རབ་ཏུ་སེལ་བ་ ཡིན་ནོ། །འཐབ་པ་དང་། ཐབ་མོ་དང་། འཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་དང་། སྒྱུ་དང་། གཡོའི་མུན་པས་བསྡུས་པའི་དྲི་མ་ཐམས་ཅད་འཁྲུ་བ་ཡིན་ནོ། །ལོ་ཏོག་ཐམས་ཅད་ཀྱི་ས་གཞི་ལྟ་བུར་ཡོན་ཏན་ཐམས་ ཅད་ཀྱི་གཞི་ཡིན་ནོ། །རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ནོ། །བདེ་བ་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུ་ཡིན་ནོ། །ཡོན་ཏན་ཐམས་ཅད་ཀྱི་གོ་འཕང་གི་གནས་ཡིན་ནོ། །སེམས་ཅན་ཐམས་ཅད་དབུགས་ འབྱིན་པ་ཡིན་ནོ། །འབྱུང་པོ་ཐམས་ཅད་ཀྱི་ཡིད་བརྟན་པ་ཡིན་ནོ། །སྲོག་ཆགས་ཐམས་ཅད་ལ་མི་འཇིགས་པ་སྦྱིན་ནོ། །སེམས་ཅན་དབུལ་པོ་ཐམས་ཅད་ཀྱི་བུམ་པ་ཡིན་ནོ། །སྐྱབས་མེད་པ་རྣམས་ཀྱི་དཔུང་ 67-1-272a གཉེན་ཡིན་ནོ། །ཀུན་དུ་ཚོལ་བས་ཕོངས་པ་དང་སྡུག་བསྔལ་གྱིས་ཉམས་ཐག་པ་རྣམས་ཀྱི་བསྟི་ས་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་མ་འདྲེས་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་མཆོད་པར་ བྱ་བ་ཡིན་ནོ། །མཁས་པ་རྣམས་ཀྱིས་བསྔགས་པ་ཡིན་ནོ། །ཐར་པར་འགྲོ་བ་རྣམས་ཀྱི་ལམ་ཡིན་ནོ། །སེམས་ཅན་དག་པ་རྣམས་ཀྱི་བསྙེན་པར་བྱ་བ་ཡིན་ནོ། །སྣོད་དུ་གྱུར་པ་རྣམས་ཀྱིས་བསྟེན་པར་བྱ་བ་ཡིན་ ནོ། །ངན་སོང་གི་སྒོ་གཅོད་པ་ཡིན་ནོ། །མཐོ་རིས་དང་ཐར་པའི་སྒོ་འབྱེད་པ་ཡིན་ནོ། །ལྷའི་འགྲོ་བ་རྣམས་ཀུན་དུ་འགེངས་པ་ཡིན་ནོ། །སྡུག་བསྔལ་ཐམས་ཅད་ཀུན་དུ་གཅོད་པ་ཡིན་ནོ། །སྲེད་པའི་འཆིང་བས་ བཅིངས་པ་རྣམས་རྣམ་པར་གྲོལ་བར་བྱེད་པ་ཡིན་ཏེ། དགའ་བོ་དེ་ནི་རབ་ཏུ་བྱུང་བ་ཞེས་བྱའོ། །ཡང་དག་པའི་ལྟ་བའི་ཁྱིམ་ཡིན་ནོ། །ཐར་པའི་ཡང་དག་པར་སྡོམ་པ་ཡིན་ནོ། །མྱ་ངན་ལས་འདས་པ་ལ་བསྙེན་པ་ ཡིན་ནོ། །རྒྱུན་ཉེ་བར་གཅོད་པ་ཡིན་ནོ། །ཉོན་མོངས་པ་རྣམས་སྲེག་པ་ཡིན་ནོ། །ཕྲ་རྒྱས་རྣམས་འབྱིན་པ་ཡིན་ནོ། །ལྟ་བ་ངན་པའི་དྲ་བ་རྣམས་འཇིག་པར་བྱེད་པ་ཡིན་ནོ། །བདུད་ཀྱི་རྒྱལ་མཚན་སྙོལ་བ་ཡིན་ནོ། ། བཟོད་པ་སྨྲ་བ་སྒྲེང་བ་ཡིན་ནོ། །འཁོར་བའི་འཁོར་ལོ་ལྡོག་པར་བྱེད་པ་ཡིན་ནོ། །ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་པ་ཡིན་ནོ། །ནུ་ཞོའི་རྒྱ་མཚོ་སྐེམས་པ་ཡིན་ནོ། །རུས་པའི་རི་འཇིག་པར་བྱེད་པ་ཡིན་ནོ། ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་མཐའ་ཡིན་ནོ། །ཕུང་པོའི་ཁུར་འཇོམས་པ་ཡིན་ནོ། །ཉོན་མོངས་པའི་འདམ་དུ་བྱིང་བ་རྣམས་འབྱིན་པ་ཡིན་ནོ། །ཁྱིམ་གྱི་གཟེབ་དུ་བཅིངས་པ་རྣམས་རྣམ་པར་གྲོལ་ བར་བྱེད་པ་ཡིན་ནོ། །གནོད་པའི་ཚོར་བ་རྣམས་ཟད་པར་བྱེད་པ་ཡིན་ནོ། །ཐེ་ཚོམ་རྣམས་དང་ཉོན་མོངས་པའི་དྲི་མ་བརྟན་པོར་གྱུར་པ་རྣམས་གཅོད་པ་ཡིན་ནོ། །རྒ་ཤིས་འཇིགས་པ་རྣམས་དབུགས་འབྱིན་པ་ 67-1-272b ཡིན་ནོ། །སྡུག་པ་དང་བྲལ་བ་ཟད་པར་བྱེད་པ་ཡིན་ནོ། །འཁོར་བའི་སྡུག་བསྔལ་གྱིས་གཙེས་པ་རྣམས་ཀྱི་བདེ་བ་དང་མི་འཇིགས་པའི་འགྲམ་ཡིན་ནོ། །འདོད་པའི་ཁམས་ལས་རྒལ་བར་བྱེད་པ་ཡིན་ནོ། །གཟུགས་ ཀྱི་ཁམས་ལས་ཡང་དག་པར་རྒལ་བར་བྱེད་པ་ཡིན་ནོ། །གཟུགས་མེད་པའི་ཁམས་ལས་རྣམ་པར་རྒལ་བར་བྱེད་པ་ཡིན་ནོ། །དོན་དམ་པར་མྱ་ངན་ལས་འདས་པ་མཆོག་ཐོབ་པར་བྱེད་པ་ཡིན་ཏེ། །དགའ་བོ་དེ་ ནི་རབ་ཏུ་བྱུང་བ་ཞེས་བྱའོ། །འཇིག་རྟེན་ཐམས་ཅད་ཀྱི་མིག་ལྟ་བུ་ཡིན་ནོ། །གཏི་མུག་གི་མུན་པའི་སྒྲོན་མ་ཡིན་ནོ། །རྒྱུད་དག་པར་བྱེད་པ་ཡིན་ནོ། །ཉོན་མོངས་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡིན་ནོ། ། ལམ་སྟོར་བ་རྣམས་ལ་ལམ་ཀུན་དུ་སྟོན་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་དེ་ཁོ་ན་སྟོན་པ་ཡིན་ནོ། །མདུད་པ་ཐམས་ཅད་རྣམ་པར་གྲོལ་བར་བྱེད་པ་ཡིན་ནོ། །མ་རིག་པའི་མུན་པ་ཐམས་ཅད་སེལ་བ་ཡིན་ནོ། ། མི་ཤེས་པའི་རབ་རིབ་ཀྱི་སྒྲིབ་པའི་མུན་པ་རྣམས་འདྲལ་བར་བྱེད་པ་ཡིན་ནོ། །ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ་རྩོམ་པར་བྱེད་པ་ཡིན་ནོ། །ཚུལ་ཁྲིམས་ལ་ལྟུང་བ་རྣམས་སྐྱོ་བར་བྱེད་པ་ཡིན་ནོ། །ཚུལ་ཁྲིམས་ ཕུན་སུམ་ཚོགས་པ་རྣམས་རབ་ཏུ་དགའ་བར་བྱེད་པ་ཡིན་ནོ། །བརྩོན་འགྲུས་བརྩམས་པ་རྣམས་མཆོག་དུ་དགའ་བ་ཡིན་ནོ། །ནང་དུ་ཡང་དག་འཇོག་ལ་མངོན་པར་དགའ་བ་རྣམས་རབ་ཏུ་དགའ་བ་ཡིན་ནོ། ། རྣལ་འབྱོར་སྤྱོད་པ་རྣམས་མཆོག་ཏུ་ཆོག་ཤེས་པར་བྱེད་པ་ཡིན་ནོ། །ཉོན་མོངས་པའི་དགྲ་འཇོམས་པར་བྱེད་པ་རྣམས་ཀྱི་མཚོན་ཆ་ཡིན་ནོ། །ཕྱིར་མི་འོང་བ་རྣམས་མཆོག་ཏུ་རྒྱལ་བར་བྱེད་པ་ཡིན་ནོ། །གནས་མེད་པ་ རྣམས་ཀྱི་གནས་སོ། །སྐྱོབ་པ་མེད་པ་རྣམས་ཀྱི་སྐྱོབ་པ་ཡིན་ནོ། །འཇིགས་པས་འབྲེལ་པ་རྣམས་ཀྱི་མི་འཇིགས་པར་བྱེད་པ་ཡིན་ནོ། །སྐྱབས་མེད་པ་རྣམས་ཀྱི་སྐྱབས་ཡིན་ནོ། །སྡུག་བསྔལ་རྣམས་ཀྱི་བདེ་བའི་ཡོ་ 67-1-273a བྱད་ཡིན་ནོ། །འཁོར་བའི་འཆིང་བས་བཅིངས་པ་རྣམས་འགྲོལ་བར་བྱེད་པ་ཡིན་ཏེ། དགའ་བོ་དེ་ནི་རབ་ཏུ་བྱུང་བ་ཞེས་བྱའོ། །ལྷ་དང་མི་རྣམས་ཀྱིས་བཀུར་སྟི་བྱས་པ་ཡིན་ནོ། །མིའི་དབང་པོ་རྣམས་ ཀྱིས་མཆོད་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ་ཡིན་ནོ། །ཁྱིམ་གྱི་གནས་ཡོངས་སུ་གཏོང་བ་ཡིན་ནོ། །མྱ་ངན་ལས་འདས་པའི་ལམ་འདྲེན་པ་ཡིན་ནོ། །སྐྲའི་ཁུར་འདྲེག་པ་ཡིན་ནོ། །གོས་ངུར་ སྨྲིག་ནི་འདོད་ཆགས་དང་བྲལ་བའི་རྟགས་ཡིན་ནོ། །རིགས་པ་ལ་བརྩོན་པ་བརྩོན་འགྲུས་ཀྱི་ཞིང་ཡིན་ནོ། །འདི་ནི་དྲང་སྲོང་རྣམས་ཀྱི་རྒྱལ་མཚན་ཡིན་ནོ། །བདུད་སྡིག་ཏོ་ཅན་རྣམས་ཀྱི་གྲགས་པ་འཇོམས་པ་ཡིན་ནོ། ། ལྷ་དང་མི་རྣམས་རབ་ཏུ་དགའ་བར་བྱེད་པ་ཡིན་ཏེ། དགའ་བོ་རབ་ཏུ་བྱུང་བ་ནི་དེ་ལྟ་བུ་ཡིན་ན་ཅིའི་ཕྱིར་རབ་ཏུ་མི་འབྱུང་། དགའ་བོ་རབ་ཏུ་བྱུང་བ་ནི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པར་བདེ་ བ་ཡིན་ན་དགའ་བོ་གཞན་ཡང་དལ་བ་ཐོབ་པ་ནི་བསྐལ་པ་བྱེ་བ་བརྒྱར་ཡང་ཤིན་དུ་རྙེད་པར་དཀའ་བ་ཡིན་ཏེ། སངས་རྒྱས་འབྱུང་བ་ནི་དེ་བས་ཀྱང་ཆེས་རྙེད་པར་དཀའ་བ་ཡིན་ནོ། །དགའ་བོ་ཐར་པར་འདོད་པ་རྒྱལ་པོའི་དྲང་ སྲོང་རྣམས་དང་། གཞན་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་རྣམས་ཀྱང་བཙུན་མོའི་འཁོར་དང་བཅས་ཏེ། ས་བོར་ནས་རབ་ཏུ་བྱུང་ངོ་། །དེ་བཞིན་དུ་ཁྱིམ་བདག་དང་། བྲམ་ཟེའི་ཚོགས་ གཞན་རྣམས་ཀྱང་ཁྱིམ་རྣམས་བོར་ནས་རབ་ཏུ་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་རིགས་ཀྱི་བུ་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་ཁྱིམ་པར་མཆིས་ལ་སྦྱིན་པ་དག་སྩལ། བསོད་ནམས་དག་ བགྱི་ཞིང་། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཡང་བསྙེན་བཀུར་བགྱི་ཞིང་། ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱང་བསྒྲུབ་པར་ 67-1-273b བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཁམས་གསུམ་པ་གང་དག་ཡིན་པའི་འཇིག་རྟེན་གང་བར་གྱུར་ལ། རིགས་ཀྱི་བུ་ འམ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་ལོ་བརྒྱར་འདི་ལྟ་སྟེ། ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱེད་ན་དགའ་བོ་དེ་ནི་བྱུང་བར་ངེས་པར་འབྱུང་བའི་ སེམས་ཀྱི་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་། །དལ་བ་ཤིན་དུ་རྙེད་དཀའ་སྟེ། །དགའ་བོ་སྟོན་པ་མངོན་གྱུར་པ། །ང་ལ་མི་མཉེས་མ་བྱེད་ཅིག །དགའ་བོ་དཔེར་ན་ས་ཆེན་པོ་འདི་ཆུ་གཅིག་པུར་རྒྱུ་ མཚོར་གྱུར་ལ། དེ་ན་རུ་སྦལ་ཞར་བ་གཅིག་ཀྱང་ཡོད། དེ་ན་གཉའ་ཤིང་བུ་ག་གཅིག་པ་གཅིག་ཀྱང་རྒྱུ་ལ་རུ་སྦལ་ཞར་བ་དེ་འདི་སྐད་དུ། གཉའ་ཤིང་གི་བུ་ག་དེར་མགྲིན་པ་ཆུད་པར་བྱའོ་སྙམ་དུ་སེམས་སྐྱེ་ཞིང་། གཉའ་ཤིང་ བུ་ག་ཅན་དེ་ཡང་རླུང་གིས་བསྐྱོད་ནས་ཕྱོགས་ཕྱོགས་སུ་རྒྱུག་པར་བྱེད་པ་ན་དགའ་བོ་བརྒྱ་ལ་རྐྱེན་ཞིག་གིས་རུ་སྦལ་ཞར་བ་དེའི་མགྲིན་པ་གཉའ་ཤིང་གི་བུ་ག་དེར་འཇུག་པར་འགྱུར་གྱི། དགའ་བོ་མི་ཉིད་ཐོབ་པ་ནི་མ་ཡིན་ནོ། །དལ་བ་ཕུན་ སུམ་ཚོགས་པ་ཡང་དེ་བཞིན་ནོ། །དགའ་བོ་ཁྱོད་ཀྱིས་མི་ཉིད་ཤིན་དུ་རྙེད་པར་དཀའ་བ་དང་། དེ་བཞིན་དུ་དལ་བ་ཕུན་སུམ་ཚོགས་པ་ཡང་རྙེད་ན། དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་། །དལ་བ་ཤིན་དུ་རྙེད་དཀའ་རྙེད། །དགའ་བོ་སྟོན་པ་མངོན་གྱུར་ ན། །ང་ལ་མི་མཉེས་མ་བྱེད་ཅིག །དཔེར་ན་འགའ་ཞིག་གིས་ཁབ་ཀྱི་མིག་གནམ་དུ་བསྟན་ཏེ་ཡུངས་ཀར་གྱི་འབྲུ་རྣམས་འཐོར་བར་བྱེད་ན་དགའ་བོ་བརྒྱ་ལ་རྐྱེན་ཞིག་གིས་དེར་ཡུངས་ཀར་གྱི་འབྲུ་གང་ཡིན་པ་གཅིག་ཆུད་པར་འགྱུར་གྱི། དགའ་བོ་མི་ཉིད་རྙེད་པ་ནི་མ་ཡིན་ནོ། །དལ་བ་ཕུན་སུམ་ཚོགས་པ་ཡང་དེ་བཞིན་ནོ། །དགའ་བོ་མི་ཉིད་ཤིན་དུ་རྙེད་པར་དཀའ་བ་དང་། དེ་བཞིན་དུ་དལ་བ་ཕུན་སུམ་ཚོགས་པ་ཡང་རྙེད་ན། དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་། །དལ་བ་ 67-1-274a ཤིན་དུ་རྙེད་དཀའ་རྙེད། །དགའ་བོ་སྟོན་པ་མངོན་གྱུར་པ། །ང་ལ་མི་མཉེས་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། བསྐལ་པ་བྱེ་བ་སྟོང་དང་ནི། །བརྒྱ་དང་ཁྲག་ཁྲིག་དག་ཏུ་ཡང་། །སངས་རྒྱས་སྒྲ་ནི་མི་ཐོས་ན། །སངས་ རྒྱས་མཐོང་བ་ག་ལ་ཞིག །ཨུ་དུམ་བ་རའི་མེ་ཏོག་ནི། །ཤིང་ལས་ཤིན་དུ་རྙེད་དཀའ་ལྟར། །དེ་བཞིན་སངས་རྒྱས་རྙེད་དཀའ་སྟེ། ཁྱེད་ཀྱིས་ང་ནི་རྙེད་གྱུར་ན། །དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་། །དལ་བ་ཤིན་དུ་རྙེད་ དཀའ་སྟེ། །དགའ་བོ་སྟོན་པ་མངོན་གྱུར་པ། །ང་ལ་མི་མཉེས་མ་བྱེད་ཅིག །དེ་ནས་རིགས་ཀྱི་བུ་དགའ་བོ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ཏེ། རྒྱལ་བའི་བསྟན་པ་ལ་ཡང་དག་པར་དད་པ་ཁོ་ནས་ཁྱིམ་ནས་ ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་རིགས་ཀྱི་བུ་དགའ་བོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དགའ་བོ་རབ་ཏུ་བྱུང་བའི་མདོ་ རྫོགས་སྷོ།། །། རྩངས་དེ་བེན་དྲ་རཀྵི་ཏས་ཞུས་ཆེན་བགྱིས་པ། །༄༅། ། རྒྱ་གར་སྐད་དུ། དེ་བ་ཏ་སཱུ་ཏྲ། བོད་སྐད་དུ། ལྷའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་མཚན་མོ་མི་ཉལ་ཙམ་ན་ལྷ་མདོག་བཟང་པོ་ཞིག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་ལྷ་དེའི་མཐུས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་དེའི་ཚེ་ལྷ་དེས་ ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །མཚོན་ཆ་རྣོན་པོ་དེ་གང་ལགས། །ཧ་ལ་ཧ་ལའི་དུག་གང་ལགས། །རབ་ཏུ་འབར་བའི་མེ་གང་ལགས། །མུན་པ་རབ་གནག་དེ་གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། 67-1-274b ཚིག་དུག་མཚོན་ཆ་རྣོན་པོ་ཡིན། །འདོད་ཆགས་ཧ་ལ་ཧ་ལའི་དུག །ཞེ་སྡང་རབ་ཏུ་འབར་བའི་མེ། །མུན་པ་རབ་གནག་མ་རིག་པ། །ལྷས་གསོལ་པ། མི་ཡིས་ཟིན་པ་དེ་གང་ལགས། །གང་འདིར་བོར་བ་དེ་གང་ལགས། ། མི་ཤིགས་གོ་ཆ་ཅི་ཞིག་ལགས། །འདི་ན་མཚོན་དུ་ཅི་རྣོ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་གིས་གང་བྱིན་ཟིན་པ་ཡིན། །ཁྱིམ་དུ་གང་བཞག་འདིར་བོར་ཡིན། །མི་ཤིགས་གོ་ཆ་བཟོད་པ་ཡིན། ། འདི་ན་མཚོན་དུ་ཤེས་རབ་རྣོ། །ལྷས་གསོལ་པ། ཆོམ་རྐུན་ཞེས་བགྱི་དེ་གང་ལགས། །དམ་པ་རྣམས་ཀྱི་ནོར་གང་ལགས། །ལྷ་དང་བཅས་པའི་འཇིག་རྟེན་ན། །བསླུས་ཤེས་བགྱི་བ་གང་དག་ལགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་རྟོག་ཆོམ་རྐུན་མཁས་པ་ཡིན། །ཚུལ་ཁྲིམས་དམ་པ་རྣམས་ཀྱི་ནོར། །གང་དག་ཚུལ་ཁྲིམས་ལོག་ལྷུང་བྱས། །དེ་དག་འཇིག་རྟེན་བསླུས་པ་ཡིན། །ལྷས་གསོལ་པ། བདེ་ཞེས་བགྱི་བ་དེ་གང་ལགས། །དབང་ཕྱུག་དམ་པ་དེ་གང་ལགས། །རྟག་ཏུ་རྣམ་པར་རྒྱན་པ་གང་། །མཐོ་བརྩམས་གང་ལགས་བཀའ་སྩལ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་ཆུང་ བདེ་བར་ཤེས་པར་བྱ། །ཆོག་ཤེས་དབང་ཕྱུག་དམ་པ་ཡིན། །ཁྲིམས་ལྡན་རྟག་ཏུ་རྣམ་པར་བརྒྱན། །ཚུལ་ཁྲིམས་ཉམས་པ་མཐོ་བརྩམས་ཡིན། ལྷས་གསོལ་པ། རྩ་ལག་མཉེས་གཤིན་དེ་གང་ལགས། ། བསམ་པ་སྡང་བའི་དགྲ་གང་ལགས། །སྡུག་བསྔལ་མི་བཟད་དེ་གང་ལགས། །མཆོག་ཏུ་བདེ་བ་དེ་གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩ་ལག་མཉེས་གཤིན་བསོད་ནམས་ཡིན། ། སྡིག་པ་བསམ་པ་སྡང་བའི་དགྲ། །དམྱལ་བའི་སྡུག་བསྔལ་མི་བཟད་པ། །ཕུང་པོ་མེད་པའི་བདེ་བའི་མཆོག །ལྷས་གསོལ་པ། སྡུག་ལ་མི་ཕན་དེ་གང་ལགས། །ཕན་ཡང་མི་སྡུག་གང་ཞིག་ལགས། ། 67-1-275a གནོད་པ་བགྱིད་པའི་ནད་གང་ལགས། །སྨན་པའི་མཆོག་གཅིག་དེ་གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་པ་སྡུག་ཀྱང་མི་ཕན་པ། །ཐར་པ་ཕན་ལ་མི་སྡུག་པ། །འདོད་ཆགས་གནོད་ པ་མེད་པའི་ནད། །སྨན་པའི་མཆོག་གཅིག་སངས་རྒྱས་ཡིན། །ལྷས་གསོལ་པ། གང་གིས་འཇིག་རྟེན་འདི་བསྒྲིབས་ལགས། །གང་གིས་འཇིག་རྟེན་དབང་དུ་བགྱིས། །གང་གིས་མཛའ་བཤེས་འབྱེད་པར་བགྱིད། ། གང་གིས་མཐོ་རིས་མཆི་མི་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ཤེས་པས་ནི་འཇིག་རྟེན་བསྒྲིབས། །གཏི་མུག་གིས་ནི་དབང་དུ་བྱས། །ཞེན་པས་མཛའ་བཤེས་འབྱེད་པར་བྱེད། །ཆགས་པས་ མཐོ་རིས་འགྲོ་མི་འགྱུར། །ལྷས་གསོལ་པ། གང་གིས་མཛའ་བཤེས་འཕེལ་བར་འགྱུར། །གང་གིས་དགྲ་རྣམས་ཞི་བར་བགྱིད། །གང་གིས་མཐོ་རིས་འཐོབ་པར་བགྱིད། །གང་གིས་ཐར་པར་འགྲོ་བར་འགྱུར། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཏོང་བས་མཛའ་བཤེས་འཕེལ་བར་འགྱུར། །བྱམས་པས་དགྲ་རྣམས་ཞི་བར་བྱེད། །ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་ཐོབ། །ཤེས་པས་ཐར་པར་འགྲོ་བར་འགྱུར། ། ལྷས་གསོལ་པ། རྒྱལ་པོ་དང་ནི་ཆོམ་རྐུན་གྱིས། །ཤིན་དུ་བསྒྲིམ་པ་བགྱིས་གྱུར་ན། །སྐྱེས་པ་འམ་བུད་མེད་གང་གི་འང་རུང་། །དབྲོག་པར་མི་ཚུགས་ཅི་ཞིག་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་དང་ནི་ཆོམ་རྐུན་གྱིས། །ཤིན་དུ་བསྒྲིམ་པ་བྱས་གྱུར་ཀྱང་། །སྐྱེས་པ་འམ་བུད་མེད་གང་གི་འང་རུང་། །དབྲོག་པར་མི་ཚུགས་ཚུལ་ཁྲིམས་སོ། །ལྷས་གསོལ་པ། འཇིག་རྟེན་འདི་ནི་གང་གིས་འཆིང་། ། གང་གིས་འཇིག་རྟེན་རྣམ་པར་གྲོལ། །གང་ཞིག་རྣམ་པར་སྤངས་པས་ན། །མྱ་ངན་འདས་ཤེས་བགྱི་བར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་པས་འཇིག་རྟེན་འཆིང་བར་བྱེད། །འདོད་པ་ 67-1-275b མེད་པས་རྣམ་པར་གྲོལ། །སྲེད་པ་རྣམ་པར་སྤངས་པས་ན། །མྱ་ངན་འདས་ཤེས་བརྗོད་པ་ཡིན། །ལྷས་གསོལ་པ། རླུང་དམར་གྱིས་ཀྱང་མི་ཤིགས་ཤིང་། །ཞུགས་ཀྱིས་མི་འཚིག་དེ་ཅི་ལགས། །དོག་ས་གཏམ་ པར་བགྱིད་པ་ཡི། །ཆབ་ཀྱིས་མི་འདྲུལ་ཅི་ཞིག་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རླུང་དམར་གྱིས་ཀྱང་མི་ཤེས་ཤིང་། །མེས་ཀྱང་མི་འཚིག་བསོད་ནམས་ཡིན། །ས་རྣམས་ཁེབས་པར་བྱེད་པ་ ཡི། །ཆུས་ཀྱང་མི་འདྲུལ་བསོད་ནམས་སོ། །ལྷས་གསོལ་པ། སུ་ཞིག་ཤིན་དུ་བསླུས་གྱུར་ནས། །འཇིག་རྟེན་འདི་ནས་ཕ་རོལ་མཆིས། །ད་དུང་བདག་གི་དོགས་པ་འདི། །ཁྱོད་ཀྱིས་བསལ་བར་མཛད་ པའི་རིགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་གིས་ལོངས་སྤྱོད་ཡོད་བཞིན་དུ། །བསོད་ནམས་བསགས་པ་མ་བྱས་པ། །དེ་ནི་ཤིན་དུ་བསླུས་གྱུར་ནས། །འཇིག་རྟེན་འདི་ནས་ཕ་རོལ་སོང་། །ལྷས་ གསོལ་པ། འཇིགས་པ་ཀུན་ལས་འདས་གྱུར་ཅིང་། །རྒལ་བའི་འཇིག་རྟེན་མཐུ་ལྡན་པའི། །བྲམ་ཟེ་མྱ་ངན་ཡོངས་འདས་པར། །ཀྱེ་མ་བདག་གིས་རིང་ནས་མཐོང་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་ སྩལ་ནས་ལྷ་དེ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་རྗེས་སུ་ཡི་རངས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །ལྷའི་མདོ་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཨལྤ་དེ་བ་ཏ་སཱུ་ཏྲ། བོད་སྐད་དུ། ལྷའི་མདོ་ཉུང་ངུ་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་ལྷ་ཞིག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ 67-1-276a མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ལྷ་དེས་བཅོམ་ལྡན་འདས་ལ་ཞུ་བ་ཞུས་པ། ཚུལ་ཁྲིམས་གང་ལགས་སྤྱོད་པ་གང་། །ཡོན་ཏན་གང་ལགས་ལས་གང་གིས། ། གནས་པ་ཇི་ལྟར་ཤེས་རབ་གང་། །སྐྱེ་བོ་གང་དག་མཐོ་རིས་མཆི། །ལྷ་ལ་ཐུགས་བརྩེ་ཉེར་བཟུང་ནས། །སྟོན་པས་དེ་ལ་ལུང་བསྟན་པ། །སྐྱེ་བོ་མཐོ་རིས་གང་འགྲོ་བ། །ལྷ་ཁྱོད་ང་ལ་རབ་ཏུ་ཉོན། །སྲོག་གཅོད་པ་ལས་ ཕྱིར་ལྡོག་ཅིང་། །ཁྲིམས་བཟུང་ཡང་དག་སྡོམ་ལ་དགའ། །གང་དག་འབྱུང་པོ་མི་འཚེ་བ། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། །གང་དག་མ་བྱིན་ལེན་སྤོང་ཞིང་། །སྦྱིན་པ་གཏོང་ལ་རྟག་དགའ་སྟེ། །རྐུ་བ་སྤོང་ཞིང་མི་རྐུ་བ། ། སྐྱེ་བོ་དེ་དག་མཐོ་རིས་འགྲོ། །གཞན་གྱི་ཆུང་མའི་ཐད་མི་འགྲོ། །ལོག་པར་གཡེམ་པ་རྣམ་པར་སྤོང་། །བདག་གི་ཆུང་མས་ཆོག་སེམས་པ། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། །གཞན་གྱི་དོན་ལ་རྐུ་བྱ་དང་། །བདག་གི་ཕྱིར་ དང་འཇིགས་པའི་ཕྱིར། །བརྫུན་གྱི་ཚིག་རྣམས་མི་སྨྲ་བ། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། །གྲོགས་པོ་རྟག་པར་འབྱེད་བྱེད་པ། །ཕྲ་མའི་ཚིག་རྣམས་རབ་སྤོང་ཞིང་། །གང་དག་འདུན་པར་རབ་དགའ་བ། །སྐྱེ་བོ་དེ་དག་ མཐོ་རིས་འགྲོ། །རྒྱགས་ལ་སྟེན་ཅིང་ཞེ་གཅོད་པ། །ཚིག་རྩུབ་དག་ནི་རྣམ་སྦྱོང་ཞིང་། །འཇམ་པོའི་ཚིག་ཏུ་གང་སྨྲ་བ། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། །དོན་མེད་གནས་དང་ལྡན་པ་ཡི། །ཀྱལ་པའི་ཚིག་རྣམས་རབ་ སྤོང་ཞིང་། །གང་ཡང་དུས་སུ་ཆོས་སྨྲ་བ། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། །གྲོང་ངམ་འོན་ཏེ་དགོན་པ་ན། །གཞན་གྱིས་བདག་གིར་བྱས་པ་ལ། །དེ་ལ་ཆགས་སེམས་གང་མེད་པ། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། །བྱམས་ པའི་སེམས་ཀྱིས་མི་འཚེ་ཞིང་། །གནོད་པར་སེམས་པ་མེད་པ་ཡིས། །སྐྱེ་བོ་ཀུན་ལ་མི་གནོད་པ། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། །ལས་དང་ལས་ཀྱི་རྣམ་སྨིན་དང་། །གཉིས་ག་ལ་ཡང་གང་དད་ཅིང་། ། 67-1-276b ཡང་དག་ལྟ་བ་ཡང་དག་འཛིན། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། །དགེ་བའི་ཆོས་རྣམས་འདི་དག་ནི། །དཀར་པོ་ཆོས་ཀྱི་ལམ་བཅུ་སྟེ། །གང་དག་ཡང་དག་འཛིན་འགྱུར་བ། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། །བྲམ་ཟེ་མྱ་ངན་ འདས་པ་དང་། །དགྲ་དང་འཇིགས་པ་ཀུན་འདས་ཤིང་། །འཇིག་རྟེན་ཆགས་མེད་རྒལ་བ་ནི། །མང་པོ་ཡོད་པར་མ་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ལྷ་དེ་ཡི་རངས་ཏེ། བཅོམ་ལྡན་འདས་ ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ལྷའི་མདོ་ཉུང་ངུ་རྫོགས་སོ།། །། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། ༄༅༅། །རྒྱ་གར་སྐད་དུ། ཙནྡྲ་སཱུ་ཏྲ། ཟླ་བའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཙམ་པ་ཅན་ན་འགྲོ་བ་པོའི་རྫིང་བུའི་འགྲམ་ན་བཞུགས་ཏེ། དེའི་ཚེ་ལྷ་མ་ཡིན་གྱི་དབང་པོ་ སྒྲ་གཅན་གྱིས་ཟླ་བའི་དཀྱིལ་འཁོར་ཐམས་ཅད་འོད་ཀྱིས་བཀབ་པར་གྱུར་ཏོ། །དེ་ནས་ཟླ་བའི་དཀྱིལ་འཁོར་ན་གནས་པའི་ལྷ་གང་ཡིན་པ་དེ་སྐྲག་ཅིང་དངངས་ལ་མི་དགའ་བར་གྱུར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ལྷ་དེས་དེའི་ཚེ་ཚིགས་སུ་བཅད་དེ་གསོལ་པ། ཀུན་ལས་རྣམ་པར་རབ་གྲོལ་བའི། ། སངས་རྒྱས་དཔའ་བོ་ཁྱོད་ཕྱག་འཚལ། །གནོད་པ་དག་དང་ཕྲད་གྱུར་པ། །བདག་གི་སྐྱབས་ནི་མཛད་པར་གསོལ། །འཇིག་རྟེན་དགྲ་བཅོམ་བདེ་གཤེགས་ལ། །ཟླ་བ་སྐྱབས་སུ་མཆི་ལགས་ཀྱིས། །སངས་རྒྱས་འཇིག་ རྟེན་ཐུགས་བརྩེ་རྣམས། །ཟླ་བ་ཐར་མཛོད་སྒྲ་གཅན་ལས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྒྲ་གཅན་ཟླ་བ་མུན་སེལ་བ། །ནམ་མཁའ་དག་ལ་འོད་བྱེད་ཅིང་། །ལམ་མེར་འདུག་ལ་དཀར་བ་དང་། 67-1-277a རྣམ་པར་དག་པའི་འོད་ལྡན་པ། །བར་སྣང་དག་ལ་མ་བཟུང་བར། །སྐྱེ་དགུའི་སྒྲོན་དེ་མྱུར་དུ་ཐོང་། །དེ་ནས་རིངས་བཞིན་སྒྲ་གཅན་དེ། །ལུས་ཀྱང་རྔུལ་ཅིང་སྐྲག་གྱུར་ལ། །ནད་པ་བཞིན་དུ་བརྟད་པ་ཡིས། ། ཟླ་བ་རྣམ་པར་གཏོང་བར་བྱེད། །དེ་ནས་རྣམ་པར་སྣང་བྱེད་ཀྱི་བུ་ཆེན་པོས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་རིངས་པ་བས་ཀྱང་རིངས་པར་ཟླ་བའི་དཀྱིལ་འཁོར་བཏོང་བ་མཐོང་ངོ་། །མཐོང་ནས་ཀྱང་དེའི་ཚེ་ཚིགས་སུ་ བཅད་དེ་སྨྲས་པ། ཅི་ཡི་ཕྱིར་ན་སྒྲ་གཅན་ཁྱོད། །ལུས་ཀྱང་རྔུལ་ཅིང་སྐྲག་གྱུར་ལ། །ནད་པ་བཞིན་དུ་བརྟད་པ་ཡིས། །རིངས་པར་ཟླ་བ་གཏོང་བར་བྱེད། །སྒྲ་གཅན་གྱིས་སྨྲས་པ། སངས་རྒྱས་ཚིགས་བཅད་འདི་ བརྗོད་པས། །གལ་ཏེ་ཟླ་བ་མ་བཏང་ན། །བདག་གི་མགོ་བོ་ཚལ་བདུན་འགས། །གསོན་ཡང་བདེ་བར་མི་འགྱུར་རོ། །རྣམ་པར་སྣང་བྱེད་ཀྱི་བུ་ཆེན་པོས་སྨྲས་པ། ཀྱེ་མ་བདེན་པ་གཟིགས་པ་ཡི། །སངས་རྒྱས་ རྣམས་ནི་འབྱུང་བ་རྨད། །དེ་དག་གིས་ནི་ཚིགས་སུ་བཅད། །བརྗོད་ན་སྒྲ་གཅན་ཟླ་བ་གཏོང་། །ཟླ་བའི་མདོ་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཀཱུ་ཊཱ་གཱར་སཱུ་ཏྲ། བོད་སྐད་དུ། ཁང་བུ་བརྩེགས་པའི་མདོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱག་དར་བགྱིས་པས་དགེ་བའི་རྩ་བ་ཅིར་འགྱུར་ལགས། དཀྱིལ་འཁོར་བགྱིས་པས་ཅིར་འགྱུར་ལགས། སྐྱབས་སུ་ 67-1-277b འཆི་བ་དང་། བསླབ་པའི་གཞི་རྣམས་ཀྱི་དགེ་བས་ནི་ཅིར་འགྱུར་ལགས། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བའི་ཐལ་མོ་སྦྱར་བའི་སུག་ལས་ཀྱིས་ནི་ཅིར་འགྱུར་ལགས། བཅོམ་ལྡན་འདས་དགེ་བའི་རྩ་བ་འཁོར་བར་ བས་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་ལ་བས་མ་འཚལ་བའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་ནི་གང་ལགས། དེ་བཞིན་གཤེགས་པའི་སྐུ་གཟུགས་བགྱིས་པས་ནི་ཅིར་འགྱུར་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཕྱག་དར་བྱས་པའི་ཕན་ཡོན་ནི་ལྔར་འགྱུར་ཏེ། ལྔ་གང་ཞེ་ན། ཀུན་དགའ་བོ་འདི་ལྟ་སྟེ། བདག་གི་སེམས་དང་བར་འགྱུར་བ་དང་། གཞན་གྱི་སེམས་དང་བར་འགྱུར་བ་དང་། ལྷ་རྣམས་དགའ་བར་འགྱུར་བ་དང་། མཛེས་པའི་ལས་བྱས་ཤིང་བསགས་པ་དང་། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ་གང་ལ་ལ་ཞིག་གིས་དེ་བཞིན་ གཤེགས་པའི་ཆེད་དུ་དཀྱིལ་འཁོར་གྲུ་བཞི་པ་བྱེད་ན་དེ་བྱང་གི་སྒྲ་མི་སྙན་གྱི་གླིང་གི་དབང་ཕྱུག་གི་བདག་པོར་འགྱུར་ཞིང་ལུས་ཞིག་ནས་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་བར་ང་སྨྲའོ། །ཀུན་དགའ་ བོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པའི་ཆེད་དུ་དཀྱིལ་འཁོར་ཟླུམ་པོ་བྱེད་ན་དེ་ནུབ་ཀྱི་བ་གླང་སྤྱོད་ཀྱི་གླིང་གི་དབང་ཕྱུག་གི་བདག་པོར་འགྱུར་ཞིང་ལུས་ཞིག་ནས་འཐབ་བྲལ་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་བར་ང་ སྨྲའོ། །ཀུན་དགའ་བོ་གང་ལ་ལ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་དང་བས་དཀྱིལ་འཁོར་ཟླ་གམ་ལྟ་བུ་བྱེད་ན་དེ་ཤར་གྱི་ལུས་འཕགས་གླིང་གི་དབང་ཕྱུག་གི་བདག་པོར་འགྱུར་ཞིང་ལུས་ཞིག་ནས་ དགའ་ལྡན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་བར་ང་སྨྲའོ། །ཀུན་དགའ་བོ་གང་ལ་ལ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་དང་བས་དཀྱིལ་འཁོར་ཤིང་རྟའི་དབྱིབས་ལྟ་བུར་བྱེད་ན་འཛམ་བུའི་གླིང་གི་དབང་ 67-1-278a ཕྱུག་གི་བདག་པོར་འགྱུར་ཞིང་ལུས་ཞིག་ནས་འཕྲུལ་དགའི་ལྷ་རྣམས་སུ་སྐྱེ་བར་འགྱུར་བར་ང་སྨྲའོ། །ཀུན་དགའ་བོ་གང་ལ་ལ་ཞིག་གིས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང་། གང་ཆོས་དང་། དགེ་འདུན་ལ་ སྐྱབས་སུ་འགྲོ་ཞིང་བསླབ་པའི་གཞི་རྣམས་ཀྱང་མནོས་ནས་ཡོངས་སུ་སྲུང་བར་བྱེད་ན་ཀུན་དགའ་བོ་དགེ་བའི་རྩ་བ་དེའི་བསོད་ནམས་ནི་དཔག་ཏུ་མེད་ཅིང་གྲངས་མེད་པར་ང་སྨྲ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ ཀྱིས་མྱ་ངན་ལས་འདས་པའི་མཐར་ཐུག་པའི་བར་དུ་མཐའ་གཟུང་བར་མི་ནུས་པར་ང་སྨྲའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་སེམས་ཐུགས་སུ་ཆུད་ནས་ལྗགས་པད་མ་དམར་པོའི་ འདབ་མ་དྲི་མ་མེད་ཅིང་ལོ་མ་འཇམ་པ་དང་། མཚལ་དམར་པོ་དང་། ཤིང་མྱ་ངན་འཚང་གི་ལོ་མ་དང་། ཟངས་ཀྱི་གླེགས་མ་སྲབ་མོ་དང་འདྲ་ལ་ཆུ་ཞེང་གབ་པས་ཞལ་གྱི་དཀྱིལ་འཁོར་དབུའི་སྐྲ་མཚམས་ལ་ཐུག་པའི་ བར་ཐམས་ཅད་དུ་བརྐྱང་ནས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་སྨྲ་བ་ལ་ལྕེ་འདི་ལྟ་བུ་མཐོང་ངམ། བཙུན་པ་མ་ལགས་སོ། ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་བདེན་པ་གསུང་བ་ཡིན་ནོ། །ཀུན་དགའ་བོ་གང་ལ་ལ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ་ཞེས་ཕྱག་འཚལ་བར་བྱེད་ན་སེམས་ཅན་དེ་དག་ངས་ཡོངས་སུ་བཟུང་ཞིང་ཡོངས་སུ་མྱ་ངན་ལས་བཟླས་པ་ ཡིན་ནོ། །སེམས་ཅན་དེ་རྣམས་ལ་ནི་ང་ཐུགས་ཁྲལ་ཆུང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་ནི་ཤིན་དུ་རབ་ཏུ་གནས་པ་ཡིན་ནོ། །དེ་ཤིན་དུ་རབ་ཏུ་ 67-1-278b གནས་པའི་ཕྱིར་ཐལ་མོ་སྦྱར་བ་ཡང་ཆུད་ཟ་བར་མི་འགྱུར་ན་སྦྱིན་པ་ལ་སོགས་པ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། ཀུན་དགའ་བོ་ལྟོས་ཤིག །སྐྱེས་བུ་ཞིག་ལ་རང་གི་གཟར་བུ་བཀྲུས་པ་ཙམ་འམ། ཕོར་བུ་བསྲུས་པ་ཙམ་པ་ འམ། ཕྲུ་ལྡོག་བཀྲུས་པ་ཙམ་གང་ཡིན་པ་དེ་ཡང་ཡོད་ལ། གལ་ཏེ་དེ་འདི་སྙམ་དུ། །འདི་ན་གནས་པའི་སྲོག་ཆགས་ཐམས་ཅད་འདིས་བདེ་བར་གྱུར་སྙམ་དུ་སེམས་ཤིང་གཏོར་ཁུང་དུ་འབོར་བར་བྱེད་ན་ཀུན་དགའ་བོ་འོན་ཀྱང་ བསོད་ནམས་སྐྱེ་བའི་སྒོར་འགྱུར་བར་ང་སྨྲ་ན་མིར་གྱུར་པ་ལྟ་སྨོས་ཀྱང་ཅི་དགོས། ཀུན་དགའ་བོ་གསུམ་པོ་འདི་དག་ནི་བར་གྱི་བསྐལ་པ་དག་ཡིན་ནོ། །གསུམ་གང་ཞེ་ན། མཚོན་གྱི་བར་གྱི་བསྐལ་པ་དང་། ནད་ཀྱི་བར་གྱི་ བསྐལ་པ་དང་། མུ་གེའི་བར་གྱི་བསྐལ་པའོ། །ཀུན་དགའ་བོ་དེ་ལ་གང་གིས་ཉི་མ་གཅིག་ཅིག་སྲོག་གཅོད་པ་སྤོང་ཞིང་ཡང་དག་པར་བླངས་ཏེ། གནས་པར་བྱེད་ན་དེ་མཚོན་གྱི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ། ། གང་ཞིག་གིས་ཨ་རུ་ར་གཅིག་ཙམ་ཡང་དགེ་འདུན་ལ་འབུལ་བར་བྱེད་ན་དེ་ནད་ཀྱི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ། །གང་ཞིག་གིས་ཟས་ནལ་ཙེ་གང་ཙམ་དགེ་འདུན་ལ་ཕུལ་ན་དེ་མུ་གེའི་བར་གྱི་བསྐལ་པར་མི་སྐྱེ་ བར་འགྱུར་རོ། །ཀུན་དགའ་བོ་དགེ་བའི་རྩ་བ་གསུམ་པོ་འདི་དག་བསྐྱེད་པ་ནི་འཁོར་བར་ཟད་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་ལ་ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བར་བྱེད་པ་ ཡིན་ནོ། །གསུམ་པོ་གང་དག་ཅེ་ན། ཀུན་དགའ་བོ་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་འཁོར་བར་ཟད་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་ལ་ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ ཡིན་ནོ། །ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་བསྐྱེད་པ་ནི་འཁོར་བར་ཟད་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་ལ་ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་ནོ། ། 67-1-279a དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་ཡོན་ཏན་བསྟན་པའི་ཕྱིར་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་འཛམ་བུའི་གླིང་གི་གླིང་མཐོང་ངམ། ཀྱེ་བཙུན་པ་མཐོང་ལགས་ སོ། །ཀུན་དགའ་བོ་འཛམ་བུའི་གླིང་གི་གླིང་ནི་ཞེང་དུ་ནི་དཔག་ཚད་བདུན་སྟོང་། ཆུར་ཡང་དཔག་ཚད་བདུན་སྟོང་སྟེ། བྱང་གི་ཞིང་ནི་ཆེ། ལྷོའི་ནི་ཤིང་རྟའི་དབྱིབས་སོ། །དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་ དགེ་འདུན་ལ་འབུལ་བར་བྱེད་པ་དང་། གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག ། སྲོག་ཤིང་ཁབ་ཙམ་འཛུགས་སུ་འཇུག །གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། །སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན་ཀུན་དགའ་བོ་འདི་ཉིད་ དེ་བས་བསོད་ནམས་ཤིན་དུ་མང་བར་ང་སྨྲའོ། །ཀུན་དགའ་བོ་འཛམ་བུའི་གླིང་གི་གླིང་ལྟ་ཞོག་གི། ཀུན་དགའ་བོ་ཤར་གྱི་ལུས་འཕགས་ཞེས་བྱ་བའི་གླིང་ཞེང་དུ་ཡང་དཔག་ཚད་བརྒྱད་སྟོང་། ཆུར་ཡང་དཔག་ཚད་བརྒྱད་སྟོང་ཀུན་ ནས་ཟླ་བ་གམ་པ་ལྟ་བུ་ཞིག་ཡོད་དེ། དེ་རིགས་ཀྱི་བུ་འམ། དེ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་ རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱེད་པ་དང་། གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྗོགས་པའི་སངས་ 67-1-279b རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག །སྲོག་ཤིང་ཁབ་ཙམ་འཛུགས་སུ་འཇུག །གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་ འཇུག །སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན་ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་དུ་མང་བར་ང་སྨྲའོ། །ཀུན་དགའ་བོ་འཛམ་བུའི་གླིང་གི་གླིང་ལྟ་ཡང་ཞོག །ཤར་གྱི་ལུས་འཕགས་ཀྱི་གླིང་ལྟ་ཡང་ཤོག་གི། ཀུན་དགའ་བོ་ནུབ་ཀྱི་བ་གླང་སྤྱོད་ཅེས་བྱ་བའི་གླིང་ཞེང་དུ་དཔག་ཚད་དགུ་སྟོང་། ཆུར་ཡང་དཔག་ཚད་དགུ་སྟོང་པ་ཀུན་ནས་ཟླ་བ་ཉ་བ་ལྟ་བུ་ཞིག་ཡོད་དེ། དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་ བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་སམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་ དང་། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་དུ་བྱེད་དུ་འཇུག །སྲོག་ཤིང་ཁབ་ཙམ་འཛུགས་སུ་འཇུག ། གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཛུག་པར་བྱེད་ན་ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་དུ་མང་བར་ང་སྨྲའོ། ། ཀུན་དགའ་བོ་འཛམ་བུའི་གླིང་གི་གླིང་ལྟ་ཡང་ཞོག །ཤར་གྱི་ལུས་འཕགས་པོའི་གླིང་ལྟ་ཡང་ཞོག །ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ལྟ་ཡང་ཞོག་གི། ཀུན་དགའ་བོ་བྱང་གི་སྒྲ་མི་སྙན་ཞེས་བྱ་བའི་གླིང་ཞེང་དུ་དཔག་ཚད་ཁྲི། ཆུར་ ཡང་དཔག་ཚད་ཁྲི་པ་ཀུན་ནས་གྲུ་བཞི་པ་ཞིག་ཡོད་དེ། དེ་རིགས་ཀྱི་བུ་འམ་རིགས་བུ་མོ་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་ 67-1-280a དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་སམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག །སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག །གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་སྐུ་གཟུགས་ནས་འབྲུ་ཙམ་བྱེད་ དུ་འཇུག་ལ། སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན། ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་དུ་མང་བར་ང་སྨྲའོ། །ཀུན་དགའ་བོ་འཛམ་བུའི་གླིང་གི་གླིང་ལྟ་ཡང་ཞོག །ཤར་གྱི་ལུས་འཕགས་ཀྱི་གླིང་ ལྟ་ཡང་ཞོག །ནུབ་ཀྱི་བ་གླང་སྤྱོད་ཀྱི་གླིང་ཡང་ལྟ་ཞོག །བྱང་གི་སྒྲ་མི་སྙན་གྱི་གླིང་ལྟ་ཡང་ཞོག་གི། ཀུན་དགའ་བོ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བ་ཞེས་བྱ་བ་ཡོད་དེ། དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ དད་པ་ཅན་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་ དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག ། སྲོག་ཤིང་ཁབ་ཙམ་འཛུགས་སུ་འཇུག །གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན་ཀུན་དགའ་བོ་འདི་ཉིད་ དེ་བས་བསོད་ནམས་ཤིན་དུ་རབ་ཏུ་མང་བར་ང་སྨྲའོ། །ཀུན་དགའ་བོ་འཛམ་བུའི་གླིང་གི་གླིང་ལྟ་ཡང་ཞོག །ཤར་གྱི་ལུས་འཕགས་ཀྱི་གླིང་ལྟ་ཡང་ཞོག །ནུབ་ཀྱི་བ་གླང་སྤྱོད་ཀྱི་གླིང་ལྟ་ཡང་ཞོག །བྱང་གི་སྒྲ་མི་ 67-1-280b སྙན་གྱི་གླིང་ལྟ་ཡང་ཤོག །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བ་ལྟ་ཡང་ཞོག་གི། ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་ཀྱི་བུ་འམ་ རིགས་ཀྱི་བུ་མོ་གང་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས་དང་། ལེན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་སམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་། གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་ སྐྱུ་རུ་ར་ཙམ་བྱེད་དུ་འཇུག །སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག །གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཇུག་ པར་བྱེད་ན། ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་དུ་རབ་ཏུ་མང་བར་ང་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྦྱིན་ པ་དཔག་ཏུ་མེད་པ། ཚུལ་ཁྲིམས་དཔག་ཏུ་མེད་པ། བཟོད་པ་དཔག་ཏུ་མེད་པ། བརྩོན་འགྲུས་དཔག་ཏུ་མེད་པ། བསམ་གཏན་དཔག་ཏུ་མེད་པ། ཤེས་རབ་དཔག་ཏུ་མེད་པ། བྱམས་པ་ནས་བཏང་སྙོམས་ཀྱི་བར་དུ་ དཔག་ཏུ་མེད་དེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་ སྩལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་མངོན་པར་བསྟོད་དོ། །ཁང་བུ་བརྩེགས་པའི་མདོ་རྫོགས་སོ།། །། ཞུ་ཆེན་གྱི་ལོ་ཙྪ་བ་རད་ན་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ 67-1-281a ཕབ་པ།། །། ༄༅། །འཕགས་པ་གནས་འཇོག་གི་མདོ་ཞེས་བྱ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སེར་ སྐྱའི་གནས་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་དྲང་སྲོང་ཆེན་པོ་སེར་སྐྱ་ཉིན་རེ་ཞིང་རྐང་པས་འགྲོ་ལ་འཆག་ཅིང་རྗེས་སུ་འཆག་པ་བཅོམ་ལྡན་འདས་ག་ལ་བ་དེར་ཆེད་དུ་སོང་སྟེ། བཅོམ་ལྡན་འདས་ དང་། ཡང་དག་པར་དགའ་བ་དང་། ཡང་དག་པར་བསྙེན་པའི་གཏམ་རྣམ་པ་སྣ་ཚོགས་དག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །བྲམ་ཟེ་གནས་འཇོག་ཕྱོགས་གཅིག་ཏུ་འདུག་པར་བཅོམ་ལྡན་འདས་ཀྱིས་ མཁྱེན་ནས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གནས་འཇོག་ཁྱོད་ཅིའི་ཕྱིར་འདི་ལྟར་སྐེམ་ཞིང་མདོག་མི་སྡུག །ཨག་ཙོམ་དང་། སྐྲ་དང་། སེན་མོ་དང་། སྤུ་རིང་ཞིང་ལུས་རྩུབ་ལ་བཅོམ་ཆུང་ངུར་སྨྲ། གནས་འཇོག་ གིས་གསོལ་པ། གཽ་ཏ་མ་བདག་ནི་དགུང་ཟླར་སྨྱུང་བ་བགྱིད་པས་འདི་ལྟར་སྐེམ་ཞིང་མདོག་ངན། ཨག་ཙོམ་དང་། སྐྲ་དང་། སེན་མོ་དང་། སྤུ་རིང་ཞིང་ལུས་རྩུབ་ལ་ཅོམ་ཆུང་ངུར་སྨྲ་བ་ལགས་སོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་དྲང་སྲོང་གནས་འཇོག་ལ་སྨྲས་པ། གནས་འཇོག་ཁྱོད་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་ཤིང་ཆོ་འཕྲུལ་གྱི་ཕྱོགས་ལ་ཡང་ནན་ཏན་གྱིས་སྒྲུབ་ བམ། གནས་འཇོག་གིས་གསོལ་པ། ཀྱེ་གཽ་ཏ་མ་གང་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པ་དང་། ཆོ་འཕྲུལ་གྱི་ཕྱོགས་ལ་ནན་ཏན་གྱིས་སྒྲུབ་པ་དེ་ཅིར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། བྲམ་ཟེ་དེ་ནི་ལྷ་དང་མི་རྣམས་ཀྱི་འདོད་པ་ལ་སྤྱོད་པར་འགྱུར་རོ། །གནས་འཇོག་གིས་གསོལ་པ། གཽ་ཏ་མ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ཤེས་བགྱི་བ་དེ་གང་ལགས། གཽ་ཏ་མ་ཇི་ལྟར་ན་ 67-1-281b འཕགས་པའི་ཡན་ལག་བརྒྱད་དང་ལྡན་པ་ལ་བསྙེན་པས་ལྷ་དང་མི་རྣམས་ཀྱི་འདོད་པ་ལ་ཉེ་བར་སྤྱོད་པར་འགྱུར། གནས་འཇོག་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་འཕགས་པའི་ཡན་ལག་བརྒྱད་དང་ ལྡན་པའི་བསྙེན་གནས་ལ་གནས་པར་འདོད་པས་ནང་པར་ལངས་ནས་དགེ་སློང་ངམ། བྲམ་ཟེ་འམ། གཞན་གང་ཡང་རུང་བ་ཤེས་པ་ཞིག་གི་དྲུང་དུ་སོང་སྟེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ལ་པུས་མོ་གཡས་པའི་ལྷ་ང་ས་ ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་ཚིག་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་མིང་ཆེ་གེ་མོ་ཞེས་བགྱི་བ་འདི་དུས་འདི་ནས་བཟུང་སྟེ། གང་དོ་ནུབ་ཀྱི་མཚན་མོ་འདི་དང་། སང་ཉི་མ་ཤར་གྱི་བར་དུ་སྲོག་གཅོད་པ་སྤང་ཞིང་ སྲོག་གཅོད་པ་ལས་སླར་ལོག་སྟེ། དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ཏེ་ངོ་ཚ་དང་ལྡན་ཞིང་སྙིང་རྗེ་དང་ལྡན་པར་བགྱིས་ལ། སེམས་ཅན་དང་། སྲོག་ཆགས་འབྱུང་པོ་ཐམས་ཅད་ལས་ཆུང་ངུ་ན་སྲོག་ཆགས་ཕྲ་མོ་གྲོག་ སྦུར་ཡན་ཆད་ཀྱི་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་ནས་དབྱུག་ པ་སྤངས་ཤིང་མཚོན་ཆ་སྤངས་ཏེ། སེམས་ཅན་དང་། སྲོག་ཆགས་འབྱུང་པོ་ཐམས་ཅད་ལས་ཆུང་ངུ་ན་སྲོག་ཆགས་ཕྲ་མོ་གྲོག་སྦུར་ཡན་ཆད་ཀྱི་སྲོག་གཅོད་པ་ཡང་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་ བདག་ཆེ་གེ་མོ་ཡང་དུས་འདི་ནས་བཟུང་སྟེ། དོ་ནུབ་ཀྱི་མཚོན་མོ་འདི་དང་། སང་ཉི་མ་ཤར་གྱི་བར་དུ་སྲོག་གཅོད་པ་སྤང་ཞིང་སྲོག་གཅོད་པ་ལས་སླར་ལྡོག་སྟེ། དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ཏེ། ངོ་ཚ་དང་ལྡན་ཞིང་སྙིང་རྗེ་ དང་ལྡན་པར་བགྱིས་ལ་སེམས་ཅན་དང་། སྲོག་ཆགས་འབྱུང་པོ་ཐམས་ཅད་ལས་ཆུང་ངུ་ན་སྲོག་ཆགས་ཕྲ་མོ་གྲོག་སྦུར་ཡན་ཆད་ཀྱི་སྲོག་གཅོད་པ་ཡང་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་ 67-1-282a དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །ཇི་ལྟར་སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་ སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་། ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་ པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་པར་བགྱིའོ། །ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་ཇི་སྲིད་འཚོའི་བར་དུ་དུས་མ་ཡིན་པའི་ཁ་ཟས་སྤངས་ ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པ་དེ་བཞིན་དུ་བདག་ཆེ་གེ་མོ་ཡང་དུས་འདི་ནས་བཟུང་སྟེ། གང་དོ་ནུབ་ཀྱི་མཚན་མོ་འདི་དང་། སང་ཉི་མ་ཤར་གྱི་བར་དུ་དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ ལས་སླར་ལྡོག་པར་བགྱིའོ། །ཡན་ལག་བརྒྱད་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །དེ་ལྟར་ལན་གཉིས། དེ་ལྟར་ལན་གསུམ་དུའོ། །གནས་ འཇོག་འདི་ནི་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ཡིན་ཏེ། དེ་ལྟར་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པ་ནི་ལྷ་དང་མིའི་འདོད་པ་ལ་ཉེ་བར་སྤྱོད་པར་འགྱུར་ཏེ། གནས་འཇོག་ཁྱོད་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པར་གྱིས་ཤིག །ཆོ་འཕྲུལ་གྱི་ཕྱོགས་ལ་ཡང་ནན་ཏན་གྱིས་སྒྲུབས་ཤིག །ལྷ་དང་མི་རྣམས་ཀྱི་འདོད་པ་ཡང་སྤྱད་པར་གྱིས་ ཤིག །གནས་འཇོག་ཇི་ལྟར་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་དེའི་བསོད་ནམས་འདི་ཙམ་མོ་ཞེས་བསོད་ནམས་སམ། བསོད་ནམས་ 67-1-282b ནམས་ཀྱི་འབྲས་བུ་འམ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པའི་ཚད་གཟུང་བར་མི་ནུས་ཏེ། འོན་ཀྱང་བསོད་ནམས་ཀྱི་ཕུང་པོ་མང་ངོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །གནས་འཇོག་དཔེར་ན་ཆུ་བོ་ཆེན་པོ་ལྔ་པོ་གཅིག་ཏུ་གཞོལ་ བར་འབབ་པ་ནི་འདི་ལྟ་སྟེ། གང་ག་དང་། ཡ་མུ་ན་དང་། མཚོ་ལྡན་དང་། ཁྱིམ་ལྡན་དང་། ས་སྟེ། ཆུ་དེ་དག་ལ་འདི་ཙམ་མོ་ཞེས་ཆུ་འམ། ཆུ་བུམ་པ་བརྒྱ་འམ། ཆུ་བུམ་པ་སྟོང་ངམ་ཆུ་བུམ་པ་བརྒྱ་སྟོང་ཞེས་ཚད་བཟུང་བར་མི་ནུས་ཏེ་འོན་ཀྱང་ཆུ་ མང་ཞིང་ཆུ་ཀླུང་ཆེའོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །གནས་འཇོག་དེ་བཞིན་དུ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ཙམ་མོ་ཞེས་ བསོད་ནམས་སམ། བསོད་ནམས་ཀྱི་འབྲས་བུ་འམ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པའི་ཚད་གཟུང་བར་མི་ནུས་ཏེ། འོན་ཀྱང་བསོད་ནམས་མང་ངོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །གནས་འཇོག་དེ་ཇི་སྙམ་དུ་སེམས། གང་ཞིག་རྒྱ་མཚོ་ཆེན་པོའི་ཆུ་ནི་འདི་ཙམ་སྟེ། ཆུ་འམ། ཆུ་བུམ་པ་བརྒྱ་འམ། ཆུ་བུམ་པ་སྟོང་ངམ། ཆུ་བུམ་པ་བརྒྱ་སྟོང་ཡོད་ཅེས་ཚད་གཟུང་བར་ནུས་པ་ཡོད་དམ། གནས་འཇོག་གིས་གསོལ་པ། གཽ་ཏ་མ་གང་ལ་ལ་རྒྱ་མཚོ་ ཆེན་པོའི་ཆུ་ནི་འདི་ཙམ་སྟེ་ཆུ་འམ། ཆུ་བུམ་པ་བརྒྱ་འམ། ཆུ་བུམ་པ་སྟོང་ངམ། ཆུ་བུམ་པ་བརྒྱ་སྟོང་ཞེས་ཚད་གཟུང་བ་དེ་ནི་གནས་མ་མཆིས་ཏེ་སྐབས་མ་ལགས་སོ། །གཽ་ཏ་མ་དེ་ཅིའི་སླད་དུ་ཞེ་ན། ཆུ་ཀླུང་དེ་ནི་ཚད་གཟུང་དུ་མ་མཆིས་ པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་འཇོག་དེ་བསྟན་པས་གོ་བར་བྱ་སྟེ། གང་ཞིག་གང་གི་ཚེ་ཐབས་ལ་མཁས་པ་གང་གིས་རྒྱ་མཚོ་ཆེན་པོའི་ཆུ་འདི་ཙམ་སྟེ། ཆུ་འམ། ཆུ་བུམ་པ་བརྒྱ་འམ། ཆུ་བུམ་པ་སྟོང་ངམ། ཆུ་བུམ་པ་བརྒྱ་སྟོང་ཞེས་ཚད་གཟུང་བར་ནུས་པ་ཡོད་སྲིད་ཀྱི། གང་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་ཅིག་གནས་པའི་བསོད་ནམས་འདི་ཙམ་ཞེས་བསོད་ནམས་ 67-1-283a སམ། བསོད་ནམས་ཀྱི་འབྲས་བུ་འམ། བསོད་ནམས་ཀྱི་འབྲས་བུའི་རྣམ་པར་སྨིན་པའི་ཚད་གཟུང་བར་མི་ནུས་ཏེ། འོན་ཀྱང་བསོད་ནམས་མང་ཞིང་བསོད་ནམས་ཀྱི་ཕུང་པོ་ཆེའོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །གནས་ འཇོག་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པ་ནི་དེ་ལྟར་འབྲས་བུ་ཆེ་བ་ཡིན། དེ་ལྟར་ཕན་ཡོན་ཆེ་བ་ཡིན། དེ་ལྟར་མཐུ་ཆེ་བ་ཡིན། དེ་ལྟར་རྒྱ་ཆེ་བ་ཡིན་ནོ། །གནས་འཇོག་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་ བསྙེན་གནས་ལ་ཉེ་བར་གནས་པར་གྱིས་ཤིག །ཆོ་འཕྲུལ་གྱི་ཕྱོགས་ལ་ཡང་ནན་ཏན་གྱིས་སྒྲུབས་ཤིག །ལྷ་དང་མི་རྣམས་ཀྱི་འདོད་པ་ལ་ཡང་སྤྱད་པར་གྱིས་ཤིག །དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་གནས་འཇོག་གིས་འདི་ སྐད་གསོལ་ཏོ། །ཀྱེ་གཽ་ཏ་མ་འདི་ལ་སྐྱེས་བུ་གཉིས་ཤིག་ལས་དེ་གཅིག་གིས་ཇི་སྲིད་འཚོའི་བར་དུ་སྦྱིན་པ་སྩལ་བ་དང་། གཉིས་པས་ཀྱང་ཇི་སྲིད་འཚོའི་བར་དུ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པ་དེ་ གཉིས་ལས་བཅོམ་ལྡན་འདས་ཁྱད་པར་གང་ཆེ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་འཇོག་འདི་ལ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པ་ལྟ་གནས་པ་དང་། སྦྱིན་པ་གཉིས་མཉམ་པ་མ་ཡིན་ཏེ། གནས་འཇོག་ དཔེར་ན་གང་འཛམ་བུའི་གླིང་འདིར་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་དུ་རྣམ་པར་ གྲོལ་བ་རྣམས་ཀྱིས་གང་བར་གྱུར་པ་དེ་དག་ལ་གང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཅིག་གིས་ཇི་སྲིད་འཚོའི་བར་དུ་འདི་ལྟ་སྟེ། ཡུལ་ཆེན་པོ་བཅུ་དྲུག་ལ་ཨང་ག་དང་། མ་ག་དྷཱ་དང་། ཀོ་ས་ལ་དང་། ཀ་ཤི་དང་། བྲི་ཛི་དང་། མ་ལ་ དང་། པུན་ཏྲ་དང་། སྲེག་པ་དང་། ཀཱ་མཱ་དང་། ཨ་བན་ཏི་དང་། ཀུ་རུ་དང་། ལྔ་ལེན་དང་། བད་ས་དང་། དཔལ་སྡེ་དང་། ཡ་བ་ན་དང་། ཀམ་པོ་རྣམས་སུ་འདི་ལྟ་སྟེ། རིན་པོ་ཆེ་རྡོ་རྗེ་དང་། མར་གད་དང་། པད་མ་རཱ་ག་དང་། ཨན་ད་རྙིལ་དང་། མཐོན་ཀ་ 67-1-283b ཆེན་པོ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། ཤང་ཀ་ཤི་ལ་དང་། བྱི་རུ་དང་། དངུལ་དང་། ས་ལེ་སྦྲམ་དང་། རྡོའི་སྙིང་པོ་དང་། སྤུག་དང་། མུ་ཏིག་དམར་པོ་དང་། དུང་གཡས་སུ་འཁྱིལ་པ་རྣམས་བརྩོན་འགྲུས་ཀྱི་སྟོབས་ཀྱིས་བསྐྱེད་རྡུལ་ཅིང་ དྲི་མ་ཆགས་ཆགས་སུ་ལག་མཐུས་བསྒྲུབས། ཆོས་དང་ལྡན་ཞིང་ཆོས་ཀྱིས་ཐོབ་པ་དེ་དག་དང་། ཡོ་བྱད་དང་། ཆོས་གོས་དང་། ཟས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་གྱི་གསོས་སྨན་རྣམས་ཀྱིས་བསྙེན་བཀུར་བྱས་པ་བས་གང་གཉིས་ པས་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་ཅིག་གནས་པ་ལ་སྔ་མ་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་དེས་ནི་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པ་ལས་བྱུང་བའི་བསོད་ ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོ་སྟེ། གནས་འཇོག་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པ་ལ་ གནས་པ་ནི་དེ་ལྟར་འབྲས་བུ་ཆེ་བ་ཡིན། དེ་ལྟར་ཕན་ཡོན་ཆེ་བ་ཡིན། དེ་ལྟར་མཐུ་ཆེ་བ་ཡིན། དེ་ལྟར་རྒྱ་ཆེ་བ་ཡིན་ནོ། །གནས་འཇོག་ཁྱོད་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་པར་གྱིས་ ཤིག །ཆོ་འཕྲུལ་གྱི་ཕྱོགས་ལ་ཡང་ནན་ཏན་གྱིས་སྒྲུབས་ཤིག །ལྷ་དང་མི་རྣམས་ཀྱི་འདོད་པ་ལ་ཡང་སྤྱད་པར་གྱིས་ཤིག །གནས་འཇོག་འོན་ཀྱང་ལྷའི་བདེ་བ་ལ་བརྟེན་ན་མིའི་རྒྱལ་སྲིད་དམན་ཏེ། གང་མི་རྣམས་ཀྱི་ལོ་ལྔ་ བཅུ་ལ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་སྟེ། ཉིན་ཞག་གི་ཚད་དེའི་ཞག་བཅྭ་ལྔ་ལ་ཟླ་བ་ཕྱེད། ཞག་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ཚུལ་དེས་རྩིས་པའི་ལྷའི་ལོ་ལྔ་ བརྒྱ་གང་ཡིན་པ་དེ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ། །མིའི་ཚུལ་གྱིས་རྩིས་ན་ལོ་བརྒྱ་ཕྲག་དགུ་སྟོང་ཡོད་དེ། གནས་འཇོག་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དད་པ་དང་ལྡན་པ། འཕགས་ 67-1-284a པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་ཅིག་གནས་པ་ནི་ལུས་དང་བྲལ་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བ་དེ་ནི་གནས་ཡིན་ཏེ། གནས་འཇོག་ངས་འདི་ལས་ དགོངས་ནས་ལྷའི་བདེ་བ་ལ་བརྟེན་ན་མིའི་རྒྱལ་སྲིད་དམན་ནོ་ཞེས་བཀའ་སྩལ་ཏོ། །མི་རྣམས་ཀྱི་ལོ་བརྒྱ་ལ་སུམ་བཅུ་རྩ་གསུམ་པ་རྣམས་ཀྱི་ཉིན་ཞག་གཅིག་སྟེ། ཉིན་ཞག་གི་ཚད་དེའི་ཞག་བཅྭ་ལྔ་ལ་ཟླ་བ་ ཕྱེད། ཞག་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ཚུལ་དེས་རྩིས་པའི་ལྷའི་ལོ་སྟོང་གང་ཡིན་པ་དེ་ནི་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ། །མིའི་ཚུལ་གྱིས་རྩིས་ ན་ལོ་བྱེ་བ་ཕྲག་གསུམ་དང་། ལོ་བརྒྱ་ཕྲག་སྟོང་དྲུག་ཅུ་ཡོད་དེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་ཅིག་གནས་པ་ནི་ ལུས་དང་བྲལ་ན་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བ་དེ་ནི་གནས་ཡིན་ཏེ། གནས་འཇོག་ངས་འདི་ལ་དགོངས་ནས། ལྷའི་བདེ་བ་ལ་བརྟེན་ན་མིའི་རྒྱལ་སྲིད་དམན་ནོ་ཞེས་བཀའ་སྩལ་ཏོ། ། གནས་འཇོག་གང་མི་རྣམས་ཀྱི་ལོ་ཉིས་བརྒྱ་ལ་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་སྟེ། ཉིན་ཞག་གི་ཚད་དེའི་ཞག་བཅྭ་ལྔ་ལ་ཟླ་བ་ཕྱེད། ཞག་སུམ་བཅུ་ལ་ཟླ་བ་ཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ཚུལ་དེས་རྩིས་པའི་ལོ་ཉིས་སྟོང་གང་ཡིན་པ་དེ་ནི་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ། །མིའི་ཚུལ་གྱིས་རྩིས་ན་ལོ་བྱེ་བ་ཕྲག་བཅུ་བཞི་དང་། ལོ་སྟོང་ཕྲག་བཅུ་བཞི་ཡོད་དེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ དད་པ་དང་ལྡན་པ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་ཅིག་གནས་པ་ནི་ལུས་དང་བྲལ་ན་འཐབ་བྲལ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བ་དེ་ནི་གནས་ཡིན་ཏེ། གནས་འཇོག་ངས་འདི་ 67-1-284b ལས་དགོངས་ནས་ལྷའི་བདེ་བ་ལ་བརྟེན་ན་མིའི་རྒྱལ་སྲིད་དམན་ནོ་ཞེས་བཀའ་སྩལ་ཏོ། །གནས་འཇོག་གང་མི་རྣམས་ཀྱི་ལོ་བཞི་བརྒྱ་ལ་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་སྟེ། ཉིན་ཞག་གཅིག་གི་ཚད་དེའི་ཞག་ བཅྭ་ལྔ་ལ་ཟླ་བ་ཕྱེད། ཞག་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ཇི་ལྟར་ལོར་རྩིས་པའི་ཚུལ་གྱིས་ལྷའི་ལོ་བཞི་སྟོང་གང་ཡིན་པ་དེ་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ། །མིའི་ཚུལ་གྱིས་རྩིས་ན་ ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང་། ལོ་བརྒྱ་ཕྲག་སྟོང་དྲུག་ཅུ་ཡོད་དེ། གནས་འཇོག་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དད་པ་དང་ལྡན་པ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་ཅིག་གནས་པ་ ནི་ལུས་དང་བྲལ་ན་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་དུ་སྐྱེ་བ་དེ་ནི་གནས་ཡིན་ཏེ། གནས་འཇོག་ངས་འདི་ལས་དགོངས་ནས་ལྷའི་བདེ་བ་ལ་བརྟེན་ན་མིའི་རྒྱལ་སྲིད་དམན་ནོ་ཞེས་བཀའ་སྩལ་ཏོ། །གནས་འཇོག་གང་མི་ རྣམས་ཀྱི་ལོ་བརྒྱད་བརྒྱ་ལ་འཕྲུལ་དགའི་ལྷ་རྣམས་ཀྱི་ཉིན་ཞག་སྟེ། ཉིན་ཞག་གི་ཚད་དེའི་ཞག་བཅྭ་ལྔ་ལ་ཟླ་བ་ཕྱེད། ཞག་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ལོར་རྩིས་པའི་ཚུལ་དེས་ལྷའི་ལོ་བརྒྱད་ སྟོང་གང་ཡིན་པ་དེ་ནི་འཕྲུལ་དགའི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ། །མིའི་ཚུལ་གྱིས་རྩིས་ན་ལོ་བྱེ་བ་ཕྲག་ཉིས་སྟོང་སུམ་བརྒྱ་དང་། ལོ་བརྒྱ་ཕྲག་སྟོང་བཞི་བཅུ་ཡོད་དེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དད་པ་དང་ལྡན་པ་ འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་ཅིག་གནས་པ་ནི་ལུས་དང་བྲལ་ན་འཕྲུལ་དགའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བ་དེ་ནི་གནས་ཡིན་ཏེ། གནས་འཇོག་ངས་འདི་ལས་དགོངས་ནས་ལྷའི་བདེ་ བ་ལ་བརྟེན་ན་མིའི་རྒྱལ་སྲིད་དམན་ནོ་ཞེས་བཀའ་སྩལ་ཏོ། །གནས་འཇོག་གང་མི་རྣམས་ཀྱི་ལོ་སྟོང་ཕྲག་ཅུ་ལ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་སྟེ། ཉིན་ཞག་གི་ཚད་ནི་དེའི་ཞག་བཅྭ་ལྔ་ལ་ཟླ་བ་ཕྱེད། 67-1-285a ཞག་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ལོར་རྩིས་པའི་ཚུལ་དེས་ལོ་ཁྲི་དྲུག་སྟོང་ཡོད་པ་གང་ཡིན་པ་དེ་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ། །མིའི་ཚུལ་གྱིས་རྩིས་ན་ལོ་ བྱེ་བ་ཕྲག་དགུ་བརྒྱ་ཉི་ཤུ་རྩ་གཅིག་དང་། ལོ་བརྒྱ་ཕྲག་སྟོང་དྲུག་བཅུ་ཡོད། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དད་པ་དང་ལྡན་པ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་ཅིག་གནས་པ་ནི་ ལུས་དང་བྲལ་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བ་དེ་ནི་གནས་ཡིན་ཏེ། གནས་འཇོག་ངས་འདི་ལས་དགོངས་ནས་ལྷའི་བདེ་བ་ལ་བརྟེན་ན་མིའི་རྒྱལ་སྲིད་དམན་ནོ་ཞེས་བཀའ་སྩལ་ཏོ། །གནས་ འཇོག་ཁྱོད་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་པར་གྱིས་ཤིག །ཆོ་འཕྲུལ་གྱི་ཕྱོགས་ལ་ཡང་ནན་ཏན་གྱིས་སྒྲུབས་ཤིག །ལྷ་དང་མི་རྣམས་ཀྱི་འདོད་པ་ལ་ཡང་སྤྱད་པར་གྱིས་ཤིག ། དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་གནས་འཇོག་གིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་བདག་གིས་ནི་ཡུན་རིང་པོ་ཞིག་ནས་དགུང་ཟླ་རེ་རེར་དཀའ་ཐུབ་དྲག་པོ་སྐྱོ་སྐྱོར་བགྱིས་པ་ནི་བདག་གིས་ཅི་ཡང་མ་རྙེད་དེ། བདག་ ནི་དེང་སླན་ཆད་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་དང་། དགེ་འདུན་ལ་སྐྱབས་སུ་མཆིའོ། །མཐུ་ཇི་ལྟ་བ་དང་སྟོབས་ཅི་མཆིས་པས་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པར་བགྱི་ཞིང་ སྦྱིན་པ་ཡང་སྩལ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་འཇོག་འདི་ནི་ལེགས་པ་ཡིན་ཏེ། ཁྱོད་ཀྱི་བྱ་བ་ནི་དེ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྲམ་ཟེ་གནས་འཇོག་ དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་གནས་འཇོག་ཅེས་བྱ་བའི་མདོ་རྫོགས་སོ།། །། 67-1-285b རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དཔལ་བརྩེགས་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ནན་དི་ཀ་སཱུ་ཏྲ། བོད་སྐད་དུ། འཕགས་པ་ དགའ་བ་ཅན་གྱི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་ འདུན་ཆེན་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། ཐབས་གཅིག་ཏུ་བཞུགས་ནས་ཆོས་སྟོན་ཏེ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་ རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ནས་ཡང་དེའི་ཚེ་དགེ་བསྙེན་དགའ་བ་ཅན་འཁོར་དགེ་བསྙེན་ལྔ་བརྒྱ་དང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་དགེ་བསྙེན་ ལྔ་བརྒྱ་པོ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་དགེ་བསྙེན་དགའ་བ་ཅན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པས་དགེ་བསྙེན་གྱི་བསླབ་པའི་གཞི་ལྔ་པོ་གང་དག་བཅས་པ་དེ་དག་ལས་འདའ་བར་བགྱིད་ པ་དེའི་རྣམ་པར་སྨིན་པ་ཇི་ལྟ་བུར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་བསྙེན་དགའ་བ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བ་ཅན་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ 67-1-286a ཡོངས་སུ་ཞུ་བར་སེམས་པ་གང་ཡིན་པ་ལེགས་སོ་ལེགས་སོ། །ཁྱོད་ཀྱི་བློ་རྒྱ་ཆེ་སྟེ་དཔྱོད་པ་བཟང་ངོ་། །སྤོབས་པ་དགེའོ། །དགའ་བ་ཅན་དེའི་ཕྱིར་ཉེས་དམིགས་བཅུ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ བཤད་པར་བྱ་ཡིས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་པར་བྱའོ། །བཅོམ་ལྡན་འདས་ལེགས་སོ་ལེགས་སོ་ཞེས་གསོལ་ནས་དགེ་བསྙེན་དགའ་བ་ཅན་བཅོམ་ལྡན་འདས་ལ་ཉན་པ་ དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བ་ཅན་སྲོག་གཅོད་པའི་ཉེས་དམིགས་བཅུ་ནི་འདི་དག་ཡིན་པར་རིག་པར་བྱ་སྟེ། བཅུ་པོ་དག་གང་ཞེ་ན། འདི་ལྟ་སྟེ། ཚེ་འདི་ལ་འཁོན་སྐྱེད་པ་དང་། སྐྱེ་བ་གཞན་རྣམས་སུ་ཡང་འཁོན་དང་རྗེས་སུ་འབྲེལ་པར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་གིས་ཡིད་མི་བརྟན་པར་འགྱུར་བ་དང་། སྡིག་པའི་རྨི་ལམ་མཐོང་བ་དང་། བདག་ཀྱང་འཇིགས་པ་སྐྱེ་ཞིང་སེམས་ཅན་རྣམས་ ཀྱང་དེ་ལ་འཇིགས་པ་སྐྱེ་བ་དང་། བདེ་བར་ཉལ་ཡང་སྡུག་བསྔལ་བར་སད་པ་དང་། སྡིག་པ་རྣམ་པར་སེམས་པ་དང་། རྨོངས་པ་དང་བཅས་པར་འཆི་བའི་དུས་བྱེད་པ་དང་། ཚེ་ཐུང་བར་འགྱུར་བའི་ལས་བྱས་ཤིང་ བསགས་པས་ལུས་ཞིག་སྟེ་ཤི་ནས་ཀྱང་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་དེ་གང་དང་གང་དུ་ སྐྱེས་པ་དེ་དང་དེར་ཚེ་ཐུང་བར་འགྱུར་ཞིང་ནད་མང་བར་ཡང་འགྱུར་ཏེ། དགའ་བ་ཅན་སྲོག་གཅོད་པའི་ཉེས་དམིགས་བཅུ་པོ་དེ་དག་ཡིན་པར་རིག་པར་བྱའོ། །དགའ་བ་ཅན་མ་བྱིན་པར་ལེན་པའི་ཉེས་དམིགས་བཅུ་ནི་འདི་དག་ ཡིན་པར་རིག་པར་བྱ་སྟེ། བཅུ་པོ་དག་གང་ཞེ་ན་འཁོན་ཆེན་པོར་འགྱུར་བ་དང་། བག་ཚ་བ་ཆེན་པོར་འགྱུར་བ་དང་། དུས་མ་ཡིན་པར་འགྲོ་བར་འགྱུར་བ་དང་། ཕྱེམ་རེད་ཀྱི་དུས་སུ་འགྲོ་བར་འགྱུར་བ་དང་། སྡིག་པའི་གྲོགས་ 67-1-286b པོས་ཡོངས་སུ་ཟིན་པར་འགྱུར་བ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་སྤངས་པར་འགྱུར་བ་དང་། ཚུལ་ཁྲིམས་འཆལ་བར་འགྱུར་བ་དང་། རྒྱལ་པོས་གནོད་པར་འགྱུར་བ་དང་། ཆོམ་རྐུན་གྱིས་གནོད་པར་ འགྱུར་བ་དང་། ཆད་པས་གཅོད་པས་གནོད་པར་འགྱུར་ཏེ། ལོངས་སྤྱོད་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་ཤིང་བསགས་པས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་ བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར་དབུལ་པོར་འགྱུར་རོ། །དེའི་ལོངས་སྤྱོད་དུ་འགྱུར་བ་གང་ཡིན་པ་འབད་པ་ཆེན་ པོས་རྔུལ་ཞིང་དྲི་མ་ཆགས་ཆགས་སུ་རྐང་ལག་གི་མཐུས་བསྒྲུབས་པ་དེ་དག་གནོད་པ་ལྔས་གནོད་པར་འགྱུར་ཏེ། ལྔ་པོ་དག་གང་ཞེ་ན། རྒྱལ་པོ་དང་། མེ་དང་། ཆུ་དང་། བགོ་སྐལ་ལ་སྤྱོད་པ་མི་མཛའ་བ་ དང་། སྦས་པ་དག་གིས་དེ་ཆུད་ཟ་བར་འགྱུར་ཏེ། དགའ་བ་ཅན་མ་བྱིན་པར་ལེན་པའི་ཉེས་དམིགས་བཅུ་ནི་དེ་དག་ཡིན་པར་རིག་པར་བྱའོ། །དགའ་བ་ཅན་འདོད་པས་ལོག་པར་གཡེམ་པའི་ཉེས་དམིགས་བཅུ་ནི་འདི་དག་ ཡིན་པར་རིག་པར་བྱ་སྟེ། བཅུ་པོ་དག་གང་ཞེ་ན། གང་དག་གི་ཆུང་མ་ཁ་དྲངས་པས་དེ་དག་དང་དེ་འཁོན་དང་བཅས་པར་འགྱུར་བ་དང་། ཆུང་མ་དང་རྩོད་པར་འགྱུར་བ་དང་། དེའི་མི་དགེ་བའི་ཆོས་མངོན་པར་འཕེལ་བ་དང་། དེའི་དགེ་བའི་ཆོས་ཡོངས་སུ་འགྲིབ་པ་དང་། དེ་བདག་ཉིད་མ་ཞི་བར་འགྱུར་བ་དང་། དེའི་བུ་དང་ཆུང་མ་མ་བསྲུངས་པར་འགྱུར་བ་དང་། དེའི་ནོར་མ་སྦས་མ་བསྲུངས་པར་འགྱུར་བ་དང་། དེའི་ཁྱིམ་མ་སྦས་མ་བསྲུངས་པར་ འགྱུར་བ་དང་། དེའི་སྲོག་མ་སྦས་མ་བསྲུངས་པར་འགྱུར་བ་དང་། དེའི་མཛའ་བཤེས་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་དང་། བློན་པོ་དག་ཡིད་འབེབས་པར་མི་འགྱུར་བ་དང་། འགྲན་ཟླ་དང་བཅས་པར་འགྱུར་བའི་ 67-1-287a ལས་བྱས་ཤིང་བསགས་པས་ལུས་ཞིག་སྟེ་ཤི་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ནས་གལ་ཏེ་ བུད་མེད་དུ་གྱུར་ན་ཡང་འགྲན་ཟླ་དང་བཅས་པའི་ཁྱོ་རྙེད་པར་འགྱུར་རོ། །ཅི་སྟེ་སྐྱེས་པར་གྱུར་ན་དེའི་བུ་དང་ཆུང་མ་མ་སྲུངས་པར་འགྱུར་ཏེ། དགའ་བ་ཅན་འདོད་པས་ལོག་པར་གཡེམ་པའི་ཉེས་དམིགས་བཅུ་ནི་དེ་དག་ཡིན་པར་རིག་ པར་བྱའོ། །དགའ་བ་ཅན་བརྫུན་དུ་སྨྲ་བའི་ཉེས་དམིགས་བཅུ་ནི་འདི་དག་ཡིན་པར་རིག་པར་བྱ་སྟེ། བཅུ་པོ་དག་གང་ཞེ་ན། དེའི་ཁ་ནས་རྣག་མནམ་པར་འགྱུར་བ་དང་། དེའི་ལུས་སྲུང་བའི་ལྷས་འཕང་བ་དང་། མི་མ་ཡིན་པས་གླགས་ རྙེད་པར་འགྱུར་བ་དང་། བདེན་པར་སྨྲས་ཀྱང་དེའི་ཚིག་ལ་མ་དད་པར་འགྱུར་བ་དང་། དགོས་པ་བྱུང་ཡང་འདི་ལ་མཁས་པ་རྣམས་ཡོངས་སུ་འདྲི་བར་མི་སེམས་པ་དང་། ཡང་དག་པ་མ་ཡིན་པའི་མི་སྙན་པ་རྒྱ་ཆེར་སྒྲོགས་པར་ འགྱུར་བ་དང་། ཕྱིར་ལྡང་བའི་འོས་མ་ཡིན་པར་འགྱུར་བ་དང་། སྡུག་བསྔལ་ཞིང་ཡིད་མི་བདེ་བར་འགྱུར་བ་དང་། མི་སྙན་པ་བརྗོད་པ་མང་བར་འགྱུར་བའི་ལས་བྱས་ཤིང་བསགས་པས་ལུས་ཞིག་སྟེ་ཤི་ནས་ངན་སོང་ངན་འགྲོ་ལོག་ པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་། སྐལ་བ་མཉམ་པར་སྐྱེས་ན་ཡང་དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར་མི་སྙན་པ་བརྗོད་པ་མང་པོར་འགྱུར་ཏེ། དགའ་བ་ཅན་ བརྫུན་དུ་སྨྲ་བའི་ཉེས་དམིགས་བཅུ་ནི་དེ་དག་ཡིན་པར་རིག་པར་བྱའོ། །དགའ་བ་ཅན་འབྲུའི་ཆང་དང་བཅོས་པའི་ཆང་བག་མེད་པའི་གནས་ཀྱི་ཉེས་དམིགས་སུམ་བཅུ་རྩ་ལྔ་ནི་འདི་དག་ཡིན་པར་རིག་པར་བྱ་སྟེ། སུམ་བཅུ་ རྩ་ལྔ་པོ་དག་གང་ཞེ་ན། ཚེ་འདི་ལ་ནོར་ཟད་པ་དང་། ནད་རྣམས་རྒྱས་པར་བྱེད་པ་དང་། འཐབ་པ་དང་རྩོད་པ་སྐྱེད་པ་དང་། དོན་མེད་པ་ལ་ལྟ་བ་དང་། གྲགས་པ་མ་ཡིན་པ་ཀུན་དུ་འབྱུང་བར་བྱེད་པ་དང་། ཤས་རབ་ཉམ་ཆུང་ 67-1-287b བར་བྱེད་པ་དང་། ལོངས་སྤྱོད་ཐོབ་པ་མི་འཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཐོབ་པ་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་པར་འགྱུར་བ་དང་། གསང་མི་ཐུབ་པར་འགྱུར་བ་དང་། དེ་ལས་ཀྱི་མཐའ་ཡོངས་སུ་འགྲིབ་པ་དང་། མཐུ་སྟོབས་ཆུང་ངུར་བྱེད་པར་འགྱུར་བ་དང་། མར་མི་འཛིན་པར་འགྱུར་བ་དང་། ཕར་མི་འཛིན་པར་འགྱུར་བ་དང་། དགེ་སྦྱོང་དུ་མི་འཛིན་པར་འགྱུར་བ་དང་། བྲམ་ཟེར་མི་འཛིན་པར་འགྱུར་བ་དང་། རིགས་ཀྱི་གཙོ་བོ་ལ་བསྙེན་བཀུར་ མེད་པར་འགྱུར་བ་དང་། སངས་རྒྱས་ལ་མི་གུས་པར་འགྱུར་བ་དང་། ཆོས་ལ་མི་གུས་པར་འགྱུར་བ་དང་། དགེ་འདུན་ལ་མི་གུས་པར་འགྱུར་བ་དང་། བསླབ་པ་ཡང་དག་པར་བླངས་པ་ལ་མི་གུས་པར་འགྱུར་བ་དང་། ཚུལ་ཁྲིམས་ འཆལ་པར་འགྱུར་བ་དང་། དབང་པོའི་སྒོ་མ་བསྡམས་པར་འགྱུར་བ་དང་། བག་མེད་པར་ཤིན་དུ་བུད་མེད་དོན་དུ་གཉེར་བ་དང་། ཉེ་དུ་དང་སྣག་གི་གཉེན་མཚམས་དང་མཛའ་བཤེས་དང་བློན་པོ་དག་གིས་སྤོང་བར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་གི་ཡིད་དུ་མི་འོང་བར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་དང་མི་མཐུན་པར་འགྱུར་བ་དང་། ཆོས་མ་ཡིན་པར་སྤྱོད་པར་འགྱུར་བ་དང་། ཆོས་མ་ཡིན་པ་ཡོངས་སུ་འཛིན་པར་འགྱུར་བ་དང་། དམ་པའི་ཆོས་ཡོངས་སུ་སྤོང་བར་འགྱུར་བ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཡོངས་སུ་སྤོང་བར་འགྱུར་བ་དང་། མི་མཛའ་བ་དག་དང་གནས་ཀྱང་མཁས་པ་རྣམས་ཡོངས་སུ་འདྲི་བར་མི་སེམས་པ་དང་། བག་མེད་པ་ཉམ་བག་ཏུ་སྤྱོད་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་གསུང་རབ་ ལ་ཀུན་ནས་མི་གནས་པ་དང་། མྱ་ངན་ལས་འདས་པ་ལས་ཐག་རིང་དུ་འགྱུར་བ་དང་། སྨྱོན་པར་འགྱུར་བའི་ལས་བྱས་ཤིང་བསགས་པས་ལུས་ཞིག་སྟེ་ཤི་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ ཏུ་སྐྱེ་ཞིང་། གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་དེ་གང་དང་གང་དུ་སྐྱེས་པ་དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར་སྨྱོན་པར་འགྱུར་ཞིང་དྲན་པ་མི་གསལ་བར་འགྱུར་ཏེ། དགའ་བ་ཅན་ 67-1-288a འབྲུའི་ཆང་དང་བཅོས་པའི་ཆང་བག་མེད་པའི་གནས་ཀྱི་ཉེས་དམིགས་ནི་སུམ་བཅུ་རྩ་ལྔ་པོ་དེ་དག་ཡིན་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་ གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ། །སྲོག་གཅོད་རྡེག་དང་འཆིང་བ་རྣམ་སྤངས་ཏེ། །སེམས་ཅན་དག་ལ་ཕན་ཞིང་སྙིང་བརྩེ་བ། །བདག་གི་ཚེ་སྐྱབས་དགའ་བ་ཇི་ལྟ་བར། །དེ་བཞིན་གཞན་རྣམས་ ཀྱི་ནི་སྲོག་ཀྱང་བསྲུང་། །སྡུག་བསྔལ་མང་པོས་བསགས་པ་གཞན་གྱི་ནོར། །མ་བྱིན་དེ་ལ་ཡིད་ཀྱང་བསམ་མི་བྱ། །འཇིག་རྟེན་གྱིས་མཐོང་དགའ་དང་བྲལ་འགྱུར་ཞིང་། །གཞན་ཡང་དེ་བཞིན་ཕན་པར་གནས་པར་གྱིས། །གཞན་གྱི་ བུད་མེད་རྒྱན་གྱིས་བརྒྱན་པ་དག །མེ་ལྕེ་འབར་བ་བཞིན་དུ་ཡོངས་སྤོངས་ལ། །རང་གི་ཆུང་མ་རྙེད་པས་ཆོག་པར་བྱོས། །འདོད་རྒྱུ་དུག་དང་འདྲ་བ་མ་སྤྱོད་ཅིག །རང་གི་དོན་དང་གཞན་གྱི་དོན་ཆེད་དུ། །སུས་ཀྱང་ཤེས་བཞིན་ བརྫུན་དག་མ་སྨྲ་བར། །གཞན་ལ་མི་གནོད་གཞན་ལ་མི་གདུང་བར། །བརྟགས་ཏེ་འཇམ་པོའི་ཚིག་གིས་སྨྲ་བར་གྱིས། །ཆང་འཐུང་བ་ལ་མངོན་པར་དགའ་བའི་མི། །བདག་ལ་ཕན་དང་གཞན་ལ་བདེ་མི་ནུས། །རྨོངས་དང་ མདོག་ངན་བྱེད་པ་ཆང་ཡིན་ཏེ། །ཇི་ལྟར་ཧ་ལའི་དུག་བཞིན་དེ་མི་བཏུང་། །སྲོག་ཆགས་མི་གསོད་གཞན་གྱི་ནོར་མི་འཕྲོག །བརྫུན་དུ་མི་སྨྲ་ཆང་ཡང་མི་བཏུང་ཞིང་། །གཞན་གྱི་ཆུང་མ་ཡིད་ལ་འང་མི་འདོད་པ། །མཐོ་རིས་གང་ འདོད་ཁྱིམ་དུ་འཇུག་པ་བཞིན། །གོས་དཀར་གྱོན་པ་ཁྱིམ་པ་རྣམས་ཀྱིས་ནི། །ཁྱིམ་གནས་རྣམས་ཀྱི་བསླབ་པ་འདི་ཡིན་ཏེ། །རྒྱལ་བས་དེ་གང་རབ་ཏུ་བྱུང་རྣམས་ཀྱི། །བསླབ་གཞིའི་ཆོས་ནི་རབ་ཏུ་བསྟན་པ་ཡིན། ། དེ་ནས་དགེ་བསྙེན་དགའ་བ་ཅན་བཅོམ་ལྡན་འདས་ལ་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་དགའ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་བ་དང་། བདེ་བ་དང་། ཡིད་བདེ་བ་སྐྱེས་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ 67-1-288b ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་ནས་རྗེས་སུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དགའ་བ་ཅན་གྱི་མདོ་རྫོགས་སོ།། །། འཕགས་པ་ མཁར་སིལ་གྱི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཁྱོད་ཀྱིས་འཁོར་སིལ་འདི་ཡོངས་སུ་བཅང་བར་བྱ་ སྟེ། དེ་ཅིའི་ཕྱིར་ཞེ་ན། འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་མཁར་སིལ་འདི་བསྣམས་སོ། །མ་བྱོན་པའི་སངས་རྒྱས་རྣམས་ཀྱིས་ཀྱང་མཁར་སིལ་འདི་བསྣམས་སོ། །ད་ལྟར་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་ འཁར་སིལ་འདི་བསྣམས་པ་ཡིན་ཏེ། ང་ད་ལྟར་མངོན་པར་སངས་རྒྱས་ནས་འཁར་སིལ་བསྣམས་པ་དེ་བཞིན་དུ་འདས་པ་དང་། མ་བྱོན་པ་དང་། དེ་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཉན་ཐོས་རྣམས་ལ་ ལ་མཁར་སིལ་བཅང་བར་བྱའོ་ཞེས་སྟོན་པར་མཛད་པས་དེང་ང་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སངས་རྒྱས་རྣམས་ཀྱི་ཆོས་ཇི་ལྟ་བ་བཞིན་དུ་ཁྱེད་ལ་བསྟན་པ་ཡིན་གྱིས། ཁྱེད་ཀྱིས་ཀྱང་མཁར་སིལ་ བཅང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མཁར་སིལ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མཁར་བ་ཞེས་ཀྱང་བྱའོ། །ཡོན་ཏན་གྱི་མཁར་བ་ཞེས་ཀྱང་བྱ་སྟེ། འཕགས་པའི་ཡེ་ཤེས་རབ་ཏུ་སྟོན་པའི་ཕྱིར་ཡེ་ཤེས་ཀྱི་མཁར་བ་ ཞེས་བྱའོ། །ཡོན་ཏན་གྱི་གཞི་སྒྲུབ་པའི་ཕྱིར་ཡོན་ཏན་གྱི་མཁར་བ་ཞེས་བྱ་སྟེ། མཁར་སིལ་འདི་ནི་འཕགས་པའི་གང་ཟག་གི་རིགས་ཅན་སྐྱེས་བུ་དམ་པར་མཚོན་པའི་ལམ་གྱི་ཆོས་ལ་ཕྱོགས་པའི་རྒྱལ་མཚན་ 67-1-289a རྗེས་སུ་དྲན་པ་རྣམ་པར་གཞག་པའི་དོན་གྱི་སྤྱོད་པ་ཡིན་པས་དེའི་ཕྱིར་ཁྱོད་ཀྱིས་ཆོས་བཞིན་དུ་བཅང་བར་བྱའོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སྟན་ལས་ལངས་ཏེ། གོས་ཚགས་བཅོས་ ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་ཐལ་མོ་སྦྱར་ནས་པུས་མོ་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་མཁར་སིལ་ཞེས་བགྱི། ཇི་ལྟར་ན་བཅང་ བར་བགྱི། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདག་ཅག་རྣམས་ཀྱིས་ཀྱང་བཀའ་བཞིན་དུ་སྤྱོད་པར་འཚལ་ལོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འོད་སྲུངས་ལ་བཀའ་སྩལ་པ། ལེགས་པར་ཉོན་ལ་ ཡིད་ལ་ཟུང་ཤིག་དང་ངས་བཤད་པར་བྱའོ། །དེ་ལ་མཁར་སིལ་ཞེས་བྱ་བ་ནི་ཡང་བ་ཡིན་ཏེ། གང་གིས་མཁར་བ་འདི་ལ་བརྟེན་པ་འདི་དག་ཉོན་མོངས་པ་བསལ་ནས་ཁམས་གསུམ་ལས་ངེས་པར་འབྱུང་བའི་ཕྱིར་ཡང་ཞེས་ བྱའོ། །མཁར་སིལ་ཞེས་བྱ་བ་ནི་སྣང་བར་བྱེད་པ་ཡིན་ཏེ། མཁར་སིལ་འཛིན་པའི་གང་ཟག་གང་ཡིན་པ་དེ་དག་ཤེས་རབ་ཀྱི་སྣང་བ་ཐོབ་པར་འགྱུར་བའི་ཕྱིར་སྣང་བར་བྱེད་པ་ཞེས་བྱའོ། །མཁར་སིལ་ཞེས་བྱ་བ་ནི་ཕྱིར་ མི་ལྡོག་པར་བྱེད་པ་ཡིན་ཏེ། མཁར་སིལ་འཛིན་པའི་གང་ཟག་གང་ཡིན་པ་དེ་དག་སྲིད་པ་གསུམ་ལས་ངེས་པར་འབྱུང་ཞིང་ཡང་མངོན་པར་ཞེན་པ་ཉིད་དུ་མི་འགྱུར་བའི་ཕྱིར་ཕྱིར་མི་ལྡོག་པར་བྱེད་པ་ཞེས་བྱའོ། ། མཁར་སིལ་ཞེས་བྱ་བ་ནི་ཁོང་དུ་ཆུད་པར་བྱེད་པ་ཡིན་ཏེ། གང་མཁར་སིལ་འཛིན་པར་བྱེད་པ་ཡིན་ཞེ་ན་སྡུག་བསྔལ་དང་། སྟོང་པ་དང་། ཁམས་གསུམ་གྱི་ཉོན་མོངས་པའི་ཀུན་ནས་བཀྲིས་པར་ཁོང་དུ་ཆུད་པ་དང་། བདེན་པ་བཞི་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་པོ་འདི་དག་གསལ་བར་རྟོགས་པར་འགྱུར་བའི་ཕྱིར་ཁོང་དུ་ཆུད་པར་བྱེད་པ་ཞེས་བྱའོ། །མཁར་སིལ་ཞེས་བྱ་བ་ནི་ང་རྒྱལ་མེད་པར་བྱེད་པ་ཡིན་ཏེ། གང་ 67-1-289b མཁར་སིལ་འཛིན་པ་དེ་དག་ང་རྒྱལ་གྱི་ལས་རབ་ཏུ་སྤོང་བར་འགྱུར་བའི་ཕྱིར་ང་རྒྱལ་མེད་པར་བྱེད་པ་ཞེས་བྱའོ། །མཁར་སིལ་ཞེས་བྱ་བ་ནི་རྒྱང་བསྲིངས་པ་ཡིན་ཏེ། གང་མཁར་སིལ་འདི་འཛིན་པའི་གང་ཟག་གང་ ཡིན་པ་དེ་དག་འདོད་པ་ལྔ་ཐག་རིང་དུ་བྱེད་པས་དེ་དག་འདོད་པས་སྲེད་པའི་ཀུན་ནས་བཀྲིས་པ་སྤོང་བ་དང་། ཕུང་པོ་ལྔ་པོ་རྣམས་རྣམ་པར་འཐོར་བ་དང་། སྲིད་པ་ལྔ་པོ་དག་ཡོངས་སུ་སྤོང་བ་དང་། མྱ་ངན་ལས་འདས་ པ་ལ་ཕྱོགས་ཤིང་འདུ་བྱེད་ཀྱི་ལས་ཀྱང་ཐག་རིང་དུ་སྤོང་བའི་ཕྱིར་རྒྱང་བསྲིངས་པ་ཞེས་བྱའོ། །མཁར་སིལ་ཞེས་བྱ་བ་ནི་ལེན་པར་བྱེད་པ་ཡིན་ཏེ། གང་མཁར་སིལ་འཛིན་པར་བྱེད་པ་དེ་དག་སངས་རྒྱས་རྣམས་ ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་རིན་པོ་ཆེ་བླངས་པས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བའི་ཕྱིར་ལེན་པར་བྱེད་པ་ཞེས་བྱའོ། །མཁར་སིལ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པར་འགྱུར་བ་ཡིན་ཏེ། གང་མཁར་སིལ་འཛིན་པ་དག་སངས་རྒྱས་ཀྱི་ཆོས་ཀྱི་སྡེ་སྣོད་མངོན་པར་གྲུབ་པ་དང་། ཇི་ལྟར་བསྟེན་པ་བཞིན་དུ་བསྒྲུབས་པས་མ་ཉམས་པར་ཕུན་སུམ་ཚོགས་པར་འགྱུར་བའི་ཕྱིར་མངོན་པར་འགྲུབ་པར་འགྱུར་བ་ ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་མཁར་སིལ་ཞེས་བྱ་བའི་ཡི་གེའི་དོན་རྒྱ་ཆེ་ཞིང་མང་བས་ཡོངས་སུ་རྫོགས་པར་རྗོད་མི་ནུས་ཀྱང་ཁྱེད་ཀྱིས་རེ་ཤིག་དེ་བཞིན་དུ་ཡོངས་སུ་གཟུང་བར་ བྱའོ། །བཅོམ་ལྡན་འདས་ལ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མཁར་སིལ་ཞེས་བྱ་བའི་དོན་ནི་དེ་ལྟ་བུ་ལགས་ན། ཅིའི་སླད་དུ་ཡེ་ཤེས་ཀྱི་མཁར་བ་ཞེས་བགྱི་བ་ནས་དྲན་པ་ཉེ་བར་ གཞག་པའི་དོན་གྱི་སྤྱོད་པ་ཞེས་བགྱི་བའི་བར་གྱི་དོན་གང་ལགས་པ་བཅོམ་ལྡན་འདས་ཀྱིས་བཀས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཁར་སིལ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་སྤྱོད་ 67-1-290a པ་སྒྲུབ་པ་དང་། མང་དུ་ཐོས་པ་རྒྱ་ཆེར་སྒྲུབ་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་རབ་དང་། དགེ་བ་དང་། མི་དགེ་བ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་རྣམ་པར་ཐོགས་པ་མེད་པར་ཁོང་དུ་ཆུད་ཅིང་ཤེས་རབ་མངོན་པར་འགྲུབ་པར་བྱེད་པའི་ཕྱིར་ཡེ་ཤེས་ཀྱི་མཁར་བ་ཞེས་ཀྱང་བྱའོ། །ཚུལ་ཁྲིམས་དམ་པོར་སྲུང་བ་དང་། བཟོད་པ་དང་། བསམ་གཏན་ལ་ སེམས་རྩེ་གཅིག་ཏུ་གཡེང་བ་མེད་པར་སྒོམ་པ་དང་། རྟག་ཏུ་བསོད་ནམས་ཀྱི་ལས་བསྒྲུབས་པས་མགོ་འམ་ཐོད་ལ་མེ་འབར་བ་བཞིན་དུ་སྐད་ཅིག་ཙམ་དུ་ཡང་མི་གཏོང་བའི་ཕྱིར་ཡོན་ཏན་གྱི་མཁར་བ་ཞེས་བྱའོ། ། མཁར་སིལ་འདི་ཡོངས་སུ་འདི་འཛིན་པ་གང་ཡིན་པ་དེ་དག་ནི་གང་གི་སྤྱོད་པ་རྣམ་པ་བཅུ་དྲུག་པོ་འདི་ལྟ་སྟེ། བདེན་པ་བཞི་པོ་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དང་། ཚད་མེད་པ་བཞི་པོ་བྱམས་ པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། བསམ་གཏན་བཞི་པོ་བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་དང་། གཟུགས་མེད་ པའི་སྙོམས་པར་འཇུག་པ་བཞི་པོ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ཕུན་ སུམ་ཚོགས་པ་དང་། གཞན་ཡང་སྤྱོད་པ་སུམ་བཅུ་རྩ་བདུན་པོ་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ཕུན་སུམ་ཚོགས་ཤིང་ཆོས་དེ་དག་གསལ་བར་རྣམ་པར་བྱེད་པ་དང་། བདག་ཉིད་ཀྱི་ལུས་ ཀྱིས་མངོན་སུམ་དུ་བྱས་པས་སྒྲའི་རྗེས་སུ་མི་འབྲང་བ་དང་། ཆོས་དེ་དག་ལ་བདག་ཉིད་རྣམ་པར་རྩེན་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོར་འཇུག་པ་ལ་ 67-1-290b རང་དབང་དུ་གྱུར་ཅིང་དགའ་བ་མེད་པ་གང་ཡིན་པ་དེ་ནི་འཕགས་པ་ཞེས་བྱ་སྟེ། ནང་ཡོན་ཏན་དེ་ལྟ་བུ་དང་ལྡན་པས་ཕྱི་རོལ་མཁར་སིལ་འཛིན་པ་ཡིན་ཏེ། འདིས་ནི་གང་ཟག་གདོན་མི་ཟ་བར་འཕགས་པའི་ཡོན་ཏན་ཚུལ་ཁྲིམས་ དང་། བཟོད་པ་དང་། བསམ་གཏན་དང་། ཤེས་རབ་དང་། རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། རྣམ་པར་ཐར་པ་བརྒྱད་པོ་རྣམས་ཕུན་སུམ་ཚོགས་པ་ཡིན་ཏེ། གང་ཟག་དེ་འཕགས་པ་ཡིན་པར་མཚོན་པ་ ཉིད་ཀྱིས་གུས་པ་སྐྱེད་པར་འགྱུར་བའི་ཕྱིར་འཕགས་པའི་གང་ཟག་གི་རྟགས་ཞེས་བྱའོ། །སྐྱེས་བུ་དམ་པར་མཚོན་པ་ཞེས་བྱ་བ་ནི་ནང་ན་ཡེ་ཤེས་ཀྱི་ངོ་བོ་ཉིད་དང་ལྡན་པས་དམ་པ་ཞེས་བྱ་སྟེ། གང་ཟག་དེ་འཕགས་པ་ ཡིན་པར་མཚོན་པ་ཉིད་ཀྱིས་གུས་པ་སྐྱེད་པར་འགྱུར་བའི་ཕྱིར་འཕགས་པའི་ནང་ན་ཡེ་ཤེས་ཀྱི་ངོ་བོ་ཉིད་དང་ལྡན་པས་ཡོན་ཏན་གྱི་གཞི་སྒྲུབ་པ་དང་། ཆོས་གོང་ནས་གོང་དུ་རྩོལ་ཞིང་ལེགས་པར་སྒྲུབ་པར་བྱེད་དོ་ཞེས་ སྟོན་པར་བྱེད་པའི་ཕྱིར་སྐྱེས་བུ་དམ་པར་མཚོན་པ་ཞེས་བྱའོ། །གང་ཟག་གསལ་བ་དེ་རིང་པོར་མི་ཐོགས་པར་ཤེས་རབ་ཀྱིས་མངོན་པར་གྲུབ་ནས་འདུས་མ་བྱས་ཀྱི་གནས་རབ་ཏུ་ཞི་ཞིང་དབེན་པ་མྱ་ངན་ལས་འདས་ པའི་བདེ་བ་དོན་དམ་པའི་གནས་ཀྱི་ལམ་དུ་འཇུག་པར་འགྱུར་རོ་ཞེས་ཤེས་པར་བྱེད་པའི་ཕྱིར་ལམ་གྱི་ཆོས་ལ་ཕྱོགས་པའི་རྒྱལ་མཚན་ཞེས་བྱའོ། །རྗེས་སུ་དྲན་པའི་རྣམ་པར་གཞག་པའི་དོན་གྱི་སྤྱོད་པ་ཞེས་ བྱ་བ་ནི་མཁར་བ་འདི་རིམ་པ་གསུམ་དང་ལྡན་པར་དུམ་བུ་གསུམ་གྱི་རིམ་པ་མཐོང་བ་ཉིད་ཀྱིས་ངན་སོང་གསུམ་གྱི་སྡུག་བསྔལ་རྗེས་སུ་དྲན་ནས་ཚུལ་ཁྲིམས་དང་། རྟིང་ངེ་འཛིན་དང་། ཤེས་རབ་སྒོམ་པར་བྱེད་ པ་དང་། གནོད་པ་གསུམ་པོ་རྒ་བ་དང་། ན་བ་དང་། འཆི་བ་རྗེས་སུ་དྲན་ན་དུག་གསུམ་པོ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཡོངས་སུ་སིལ་བར་བྱེད་པ་དང་། ཁམས་གསུམ་པོ་དག་མི་རྟགས་པ་ཡིན་པ་ 67-1-291a ཉིད་དུ་རྗེས་སུ་དྲན་ནས་དཀོན་མཆོག་གསུམ་ལ་མངོན་པར་ཡིད་ཆེས་ཤིང་གུས་པ་དང་། སྲིད་པ་གསུམ་བསལ་བ་དང་། དག་པ་གཙང་བ་དང་། ལས་རྣམ་གསུམ་རྣམ་པར་སྦྱང་བ་དང་། རིག་པ་གསུམ་དང་ལྡན་པར་ འདོད་པ་དང་། རྣམ་པར་ཐར་པ་གསུམ་ལ་འཇུག་པ་དང་། རྗེས་སུ་དྲན་པ་དྲུག་གི་གནས་གསུམ་ཐོབ་པ་དང་། ཡེ་ཤེས་ཐག་རིང་དུ་བྱེད་པ་གསུམ་རྟོགས་པར་འགྱུར་བའི་ཕྱིར་དུམ་བུ་གསུམ་རིམ་པར་རྣམ་པར་གཞག་པ་ཡིན་ནོ། ། གཞན་ཡང་བཞི་སྒྲིལ་དུ་བྱས་པ་ནི་སྐྱེ་བ་རྣམ་པ་བཞི་ཡོངས་སུ་བཅད་པ་དང་། བདེན་པ་བཞི་རྗེས་སུ་དྲན་པར་བྱ་བ་དང་། ཚད་མེད་པ་བཞི་སྒོམ་པ་དང་། བསམ་གཏན་བཞི་ལ་འཇུག་པར་བྱ་བ་དང་། སྙོམས་པར་འཇུག་པ་བཞི་ཡོངས་ སུ་དག་པར་བྱ་བ་དང་། དྲན་པ་ཉེ་བར་གཞག་པ་བཞི་རབ་ཏུ་བསྟན་པ་དང་། ཡང་དག་པའི་སྤོང་བ་བཞི་བསྟན་པར་བྱ་བ་དང་། ཏིང་ངེ་འཛིན་གྱི་རྐང་པ་བཞི་ཐོབ་པར་བྱ་བའི་ཕྱིར་བཞི་སྒྲིལ་དུ་རྣམ་པར་གཞག་པ་ཡིན་ནོ། །དབུས་ཀྱི་ཤིང་ གཏོགས་པར་རྣམ་པ་ལྔར་གཞག་པ་ནི་ལྟ་བ་ལྔ་པོ་དག་སྤང་བ་དང་། འགྲོ་བ་ལྔ་པོ་དག་གི་འཁོར་བའི་སྡུག་བསྔལ་གྱི་འཁྲུག་པ་ཡོངས་སུ་སོང་བ་དང་། དབང་པོ་ལྔ་སྒོམ་པ་དང་། སྟོབས་ལྔ་དང་ལྡན་པར་བྱ་བ་དང་། སྒྲིབ་པ་ལྔ་པོ་དག་ བསལ་བ་དང་། ཕུང་པོ་ལྔ་པོ་དག་རྣམ་པར་གཤིག་པ་དང་། ཆ་ལྔ་དང་ལྡན་པའི་ཆོས་ཀྱི་སྐུ་ཐོབ་པར་བྱ་བའི་ཕྱིར་རྣམ་པ་ལྔར་གཞག་པ་ཡིན་ནོ། །སིལ་སྒྲིལ་བཅུ་གཉིས་སུ་བསྟན་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་ བཅུ་གཉིས་སུ་དྲན་པར་བྱ་ཞིང་ཐོགས་པ་མེད་པར་བྱ་བ་དང་། སྒོ་བཅུ་གཉིས་པའི་བསམ་གཏན་བསྒོམ་པར་བྱ་བ་དང་། སེམས་ལ་སྐྱོན་མེད་པར་རྗེས་སུ་དྲན་པར་བྱའོ། །རིམ་པ་གསུམ་དང་བཞི་སྒྲིལ་དུ་བསྡུས་ཏེ། གྲངས་ བདུན་དུ་བསྟན་པ་ནི་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ཆོས་རྗེས་སུ་དྲན་པར་བྱ་བ་དང་། འཕགས་པའི་ནོར་བདུན་མངོན་པར་བསྒྲུབ་པར་བྱའོ། །མར་རྩེ་གཏོགས་པར་བརྒྱད་ཏུ་བསྟན་པ་ནི་ལམ་ཡན་ 67-1-291b ལག་བརྒྱད་པ་རྗེས་སུ་བསྟན་པར་བྱ་བ་དང་། རྣམ་པར་ཐར་པ་བརྒྱད་ཐོབ་པར་བྱ་བ་དང་། མི་ཁོམ་པ་བརྒྱད་ཡོངས་སུ་བསལ་བའི་ཕྱིར་རྣམ་པ་བརྒྱད་བསྟན་པ་ཡིན་ནོ། །མཁར་སིལ་གྱི་དོན་མདོར་བསྟན་པ་དེ་ལྟ་བུ་ཡིན་ པས་ཁྱེད་ཀྱིས་ལེགས་པར་ཡོངས་སུ་གཟུང་བར་བྱའོ། །བཅོམ་ལྡན་འདས་ལ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས་འཕགས་པའི་གསུང་རབ་ལ་ཇི་སྐད་བསྟན་པ་བཞིན་དུ་འཚལ་ལོ་ཞེས་གསོལ་ཏོ། །དེ་ནས་ འོད་སྲུང་ཆེན་པོས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀུན་མཚུངས་པ་ཞིག་ལགས་སམ། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཁ་ཅིག་མཁར་བ་མཚུངས་ཀྱང་སྤྱོད་པ་མི་མཚུངས་པས་ཁ་ཅིག་གི་ཚེ་ན་ནི་བཞི་སྒྲིལ་དུ་བྱས་པའོ། །ཁ་ཅིག་གི་ཚེ་ན་ནི་གཉིས་སྒྲིལ་དུ་བྱས་པ་སྟེ། སིལ་སྒྲིལ་གྱི་གྲངས་ལ་ནི་བྱེ་བྲག་དུ་གྱུར་པ་མེད་དོ། ང་ནི་དེང་འདིར་བཞི་སྒྲིལ་སིལ་སྒྲིལ་བཅུ་གཉིས་སུ་བྱས་པའི་བསྟན་པ་དེ་སྤྱོད་དོ། །གཉིས་སྒྲིལ་དུ་བྱས་པ་ནི་དེ་བཞིན་གཤེགས་པ་འོད་སྲུང་གིས་རྣམ་པར་གཞག་པ་ཡིན་ཏེ། སེམས་ཅན་རྣམས་བདེན་པ་གཉིས་པོ་ཀུན་རྫོབ་གྱི་ བདེན་པ་དང་། དོན་དམ་པའི་བདེན་པ་རྗེས་སུ་དྲན་པར་བྱ་བའི་ཆེད་དུ་དོན་འདི་རྣམ་པར་གཞག་པ་ཡིན་ནོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འཁོར་སྟོང་ཉིས་བརྒྱ་དང་། འཁོར་འདུས་པ་ཆེན་པོ་རྣམས་ཤིན་ཏུ་དགའ་ཞིང་གུས་པས་མངོན་པར་བསྟོད་དོ། །འཕགས་པ་མཁར་སིལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྫོགས་སོ།། །། མཁར་སིལ་འཆང་བའི་ཀུན་ཏུ་སྤྱོད་པའི་ཆོ་ ག ། མཁར་སིལ་ཡང་དག་པར་ལེན་པར་འདོད་པས། བཙུན་པ་ཞིག་དྲུང་དུ་པུས་མོ་བཙུགས་ཏེ་འདི་སྐད་དུ་བྱའོ། །བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དེང་བཙུན་པ་ལས་མཁར་སིལ་འཆང་བའི་སློབ་ 67-1-292a དཔོན་དུ་གསོལ་ལོ་ཞེས་ལན་གསུམ་དུ་བཟླས་པར་བྱའོ། །དེས་ཀྱང་འདི་སྐད་དུ་དགོངས་ཤིག །ཚེ་དང་ལྡན་པ་ཁྱོད་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་མཁར་སིལ་ཡང་དག་བླངས་ཏེ་ཆོས་བཞིན་དུ་སྤྱོད་པར་བྱེད་དམ། ལག་པ་ཡོངས་སུ་མི་གཙང་བས་དེ་བཟུང་བར་མི་བྱ། དགེ་འདུན་གྱི་གནས་སུ་འཇུག་པའི་ཚེ་མགོ་དང་མ་རྩེ་དབྱུང་བར་བྱས་ལ་གཞག་པར་མི་བྱ། གལ་ཏེ་ཁྱིམ་པའི་ཁྱིམ་དུ་འཇུག་ན་མ་རྩེ་རྒྱབ་ལོགས་སུ་བསྟན་པར་བྱ། གལ་ཏེ་སྔ་དྲོ་ཁྱིམ་པའི་ ཁྱིམ་དུ་བསོད་སྙོམས་ལ་འགྲོ་དགོས་པའི་རྐྱེན་ཚོགས་བྱུང་ན་མཁར་སིལ་ལན་གསུམ་དུ་དཀྲོལ་བར་བྱའོ། །ལན་གསུམ་དུ་དཀྲོལ་ཏེ་མ་འོངས་ན་ལན་ལྔའི་བར་དུ་དཀྲོལ་བར་བྱའོ། །ལན་ལྔའི་བར་དུ་དཀྲོལ་ཏེ་མ་འོངས་ན་ལན་བདུན་གྱི་བར་དུ་ དཀྲོལ་བར་བྱའོ། །ལན་བདུན་གྱི་བར་དུ་དཀྲོལ་ཏེ་མ་འོངས་ན་ཁྱིམ་གཞན་དུ་ལན་བདུན་གྱི་བར་དུ་དཀྲོལ་བར་བྱའོ། །ཁྱིམ་བདུན་གྱི་བར་དུ་ཕྱིན་ཏེ་ཆོག་པར་གྱུར་ན་ཡང་དེར་ཟས་ཀྱི་བྱ་བ་བྱའོ་ཞེས་ལན་གསུམ་གྱི་བར་དུ་བཟླས་པར་བྱའོ། ། མཁར་སིལ་བཅང་བའི་ཆོས་ནི་ཉི་ཤུ་རྩ་ལྔ་ཡོད་དེ། ས་ལ་སྦྲུལ་ཡོད་པ་བསྲུང་བའི་ཕྱིར་བཅང་བར་བྱ་བ་དང་། རྒལ་བའི་ཕྱིར་བཅང་བར་བྱ་བ་དང་། བསོད་སྙོམས་སྤྱོད་པའི་ཕྱིར་བཅང་བར་བྱ་བ་དང་། འབྱུང་ཞིང་འཇུག་པ་ན་ཡང་སྐུ་གཟུགས་ མཐོང་བའི་ཚེ་སྒྲ་དབྱུང་བར་བྱ་བ་དང་། མཁར་སིལ་ཐོགས་ནས་དགེ་འདུན་གྱི་ནང་དུ་འཇུག་པར་མི་བྱ་བ་དང་། དྲོ་ཡོལ་ཕན་ཅད་མཁར་སིལ་ཐོགས་ནས་འགྲོ་བར་མི་བྱ་བ་དང་། ཕྲག་པ་གཉིས་ལ་བཀལ་ཏེ་མགོ་བོ་གཉིས་ལ་དཔྱང་བར་ མི་བྱ་བ་དང་། ཕྲག་པར་བསྐུར་བར་མི་བྱ་བ་དང་། ལག་པས་སྐྱོག་པར་མི་བྱ་བ་དང་། མཁར་སིལ་ཐོགས་ནས་བཤང་ཅིའི་སར་འགྲོ་བར་མི་བྱ་བ་དང་། མཁན་པོ་དང་སློབ་དཔོན་མཁར་སིལ་ཐོགས་ཏེ་འགྲོ་བའི་རྗེས་བཞིན་དུ་འགྲོ་ བར་མི་བྱ་བ་དང་། གང་ཟག་བཞི་ཡན་ཆོད་མཁར་སིལ་ཐོགས་ཏེ་འགྲོ་བའི་རྗེས་ནས་མཁར་སིལ་ཐོགས་ཏེ་འགྲོ་བར་མི་བྱ་བ་དང་། ཡོན་བདག་གི་ཁྱིམ་དུ་ཕྱིན་ན་མཁར་སིལ་ལུས་དང་བྲལ་བར་མི་བྱ་བ་དང་། ཡོན་བདག་གི་ 67-1-292b སྒོར་ཕྱིན་པ་དང་ལན་གསུམ་གྱི་བར་དུ་དཀྲོལ་བར་བྱའོ། །གལ་ཏེ་མ་འོངས་ན་ལན་ལྔའི་བར་དུ་དཀྲོལ་བར་བྱའོ། །ལན་དེ་ལྔའི་བར་དུ་དཀྲོལ་ཏེ་མ་འོངས་ན་ལན་བདུན་གྱི་བར་དུ་དཀྲོལ་བར་བྱའོ། །ལན་བདུན་གྱི་བར་དུ་དཀྲོལ་ཏེ་མ་ འོངས་ན་ཁྱིམ་གཞན་དུ་དཀྲོལ་བར་བྱ་བ་དང་། བདག་ཕྱིར་ཕྱུང་ན་མཁར་སིལ་ལག་པ་གཡས་པ་ལ་བསྙེས་ཏེ་གཞག་པར་བྱ་བ་དང་། གནས་ཁང་ན་གཞག་པའི་ཚེ་ས་ལ་རེག་པར་མི་བྱ་བ་དང་། རྟག་ཏུ་གར་ཉལ་བའི་ཁྲིའི་དྲུང་དུ་ཉེ་ བར་བཞག་པར་བྱ་བ་དང་། སྐབས་སྐབས་སུ་ཕྱི་བདར་བྱ་བ་དང་། མཁར་སིལ་གྱི་མགོ་ཡ་ཡོ་མེད་པར་བྱ་བ་དང་། བསོད་སྙོམས་ལ་འགྲོ་བའི་ཚེ་དགེ་ཚུལ་ལམ་ཁྱིམ་པ་ལས་བྲལ་བར་མི་བྱ་བ་དང་། ནད་པའི་སར་མཚན་མོ་གནས་ ན་མཁར་སིལ་བསྐུར་བར་བྱ་བ་དང་། ལམ་རིང་པོར་སྐྱེལ་དུ་འགྲོ་ན་མཁར་སིལ་བསྐུར་བར་བྱ་བ་དང་། ལམ་རིང་པོ་ནས་འགྲོན་དུ་གཉེར་བ་ཡོད་དེ། དེར་འགྲོ་ཞིང་འདུག་དགོས་པར་གྱུར་ན་མཁར་སིལ་བསྐུར་བར་བྱ་བ་དང་། ག་ཤེད་དུ་འགྲོ་དགོས་ པར་གྱུར་ན་མཁར་སིལ་བསྐུར་བར་བྱ་བ་དང་། བདག་གི་དྲུང་དུ་བསྙེན་པར་བྱ་བའི་ཕྱིར་གཞན་ལ་རེག་ཅིང་ས་ལ་རི་མོ་བྲི་བར་བྱའོ། །མཁར་སིལ་འཆང་བའི་ཀུན་ཏུ་སྤྱོད་པའི་ཆོ་ག་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། དྷརྨ་ ཙཀྲ་སཱུ་ཏྲ། བོད་སྐད་དུ། ཆོས་ཀྱི་འཁོར་ལོའི་མདོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སངས་རྒྱས་བཅོམ་ལྡན་འདས་བ་ར་ཎ་སཱི་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྔ་སྡེའི་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། ། ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ 67-1-293a ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་ པས་ཡོངས་སུ་ཤེས་པར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་ བདེན་པ་དེ་ངས་མངོན་པར་ཤེས་པས་སྤང་བར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་ པ་ཤེས་པ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་མངོན་སུམ་དུ་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ ཆོས་རྣམས་ལ་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་བསྒོམ་པར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། ། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་ཡོངས་སུ་ཤེས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། ། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་སྤངས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་ སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པ་ཤེས་པའི་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་མངོན་སུམ་དུ་བྱས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། ། 67-1-293b ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་བསྒོམས་སོ་ཞེས་ཚུལ་བཞིན་ ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་ཇི་སྲིད་ཏུ་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་ མིག་མ་སྐྱེས། ཤེས་པ་མ་ཡིན་རིག་པ་མ་ཡིན་བློ་མ་ཡིན་རྟོགས་པ་མ་སྐྱེས་པ་དེ་སྲིད་ཏུ། ང་ལྷ་དང་བཅས་པའི་འཇིག་རྟེན་བདུད་དང་བཅས་ཚངས་པ་དང་བཅས་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མིར་བཅས་ པ་འདི་ལས་གྲོལ་བ་དང་ངེས་པར་བྱུང་བ་དང་མི་ལྡན་པ་དང་། རབ་ཏུ་གྲོལ་བ་དང་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་མ་གྱུར་ཅིང་། དགེ་སློང་དག་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་མ་ཤེས་སོ། །དགེ་སློང་དག་ངས་གང་ནས་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་བསྐོར་བའི་མིག་སྐྱེས་ཤིང་ཤེས་པ་དང་རིག་པ་དང་ བློ་དང་རྟོགས་པ་སྐྱེས་པ་དེ་ནས་ང་ལྷ་དང་བཅས་པའི་འཇིག་རྟེན་བདུད་དང་བཅས་ཚངས་པ་དང་བཅས་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མིར་བཅས་པ་འདི་ལས་གྲོལ་བ་དང་ངེས་པར་འབྱུང་བ་དང་མི་ལྡན་པ་དང་། རབ་ཏུ་གྲོལ་ བ་དང་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་གྱུར་ཅིང་། དགེ་སློང་དག་ངས་དེ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་ཤེས་སོ། །ཆོས་ཀྱི་རྣམ་གྲངས་ དེ་བཀའ་སྩལ་པ་ན། ཚེ་དང་ལྡན་པ་ཀཽཎྜི་ནྱ་དང་། ལྷ་བརྒྱད་ཁྲི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀཽ་ཎྜི་ནྱ་ལ་བཀའ་སྩལ་པ། ཀཽ་ཎྜི་ནྱ་ཁྱོད་ཀྱིས་ཆོས་ 67-1-294a ཀུན་ཤེས་སམ། བཅོམ་ལྡན་འདས་ཀུན་འཚལ་ལགས་སོ། །ཀཽ་ཎྜི་ནྱས་ཁྱོད་ཀྱིས་ཀུན་ཤེས་སམ་ཀུན་ཤེས་སམ། བདེ་བར་གཤེགས་པ་ཀུན་འཚལ་ལགས་སོ། །ཀུན་འཚལ་ལགས་སོ། །ཚེ་དང་ལྡན་པ་ཀཽཎྜི་ནྱས་ ཆོས་ཀུན་ཤེས་པས་དེའི་ཕྱིར་ཚེ་དང་ལྡན་པ་ཀཽཎྜི་ནྱ་ཀུན་ཤེས་ཀཽཎྜི་ནྱ་ཞེས་ཚིག་བླ་དགས་སུ་བཏགས་སོ། །ཚེ་དང་ལྡན་པ་ཀཽཎྜི་ནྱས་ཆོས་ཀུན་ཤེས་སོ་ཞེས་ས་བླའི་གནོད་སྦྱིན་རྣམས་སྒྲ་སྒྲོགས་པར་བྱེད་དེ། གྲོགས་པོ་དག་བཅོམ་ལྡན་ འདས་བཱ་ར་ཎ་སཱིར་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་སུ་ལན་གསུམ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་དགེ་སྦྱོང་ངམ་བྲམ་ཟེ་འམ། ལྷ་འམ་བདུད་དམ་ཚངས་པ་འམ་སུས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་ པར་མ་བསྐོར་བ། སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བ་དང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་བསྐོར་བས་ལྷའི་རིས་མངོན་པར་འཕེལ་ཞིང་ལྷ་མ་ཡིན་གྱི་རིས་ཡོངས་སུ་ཉམས་ སོ་ཞེས་དབྱངས་བསྒྲགས་སོ། །ས་བླའི་གནོད་སྦྱིན་རྣམས་ཀྱི་སྒྲ་ཐོས་ནས་ནམ་མཁའ་ལ་རྒྱུ་བའི་གནོད་སྦྱིན་དང་རྒྱལ་ཆེན་བཞི་པོའི་རིས་དང་སུམ་བཅུ་རྩ་གསུམ་པོའི་ལྷ་དང་འཐབ་བྲལ་དང་དགའ་ལྡན་དང་འཕྲུལ་དགའ་དང་གཞན་ འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ནས། སྐད་ཅིག་དེ་དང་ཐང་ཅིག་དེ་དང་ཡུད་ཙམ་དེ་དང་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དེ་ལ་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་བསྒྲགས་སོ། །ཚངས་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་སྒྲ་སྒྲོགས་པར་ བྱེད་དེ། གྲོགས་པོ་དག་བཅོམ་ལྡན་འདས་ཀྱིས་བཱ་ར་ཎ་སཱིར་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་སུ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་དགེ་སྦྱོང་ངམ་བྲམ་ཟེ་འམ་ལྷ་འམ་བདུད་དམ་ ཚངས་པ་འམ་སུས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་འགའ་ཡང་མ་བསྐོར་བ། སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བ་དང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་བསྐོར་བས་ 67-1-294b ལྷའི་རིས་མངོན་པར་འཕེལ་ཞིང་ལྷ་མ་ཡིན་གྱི་རིས་ཡོངས་སུ་ཉམས་སོ་ཞེས་དབྱངས་བསྒྲགས་སོ། །བཅོམ་ལྡན་འདས་ཀྱིས་བཱ་ར་ཎ་སཱིར་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་སུ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ཆོས་ ཀྱི་འཁོར་ལོ་ཆོས་དང་ལྡན་པ་བསྐོར་བས་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་ཚིག་བླ་དགས་སུ་བཏགས་སོ། །ཆོས་ཀྱི་འཁོར་ལོའི་མདོ་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཀརྨ་བི་བྷང་ག ། བོད་སྐད་དུ། ལས་རྣམ་པར་འབྱེད་པ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེར་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་ཤུ་ཀ་ལ་བཀའ་སྩལ་པ། བྲམ་ཟེའི་བུ་ཁྱོད་ལ་ལས་རྣམ་པར་འབྱེད་པ་བསྟན་ གྱིས། དེ་ལེགས་པར་ཤིན་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་ཀྱིས། བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་ནས་བྲམ་ཟེའི་ཁྱེའུ་ཤུ་ཀ །བཅོམ་ལྡན་འདས་ལ་ཕྱིར་ཉན་པ་དང་བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། །བྲམ་ཟེའི་བུ་ངས་ནི་སེམས་ཅན་རྣམས་བདག་གི་ལས་ལས་སུ་གྱུར་པ་ལས་ཀྱི་རྒྱུ་ལས་སྐྱེས་པ་ལས་ཀྱི་སྐལ་བ་ལ་སྤྱོད་པ། ལས་ལ་རྟེན་པར་གསུངས་ཏེ། བྲམ་ཟེའི་བུ་ལས་ནི་འདི་ལྟ་སྟེ། སེམས་ཅན་རྣམས་ རབ་དང་འབྲིང་དང་ཐ་མར་རྣམ་པར་འབྱེད་དོ། །དེ་ནི་འདི་ལྟར་ཚེ་ཐུང་བར་འགྱུར་བའི་ལས་ཡོད་དེ། དེ་ལ་ཚེ་ཐུང་བར་འགྱུར་བའི་ལས་གང་ཞེ་ན། དེ་ནི་སྲོག་གཅོད་པ་དང་སྲོག་གཅོད་པ་ལ་རྗེས་སུ་དགའ་བ་དང་སྲོག་གཅོད་པའི་ ལེགས་པ་རྗོད་པ་དང་མི་མཛའ་བ་ཚེ་འཕོ་བར་སྐུལ་བ་དང་མི་འཛའ་བ་ཚེ་འཕོས་ན་ལེགས་པར་རྗོད་པ་དང་མངལ་ནས་ཚེ་འཕོ་བར་བྱེད་པ་དང་མངལ་ནས་ཚེ་འཕོ་བའི་ལེགས་པ་རྗོད་པ་དང་མ་ཧེ་དང་བ་ལང་དང་ཕག་དང་བྱ་ལ་སོགས་ 67-1-295a པ་བསད་པར་འགྱུར་བའི་རྟེན་འཆའ་ཞིང་། མཆོད་སྦྱིན་དེ་བཙུགས་པས་བུ་ཚ་དང་སྐྱེ་བོ་གཞན་ལ་ཕན་པར་འདོད་པ་རྣམས་དང་འཇིགས་པས་ཉེན་པ་རྣམས་ཀྱི་ལུགས་སུ་གྱུར་ཅིང་སེམས་ཅན་གསོད་པར་འགྱུར་བ་སྟེ། དཔེར་ན་གྲོང་ཁྱེར་ཀས་མརྱ་ན་དགེ་སློང་དགྲ་བཅོམ་པ་གཅིག་ཅིག་ཁྱིམ་ཞིག་གི་སྒོ་ན་འདུག་འདུག་ན། ཁྱིམ་དེའི་ཐད་ཀ་ལམ་པོ་ཆེ་ནས་ཕྱུགས་ཤིག་སྒྲ་འབྱིན་ཅིང་ཁྲིད་པ་དགེ་སློང་དེས་མཐོང་ནས་ཀྱི་ཧུད་ཨེ་མ་ག་ལ་སྲིད་ཅེས་བྱས་ པ་དང་མི་དག་གིས་དགེ་སློང་དེ་ལ། སློབ་དཔོན་ཅི་ཞིག་དེ་སྐད་དུ་ཀྱི་ཧུད་ཨེ་མ་ག་ལ་སྲིད་ཅེས་བྱ་བའི་སྒྲ་རྗོད་ཅེས་དྲིས་ན། དེས་སྨྲས་པ། དེ་ནི་མ་དད་པ་རྣམས་ལ་སྨྲ་བར་ཡང་མི་བྱ་བ་ཞིག་སྟེ་སྒོས་ཀྱིས་སྨྲའོ་ཞེས་ནས། དེས་སྨྲས་པ། ཕྱུགས་ཕ་བི་ལྟར་སྒྲ་འབྱིན་ཅིང་ཁྲིད་པ་ཕ་བིས་སྔོན་ཚོང་པ་ཕྱུག་པོ་ཞིག་ཏུ་རེད་པའི་ཚེ། རྟེན་བཙུགས་ཏེ་ལོ་དུས་ཀྱི་མཆོད་སྦྱིན་བྱས་ནས། དེས་དེར་ཕྱུགས་མང་པོ་དག་ཀྱང་བསད་ཚེ་འཕོ་ཀར་ཡང་བུ་ལ་བོས་ཏེ་སྨྲས་པ། བུ་ཁྱོད་ང་ ལ་བྱམས་ཤེ་ན། ཕྱུགས་ཀྱི་མཆོད་སྦྱིན་ལོ་དུས་སུ་བྱ་བ་འདི་ང་ཚེ་འཕོས་ནས་ཀྱང་རྟག་པར་གྱིས་ཤིག་ཅེས་བསྒོ་ནས། བུས་ཀྱང་དེ་ལྟར་བགྱིའོ་ཞེས་ཏེ་དེ་བཞིན་དུ་མཉན་ཏོ། །དེ་ནས་མི་དེ་ཚེ་འཕོས་པ་དང་གཏི་མུག་ལས་བྱུང་བའི་ སྲོག་གཅོད་པ་དང་ལྡན་པས་བདག་གི་ཁྱིམ་དུ་ཕྱུགས་སུ་སྐྱེས་ནས་དེ་དེར་ཡང་དང་ཡང་སྐྱེས་ཤིང་བསད་བསད་པ་ལས་ལན་འདི་དང་དྲུག་སྟེ་ད་ཡང་ཁྲིད་པ་ཡིན་ནོ་ཞེས་ནས། དགེ་སློང་དེས་ཕྱུགས་དེ་ལ་སྙིང་བརྩེ་བས་འདི་སྐད་ཅེས་ སྨྲས་སོ། །རྟེན་ཀྱང་ཁྱོད་བདག་གིས་བཙུགས། མཆོད་སྦྱིན་ཡང་ཁྱོད་བདག་གིས་བྱས། ཕྱུགས་མང་པོར་ཡང་ཁྱོད་བདག་གིས་བསད་ན། དེ་དེ་སྐད་དུ་དོན་མེད་པ་བོས་པས་ཅི་ལ་ཕན་ཞེས་རྗོད་པ་ལྟ་བུ་སྟེ། དེ་ལྟ་བུའི་རྟེན་ བཙུགས་པ་དང་དམག་ལྟ་བུ་མི་དང་རྟ་ལ་སོགས་པ་སེམས་ཅན་མང་པོ་དངོག་པ་ལ་ལྟ་བ་དང་འཐབ་མོའི་ཆ་བྱད་ལ་དགའ་བ་ལྟ་བུ་སྟེ། ནག་པོ་ཡོད་པའི་མདོ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཀུན་དགའ་བོ་སྲོག་གཅོད་ 67-1-295b པ་ལ་བསྟེན་ཅིང་གོམས་པར་བྱས་པ་དང་མང་དུ་བྱས་པ་ནི་སེམས་ཅན་དམྱལ་བར་སྐྱེ་བའི་རྒྱུར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་སུ་སྐྱེ་བའི་རྒྱུར་འགྱུར་རོ། །ཡི་དགས་སུ་སྐྱེ་བའི་རྒྱུར་འགྱུར་རོ་ཞེས་གསུངས་ཏེ། སྲོག་གཅོད་པ་ནི་ཉུང་ཞིང་ ཆུང་ཡང་རྣམ་པར་སྨིན་པ་ཚེ་ཐུང་བར་འགྱུར་རོ། །དེ་ལ་ཚེ་རིང་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་སྲོག་གཅོད་པ་སྤངས་པ་དང་སྲོག་གཅོད་པ་སྤངས་པའི་ལེགས་པ་རྗོད་པ་དང་དེ་ལ་སྐུལ་བ་དང་དེའི་ལེགས་པ་རྗོད་པ་དང་གསད་པར་ བྱ་བའི་མི་དང་བ་ལང་དང་ཕག་དང་བྱ་ལ་སོགས་པ་སྲོག་འབྱིན་པ་དང་སེམས་ཅན་འཇིགས་པས་ཉེན་པ་རྣམས་ལ་མི་འཇིགས་པ་སྦྱིན་པ་དང་། སེམས་ཅན་མགོན་མེད་པ་རྣམས་ལ་སྙིང་རྗེའི་སེམས་བསྐྱེད་པ་དང་། ནད་པ་དང་བྱིས་པ་དང་རྒན་པ་རྣམས་ལ་བྱམས་པའི་སེམས་ བསྐྱེད་པ་དང་། དེ་དག་ལ་ཟས་ཀྱི་སྦྱིན་པ་བྱེད་པ་དང་སློང་བ་ལ་བྱམས་པའི་སེམས་བསྐྱེད་པ་དང་དམག་ལ་སོགས་པ་སྔར་སྨོན་པ་ཐམས་ཅད་བཟློག་སྟེ། དགེ་བའི་ཕྱོགས་བྱས་པ་དང་དེ་བཞིན་དུ་མཆོད་རྟེན་དང་གཙུག་ལག་ཁང་ཞིག་པ་དག་བཅོས་ ལེགས་བྱས་པ་སྟེ། མདོ་དེ་ཉིད་ལས། ཞིག་ཅིང་རལ་བ་སུས་བཅོས་པ། །དེ་ལ་ཡེ་འགྲོག་བདུད་མི་འབྱུང་། །ཞེས་གསུངས་པ་ལྟ་བུ་སྟེ། ལས་དེ་ལྟ་བུ་ནི་ཚེ་རིང་བར་འགྱུར་བའོ། །དེ་ལ་ནད་མང་བར་འགྱུར་བའི་ལས་ཡོད་དེ། དེ་གང་ཞེ་ན་དེ་ནི་ཁྲོ་བ་དང་ཁུ་ཚུར་དང་ཐལ་མོས་རྡེག་པ་དང་ཁུ་ཚུར་དང་ཐལ་མོས་རྡེག་པ་ལ་རྗེས་སུ་དགའ་བ་དང་ཁུར་ཚུར་དང་ཐལ་མོས་རྡེག་པའི་ཡོན་ཏན་རྗོད་པ་དང་དེ་ལ་སྐུལ་བ་དང་ཕ་མའི་སེམས་དང་ལུས་མི་བདེ་བར་བྱས་པ་དང་ རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་དག་གི་སེམས་མི་བདེ་བར་བྱས་པ་དང་། མི་མཛའ་བ་ནད་ཀྱིས་བཏབ་པ་ལ་དགའ་བར་སེམས་པ་དང་མི་མཛའ་བ་ནད་སོས་ན་མི་དགའ་བར་སེམས་པ་དང་ནད་པ་ལ་སྨན་མ་ཡིན་པ་བྱིན་པ་དང་ ཟས་མ་ཞུ་བར་བསྟབས་པ་དེ་ལས་དེ་ལྟ་བུ་ནི་ནད་མང་བར་འགྱུར་རོ། །དེ་ལ་ནད་ཉུང་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་ཐལ་མོ་དང་ཁུ་ཚུར་གྱིས་རྡེག་པ་དང་། ཐལ་མོ་དང་ཁུ་ཚུར་གྱིས་རྡེག་པ་སྤོང་བར་སྐུལ་བ་དང་ 67-1-296a དེའི་ཡོན་ཏན་རྗོད་པ་དང་དེ་ལ་རྗེས་སུ་དགའ་བ་དང་ཕ་མ་ན་བའི་རིམ་གྲོ་བྱེད་པ་དང་ཁྱིམ་པ་དང་རབ་ཏུ་བྱུང་བ་དང་རྒན་ནམ་གཞོན་ཡང་རུང་སྟེ། ན་ན་རིམ་གྲོ་བྱེད་པ་དང་མི་མཛའ་བ་ན་ཡང་མི་དགའ་བར་སེམས་པ་དང་། དེའི་ནད་སོས་ན་དགའ་བར་སེམས་པ་དང་སྨན་གྱི་སྦྱིན་པ་བྱེད་པ་དང་ཁ་ཟས་ཞུ་ནས་སྟོབས་པ་སྟེ། ལས་དེ་ལྟ་བུ་ནི་ནད་ཉུང་བར་འགྱུར་རོ། །དེ་ལ་ཁ་དོག་མི་སྡུག་པར་འགྱུར་བའི་ལས་ཡོད་དེ། དེ་གང་ཞེ་ན། དེ་ནི་ཁྲོ་བ་དང་འཁོན་དུ་ འཛིན་པ་དང་འཆབ་པ་དང་འཚིག་པ་དང་ཕ་མ་ལ་ངན་དུ་རྗོད་པ་དང་ཁྱིམ་པ་དང་རབ་ཏུ་བྱུང་བ་རྒན་གཞོན་ལ་ངན་དུ་བརྗོད་པ་དང་། མཆོད་རྟེན་དང་གཙུག་ལག་ཁང་དང་མཆོད་རྟེན་གྱི་ས་གཞི་མི་སྡུག་པར་བྱས་པ་དང་མཆོད་རྟེན་དང་ སྐུ་གཟུགས་ཀྱི་མར་མེ་བསད་པ་དང་། སེམས་ཅན་ཁ་དོག་མི་སྡུག་པ་རྣམས་ལ་ཕྱས་འདྲོགས་པ་དང་གཙང་སྦྲ་ཆུང་བ་སྟེ། ལས་དེ་ལྟ་བུ་ནི་ཁ་དོག་མི་སྡུག་པར་འགྱུར་བའོ། །དེ་ལ་མཛེས་པར་འགྱུར་བའི་ལས་ཡོད་དེ་དེ་གང་ ཞེ་ན། དེ་ནི་མི་ཁྲོ་བ་དང་འཁོན་དུ་མི་འཛིན་པ་དང་མི་འཆབ་པ་དང་མི་འཚིག་པ་དང་གོས་ཀྱི་སྦྱིན་པ་བྱེད་པ་དང་མཆོད་རྟེན་དང་གཙུགས་ལག་ཁང་དག་ལ་རྡོ་ཐལ་གྱིས་རྐྱང་ནུལ་བྱེད་པ་དང་སྣོད་སྤྱད་སྡུག་གུའི་སྦྱིན་པ་བྱེད་པ་དང་། སྤོས་དང་བྱུག་པ་དང་གོས་དང་རྒྱན་གྱི་སྦྱིན་པ་བྱེད་པ་དང་། ཕ་མའི་ལེགས་པ་རྗོད་པ་དང་འཕགས་པ་དང་ཚུལ་ཁྲིམས་དང་ལྡན་པ་དག་གི་ལེགས་པ་རྗོད་པ་དང་མཆོད་རྟེན་གྱི་གཞི་དང་གཙུག་ལག་ཁང་དང་ཁྱིམ་གྱི་ཕྱག་དར་རྟག་ ཏུ་བྱེད་པ་དང་སེམས་ཅན་མི་སྡུག་པ་རྣམས་ལ་ཕྱས་མི་བྱེད་པ་དང་། དེ་བཞིན་དུ་རྒན་པ་འམ་གཞོན་པ་གཞན་དག་ལ་ཕྱས་མི་བྱེད་པ་དང་གཙང་སྦྲ་ཆེ་བ་སྟེ་ལས་དེ་ལྟ་བུ་ནི་མཛེས་པར་འགྱུར་བའོ། །དེ་ལ་མཐུ་ཆུང་བར་འགྱུར་ བའི་ལས་ཡོད་དེ། དེ་གང་ཞེ་ན། དེ་ནི་སེར་སྣ་བྱེད་པ་དང་ཕྲག་དོག་ཆེ་བ་དང་གཞན་གྱིས་ཐོབ་ན་མི་དགའ་བ་དང་གཞན་ལ་མི་སྙན་པར་རྗོད་ན་དགའ་བ་དང་ཕ་མ་ལ་བརྙས་པ་དང་འཕགས་པ་དང་ཚུལ་ཁྲིམས་དང་ལྡན་པ་ལ་བརྙས་ 67-1-296b པ་དང་ནད་པ་དང་རྒན་པ་དང་གཞོན་པ་ལ་བརྙས་པ་དང་ཆོས་ངན་པ་དང་མི་དགེ་བའི་རྩ་བའི་ལེགས་པ་རྗོད་པ་དང་བྱང་ཆུབ་ཀྱི་སེམས་ལས་ཟློག་པ་སྟེ། ལས་དེ་ལྟ་བུ་ནི་མཐུ་ཆུང་བར་འགྱུར་བའོ། །དེ་ལ་མཐུ་ཆེ་བར་འགྱུར་བའི་ལས་ ཡོད་དེ་དེ་གང་ཞེ་ན། དེ་ནི་ཕྲག་དོག་མེད་པ་དང་སེར་སྣ་མེད་པ་དང་གཞན་གྱིས་ཐོས་ན་དགའ་བ་དང་གཞན་གྱིས་མ་ཐོས་ན་མི་དགའ་བ་དང་གཞན་གྱི་གྲགས་པ་དང་སྒྲ་དང་ཚིགསུ་སུ་བཅད་པ་སྙན་པ་ཐོས་ན་དགའ་བ་དང་གཞན་གྱི་ལེགས་ པ་རྗོད་པ་ལ་དགའ་བ་དང་། བཅོམ་ལྡན་འདས་ཀྱི་མཆོད་རྟེན་དང་གཙུག་ལག་ཁང་བརྩིག་པ་དང་ཆོས་ངན་པ་དང་མི་དགེ་བའི་རྩ་བ་ལས་ཟློག་པ་དང་མཐུ་ཆེ་བར་འགྱུར་བའི་དགེ་བའི་རྩ་བ་ལ་སྐུལ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་ པ་དང་དགེ་བའི་རྩ་བ་ཐམས་ཅད་ཀྱིས་མཐུ་ཆེན་པོར་སེམས་བསྐྱེད་པ་སྟེ། ལས་དེ་ལྟ་བུ་ནི་མཐུ་ཆེ་བར་འགྱུར་བའོ། །དེ་ལ་རིགས་དམའ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་ཕོ་ཆེ་བ་དང་ང་རྒྱལ་བྱེད་པ་དང་ཕར་ མི་འཛིན་པ་དང་མར་མི་འཛིན་པ་དང་དགེ་སྦྱོང་དུ་མི་འཛིན་པ་དང་བྲམ་ཟེར་མི་འཛིན་པ་དང་རིགས་ཀྱི་གཙོ་བོ་ལ་རིམ་གྲོ་མི་བྱེད་པ་དང་ཕ་མ་ལ་རིམ་གྲོ་མི་བྱེད་པ་དང་འཕགས་པ་དང་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་རིམ་གྲོ་མི་བྱེད་པ་དང་བླ་མར་གྱུར་ པ་གཞན་དང་མཁན་པོ་དང་སློབ་དཔོན་ལ་རིམ་གྲོ་མི་བྱེད་པ་དང་སེམས་ཅན་རིགས་དམའ་བ་རྣམས་ལ་བརྙས་པ་སྟེ། ལས་དེ་ལྟ་བུ་ནི་རིགས་དམའ་བར་འགྱུར་བའོ། །དེ་ལ་རིགས་མཐོ་བར་འགྱུར་བའི་ལས་ཡོད་ དེ་དེ་གང་ཞེ་ན། དེ་ནི་ཕོ་ཆུང་བ་དང་ང་རྒྱལ་མེད་པ་དང་ཕར་འཛིན་པ་དང་མར་འཛིན་པ་དང་དགེ་སྦྱོང་དུ་འཛིན་པ་དང་བྲམ་ཟེར་འཛིན་པ་དང་རིགས་ཀྱི་གཙོ་བོ་རྣམས་ལ་རིམ་གྲོ་བྱེད་པ་དང་ཕ་མ་ལ་རིམ་གྲོ་བྱེད་པ་དང་ འཕགས་པ་དང་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་རིམ་གྲོ་བྱེད་པ་དང་མཁན་པོ་དང་སློབ་དཔོན་ལ་རིམ་གྲོ་བྱེད་པ་དང་བླ་མར་གྱུར་པ་གཞན་དག་ལ་རིམ་གྲོ་བྱེད་པ་དང་སེམས་ཅན་རིགས་དམའ་བ་རྣམས་ལ་མི་བརྙས་པ་སྟེ། དཔེར་ན་ 67-1-297a བཅོམ་ལྡན་འདས་ཀྱིས་མདོ་ལས་གསུངས་པ། དགེ་སློང་དག་གྲོང་གང་དུ་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་ཞིང་ཚངས་པར་སྤྱོད་པ། དགེ་བའི་ཆོས་ཅན་རྣམས་འོང་བའི་གྲོང་དེར་ལེགས་པ་ལྔ་འབྱུང་བར་རིག་ པར་བྱ་སྟེ་ལྔ་གང་ཞེ་ན། དེ་ནི་ཚུལ་ཁྲིམས་དང་ལྡན་པ་འོངས་པ་རྣམས་ལ་སེམས་དད་པར་འགྱུར་རོ། །དགེ་སློང་དག་གཞན་ཡང་དེའི་ཚེ། རིགས་དེ་མཐོ་རིས་སུ་སྐྱེ་བའི་ལམ་དུ་ཞུགས་པ་ཡིན་ནོ། །དགེ་སློང་དག་གཞན་ ཡང་ཚུལ་ཁྲིམས་དང་ལྡན་པ་དག་འོངས་ན་གུས་པར་སྨྲ་བ་དང་བསུ་བའི་ལས་བྱེད་དེ། དེའི་ཚེ་རིགས་དེ་དག་རིགས་མཐོ་བར་འགྱུར་བའི་ལམ་དུ་ཞུགས་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུ་སྟེ། ལས་དེ་ལྟ་བུ་ནི་རིགས་མཐོ་བར་ འགྱུར་བའོ། །དེ་ལ་ལོངས་སྤྱོད་ཆུང་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་མ་བྱིན་པར་ལེན་པ་དང་མ་བྱིན་པར་ལེན་པར་སྐུལ་བ་དང་མ་བྱིན་པར་ལེན་པའི་ལེགས་པ་བརྗོད་པ་དང་དེ་ལ་རྗེས་སུ་དགའ་བ་དང་མ་བྱིན་པར་བླངས་པས་དགའ་བ་ ཕ་མའི་འཚོ་བ་འཕྲོག་པ་དང་འཕགས་པ་དང་ཚུལ་ཁྲིམས་དང་ལྡན་པའི་འཚོ་བ་འཕྲོག་པ་དང་རབ་ཏུ་བྱུང་བ་རྣམས་དང་བྱིས་པ་དང་རྒན་པ་དང་ཕོངས་པ་དང་ནད་པ་རྣམས་ཀྱི་འཚོ་བ་འཕྲོག་པ་དང་གཞན་གྱིས་མ་ཐོབ་ན་དགའ་བ་དང་། གཞན་གྱིས་ཐོབ་པར་འགྱུར་བ་ལ་བགེགས་བྱེད་པ་དང་ལོ་ཉེས་སུ་དགའ་བ་སྟེ། ལས་དེ་ལྟ་བུ་ནི་ལོངས་སྤྱོད་ཆུང་བར་འགྱུར་བའོ། །དེ་ལ་ལོངས་སྤྱོད་ཆེ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་མ་བྱིན་པར་ལེན་པ་སྤངས་པ་ དང་གཞན་གྱིས་མ་བྱིན་པར་ལེན་པ་སྤངས་ན་རྗེས་སུ་དགའ་བ་དང་ཕ་མ་ལ་འཚོ་བ་འབུལ་བ་དང་འཕགས་པ་དང་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་འཚོ་བ་འབུལ་བ་དང་ནད་པ་དང་བྱིས་པ་དང་རྒན་པ་དང་ཕོངས་པ་གཞན་ལ་ཡང་ འཚོ་བའི་སྦྱིན་པ་བྱེད་པ་དང་གཞན་གྱིས་ཐོབ་ན་དགའ་བ་དང་ལོ་ལེགས་པར་དགའ་བ་སྟེ། མདོ་དེ་ཉིད་ལས་དགེ་སློང་དག་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ་རྣམས་འོངས་པ་དག་ལ་སྦྱིན་པ་བྱེད་ཅིང་། བསོད་ནམས་བྱེད་པའི་ 67-1-297b རིགས་དེ་དག་དེའི་ཚེ་ལོངས་སྤྱོད་ཆེ་བར་འགྱུར་བའི་ལམ་དུ་ཞུགས་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུ་སྟེ། ལས་དེ་ལྟ་བུ་ནི་ལོངས་སྤྱོད་ཆེ་བར་འགྱུར་བའོ། །དེ་ལ་ཤེས་རབ་ཆུང་བར་འགྱུར་བའི་ལས་ཡོད་དེ། དེ་གང་ཞེ་ན། དེ་ནི་འདི་ལ་ལ་ལ་ཞིག་དགེ་སྦྱོང་ ངམ་བྲམ་ཟེ་གཞན་དག་ལ་ཆོས་ནི་གང་ཡིན། བདག་གིས་ཅི་ཞིག་བྱས་ན་ལེགས་པར་འགྱུར་ཞེས་མི་འདྲིའི། ཤེས་རབ་འཆལ་པ་ལ་སྟེན་ཅིང་མཁས་པ་རྣམས་སྤོང་བ་དང་དམ་པའི་ཆོས་མ་ཡིན་པ་ཡོངས་སུ་སྟོན་ཅིང་ཆོས་སྨྲ་བ་རྣམས་ཀྱིས་ ལེགས་པར་རྗོད་པར་ཤེས་ཀྱང་འཇུངས་པའི་སེམས་ཡོད་པས་ལེགས་སོ་ཞེས་མི་རྗོད་ཅིང་། དམ་པའི་ཆོས་མ་ཡིན་པ་སྨྲ་བ་རྣམས་ལ་ལེགས་སོ་ཞེས་རྗོད་ཅིང་ལོག་པར་ལྟ་བའི་བསྔགས་པ་རྗོད་པ་དང་ཡང་དག་པའི་ལྟ་བ་ལ་ཉེས་པར་སྨོད་ པ་དང་གླེགས་བམ་འདྲི་བ་དང་ཀློག་པ་ལ་ངན་དུ་རྗོད་པ་དང་དེ་དག་གི་འཚོ་བ་འཕྲོག་པ་སྟེ། ལས་དེ་ལྟ་བུ་ནི་ཤེས་རབ་ཆུང་བར་འགྱུར་བའོ། །དེ་ལ་ཤེས་རབ་ཆེ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་འདི་ལ་ཡོངས་སུ་འདྲི་ཕོད་པའི་ ངང་ཚུལ་ཅན་ལ་ལ་ཞིག་གིས་དགེ་སྦྱོང་དང་བྲམ་ཟེ་མཁས་པ་ལ་འདྲི་བ་དང་། ཤེས་རབ་འཆལ་པ་ཡོངས་སུ་སྤོང་བ་དང་། དམ་པའི་ཆོས་སྟོན་ཅིང་གསལ་བར་བྱེད་པ་དང་། དམ་པའི་ཆོས་མ་ཡིན་པ་ལ་རྣམ་པར་སྨོད་པ་དང་། ཆོས་སྨྲ་ བ་རྣམས་ལ་མི་འཇིགས་པ་ཉེ་བར་སྒྲུབ་པ་དང་། རིགས་པ་ལ་ལེགས་སོ་ཞེས་ཟེར་བ་དང་། མི་རིགས་པ་ཡོངས་སུ་སྤོང་བ་དང་། ཡང་དག་པར་ལྟ་བའི་ལེགས་པ་རྗོད་པ་དང་། ལོག་པར་ལྟ་བ་ལ་ཉེས་པར་དམོད་པ་དང་། གླེགས་བམ་ དང་སྣག་ཙ་དང་སྨྱུག་གུ་ལ་སོགས་པའི་སྦྱིན་པ་བྱེད་པ་དང་ཆང་མི་འཐུང་བ་སྟེ། དཔེར་ན་དགའ་བོའི་མདོ་ལས། ཆང་གི་ཉེས་པ་སུམ་བཅུ་རྩ་ལྔ་གསུངས་པ་དགེ་བའི་ཕྱོགས་སུ་སྦྱར་བ་ལྟ་བུ་སྟེ། ལས་དེ་ལྟ་བུ་ནི་ཤེས་རབ་ཆེ་ བར་འགྱུར་བའོ། །དེ་ལ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་ཤིན་དུ་ཞེ་སྡང་བའི་སེམས་ཀྱིས་ལུས་དང་ངག་དང་ཡིད་ཀྱི་ཉེས་པ་ཆེར་བྱས་པ་དང་ཆད་པར་ལྟ་བ་དང་རྟག་པར་ལྟ་བ་དང་ 67-1-298a མེད་པར་ལྟ་བ་དང་སེར་སྣ་ཆེ་བ་དང་དྲིན་དུ་མི་གཟོ་བ་དང་མཚམས་མེད་པའི་ལས་བྱེད་པ་དང་འཕགས་པ་དང་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་སྐུར་པ་འདེབས་པ་སྟེ། ལས་དེ་ལྟ་བུ་ནི་སེམས་ཅན་དམྱལ་བར་སྐྱེ་ བར་འགྱུར་རོ། །དེ་ལ་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་འགྱུར་བའི་ལས་ཡོད་དེ། དེ་གང་ཞེ་ན། ལུས་དང་ངག་དང་ཡིད་ཀྱིས་ཉེས་པ་འབྲིང་དུ་བྱས་པ་དང་། འདོད་ཆགས་ལས་བྱུང་བའི་ལས་སྣ་ཚོགས་དང་། ཞེ་སྡང་ལས་བྱུང་ བའི་ལས་སྣ་ཚོགས་དང་། གཏི་མུག་ལས་བྱུང་བའི་ལས་སྣ་ཚོགས་དང་། ཕ་མ་དང་རབ་ཏུ་བྱུང་བ་རྣམས་ལ་ཚུལ་དང་མི་འདྲ་བའི་སྦྱིན་པ་བྱེད་པ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སེམས་ཅན་རྣམས་ལ་ཕྱས་བྱེད་ པ་དང་དེ་ལྟར་སྨོན་པ་སྟེ། དཔེར་ན་བ་ལང་གི་བརྟུལ་ཞུགས་ཅན་དང་། བྱའི་བརྟུལ་ཞུགས་ཅན་ལ་སོགས་པ་དེ་ལྟར་སྐྱེ་བར་ཤོག་ཅིག་ཅེས་སྨོན་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ཆེད་དུ་བརྗོད་པ་སེང་གེའི་སྐྱེས་ པའི་རབས་ལས་བྱུང་བ་དང་། བྲམ་ཟེ་ཆར་འབེབས་སྤྲེའུར་སྐྱེས་པར་གྱུར་པ་སྟེ། དཔེར་ན་བྲམ་ཟེ་ཆར་འབེབས་ཀྱིས་གནས་བརྟན་འོད་སྲུང་ཆེན་པོ་བྱ་རྒོད་འཕུངས་པའི་རི་ལ། རྒྱལ་པོའི་ཁབ་ཀྱི་སྟེང་ནས་ནམ་ མཁའ་ལ་འགྲོ་བ་མཐོང་ནས། ལྷས་བྱིན་དང་མ་སྐྱེས་དགྲའི་སྟེན་ལས་ཞེ་སྡང་བའི་སེམས་སུ་གྱུར་ཏེ། དགེ་སློང་འདི་ནི་རི་ལས་རིར། ནམ་མཁའ་ལས་ནམ་མཁར། སྤྲེའུ་ཤིང་ལས་ཤིང་གི་སྟེང་དུ་འཛེག་པ་དང་འདྲ་ བར་འགྲོའོ་ཞེས་མི་སྙན་པའི་ཚིག་ཏུ་བརྗོད་པ་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །བྲམ་ཟེ་ཆར་འབེབས་པ་འདིས་ཁྲོས་པའི་སེམས་ཀྱིས་མི་སྙན་པ་དེ་སྐད་དུ་བརྗོད་ན། བཙུན་པ་བཅོམ་ལྡན་འདས་དེའི་རྣམ་པར་སྨིན་ པ་ཅིར་འགྱུར་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངན་དུ་བརྗོད་པ་དེའི་རྣམ་པར་སྨིན་པས་བྲམ་ཟེ་ཆར་འབེབས་འདི། ཚེ་རབས་ལྔ་བརྒྱའི་བར་དུ་སྤྲེའུར་འགྱུར་རོ་ཞེས་བཀའ་སྩལ་པ་དང་། དེ་མི་དགའ་ 67-1-298b བའི་སེམས་ཀྱིས་དད་པའི་སེམས་བསྐྱེད་དེ། དེས་བཅོམ་ལྡན་འདས་མྱ་ངན་ལས་འདའ་ཀར། བཅོམ་ལྡན་འདས་སུག་ལས་དེ་གང་དུ་བས་པར་འགྱུར་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེ་རབས་ ལྔ་བརྒྱ་པོ་དེ་དག་གིས་ཟད་པར་འགྱུར་བར་ཟད་དེ། ཆུང་ཟད་དུ་ན་འཛམ་བུའི་གླིང་གི་ཤིང་འཛམ་བུ་ཞེས་བྱ་བ་ཤིང་ཏོག་ལྔ་བརྒྱ་ཙམ་ཡོད་པ། ཤིང་ཏོག་དེ་དག་ཀྱང་སྦྲང་རྩི་ལྟར་མངར་ཞིང་གཏང་མི་བྲ་བར་ཞིམ་པ་དང་ལྡན་པ་དེའི་ དྲུང་དུ་སྐྱེས་ཏེ། དེ་ནས་རྒྱལ་པོ་ཁབ་ཏུ་སྐྱེས་ནས་ཚེ་འཕོས་ཏེ་ཐར་པ་དང་མཐོ་རིས་སུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུ་དང་། དཔེར་ན་ཞེ་སྡང་གི་སེམས་ཀྱིས་སེང་གེའི་ནང་དུ་སྐྱེས་ནས་དེའི་དོན་དུ་བཅོམ་ལྡན་འདས་ ཀྱིས་ཚིགས་སུ་བཅད་པ་གསུངས་པ། མེལ་ཚེ་བྱེད་ན་ནམ་ཡང་རིང་། །ངལ་བ་དག་ལ་དཔག་ཚད་རིང་། །དམ་པའི་ཆོས་ནི་ཤེས་གྱུར་ཀྱང་། །བྱིས་པ་རྣམས་ལ་འཁར་བ་རིང་། །ཞེས་གསུངས་པ་ལྟ་བུ་སྟེ། ལས་དེ་ལྟ་བུ་ནི་དུད་ འགྲོའི་སྐྱེ་གནས་སུ་སྐྱེ་བར་འགྱུར་བའོ། །དེ་ལ་གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའི་ལས་ཡོད་དེ་གང་ཞེ་ན། དེ་ནི་ཁྲོ་ཞིང་ཞེ་སྡང་བའི་སེམས་ཀྱིས་ལུས་དང་ངག་དང་ཡིད་ཀྱིས་ངན་དུ་སྤྱད་པ་དང་། འདོད་ཆགས་དང་མི་རིགས་ པར་འདོད་པས་ལོག་པར་འཚོ་བ་དང་བཀྲེས་ཤིང་སྐོམ་པ་དང་ཁྲོས་བཞིན་དུ་ཚེ་འཕོས་པ་དང་ནོར་ལ་མངོན་པར་ཆགས་པའི་སེམས་ཀྱིས་ཚེ་འཕོས་པ་སྟེ། དཔེར་ན་བརྒྱ་བསྡུས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་ཀུན་ དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གང་ཟག་ལ་ལ་ཚེ་རབས་སྔ་མ་ལ་བྱས་པའི་ལས་ཉེ་བར་གནས་པར་གྱུར་ཏམ། ཚེ་འཕོ་བའི་ཚེ་ལོག་པར་ལྟ་བར་གྱུར་པ་བཙན་ནོ་ཞེས་གསུངས་པ་ལྟ་བུ་སྟེ། ལས་དེ་ལྟ་བུ་ནི་གཤིན་ རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའོ། །དེ་ལ་ལྷ་མ་ཡིན་གྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་ལུས་དང་ངག་དང་ཡིད་ཀྱིས་ཉེས་པ་ཆུང་ངུ་སྤྱད་པ་དང་ང་རྒྱལ་དང་མངོན་པའི་ང་རྒྱལ་དང་ངའོ་ཞེས་པའི་ 67-1-299a ང་རྒྱལ་དང་ཆུང་བའི་ང་རྒྱལ་དང་ལེགས་པ་སྤྱད་པའི་དགེ་བའི་རྩ་བ་དེར་བསྔོས་པ་དང་། ཤེས་རབ་ཀྱི་སྒོ་ནས་འདོད་ཆགས་ཀུན་གྱི་རབ་ལས་བྱུང་བའི་ཚུལ་ཁྲིམས་ངན་པ་སྤྱད་པ་སྟེ། ལས་དེ་ལྟ་བུ་ནི་ལྷ་མ་ཡིན་གྱི་འཇིག་རྟེན་ དུ་སྐྱེ་བར་འགྱུར་བའོ། །དེ་ལ་མིར་སྐྱེ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་དགེ་བ་བཅུའི་ལས་ཀྱི་ལམ་གོམས་པར་བྱས་པ་སྟེ་བཅུ་གང་ཞེ་ན། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་ སྟེ་ལུས་ཀྱི་ལས་གསུམ་དང་། བརྫུན་དུ་སྨྲ་བ་དང་ཕྲ་མ་དང་ངག་རྩུབ་པ་དང་ཚིག་ཀྱལ་པ་སྟེ་ངག་གི་ལས་བཞི་དང་། གཞན་གྱི་ནོར་ལ་ཆགས་སུ་བྱེད་པ་དང་གནོད་སེམས་དང་ལོག་པར་ལྟ་བ་སྟེ་ཡིད་ཀྱི་ལས་གསུམ་དང་མི་དགེ་བའི་ ལས་བཅུ་པོ་དེ་དག་སྤོང་བ་སྟེ། ལས་དེ་ལྟ་བུ་ནི་མིར་སྐྱེ་བར་འགྱུར་བའོ། །དེ་ལ་འདོད་པའི་ཁམས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་ཤིང་ལེགས་ པར་སྦྱངས་པ་སྟེ། ལས་དེ་ལྟ་བུ་ནི་འདོད་པའི་ཁམས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའོ། །དེ་ལ་གཟུགས་ཀྱི་ཁམས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལེགས་པར་ སྦྱངས་ཤིང་ཤིན་ཏུ་མཉམ་པར་བཞག་པ་དང་ཁྱད་པར་དུ་ཤིན་ཏུ་འཕགས་པ་དང་ཡོངས་སུ་རྫོགས་པར་བྱས་པ་སྟེ། ལས་དེ་ལྟ་བུ་ནི་གཟུགས་ཀྱི་ཁམས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའོ། །དེ་ལ་གཟུགས་མེད་པའི་ཁམས་ ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ། གཟུགས་ཀྱི་འདུ་ཤེས་རྣམས་ལས་རྣམ་པ་ཐམས་ཅད་དུ་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་ རྣམས་མེད་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་དང་། རྣམ་པ་ཐམས་ཅད་དུ་ནམ་ 67-1-299b མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་དང་། རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་ སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་དང་། རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་སྟེ། ལས་དེ་ལྟ་བུ་ནི་གཟུགས་མེད་པའི་ཁམས་ལ་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའོ། །དེ་ལ་བྱས་ལ་མ་བསགས་པའི་ལས་ཡོད་དེ་དེ་གང་ཞེ་ན། བྱས་ནས་ངོ་ཚ་ བར་འཛིན་པ་དང་འགྱོད་པ་དང་སྨོད་པ་དང་འཆགས་པ་དང་འཐོལ་བ་དང་སྤོངས་བ་དང་ཕྱིན་ཅད་མི་བྱེད་པར་སྡོམ་པ་སྟེ། ལས་དེ་ལྟ་བུ་ནི་བྱས་པ་མ་བསགས་པའོ། །དེ་ལ་བསགས་ལ་མ་བྱས་པའི་ལས་ཡོད་དེ་དེ་གང་ཞེ་ན། ལས་གང་ལུས་ཀྱིས་ཡོངས་སུ་རྫོགས་པར་བྱས་པ་དེ། སེམས་ཀྱིས་ཡོངས་སུ་རྫོགས་པར་བྱས་ཤིང་ཚིག་ཏུ་ཡང་ལས་འདི་བྱའོ་ཞེས་སྨྲས་ལ་དེ་མ་བྱས་པ་སྟེ། ལས་དེ་ལྟ་བུ་ནི་བསགས་ལ་མ་བྱས་པའོ། །དེ་ལ་བྱས་ ཀྱང་བྱས་ལ་བསགས་ཀྱང་བསགས་པའི་ལས་ཡོད་དེ་དེ་གང་ཞེ་ན། ལས་གང་བྱས་ནས་མི་འཛེམ་པ་དང་མི་ལྡོག་པ་དང་མི་འགྱོད་པ་དང་མི་སྨོད་པ་དང་མི་འཆགས་པ་དང་མི་འཐོལ་བ་དང་མི་འདོར་བ་དང་། མི་སྤོང་བ་དང་ ཕྱིན་ཅད་མི་སྡོམ་པར་བྱེད་པ་སྟེ། ལས་དེ་ལྟ་བུ་ནི་བྱས་ཀྱང་བྱས་ལ་བསགས་ཀྱང་བསགས་སོ། །དེ་ལ་བྱས་ཀྱང་མ་བྱས་ལ་བསགས་ཀྱང་མ་བསགས་པའི་ལས་ཡོད་དེ་དེ་གང་ཞེ་ན། ལས་གང་ཆེད་དུ་མ་བསགས་པར་ བྱས་པ། རྨི་ལམ་ན་བྱས་པ་འམ་བྱེད་དུ་བཅུག་པ་ལྟ་བུ་སྟེ། ལས་དེ་ལྟ་བུ་ནི་བྱས་ཀྱང་མ་བྱས་ལ་བསགས་ཀྱང་མ་བསགས་པའོ། །ལས་གང་དང་ལྡན་ན་གང་ཟག་སེམས་ཅན་དམྱལ་བར་སྐྱེས་ནས་སེམས་ཅན་དམྱལ་ 67-1-300a བའི་ཚེ་ཡོངས་སུ་རྫོགས་པར་ཟད་པར་བྱས་ནས་ཚེ་འཕོ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། འདི་ནི་ལ་ལ་ཞིག་གིས་སེམས་ཅན་དམྱལ་བའི་ལས་བྱས་ཤིང་བསགས་ཀྱང་ལས་དེ་བྱས་པས་ ངོ་ཚར་མི་འཛིན་མི་འགྱོད་མི་སྨོད་པ་དང་མི་འཆགས་མི་འཐོལ་ཞིང་ཕྱིན་ཅད་མི་སྡོམ་ལ་ཕྱིར་ཞིང་དགའ་བ་དང་ཉམས་བདེ་བ་སྐྱེད་པ་སྟེ། དཔེར་ན་ལྷས་སྦྱིན་དང་། དུས་མིན་ལ་སོགས་པ་ལྟ་བུ་སྟེ། ལས་དེ་ལྟ་བུ་དང་ལྡན་ན་ གང་ཟག་དེ་སེམས་ཅན་དམྱལ་བའི་ཚེ་ཡོངས་སུ་རྫོགས་ནས་ཚེ་འཕོ་བར་འགྱུར་བའོ། །དེ་ལ་ལས་གང་དང་ལྡན་ན་གང་ཟག་སེམས་ཅན་དམྱལ་བར་སྐྱེས་ནས། སེམས་ཅན་དམྱལ་བའི་ཚེ་ཕྱེད་ཟད་དེ་ཚེ་འཕོ་བར་འགྱུར་བའི་ལས་ཡོད་དེ་དེ་ གང་ཞེ་ན། དེ་ནི་འདི་ལ་ལ་ལས་སེམས་ཅན་དམྱལ་བར་འགྱུར་བའི་ལས་བྱས་ནས་འཛེམ་པ་དང་འདོག་པ་དང་སྨོད་པ་དང་འཆགས་པ་དང་འཐོལ་བ་དང་འདོར་བ་དང་སྤོང་བ་དང་ཕྱིན་ཅད་སྡོམ་པར་བྱེད་པ་སྟེ། འདི་ནི་ལས་གང་དང་ལྡན་ན་གང་ཟག་ སེམས་ཅན་དམྱལ་བར་སྐྱེ་སྟེ། སེམས་ཅན་དམྱལ་བའི་ཚེ་ཕྱེད་ཟད་པར་བྱས་ནས་ཚེ་འཕོ་བར་འགྱུར་བའོ། །དེ་ལ་ལས་གང་དང་ལྡན་ན་གང་ཟག་སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་ཚེ་འཕོ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན་ དེ་ནི་འདི་ལ་གང་ཟག་ལ་ལས་སེམས་ཅན་དམྱལ་བའི་ལས་བྱས་ཤིང་བསགས་པར་ན། ལས་དེ་བྱས་པས་ངོ་ཚ་བར་འཛིན་ལ་འགྱོད་ཅིང་སྨོད་པ་དང་འཆགས་ཤིང་མཐོལ་ན་ཕྱིན་ཅད་མི་བྱའོ་ཞེས་སྡོམ་པར་བྱེད་པས། བརྒྱ་ལ་སེམས་ཅན་ དམྱལ་བར་སྐྱེས་ན་ཡང་སྐྱེས་མ་ཐག་ཏུ་ཚེ་འཕོ་བར་འགྱུར་བ་སྟེ། དཔེར་ན་རྒྱལ་པོ་མ་སྐྱེས་དགྲས། མཚམས་མེད་པའི་ལས་ཕ་བསད་པ་དང་། དགེ་འདུན་ཕྱེ་བ་དང་། གླང་པོ་ཆེ་བཀྱེ་བ་དང་། རྡོའི་འཁོར་ལོ་འཕངས་པ་ལྟ་བུ་སྟེ། ལས་ དེས་མནར་མེད་པའི་སེམས་ཅན་དམྱལ་བར་འགྲོ་བར་ཐོས་ནས། དེ་མི་དགའ་སྟེ། སེམས་མོས་པར་བྱས་པ་དང་དགེ་སྦྱོང་གི་འབྲས་བུའི་མདོ་ལས་སྡིག་གཤགས་ཏེ། དགེ་བའི་རྩ་བ་བསགས་པ་དང་ཚེ་འཕོ་ཀར་རུས་པ་ཡན་ 67-1-300b ཅད་ཀྱང་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་གསོལ་བ་ལྟ་བུ་སྟེ། དེ་སྐད་དུ། ཤིན་དུ་མི་བཟད་ལས་རྣམས་བྱས་པ་ནི། །བདག་ལ་སྨོད་དང་རབ་ཏུ་བཤགས་པ་དང་། །སྡོམ་པར་བྱེད་པས་དེ་དག་སྲབས་འགྱུར་གྱིས། ཤིན་དུ་རྩ་ནས་ཕྱིན་ ཅེས་མི་སྨྲའོ། །ཞེས་གསུངས་པ་ལྟ་བུ་སྟེ། ལས་དེ་ལྟ་བུ་དང་ལྡན་ན་གང་ཟག་སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་ཚེ་འཕོ་བར་འགྱུར་བའོ། །དེ་ལ་ངེས་པར་སྐྱེ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་ལས་བྱས་ནས་ཆེ་གེ་ མོ་ཤིག་ཏུ་སྐྱེ་བར་ཤོག་ཅིག་ཅེས་ཡོངས་སུ་བསྔོས་པས་དེར་སྐྱེས་པར་འགྱུར་བ་སྟེ། དཔེར་ན་བཅོམ་ལྡན་འདས་ཀྱིས་དཀར་ཤམ་གྱི་སྐྱེས་པའི་རབས་ལ་སྨོན་ལམ་གྱི་དབང་གིས་སྐྱེ་བར་གསུངས་པ་ལྟ་བུ་སྟེ། ལས་དེ་ལྟ་བུ་ནི་ངེས་ པར་སྐྱེ་བར་འགྱུར་བའོ། །དེ་ལ་མ་ངེས་པར་སྐྱེ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་ལས་བྱས་ནས་ཆེ་གེ་མོ་ཞིག་ཏུ་ཤོག་ཅིག་ཅེས་ཡོངས་སུ་མི་བསྔོ་བ་སྟེ། ལས་དེ་ལྟ་བུ་ནི་མ་ངེས་པར་སྐྱེ་བར་འགྱུར་བའོ། །དེ་ལ་ཡུལ་གཞན་ དུ་རྣམ་པར་སྨིན་པར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། དེ་ནི་ཚེ་འདི་ཉིད་དམ་ཚེ་གཞན་ལ་ཡུལ་གཞན་དུ་བདེ་བའམ་མ་བདེ་བ་རྣམ་པར་སྨིན་པ་སྟེ། དཔེར་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་འདས་པའི་དུས་ ན་འཛམ་བུའི་གླིང་གི་མིའི་ཚེ་དཔག་ཏུ་མེད་དེ། རྒྱལ་པོ་མན་ད་ཏ་ལྟར་གྱུར་པའི་ཚེ། གྲོང་ཁྱེར་གཅིག་ཅིག་ན་དེད་དཔོན་གྱི་བུ་བྱམས་པ་མཆོད་སྦྱིན་ཞེས་བྱ་བ་ཞིག་ཡོད་པ་གྲོགས་ལྔ་བརྒྱ་ཙམ་གྱིས་བསྐོར་ཏེ། བཟའ་ཤིང་གི་ར་བར་ཕྱིན་ པ་དང་གྲོགས་པོ་དེ་དག་གིས་སྨྲས་པ། གྲོང་འདི་ན་ཁྱོད་ཀྱི་ཕ་ལ་སོགས་པ་ཚོང་པ་རྣམས་རྒྱ་མཚོ་ལས་རྒྱུ་ཞིང་། གསེར་གནས་ལ་སོགས་པ་ཡུལ་གཞན་དག་ཏུ་ཡང་འདོང་། གླིང་གཞན་དག་ཀྱང་ལྟ་ཞིང་ནོར་ལ་སོགས་པ་ཡང་ བྱེད་ན། ཁྱོད་ལ་སོགས་པ་བདག་ཅག་ཀྱང་རྒྱ་མཚོ་ལས་རྒྱུས་ཏེ་ནོར་བསག་པར་བྱའོ་ཞེས་སྨྲས་པ་དང་། དེས་དེ་ལྟར་བྱའོ་ཞེས་མཉན་ཏེ་རྒོངས་མའི་གན་དུ་སོང་ནས། མ་གསེར་གནས་སུ་འགྲོའོ་ཞེས་མ་ལ་དྲིས་པ་དང་། 67-1-301a དེའི་མས་སྨྲས་པ། བུ་ནོར་ལྟ་ཞིག་ཁྱིམ་ན་དཔག་ཏུ་མེད་པ་ཡོད་ཀྱིས་མ་འགྲོ་ཤིག་ཅེས་སྨྲས་པ་དང་། དེས་མའི་ངག་མཉན་ཏེ། མི་འགྲོ་བར་བྱས་ནས་དེའི་འོག་ཏུ་བཟའ་ཤིང་གི་ར་བར་ཕྱིན་པ་དང་། གྲོགས་པོ་རྣམས་ ཀྱིས་དོན་དེ་ཉིད་ལ་ད་དུང་ཡང་གསོལ་བ་འདེབས་སོ་ཞེས་སྨྲས་པ་དང་། དེས་དེ་ལྟར་བྱའོ་ཞེས་ནས་དེ་དག་གི་ངག་མཉན་ཏེ། ཡང་སོང་ནས་མ་ལ་དྲིས་པ་དང་མས་རྐང་པ་ནས་བཟུང་སྟེ་འདུག་པར་གྱུར་ནས། དེ་ལྟར་ལན་གསུམ་ བྱས་པའི་འོག་ཏུ་བཟའ་ཤིང་གི་ར་བ་དེར་ཕྱིན་པ་དང་། གྲོགས་པོ་རྣམས་ཀྱིས་ངེས་པར་མི་འདོང་དུ་མི་རུང་ངོ་ཞེས་བསྒོ་ནས། དེས་ཡང་མ་ལ་ཡུལ་གཞན་དུ་འགྲོའོ་ཞེས་ཞུས་པ་དང་། མས་བདོག་པ་ཐམས་ཅད་བསོགས་ནས་ རྐང་པ་ཡན་ཅན་ནས་བཟུང་སྟེ་མི་འགྲོ་བར་བྱས་པ་ལས། དུས་གཞན་ཞིག་ན་ཁྱེའུ་དེ་བཟའ་ཤིང་གི་ར་བ་དེར་ཕྱིན་པ་དང་གྲོགས་པོ་དག་གིས་སྨྲས་པ། ཁྱོད་ཀྱིས་ཉེས་པས་བདག་ཅག་ཀྱང་ད་དུང་མ་དོང་སྟེ་ད་ནི་ཚེས་བཅུ་ གསུམ་ལ་འདོང་ངོ་ཞེས་སྨྲས་པ་དང་། དེས་མ་ལ་མ་བྱས་པར་རྒྱ་རྫས་ཐམས་ཅད་ཕྱིར་བཏོན་ནས་དེ་ལམ་དུ་འཇུག་པར་བྱས་པ་དང་། དེའི་མས་སྒོ་ཁར་བསྡད་དེ་རྐང་པ་ནས་བཟུང་བ་དང་བུ་མ་འགྲོ་ཤིག་ཅེས་བྱས་པ་དང་། དེ་ཁྲོས་ནས་མའི་མགོ་ལ་འགོམས་ཏེ་སོང་ནས་རྒྱ་མཚོའི་ངོགས་སུ་ཕྱིན་པ་དང་དེས་གྲོགས་པོ་རྣམས་ལ་བསྒོ་བ། རྒྱ་མཚོར་འཇུག་པར་ནི་བྱ་ན་འཚོ་འམ་མི་འཚོར་ཡང་གཏོལ་མེད་ཀྱིས། བདག་ཅག་ཀུན་ཀྱིས་ཁྲིམས་བརྒྱད་ མནོད་པར་བྱའོ་ཞེས་སྨྲས་ནས། དེ་དག་གིས་ཀྱང་དེའི་ངག་མཉན་ཏེ་ཁྲིམས་མནོས་སོ། །དེ་ལྟར་དེ་དག་རྒྱ་མཚོར་ཞུགས་ཏེ་དོང་དོང་བ་ལས་དབུས་སུ་ཕྱིན་པ་དང་རླུང་ཆེན་པོ་ལངས་ནས་གྲུ་བུབ་སྟེ། གཞན་ཐམས་ཅད་ནི་ཚེ་ འཕོས། བྱམས་པ་མཆོད་སྦྱིན་ནི་ཟངས་ཀྱི་རལ་ཆེན་ཁ་སྐྱ་འདར་ཀྱིས་བཅད་པ་ཞིག་ལ། འཇུ་འཇུ་ནས་རྒྱ་མཚོ་འཐར་ཕྱིན་ཏེ་འཕྱན་ཅིང་སོང་སོང་ན། གྲོང་ཁྱེར་གསེར་གྱི་ར་བ་ཅན་བཟའ་ཤིང་གི་ར་བ་དང་ལྡན་པ་རྫིང་བུ་ 67-1-301b དང་ལྡན་པ་བདུག་སྤོས་ཀྱིས་བདུགས། མེ་ཏོག་སིལ་མས་གཏོར་བ་དར་གྱི་ལྡ་ལྡི་མང་པོ་བྲེས་པ་ཞིག་མཐོང་ནས། དེའི་ནང་ན་ལྷ་མོ་བཞི་ཞིག་འཐོན་ཏེ་དེ་དག་གིས་ལག་ནས་བཟུང་སྟེ་ནང་དུ་ཁྲིད་དོ། །དེ་ནས་དེ་དག་དང་ལོ་མང་ པོ་ལོ་བརྒྱ་ཕྲག་མང་པོ་ལོ་སྟོང་ཕྲག་མང་པོ་ལོ་བརྒྱ་སྟོང་ཕྲག་མང་པོར་རྩེ་རྩེ་ནས་ལྷ་མོ་དེ་དག་གིས་བསྒོ་བ། འཕགས་པའི་བུ་འདི་ནི་སྔན་ཅད་ཁྱོད་ལ་མེད་པའི་ཡུལ་ཡིན་གྱིས་འདི་ནས་ཕྱི་རོལ་དུ་བྱུང་ཏ་རེ། བརྒྱ་ལ་འབྱུང་ན་ ཡང་ཁ་བྱང་ཕྱོགས་སུ་ལྟས་ཏེ་བྱུང་ཤིག་ཅེས་སྨྲས་སོ། །དེ་དུས་གཞན་ཞིག་ན་དེ་ནས་ཕྱི་རོལ་དུ་བྱུང་སྟེ་ཡང་འཕྱན་ཅིང་སོང་སོང་བ་དང་། གྲོང་ཁྱེར་དངུལ་གྱི་ར་བ་ཅན་བཟའ་ཤིང་གི་ར་བ་དང་ལྡན་པ་རྫིང་བུ་དང་ལྡན་པ་བདུག་སྤོས་ ཀྱིས་བདུགས་པ་མེ་ཏོག་སིལ་མས་གཏོར་བ་དར་གྱི་ལྡ་ལྡི་མང་པོ་བྲེས་པ་ཞིག་མཐོང་ངོ་། །དེའི་ནང་ནས་ལྷ་མོ་བརྒྱད་འཐོན་ཏེ། སྔ་མ་བཞིན་དུ་རྩེ་རྩེ་ནས་དེ་ནས་ཀྱང་དུས་གཞན་ཞིག་ན་ཕྱིར་བྱུང་སྟེ་འཁྱམ་འཁྱམ་པ་ལས་ གྲོང་ཁྱེར་བཻ་དཱུརྱའི་ར་བ་ཅན་ནས། དར་གྱི་ལྡ་ལྡི་མང་པོ་བྲེས་པ་སྔ་མ་བཞིན་དུ་མཐོང་ནས། །དེའི་ནང་ནས་ལྷ་མོ་བཅུ་དྲུག་འཐོན་དེ་དག་གིས་ཀྱང་དེའི་ལག་ནས་བཟུང་སྟེ་ནང་དུ་ཁྲིད་དོ། །དེ་དག་དང་ཡང་ལོ་བརྒྱ་ཕྲག་མང་པོར་རྩེ་ རྩེ་ནས། དེ་ནས་ཀྱང་དུས་གཞན་ཞིག་ནས། ཕྱིར་བྱུང་སྟེ་འཁྱམ་འཁྱམ་པ་ལས། གྲོང་ཁྱེར་ཤེལ་གྱི་ར་བ་ཅན་ནས་དར་གྱི་ལྡ་ལྡི་མང་པོ་བྲེས་པའི་བར་དུ་སྔ་མ་བཞིན་དུ་མཐོང་ནས། དེའི་ནང་ནས་ལྷ་མོ་སུམ་བཅུ་རྩ་གཉིས་འཐོན་ཏེ་ དེ་དག་གིས་ཀྱང་ལག་ནས་བཟུང་སྟེ་ནང་དུ་ཁྲིད་དོ། །དེ་དག་དང་ཡང་སྔ་མ་བཞིན་དུ་རྩེ་རྩེ་བ་ལས་དེ་དག་གིས་བསྒོ་བ། འཕགས་པའི་བུ་འདི་ནི་ཁྱོད་ལ་མེད་པའི་ས་ཕྱོགས་ཡིན་གྱིས། གནས་འདི་ནས་ཕྱི་རོལ་ཏུ་བྱུང་ད་རེ། བརྒྱ་ལ་ འབྱུང་ན་ཡང་ཁ་བྱང་ཕྱོགས་སུ་ལྟོས་ཏེ་བྱུང་ཤིག་ཅེས་སྨྲས་པའི་འོག་ཏུ། དེ་ཁང་པ་དེ་ནས་བྱུང་སྟེ་ཁ་བྱང་ཕྱོགས་སུ་བལྟས་ནས་སོང་སོང་བ་ལས། ཚེར་མའི་ནགས་ཚལ་ཞིག་ཏུ་ཕྱིན་པ་དང་གྲོང་ཁྱེར་ལྕགས་ཀྱི་ར་བ་ནག་པོ་ཅན་ཞིག་ 67-1-302a མཐོང་སྟེ། དེར་སོང་སོང་བ་དང་ནང་དུ་ཕྱིན་མ་ཐག་ཏུ་གྲོང་ཁྱེར་གྱི་སྒོ་འགགས་ནས། ར་བའི་གོང་དུ་བལྟས་ན་ཡང་མཐོ་བར་གྱུར་ཏེ་མཐར་སྒྲ་འཇིགས་པ་ཞིག་ཀྱང་ཐོས་ནས། དེ་ན་གནས་བཞིན་དུ་འདི་ཅི་ཞིག་སྙམ་དུ་བསམས་ པ་དང་། རལ་གྲི་འཁོར་ལོ་མགོ་ལ་འཁོར་ཞིང་གཅོད་པའི་མི་ཞིག་མཐོང་ནས་དངངས་ཏེ། ཀྱེ་མི་འདི་ཅི་ཞིག་ཅེས་དྲིས་པ་དང་། སེམས་ཅན་དམྱལ་བ་པའི་མི་དེས་འདི་ནི་ཉི་ཚེ་བའི་སེམས་ཅན་དམྱལ་བའོ་ཞེས་སྨྲ་བ་དང་། བྱམས་པ་མཆོད་སྦྱིན་ གྱིས། ཁྱོད་ཀྱིས་སྡིག་པའི་ལས་ཅི་ཞིག་བྱས་ཞེས་སྨྲས་སོ། །དེས་སྨྲས་པ། འཛམ་བུའི་གླིང་ན་གྲོང་ཁྱེར་ཀོ་ས་ལི་ཞེས་བྱ་བ་ཞིག་ཡོད་དེ། བདག་ཀྱང་དེ་ན་དེད་དཔོན་གྱི་བུ་ཞིག་ཏུ་གྱུར་ཅིང་འདུག་འདུག་པ་ལས། བདག་གྲོགས་ལྔ་བརྒྱས་ བསྐོར་ཏེ་བཟའ་ཤིང་གི་ར་བ་ཆེན་པོར་ཕྱིན་པ་དང་། གྲོགས་པོ་དེ་དག་གིས་སྨྲས་པ། ཁྱོད་ཀྱི་ཕ་ནི་དེད་དཔོན་ཡིན་ཏེ། དེ་དག་ལ་སོགས་པ་བདག་ཅིག་གི་ཕ་རྣམས་ཡུལ་གཞན་དུ་དོང་ཞིང་ནོར་ལ་སོགས་པ་ཡང་བྱེད། གསེར་གནས་ དང་། སིང་གྷ་ལའི་གླིང་ལ་སོགས་པ་གླིང་གཞན་དག་ཀྱང་ལྟ་ན། བདག་ཅག་ཀྱང་ཁྱོད་ཀྱིས་གཙོ་བོ་བྱས་ཏེ་ཡུལ་གཞན་དུ་འདོང་ངོ་ཞེས་སྨྲས་པ་དང་། དེ་དག་གིས་མཉན་ཏེ་ཁྱིམ་དུ་ཕྱིན་ནས་མ་ལ་བདག་གྲུར་ཞུགས་ཏེ་ཡུལ་གཞན་དུ་ འགྲོའོ་ཞེས་དྲིས་པ་དང་། བདག་གི་མས་སྨྲས་པ། བུ་ཁྱོད་ཀྱི་ཕ་ཡང་རྒྱ་མཚོ་ལས་གྲུར་ཞུགས་ཏེ་ཡུལ་གཞན་དུ་སོང་སོང་བ་ལས་ཚེ་འཕོས་ཏེ། བུ་ཡང་ཁྱོད་གཅིག་པུར་ཟད་ལ། ཁྱིམ་ཡང་ནོར་གྱིས་གང་བར་ཡོད་ཀྱིས་མ་འགྲོ་ཤིག་ ཅེས་ནས། བདག་གིས་ཀྱང་མི་འགྲོའོ་ཞེས་མའི་ངག་མཉན་ཏེ། དེ་ལྟར་ལན་གསུམ་འམ་བཞིར་མས་རྐང་པ་ནས་བཟུང་སྟེ་བསྒོ་ནས་འདུག་འདུག་པ་ནས། དུས་གཞན་ཞིག་ན་བདག་བཟའ་ཤིང་གི་ར་བར་ཕྱིན་པ་དང་གྲོགས་པོ་རྣམས་ཀྱིས་ ངེས་པར་འདོང་ངོ་། །ཞེས་སྨྲས་ནས། འོ་ན་འདོང་བར་བྱའོ་ཞེས་བདག་གིས་ཁས་བླངས་ཏེ་འགྲོ་བར་བྱས་པ་དང་། བདག་གི་མས་སྒོ་ཀར་རྐང་པ་ནས་བཟུང་སྟེ་བུ་ང་དོར་བའི་མི་རིགས་སོ་ཞེས་སྨྲས་པ་དང་། བདག་གི་མའི་མགོ་ལ་འགོམས་ཏེ་སོང་ 67-1-302b ནས་གྲོགས་པོ་ལྔ་བརྒྱ་དང་བདག་ཅག་རྒྱ་མཚོའི་ངོགས་སུ་ཕྱིན་ཏེ། ཁྲིམས་བརྒྱད་མནོས་ནས་རྒྱ་མཚོར་ཞུགས་ཏེ། གསེར་གནས་སུ་དོང་དོང་བ་ལས་རླུང་ཆེན་པོ་ལངས་ནས་གྲུ་བུབ་སྟེ་གྲོགས་པོ་དེ་དག་ནི་ཚེ་འཕོས་པར་གྱུར། བདག་ནི་ཉི་མ་དུ་མ་ཞིག་ན་རྒྱ་ མཚོའི་མཐར་ཕྱིན་ཏེ། འཁྱམ་ཞིང་སོང་སོང་བ་ལས། གྲོང་ཁྱེར་གསེར་གྱི་ར་བ་ཅན། བཟའ་ཤིང་གི་ར་བ་དང་ལྡན་པ་རྫིང་བུ་དང་ལྡན་པ། བདུག་སྤོས་ཀྱིས་བདུགས་པ། མེ་ཏོག་སིལ་མས་གཏོར་བ། དར་གྱི་ལྡ་ལྡི་མང་པོ་བྲེས་པ་ཞིག་མཐོང་ངོ་། །དེའི་ ནང་ནས་ལྷ་མོ་བཞི་ཞིག་འཐོན་པ་ནས། ལྷ་མོ་སུམ་བཅུ་རྩ་གཉིས་འཐོན་པ་དང་། གྲོང་ཁྱེར་ལྕགས་ཀྱི་ར་བས་བསྐོར་བ་ཞིག་མཐོང་བའི་བར་དུ་སྔ་མ་བཞིན་ཏེ། བདག་དེའི་ནང་དུ་ཕྱིན་པ་དང་། དེ་མ་ཐག་ཏུ་སྒོ་ཡང་འགགས། དེ་ནི་མི་ཞིག་ ཀྱང་རལ་གྲི་འཁོར་ལོ་མགོ་ལ་འཁོར་ཞིང་འདུག་པ་མཐོང་ནས། བདག་འདི་ན་འདུག་འདུག་པའི་མགོ་ལ་འཁོར་ལོ་འཕོས་པར་གྱུར་ཏོ། །བདག་མའི་ཚིག་གིས་ལམ་བཞི་ཕྱིར་ལོག་པ་དང་། ཁྲིམས་བརྒྱད་མནོས་པའི་ལས་ཀྱི་རྣམ་ པར་སྨིན་པས། གྲོང་ཁྱེར་བཞིར་ཉི་ཚེ་བའི་མཐོ་རིས་ཉམས་སུ་མྱོང་བར་གྱུར་ཏོ། །བདག་གིས་མའི་མགོ་ལ་འགོམས་ཏེ་སོང་བའི་ལས་ཀྱི་རྣམ་པར་སྨིན་པས་ནི། རལ་གྲི་འཁོར་ལོ་མགོ་ལ་འཁོར་ཞིང་གཅོད་པ་འདི་ཡིན་ནོ་ཞེས་བྱས་ པ་དང་། བྱམས་པ་མཆོད་སྦྱིན་གྱིས་བསམས་པ། བདག་གིས་ཀྱང་སྔོན་ལས་དེ་ཁོ་ན་དང་འདྲ་བར་བྱས་ཀྱིས། བདག་གི་ལས་རྣམ་པར་སྨིན་པ་ཡང་ཉེ་བར་གནས་པར་གྱུར་པ་ལྟའོ་སྙམ་པ་དང་། སེམས་ཅན་དམྱལ་བའི་མི་དེས་བྱམས་ པ་མཆོད་སྦྱིན་ཁྱོད་གང་ནས་འོངས་ཤེས་སྨྲས་པ་དང་། བྱམས་པ་མཆོད་སྦྱིན་གྱིས་འཛམ་བུའི་གླིང་ན་གྲོང་ཁྱེར་ཏ་མ་ལི་བ་ཏི་ཞེས་བྱ་བ་ཞིག་ཡོད་དེ། བདག་ནི་དེ་ནས་འོངས་ཏེ། བདག་གིས་ཀྱང་ལས་དེ་དག་ཐམས་ཅད་བྱས་སོ། །སེམས་ཅན་ དམྱལ་བ་པའི་མི་དེས་སྨྲས་པ། དེ་བདེན་པ་ལྟ་སྟེ། བདག་གིས་ཀྱང་བར་སྣང་ལས་སྒྲ་ཐོས་ནས། ཁྱོད་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ཟད་དེ། དེད་དཔོན་གྱི་བུ་བྱམས་པ་མཆོད་སྦྱིན་ཞེས་བྱ་བ། ལས་དེ་དང་འདྲ་བར་བྱས་པ་ཞིག་འོང་ངོ་ཞེས་ 67-1-303a ཐོས་སོ། །བྱམས་པ་མཆོད་སྦྱིན་གྱིས་ཟས་སུ་ཅི་ཟ་ཞེས་སྨྲས་པ་དང་། དེས་མགོ་འདི་ཉིད་ཀྱི་ཤ་རྙིལ་བ་ལས། ཤ་དང་ཁྲག་འོང་བ་ཟའོ་ཞེས་ནས། མི་དེ་ཡང་དེར་ཚེ་འཕོས་པར་གྱུར་ཏོ། །བྱམས་པ་མཆོད་སྦྱིན་འཇིགས་ཤིང་ མི་དགའ་བས། མའི་དོན་དུ་སྨོན་ལམ་བཏབ་སྟེ། འདི་སྐད་ཅེས་སྨྲས་སོ། །འཇིག་རྟེན་བགྲང་དུ་མེད་པ་ཐམས་ཅད་ཀྱི། །སྲིད་རྩེ་མན་ཅད་མནར་མེད་ཡན་ཅད་ན། །ལྷ་དང་ལྷ་མིན་ལྟོ་འཕྱེ་ཆེན་པོའི་ཚོགས། །བདེ་བར་གྱུར་ཅིག་སྡུག་བསྔལ་ བདག་གིས་བླང་། །དེ་སྐད་ཅེས་སྨྲས་ནས། བསམ་པ་ཐག་པས་ཕ་མ་ལ་ཕྱག་འཚལ་ཏེ་སྨོན་ལམ་བཏབ་བོ། །གར་སྐྱེས་གར་སྐྱེས་ཀྱང་ཕ་མའི་རིམ་གྲོ་བྱའོ། །ཉི་ཚེ་བའི་སེམས་ཅན་དམྱལ་བ་འདིར་སྐྱེ་བར་འགྱུར་བ་དེ་དག་གི་དོན་དུ་བདག་འདི་ན་གནས་ སོ། །འཇིག་རྟེན་ན་རིགས་པ་དང་ལྡན་པ་དང་། གྲོལ་བར་གྱུར་པ་སུ་བཞུགས་པ་དེ་དག་ལ་ཕྱག་འཚལ་ལོ། །དེ་དག་གིས་ཀྱང་བདག་བསྐྱབ་ཏུ་གསོལ་ཞེས་སྨྲས་ནས། སེམས་ཅན་དམྱལ་བ་པ་འདུག་འདུག་པ་དེར་འདུག་ནས། ཡང་ཕ་ མའི་དོན་དུ་སྨོན་ལམ་བཏབ་པ། སེམས་ཅན་དམྱལ་བ་མནར་མེད་མཐའ་ནས་སྲིད་རྩེ་མན་ཆད། སེམས་ཅན་ཚེ་འཕོའི་རྣམ་པ་འཆིང་བས་ཇི་སྙེད་བཅིངས་པ་དག །ཐམས་ཅད་མ་ལུས་ཆོས་དང་ལྡན་ཞིང་བདེ་བར་འཚོ་འགྱུར་ཏེ། ། རྒན་མེད་ཚེ་འཕོ་མེད་པའི་མྱ་ངན་འདས་པ་ཐོབ་གྱུར་ཅིག །དེ་སྐད་ཅེས་བརྗོད་དེ་བསྡད་པ་དང་། འཁོར་ལོ་དེ་མགོ་ལ་མ་རེག་པར་སྟེང་གི་ནམ་མཁའ་ལ་འཁོར་བར་གྱུར་ཏོ། །དེའི་མས་ཀྱང་གལ་ཏེ་བདག་གི་སྦྱིན་པ་འམ་ཚུལ་ཁྲིམས་སམ་བདག་གིས་ ཁྱིམ་ཐབ་ཀྱི་བརྟུལ་ཞུགས་བྱས་པའི་བསོད་ནམས་ཀྱི་འབྲས་བུ་ཞིག་ཡོད་ན། བསོད་ནམས་ཀྱི་འབྲས་བུ་དེས། བདག་གི་བུ་གང་དང་གང་ན་གནས་ཀྱང་བདེ་བར་གྱུར་ཅིག་ཅེས་རྟག་པར་སྨོན་ལམ་བཏབ་པས་དེ་ལྟར་ཞི་བར་གྱུར་ཏོ། །དེ་ཡང་ཉི་ཚེ་ བའི་སེམས་ཅན་དམྱལ་བ་དེ་ན་འདུག་འདུག་ནས། ལོ་དྲུག་བཅུ་ཡང་མ་ལོན་པར་ཚེ་འཕོས་པར་གྱུར་ཏེ། དཔེར་ན་རྒྱལ་པོ་མ་སྐྱེས་དགྲ་སེམས་ཅན་དམྱལ་བའི་ཚེ་ཡོངས་སུ་མ་རྫོགས་པར་ཚེ་འཕོས་པ་ལྟ་བུ་སྟེ། ལས་ཀྱི་འབྲས་བུ་ཆུད་ཟ་བ་མེད་པའི་ 67-1-303b ཕྱིར་བར་བར་གླད་པ་ན་བར་གྱུར་ཏོ། །དེ་ནས་སྐབས་སུ་བབ་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེའི་ཚེ་དེའི་དུས་ན་དེད་དཔོན་གྱི་བུ་བྱམས་པ་མཆོད་སྦྱིན་ཞེས་བྱ་བ་དེ་གཞན་ཞིག་ཡིན་པར་ སེམས་ན་དེ་ནི་དེ་ལྟར་མི་ལྟ་སྟེ། ང་ཉིད་དེའི་ཚེ་དེའི་དུས་ན་དེད་དཔོན་གྱི་བུ་བྱམས་པ་མཆོད་སྦྱིན་ཞེས་བྱ་བར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན་ངའི་ཚིག་ལ་ཡིད་ཆེས་པར་བྱས་ཏེ་སངས་རྒྱས་བཅོམ་ལྡན་འདས་ལ་རིམ་གྲོ་ཡོད་པར་བྱའོ། ། ཆོས་དང་དགེ་འདུན་ལ་རིམ་གྲོ་ཡོད་པར་བྱའོ། །ཕ་མ་དང་མཁན་པོ་དང་སློབ་དཔོན་ལ་རིམ་གྲོ་ཡོད་པར་བྱའོ། །དགེ་སློང་དག་ཁྱེད་ཀྱིས་འདི་ལྟར་ཤེས་པར་བྱ་སྟེ། གང་ཡུལ་གཞན་དུ་སོང་ཞིང་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བ་ཡོད་ དེ། དཔེར་ན་བྱམས་པ་མཆོད་སྦྱིན་ཡུལ་གཞན་དུ་སོང་ནས་ཚེ་དེ་ཉིད་ལ་ཉི་ཚེ་བའི་མཐོ་རིས་དང་། ཉི་ཚེ་བའི་སེམས་ཅན་དམྱལ་བ་མྱོང་བར་གྱུར་པ་ལྟ་བུ་སྟེ། དེ་ལྟར་ཡུལ་གཞན་དུ་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་པའི་ལས་དེ་ ལྟ་བུ་ནི་ཡུལ་གཞན་དུ་རྣམ་པར་སྨིན་པར་འགྱུར་བའོ། །དེ་ལ་ཡང་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ཏེ། ང་ལ་ཅི་བྱས་པ་དང་ཕ་མ་དང་མཁན་པོ་དང་སློབ་དཔོན་ལ་ཅི་བྱས་པ་དེ་དག་ནི་བྱེ་བྲག་མེད་ཅིང་མཚུངས་ཏེ་ཚེ་འདི་དང་ཕྱི་མ་ ལ་ཡང་རྣམ་པར་སྨིན་པ་མི་མཉམ་པ་མེད་དོ། །ཇི་ལྟར་ན་ཚེ་འདི་འདི་ལ་རྣམ་པར་སྨིན་པ་མཚུངས་ཤིང་མཉམ་པ་ཡིན་ཞེ་ན། དཔེར་ན་མཉན་དུ་ཡོད་པ་ན་བཅོམ་ལྡན་འདས་དང་ཉན་ཐོས་ཀྱི་དགེ་འདུན་བཤོས་གསོལ་བ་མི་འཕོངས་པ་ གཅིག་ཅིག་གིས་མཐོང་ནས་སེམས་མོས་པར་བྱས་པས་དེས་བསོད་ནམས་ཀྱི་ཚོགས་ཆེན་པོ་ཡང་བསགས་པར་གྱུར། རྒྱལ་པོར་འགྱུར་བའི་ལས་ཀྱང་བྱས། དེ་ཉིད་ཐར་པའི་ས་བོན་དུ་གྱུར་པ་དེ་ཐུགས་སུ་ཆུད་ནས། བཅོམ་ལྡན་ འདས་ཀྱིས་ཚིགས་སུ་བཅད་དེ་གསུངས་པ། དེ་ལ་རྗེས་སུ་ཡི་རང་སུ་བྱེད་པ་དང་། དེའི་ལས་ནི་ཉམས་སུ་སུ་ལེན་པ། ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། ཆོས་རྣམས་སྔོན་དུ་ཡིད་འགྲོ་སྟེ། །ཡིད་ཀྱིས་ཆོས་འགྱུར་ཡིད་ཀྱིས་འགྲོ། ། 67-1-304a ཡིད་ནི་ལེགས་པར་མོས་འགྱུར་ན། །སྨྲ་བ་འམ་བྱེད་པ་ཀུན་དུ་འགྱུར། །གྲིབ་མ་རྗེས་སུ་འབྲང་བ་བཞིན། །དེ་ལས་བདེ་བ་འཐོབ་པར་འགྱུར། །ཞེས་གསུངས་པ་དང་། དེ་ནས་ཚེ་འཕོས་པའི་འོག་ཏུ་ལྷར་སྐྱེས་པ་ལྟ་བུ་དང་། དཔེར་ན་གྲོང་ ཁྱེར་གཙུག་ཕུད་ཞེས་བྱ་བའི་རང་སངས་རྒྱས་ལྟ་བུ་སྟེ། དེ་ལ་ལོ་ཉེས་པ་ཞིག་གི་ཚེ་མི་དབུལ་པོ་ཞིག་གིས་བསོད་སྙོམས་ཞིག་ཕུལ་བས། དེ་དེ་ཉིད་ཀྱི་ཚེ་རྒྱལ་པོར་དབང་བསྐུར་ནས། དུས་གཞན་ཞིག་ན་རང་སངས་རྒྱས་སུ་གྱུར་པ་ལྟ་བུའོ། །དེ་ ཡང་མདོ་སྡེ་དག་ལས་གསུངས་པ། གྲོང་ཁྱེར་གཙུག་ཕུད་ཅེས་བྱ་བ་དེ་དང་འདྲ་བར་སེམས་མོས་པའི་འབྲས་བུ་ཚེ་འདི་ཉིད་ལ་རྣམ་པར་སྨིན་པར་འགྱུར་རོ་ཞེས་གསུངས་པ་དང་། ཕ་མ་ལ་རིམ་གྲོ་བྱས་ན། དེད་དཔོན་གྱི་བུ་བྱམས་པ་མཆོད་སྦྱིན་ གྱིས་མའི་ངག་མཉན་ཏེ་ལན་བཞི་ཕྱིར་ལོག་པས་གྲོང་ཁྱེར་ཆེན་པོ་བཞིར་ཉི་ཚེ་བའི་མཐོ་རིས་མྱོང་བར་གྱུར་ཅིང་དེའི་ཐར་པའི་ས་བོན་དུ་གྱུར་པ་ལྟར། ཚེ་འདི་ལ་འབྲས་བུ་རྣམ་པར་སྨིན་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །ཇི་ལྟར་ན་ བཅོམ་ལྡན་འདས་དང་ཕ་མ་ལ་ཞེ་སྡང་བར་བྱས་པའི་སེམས་ཀྱིས། སེམས་ཅན་དམྱལ་བར་འགྲོ་བར་འགྱུར་ཞེ་ན། དེ་ནི་དཔེར་ན་ལྷས་སྦྱིན་གྱིས་བཅོམ་ལྡན་འདས་ལ་ཞེ་སྡང་བའི་སེམས་བསྐྱེད་ནས་ཚེ་འཕོས་པའི་འོག་ཏུ་མནར་ མེད་པའི་སེམས་ཅན་དམྱལ་བར་ལྷུང་བ་ལྟ་བུ་དང་། དཔེར་ན་ཡུལ་སིན་དུ་ན་འོ་དོད་ཅན་ཞེས་བྱ་བའི་གྲོང་ཁྱེར་ཞིག་ཡོད་པར་རྒྱལ་པོའི་བུ་ཨུ་ཏྲ་ཀ་ཞེས་བྱ་བས་ཕ་བསད་དེ་སེམས་ཅན་དམྱལ་བར་ལྷུང་བ་ལྟ་བུ་སྟེ། དེ་ལྟར་ན་བཅོམ་ལྡན་ འདས་དང་ཕ་མ་ལ་ཞེ་སྡང་བར་བྱས་པའི་སེམས་ཀྱིས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །དེ་དག་ལ་བྱེ་བྲག་མེད་པ་ཡིན་ནམ་ཞེ་ན་བྱེ་བྲག་མེད་པ་འང་མ་ཡིན་ཏེ། བཅོམ་ལྡན་འདས་ནི་བསྐལ་པ་བརྒྱ་སྟོང་དུ་མར་དགེ་བའི་རྩ་བ་ བསྐྱེད་པ་ཚོགས་བསགས་པ་ལམ་མ་སྐྱེས་པ་རྣམས་ལ་ཆོས་སྟོན་ཅིང་བྱང་ཆུབ་ཏུ་སྟོབས་པ་སྟེ། དེ་ལ་མྱོས་པ་བསྐྱེད་ན། འབྲས་བུ་རྣམ་པར་སྨིན་པ་ཚད་མེད་པར་འགྱུར་ཏེ། དེ་མྱ་ངན་ལས་འདའ་བའི་ཚེ་ཡང་ཡབ་ཡུམ་ཐར་ 67-1-304b པའི་ལམ་ལ་བཀོད་དོ། །དེ་ལྟ་ཡིན་ཡང་ཕ་མའི་ཚིག་ནི་ཐམས་ཅད་མཉན་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལོ་ལ་ལོག་པར་ལྟ་བ་དང་ལྡན་པ་དག་བུ་ལ་འདི་སྐད་ཅེས་ཟེར་ཏེ། བུ་ངེད་ཁ་འཚོ་བའི་གནས་སུ་ཁྲིད་ཅིག་དང་། ཁྱོད་ལ་ ཕན་པ་དང་བདེ་བར་འགྱུར་རོ་ཞེས་ཟེར་བ་དང་། ངེད་གཡང་དུ་ཐོང་ཤིག་མེར་ཆུག་ཤིག་ཅེས་ཟེར་ཡང་དེ་ལྟ་བུ་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཕ་མ་བསད་པས་ནི་གདོན་མི་ཟ་བར་སེམས་ཅན་དམྱལ་བར་འགྲོའོ། །དེ་ལྟ་བས་ན་བཅོམ་ ལྡན་འདས་ཀྱིས་ཀྱང་ཕ་མ་གསོད་པ་ནི་རབ་ཏུ་འབྱུང་བར་མི་བྱ་སྟེ། དེ་ལ་རབ་ཏུ་འབྱུང་བའི་རྒྱུ་མེད་བསྙེན་པ་རྫོགས་པར་བྱ་བའི་རྒྱུ་མེད་དེ། དེ་ལྟ་བས་ན་དེ་དག་སྤང་བར་བྱའོ་ཞེས་གསུངས་སོ། །ཇི་ལྟར་ན་ཕ་མ་དང་མཁན་པོ་ དང་སློབ་དཔོན་དག་ཏུ་མཉམ་ཞིང་མཚུངས་པ་ཡིན་ཞེ་ན། དེ་ནི་བཅོམ་ལྡན་འདས་ཀྱིས་ཕ་མ་བུ་ལ་བྱམས་པ་ནི་རྐང་དང་རུས་པའི་ཁོང་ནས་བྱམས་སོ་ཞེས་གསུངས་ཏེ། དེ་ལྟ་བས་ན་ཕ་མས་མ་གནང་ན་རབ་ཏུ་མི་འབྱུང་ངོ་། ། དེ་ཡང་དཔེར་ན་འཕགས་པ་ཕོ་བྲང་འཁོར་སྐྱོང་ལ་སོགས་པ་ཕ་མས་མ་བཀྱེ་ན་བཅོམ་ལྡན་འདས་ཀྱིས་ཀྱང་རབ་ཏུ་མ་ཕྱུང་བ་ལྟ་བུ་སྟེ། དཔེར་ན་བཅོམ་ལྡན་འདས་རབ་ཏུ་བྱུང་བ་ལ། རྒྱལ་པོ་ཟས་གཙང་མ་སྲས་ཀྱི་མྱ་ངན་ གྱིས་མིག་རུབ་པར་གྱུར་པའི་ལྟ་བུའོ། །ཕ་མ་ནི་བུ་འདི་བདག་ཅག་གིས་བསྐྱེད་བསྐྱེད་ཀྱིས། སྐྱེས་རྣ་རིམ་གྲོར་བྱེད་པར་འགྱུར་རོ། །བདག་ཅག་གི་དགོས་པ་བསྒྲུབ་པར་འགྱུར་རོ། །ཚེ་འཕོས་ན་ཡང་གཏོར་མ་བྱེད་པར་འགྱུར་ རོ། །རིགས་ཀྱི་རྒྱུད་འཚོབ་པར་འགྱུར་རོ་ཞེས་གནས་ལྔ་པོ་དེ་དག་ལ་རེ་ཞིང་ཕ་མ་བུ་འདོད་དོ། །མཁན་པོ་དང་སློབ་དཔོན་ནི་སྙིང་རྗེའི་སེམས་སྔོན་དུ་བཏང་ཞིང་ཇི་ལྟར་ན་ཐོག་མ་མེད་པ་ནས་འཁྱམ་འཁྱམ་པ་འདི། ད་དུང་ཕ་ མས་མ་གནང་ན་རབ་ཏུ་མི་འབྱུང་ཀྱི་བར་ཏུ་ཕྱིན་པར་བྱ་སྙམ་སེམས་ཏེ། དཔེར་ན་བཅོམ་ལྡན་འདས་ཀྱིས་འདུལ་བ་ལས་གསུངས་པ། མཁན་པོ་ནི་སློབ་མ་ལ་བུའི་འདུ་ཤེས་འཇོག་གོ། །སློབ་མ་ནི་མཁན་པོ་ལ་ཕའི་འདུ་ 67-1-305a ཤེས་འཇོག་གོ། །དེ་བཞིན་དུ་ཕན་ཚུན་ཕ་མ་དང་བུའི་འདུ་ཤེས་འཇོག་གོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལྟར་ན་མཁན་པོ་དང་སློབ་དཔོན་ནི་ཕ་མ་དང་མཚུངས་ཤིང་མཉམ་མོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་འཁོར་ ལོས་སྒྱུར་བའི་མདོ་ལས་གསུངས་པ། ལས་ཀྱི་རྣམ་པར་སྨིན་པ་གང་གིས་འཁོར་ལོ་སྒྱུར་བའི་རྒྱལ་པོ་གླང་པོ་རིན་པོ་ཆེ་དང་རྟ་རིན་པོ་ཆེ་འཐོབ་ཅེ་ན། དེ་ནི་ཕ་མ་ཁུར་དུ་ཁྱེར་ཁྱེར་བ་དང་། གླང་པོ་དང་རྟ་དང་ཤིང་རྟ་ལ་སོགས་པ་ལ་ བསྐྱོན་པ་དང་། མཁན་པོ་དང་སློབ་དཔོན་བདག་གིས་བཀུར་བ་དང་། གཞན་ལ་བསྐྱོན་པའི་ལས་ཀྱི་རྣམ་པར་སྨིན་པས། འཁོར་ལོས་སྒྱུར་བའི་རྒྱལ་པོ་གླང་པོ་དང་རྟ་རིན་པོ་ཆེ་འཐོབ་བོ་ཞེས་གསུངས་པ་ལྟ་བུ་སྟེ། རྒྱུ་དེས་ཀྱང་ཕ་མ་དང་ མཁན་པོ་དང་སློབ་དཔོན་དག་ཏུ་མཚུངས་ཤིང་མཉམ་མོ། །དེ་ལའང་ཁྱིམ་པ་དག་ལ་ནི་ཕ་མ་མཆོད་པའི་གནས་ཡིན་ནོ། །རབ་ཏུ་བྱུང་བ་རྣམས་ལ་ནི་མཁན་པོ་དང་སློབ་དཔོན་མཆོད་པའི་གནས་ཡིན་ནོ། །དེ་ལྟར་ན་མཁན་པོ་ དང་སློབ་དཔོན་དང་ཕ་མར་མཚུངས་ཤིང་མཉམ་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །དཔེར་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་ལ་ལ་ཞིག་གིས་ཕ་མ་ཕྲག་པ་ལ་བླངས་ཏེ་འཛམ་བུའི་ གླིང་བསྐོར་བ་དང་འཚོ་བ་ཐམས་ཅད་སྦྱར་བ་དང་གླིང་བཞི་ཐམས་ཅད་ནོར་དབྱིག་དང་གསེར་གྱིས་བཀང་སྟེ་བྱིན་ཡང་ཕ་མ་ལ་ཕན་པའི་ལན་ལོན་པར་མི་འགྱུར་གྱི། ལ་ལ་ཞིག་གིས་སངས་རྒྱས་ལ་དད་པ་བསྐྱེད་པ་དང་། ཆོས་དང་ དགེ་འདུན་ལ་དད་པ་བསྐྱེད་པ་དང་། བསླབ་པ་ལྔ་ལ་གཞག་པ་དང་། འཕགས་པས་བསྔགས་པའི་ལམ་ལ་སྐྱབས་སུ་གཏོང་བའི་གང་ཟག་དེ་ལ་ནི། གུས་པར་སྨྲས་པ་དང་བསུ་བ་དང་ཐལ་མོ་སྦྱར་བ་དང་བཏུད་པ་དང་ཆོས་གོས་ དང་བསོད་སྙོམས་དང་མལ་ཆ་དང་། ན་བའི་སྨན་བྱིན་པ་ཙམ་གྱིས་ཕན་པའི་ལན་ལོན་པར་མི་ནུས་སོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལྟར་ན་ཕ་མ་བས་ཀྱང་མཁན་པོ་དང་སློབ་དཔོན་ཁྱད་པར་དུ་འཕགས་སོ། །མདོར་ན་བཅོམ་ལྡན་འདས་ 67-1-305b མྱ་ངན་ལས་འདས་ཕྱིན་ཅད་དགེ་སློང་མ་འམ། དགེ་བསྙེན་ནམ་དགེ་བསྙེན་མ་ཇི་སྙེད་ཅིག་མངོན་པར་མོས་པ་དང་དུལ་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་། མཁན་པོ་དང་སློབ་དཔོན་གྱིས་མངོན་པར་མོས་ཤིང་དུལ་བར་བྱས་སོ། །དེའི་ཕྱིར་ བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་སློང་དག་ངའི་ཚིག་ལ་ཡིད་ཆེས་པ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་མཆོག་བསྐྱེད་པར་བྱའོ། །ཆོས་དང་དགེ་འདུན་དང་། ཕ་མ་དང་མཁན་པོ་དང་སློབ་དཔོན་ལ་དད་པ་ མཆོག་བསྐྱེད་པར་བྱའོ། །དེ་ནི་ཁྱོད་ལ་ཡུན་རིང་པོར་ཕན་པ་དང་བདེ་བའི་རྒྱུར་འགྱུར་རོ་ཞེས་གསུངས་པ་ལྟ་བུ་སྟེ། ལས་དེ་ལྟ་བུ་ནི་ཡུལ་གཞན་དུ་རྣམ་པར་སྨིན་པར་འགྱུར་རོ། །དེ་ལ་ལས་གང་དང་ལྡན་ན་གང་ཟག་སྔར་བདེ་བར་གྱུར་ ལ། ཕྱིས་སྡུག་བསྔལ་བར་འགྱུར་བའི་ལས་ཡོད་དེ། དེ་གང་ཞེ་ན་བཤད་པར་བྱ་སྟེ། འདི་ལ་ལ་ལ་ཞིག་སྦྱིན་པ་བསླངས་ན་རབ་ཏུ་དགའ་སྟེ། ཁས་ལེན་ཅིང་རབ་ཏུ་དགའ་བས་བྱིན་ལ། བྱིན་ནས་དེའི་འོག་ཏུ་འགྱོད་པ་ཡིན་ཏེ། དེ་ནས་མིར་སྐྱེས་ན་ཡང་ཕྱུག་ཅིང་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་སྟེ། ལོངས་སྤྱོད་དེ་དག་ཕྱིས་ཟད་ཅིང་དེངས་པར་འགྱུར་རོ། །དེ་ཕྱིས་དབུལ་པོར་འགྱུར་བ་ནི་ཁྱེའུ་གྲགས་པ་ཞེས་བྱ་བ་བཞིན་ཏེ། དེས་ཡང་དག་པར་རྫོགས་པའི་ སངས་རྒྱས་ལོག་པར་དད་སེལ་དང་། དགེ་སློང་གི་དགེ་འདུན་ལ་བ་བཞོན་གཅིག་ཕུལ་ནས། དེ་ཕྱིས་གཞན་དག་གིས་གྱོད་བཏབ་པ་དང་། དེ་ལྟར་བྱིན་པ་ནི་མ་ལེགས་པ་ཞིག་བྱས་སོ་སྙམ་ནས། དེ་སེམས་ལ་འགྱོད་པ་སྐྱེས་པས་ དེ་གར་སྐྱེས་ཀྱང་ཐོག་མ་ཕྱུག་པོར་ནི་གྱུར་ན། ཕྱིས་སེམས་འགྱོད་པ་སྐྱེས་པ་དེས་ཐ་མར་དབུལ་པོར་གྱུར་ཏོ། །དེ་ཕྱིས་རྒྱལ་པོའི་ཁབ་ཏུ་སྐྱེས་ཏེ། སྐྱེ་བ་ན་དེ་ཚེ་འཕོས་པར་གྱུར་པ་དང་། འདི་སྐྱེས་པས་མ་ཡང་ཚེ་འཕོས་ཏེ། འདི་ནི་སྐར་ མ་སྣུམས་ལས་སྐྱེས་པས་རིགས་ཕུང་བར་བྱེད་པར་འགྱུར་ཏེ། འདི་ནི་བཀྲ་མི་ཤིས་སོ་ཞེས་ནས་མ་དང་ལྷན་ཅིག་ཏུ་དུར་ཁྲོད་དུ་བོར་རོ། །དེ་ན་ཡང་དེའི་བསོད་ནམས་ཀྱི་མཐུས་མའི་ནུ་མ་ཡ་ཅིག་ནས་འོ་མ་བྱུང་སྟེ། དེས་གསོས་ 67-1-306a ནས་ཆེར་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱི་གན་དུ་སོང་སྟེ་རབ་ཏུ་བྱུང་ངོ་། །དེ་ལྟར་དེས་སྔར་དད་པ་སྐྱེས་ཏེ་བ་བཞོན་ཕུལ་ལ་ཕྱིས་འགྱོད་པར་གྱུར་པས་ལས་དེའི་འབྲས་བུས་སྔར་སེམས་དད་པས་ཕུལ་བས་ནི་ དེ་ཉིད་དེའི་ཐར་པའི་ས་བོན་དུ་གྱུར་ཏོ། །ཕྱིས་འགྱོད་པས་ནི་ཐ་མ་དབུལ་པོར་གྱུར་པ་ལྟ་བུ་སྟེ། འདི་ནི་ལས་གང་དང་ལྡན་ན་གང་ཟག་སྔར་བདེ་ལ་ཕྱིས་སྡུག་བསྔལ་བར་འགྱུར་བའོ། །དེ་ལ་ལས་གང་དང་ལྡན་ན་གང་ཟག་སྔར་ སྡུག་བསྔལ་ལ་ཕྱིས་བདེ་བར་འགྱུར་བའི་ལས་ཡོད་དེ། དེ་གང་ཞེ་ན། བཤད་པར་བྱ་སྟེ། འདི་ལ་ཁ་ཅིག་སྦྱིན་པ་བྱེད་དུ་བཅུག་ན་ཁ་སྲ་བ་ལས་ཁས་ལེན་ཅིང་། །ཁ་སྲ་བཞིན་དུ་སྦྱིན་པ་བྱེད་ལ། སྦྱིན་པ་བྱིན་པའི་འོག་ཏུ་སེམས་ དགའ་བ་སྐྱེད་དོ། །དེ་ནི་མིའི་ནང་དུ་སྐྱེས་ན་དབུལ་པོའི་རིགས་སུ་སྐྱེས་ཏེ་ཕྱིས་ལོངས་སྤྱོད་དེ་དག་འཕེལ་བར་འགྱུར་རོ། །དེ་བསླངས་ན་ཁ་སྲ་བར་ཁས་ལེན་པ་དང་། ཁ་སྲ་བཞིན་དུ་སྦྱིན་པ་བྱེད་ནས། ཕྱིས་དགའ་བར་ གྱུར་པ་དེའི་རྒྱུས། སྔོན་དབུལ་པར་གྱུར་ལ་ཕྱིས་ནོར་མང་པོར་གྱུར་པ་ཡིན་ནོ། །འདི་ནི་གང་ཟག་ལས་གང་དང་ལྡན་ན། སྔར་སྡུག་བསྔལ་བར་གྱུར་ལ་ཕྱིས་བདེ་བ་ཡིན་ནོ། །དེ་ལ་གང་ཟག་ལས་གང་དང་ལྡན་ན། སྔར་ཡང་བདེ་ལ་ཕྱིས་ ཀྱང་བདེ་བར་འགྱུར་བའི་ལས་ཡོད་དེ། དེ་གང་ཞེ་ན། ཁ་ཅིག་བསླངས་མ་ཐག་ཏུ་དགའ་ཞིང་ཁས་ལེན། དགའ་བཞིན་དུ་སྦྱིན་པ་བྱིན་ནས་ཀྱང་དགའ་བར་འགྱུར་རོ། །དེ་ནས་མིའི་ནང་དུ་སྐྱེས་ན་ཕྱུག་ཅིང་ལོངས་སྤྱོད་ཆེ་བའི་རིགས་སུ་ སྐྱེའོ། །འདི་ནི་གང་ཟག་ལས་གང་དང་ལྡན་ན་སྔར་ཡང་བདེ་ལ་ཕྱིས་ཀྱང་བདེ་བར་འགྱུར་བའོ། །དེ་ལ་ལས་གང་དང་ལྡན་ན། གང་ཟག་སྔར་ཡང་སྡུག་བསྔལ་བར་གྱུར་ལ་ཕྱིས་ཀྱང་སྡུག་བསྔལ་བར་འགྱུར་བའི་ལས་ཡོད་དེ། དེ་གང་ ཞེ་ན། འདི་ལ་གང་ཟག་ལ་ལ་དགེ་བའི་བཤེས་གཉེན་དང་བྲལ་བར་གྱུར་ཏེ། དེ་སུས་ཀྱང་སྦྱིན་པ་བྱེད་དུ་མ་བཅུག་དེས་ཀྱང་སྦྱིན་པ་ཅི་ཡང་མ་བྱིན། དེས་སྡིག་པའི་ལས་ཀྱང་ཅི་ཡང་མ་བྱས་ཤིང་མ་བསགས་པ་ཡིན་ཏེ། གང་ཟག་ 67-1-306b དེ་གང་གི་ཚེ་མི་རྣམས་ཀྱི་ནང་དུ་སྐྱེས་ན། དབུལ་པོ་བཟའ་བ་དང་བཏུང་བ་ཉུང་བ་སྡུག་བསྔལ་བས་འཚོ་བའི་རིགས་སུ་སྐྱེ་བར་གྱུར་ཏེ། དེ་དེར་སྐྱེས་ནས་ཚེགས་ཆེན་པོས་བཟའ་བ་དང་བགོ་བ་རྙེད་པར་འགྱུར་ལ། དེའི་ལོངས་སྤྱོད་དེ་དག་ ཕྱིས་ཀྱང་མ་འཕེལ་བ་སྟེ། འདི་ལ་གང་ཟག་ལས་གང་དང་ལྡན་ན་སྔར་ཡང་སྡུག་བསྔལ་ལ་ཕྱིས་ཀྱང་སྡུག་བསྔལ་བར་འགྱུར་བའོ། །དེ་ལ་གང་ཟག་ལས་གང་དང་ལྡན་ན། ཕྱུག་ཅིང་སེར་སྣ་ཅན་དུ་འགྱུར་བའི་ལས་ཡོད་དེ། དེ་གང་ཞེ་ན། འདི་གང་ཟག་ལ་ལས་ཚུལ་ཁྲིམས་དང་ལྡན་པ་སྦྱིན་གནས་སུ་གྱུར་པ་དག་ལ་སྦྱིན་པ་ཅུང་ཟད་ཙམ་ཡང་བྱིན་པ་ཡིན་ཏེ་ཡང་སྦྱིན་པ་ལ་སེམས་གོམས་པ་ནི་མ་ཡིན་ནོ། །དེ་ནམ་མིའི་ནང་དུ་སྐྱེ་བ་ན། སྦྱིན་པ་དེའི་མཐུས་ཕྱུག་ཅིང་ལོངས་ སྤྱོད་ཆེ་བའི་རིགས་སུ་སྐྱེ་སྟེ། ཡང་གཏོང་བ་ལ་སེམས་གོམས་པ་མ་ཡིན་པ་སྟེ། ལས་དེས་ཕྱུག་ལ་སེར་སྣ་ཅན་དུ་འགྱུར་རོ། །གང་ཟག་འདི་ནི་ལས་གང་དང་ལྡན་ན་ཕྱུག་ཅིང་སེར་སྣ་ཅན་དུ་འགྱུར་བའོ། །དེ་ལ་གང་ཟག་ལས་གང་དང་ལྡན་ན་ དབུལ་ཞིང་གཏོང་ཕོད་པར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན། འདི་ལ་གང་ཟག་ཁ་ཅིག་དུད་འགྲོ་དང་མི་ལོག་པའི་ངང་ཚུལ་ཅན་ལ་སྦྱིན་པ་མང་དུ་བྱིན་པ་ཡིན་ཏེ། དེ་ནམ་མིའི་ནང་དུ་སྐྱེས་ན་ཡང་དབུལ་ཞིང་གཏོང་ཕོད་པར་འགྱུར་བ་ནི་ སྔོན་སྦྱིན་པ་ལ་གོམས་པས་དབུལ་ཡང་གཏོང་ཕོད་པར་འགྱུར་རོ། །འདི་ནི་གང་ཟག་ལས་གང་དང་ལྡན་ན་དབུལ་ཞིང་གཏོང་ཕོད་པར་འགྱུར་བའོ། །དེ་ལ་གང་ཟག་ལས་གང་དང་ལྡན་ན། ཕྱུག་ཅིང་གཏོང་ཕོད་པར་འགྱུར་བའི་ལས་ ཡོད་དེ། དེ་གང་ཞེ་ན། འདི་ལ་གང་ཟག་ཁ་ཅིག་གིས་ཚུལ་ཁྲིམས་དང་ལྡན་པ་སྦྱིན་གནས་སུ་གྱུར་པ་དག་ལ་སྦྱིན་པ་མང་དུ་བྱས་པ་ཡིན། སྦྱིན་པ་ལ་སེམས་གོམས་པ་ཡིན་ཏེ། དེ་ལས་དེས་མིའི་ནང་དུ་སྐྱེས་ན་ཡང་ཕྱུག་ཅིང་ ལོངས་སྤྱོད་ཆེ་བར་འགྱུར་ཏེ། དཔེར་ན་ཁྱིམ་བདག་མགོན་མེད་པ་ལ་ཟས་བྱིན་པ་ལྟ་བུའོ། །དེས་ཡང་དག་པར་རྫོགས་པའི་སངས་རྒྱས་ལོག་པར་དད་སེལ་ལ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཕུལ། གཙུག་ལག་ཁང་བརྩིགས། དེ་བཞིན་ 67-1-307a དུ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་དང་འོད་སྲུང་དང་དོན་ཐམས་ཅད་གྲུབ་པ་དང་བྱམས་པ་ལ་གསེར་གྱི་ཡག་མག་བཏིང་བ་ཕུལ་བ་ལྟ་བུ་སྟེ། འདི་ནི་གང་ཟག་ལས་གང་དང་ལྡན་པ་ཕྱུག་ཅིང་གཏོང་ཕོད་པར་ འགྱུར་བའོ། །དེ་ལ་གང་ཟག་ལ་ལ་ཚེ་ཟད་ལ་ལས་མ་ཟད་པ་ཡོད་དེ། དེ་གང་ཞེ་ན། གང་ཟག་གང་སེམས་ཅན་དམྱལ་བ་ལས་ཚེ་འཕོས་ཏེ་སེམས་ཅན་དམྱལ་བ་ཉིད་དུ་སྐྱེ་བ་དང་། དུད་འགྲོ་ལས་ཚེ་འཕོས་ཏེ་དུད་འགྲོ་ཉིད་དུ་སྐྱེ་བ་དང་། གཤིན་རྗེའི་འཇིག་རྟེན་ལས་ཚེ་འཕོས་ཏེ་གཤིན་རྗེའི་འཇིག་རྟེན་ཉིད་དུ་སྐྱེ་བ་དང་། ལྷ་ལས་ཚེ་འཕོས་ཏེ་ལྷ་ཉིད་དུ་སྐྱེ་བ་དང་། བྲམ་ཟེ་བེ་ཤྱ་ཀ་ར་ཡང་དང་ཡང་ཚེ་འཕོས་ཤིང་སྤྲེའུར་སྐྱེས་པ་དང་། སྔར་སྨོས་པའི་ཁྱིམ་བདག་ཡང་དང་ ཡང་ཕྱུགས་སུ་སྐྱེས་པ་བཞིན་ནོ། །མཉན་དུ་ཡོད་པ་ན་ཁྱིམ་བདག་དབུལ་པོ་གཅིག་ཚེ་འཕོས་པ་ནས། དེའི་ཁྱིམ་སྒོ་ན་གླང་སྒལ་པ་ཅན་ཞིག་ཡོད་དོ། །ཁྱིམ་བདག་དེ་སེམས་ཁྱིམ་ལ་ཆགས་པས་ཚེ་འཕོས་ནས་གླང་དེའི་སྒལ་པའི་ སྲིན་བུར་སྐྱེས་ཏེ། སྐྱེས་མ་ཐག་ཏུ་བྱ་རོག་གིས་ཟོས་པ་དང་ཡང་དེ་ཉིད་དུ་སྲིན་བུར་སྐྱེས་སོ། །དེ་ལྟར་དེ་ཉིད་དུ་ཉིན་གཅིག་ལ་ལན་བདུན་ཚེ་འཕོས་ཤིང་སྐྱེས་པ་ལྟ་བུ་དང་། འཕགས་པ་མཽད་གལ་གྱི་བུ་ཆེན་པོ་ཡུལ་མ་ག་དྷཱར་བསོད་ སྙོམས་ལ་སོང་སོང་བ་ལས་ཁྱིམ་ཞིག་གི་སྒོའི་ནང་དུ་ཕྱིན་པ་དང་། ཁྱིམ་དེ་ན་ཁྱིམ་བདག་བུད་མེད་དང་བཅས་པ་ཞིག་པང་ན་བུ་ཐོགས་ཏེ། ཉ་ཤའི་བྱ་ན་བཅས་པའི་ཁ་ཟས་ཟ་ཞིང་མདུན་ན་ཁྱི་ནག་མོ་ཞིག་འདུག་པ་དེ་ལ་ཉའི་རུས་པ་འདོར་ རོ། །དེ་ནས་ཁྱིམ་བདག་དེས་མཽད་གལ་གྱི་བུ་ཆེན་པོ་མཐོང་ནས། འཕགས་པ་འདི་ན་སློང་བ་ལ་སྦྱིན་པ་སུ་ཡང་མ་མཆིས་ཀྱིས་སླར་བཞུད་ཅིག་ཅེས་སྨྲས་ཏེ་སླར་ལོག་པ་དང་། ཁྱིམ་དེའི་སྒོ་ན་ཡུལ་གཞན་ནས་འོངས་པའི་སྐྱེས་བུ་མཁས་པ་ཞིག་ སྔ་ན་འདུག་འདུག་པ་དེས་དེས་དེ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། ཀྱེ་མ་བཙུན་པ་འདི་ནི་རྫུ་འཕྲུལ་ཅན་གྱི་མཆོག་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེར་དགའ་བོ་ནི་བཏུལ། ལྷའི་ཕོ་བྲང་རྣམ་པར་རྒྱལ་བ་ཡང་ཕྱག་གཡོན་པའི་མཐེ་བོས་བསྒུལ་ཏེ་ 67-1-307b བརྒྱ་བྱིན་ཡང་ངོ་མཚར་དུ་གྱུར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་མིག་བཙུམས་པ་ཙམ་གྱིས་བསྐོར་བ་ལགས་ན། བསོད་སྙོམས་མ་གསོལ་བར་སླར་བཏང་བ་ནི་ངོ་མཚར་ཆེའོ་ཞེས་བྱས་པ་དང་། དེ་ནས་གནས་ བརྟན་གྱིས་དེ་དག་སྐྱོ་བར་བྱ་བའི་ཕྱིར་སྨྲས་པ། ཁྱེའུ་ངོ་མཚར་མི་ཆེའོ། །མི་དེས་སྨྲས་པ་འོ་ན་ངོ་མཚར་ཆེན་པོ་ཅི་མཆིས། དེས་སྨྲས་པ་འདི་ན་ཁྱིམ་བདག་ཉ་ཤའི་བྱན་དང་བཅས་པའི་ཁ་ཟས་ཟ་བ་དེ། ཉ་དེ་ནི་ཁྱིམ་བདག་དེའི་ཕ་ཡིན་ ཏེ། འདི་ནི་ཁྱིམ་གྱི་རྒྱབ་ན་རྫིང་ཉ་མང་པོ་ཞིག་ཡོད་པ་ནས་ཉ་རྣམས་བཅུས་ཤིང་བཅུས་ཤིང་ཟོས་ཏེ། མི་དེ་ཚེ་འཕོས་པ་དང་ཉ་དེ་དག་ཉིད་ཀྱི་ནང་དུ་སྐྱེས་སོ། །དེའི་བུ་འདིས་ཀྱང་ལན་བརྒྱ་ཕྲག་དུ་མར་ཉ་དེ་བཅུས་ཤིང་བཅུས་ཤིང་ཟོས་ཏེ། འདི་ཉིད་དུ་ཡང་དང་ཡང་དུ་ལན་དུ་མར་སྐྱེས་སོ། །ཁྱི་མོ་འདི་ནི་ཁྱིམ་བདག་དེའི་མ་ཡིན་ཏེ། འདི་ཡང་ཆགས་པའི་ཟིལ་གྱིས་ནོན་པས་སུ་ལ་ཡང་སྦྱིན་པ་ཡང་མ་བྱིན། ཚུལ་ཁྲིམས་ཀྱང་མ་བསྲུངས་པར་གྱི་ནར་རིགས་དང་རྒྱུད་ཀྱི་དོན་དུ་ རྫས་རྣམས་བསྲུངས་ཏེ། དེ་ཡང་ཁྱིམ་འདི་ཉིད་ལ་སེམས་ཆགས་བཞིན་དུ་ཚེ་འཕོས་ནས་ཁྱི་མོ་དེར་སྐྱེས་ཏེ། དེ་ནས་ཚེ་འཕོས་ནས་ཀྱང་ཡང་དང་ཡང་དུ་འདི་ཉིད་དུ་སྐྱེས་ཏེ། ཁྱིམ་འདིར་མི་གཞན་ཞུགས་སུ་དོགས་ནས་མཚན་ ཐོག་ཐག་ཀྱང་ཁྱིམ་ཕྱི་སྐོར་རོ། །མི་དེའི་པང་ན་འདུག་པའི་བུ་དེ་ཡང་དེའི་ཆུང་མའི་བྱི་བོ་ཡིན་ཏེ། ཁྱིམ་བདག་འདིས་ཆུང་མ་མི་གཞན་དང་ཉལ་བར་ཐོས་ནས། ཁྱིམ་བདག་དེ་གྲོང་གཞན་དུ་འགྲོ་བ་ལྟར་བྱས་ཏེ་ཁྱིམ་ནས་ཕྱིར་བྱུང་བ་དང་། བུད་མེད་དེ་ཡང་མི་གཞན་དང་ཉལ་བ་ལ་ཁྱིམ་བདག་འདི་སླར་ལྡོག་སྟེ་མི་དེ་བསད་དོ། །དེ་ཡང་བུད་མེད་དེ་ལ་ཆགས་ཤིང་སྡུག་པའི་རྒྱུས་བུད་མེད་འདིའི་རུམ་དུ་སྐྱེས་སོ། །ཁྱེའུ་ལྟོས། ཕ་གང་ཡིན་པ་དེའི་ཤ་ནི་ཟ། མ་གང་ཡིན་པ་དེ་ལ་ནི་ཉའི་ རུས་པ་དང་གྲ་མ་འདོར། བྱི་བོ་བྱེད་བྱེད་པའི་དགྲ་བོ་ཁྲོས་པས་བསད་པ་གང་ཡིན་པ་དེ་ནི་པང་དུ་བླངས་སོ། །དེ་ལྟ་བས་ན་འཁོར་བའི་ཉེས་པ་འདི་ལ་སྐྱོ་བར་བྱ་བའི་རིགས་ཏེ་ངོ་མཚར་ནི་འདི་ཆེའོ། །དེ་ནས་དགེ་སློང་མཽད་གལ་གྱི་བུ་དེས་ཕྱི་མའི་ 67-1-308a སྐྱེ་བོ་ཕལ་པོ་ཆེ་རྣམས་སྐྱོ་བར་བྱ་བའི་ཕྱིར་དོན་འདི་ཉིད་ཚིགས་སུ་བཅད་པས་བསྟན་པ། དེ་ཡི་ཕ་ཡི་ཤ་ཟ་ཞིང་། །མ་ལ་རུས་པ་གྲ་མ་འདོར། །ཆུང་མའི་བྱི་བོ་གསོ་བྱེད་པ། །གཏི་མུག་དང་ནི་ཆགས་པས་བསྒྲིབས། །གང་ཟག་འདི་ནི་ ཚེ་ཟད་ལ་ལས་མ་ཟད་པའོ། །དེ་ལ་གང་ཟག་ལ་ལ་ལས་ཟད་ལ་ཚེ་མ་ཟད་པ་ཡོད་དེ། དེ་གང་ཞེ་ན། གང་ཟག་སྔར་བདེ་བར་གྱུར་ལ་ཕྱིས་སྡུག་བསྔལ་བར་གྱུར་པ་དང་། སྔར་སྡུག་བསྔལ་བར་གྱུར་ལ་ཕྱིས་བདེ་བར་གྱུར་པ་སྟེ། གང་ཟག་ དེ་ནི་ལས་ཟད་ལ་ཚེ་མ་ཟད་པའོ། །དེ་ལ་གང་ཟག་ལས་ཀྱང་ཟད་ལ་ཚེ་ཡང་ཟད་པ་ཡོད་དེ། དེ་གང་ཞེ་ན། གང་ཟག་གང་སེམས་ཅན་དམྱལ་བ་ནས་ཚེ་འཕོས་ཏེ་དུད་འགྲོར་སྐྱེས་པ་དང་། དུད་འགྲོ་ལས་ཚེ་འཕོས་ཏེ་ཡི་དགས་སུ་ སྐྱེ་བ་དང་། ཡི་དགས་ལས་ཚེ་འཕོས་ཏེ་ལྷ་མ་ཡིན་དུ་སྐྱེ་བ་དང་། ལྷ་མ་ཡིན་ལས་ཚེ་འཕོས་ཏེ་མིའི་ནང་དུ་སྐྱེ་བ་དང་། མི་ལས་ཚེ་འཕོས་ཏེ་ལྷའི་ནང་དུ་སྐྱེ་བ་ལྟ་བུ་སྟེ། གང་ཟག་དེ་ནི་ཚེ་ཡང་ཟད་ལ་ལས་ཀྱང་ཟད་པའོ། །དེ་ལ་གང་ཟག་ གང་ཚེ་ཡང་མ་ཟད་ཅིང་ལས་ཀྱང་མ་ཟད་ལ། དེའི་ཉོན་མོངས་པ་ཟད་པ་ཡོད་དེ། དེ་གང་ཞེ་ན། རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་ལྟ་བུ་སྟེ། གང་ཟག་དེ་ནི་ཚེ་ཡང་མ་ཟད་ཅིང་ལས་ཀྱང་མ་ ཟད་ལ་དེའི་ཉོན་མོངས་པ་ཟད་པ་ཡིན་ནོ། །དེ་ལ་གང་ཟག་ལུས་བདེ་ལ་སེམས་མི་བདེ་བ་ཡོད་དེ། དེ་གང་ཞེ་ན། སོ་སོའི་སྐྱེ་བོ་ཕལ་པ་བསོད་ནམས་བྱས་པ་ནི་ལུས་བདེ་ལ་སེམས་མི་བདེ་སྟེ། དཔེར་ན་ཡུལ་མ་ག་དྷཱའི་བྲམ་ཟེ་དང་ ཁྱིམ་བདག་དང་རྒྱལ་པོ་མན་ཏ་ལ་སོགས་པ་ལྟ་བུ་སྟེ། གང་ཟག་འདི་ནི་ལུས་བདེ་ལ་སེམས་མི་བདེ་བའོ། །དེ་ལ་གང་ཟག་ལ་ལ་སེམས་བདེ་ལ་ལུས་མི་བདེ་བ་ཡོད་དེ། དེ་གང་ཞེ་ན། དཔེར་ན་དགྲ་བཅོམ་པ་ཀ་ར་མ་ཤ་ལྟ་བུ་ནི། སེམས་བདེ་ ལ་ལུས་མི་བདེ་བ་ཡིན་ནོ། །འདི་ལྟ་སྟེ་འཕགས་པ་ཤོ་ནོ་ཏ་རས་ཚེ་རབས་སྔ་མ་ལ་རང་སངས་རྒྱས་ཁྲུས་བྱེད་པ་ལ་བ་ལང་གི་ལྕི་བ་དང་ཀ་པི་ཏ་སུ་ཀ་ར་བཀྲུ་བའི་ཕྱིར་བྱིན་པས་དེའི་ལས་ཀྱི་རྣམ་པར་སྨིན་པས་ལུས་མཛེས་གང་བར་མཐོང་ངོ་། ། 67-1-308b འདི་ལྟར་ཚིགས་སུ་བཅད་པས་སྨྲས་པ། ལས་ནི་ཤིན་ཏུ་སྟོབས་ཆེ་སྟེ། །རྡོ་རྗེ་ལྟ་བུའི་ལས་རྣམས་ལས། །གང་ལ་བདག་གི་དབང་བྱས་ཀྱང་། །སྡུག་བསྔལ་བའི་ལས་རྣམས་མྱོང་། །ཞེས་བྱ་བ་ལྟ་བུ་དང་། འཛང་ག་ཀ་ཤས། རང་སངས་རྒྱས་ ཤིག་ཡུལ་བཱ་ར་ཎ་སཱིར་བྱོན་པ་ལ། ཟན་སྤྱད་དེ་སྦྱིན་ནོ་སྙམ་ནས། དེ་ལ་རིང་ཤིག་ལོན་ཏེ་དུས་ཡོལ་བར་ཟས་མ་བྱིན་ནོ། །དེ་ཡང་ལས་དེས་ཚེ་ཕྱི་མ་ལ་འཕགས་པར་གྱུར་ཀྱང་སྔ་དྲོ་བསོད་སྙོམས་བསླངས་ན། དུས་ཡོལ་ལ་ཐུག་ན་ཟན་རྙེད་ པ་ལྟ་བུ་སྟེ། གང་ཟག་དེ་ལྟ་བུ་ནི་སེམས་བདེ་ལ་ལུས་མི་བདེ་བའོ། །གང་ཟག་ལ་ལ་ལུས་ཀྱང་བདེ་ལ་སེམས་ཀྱང་བདེ་བ་ཡོད་དེ། དེ་གང་ཞེ་ན། འདི་ལ་དགྲ་བཅོམ་པ་ཟག་པ་ཟད་པ་བསོད་ནམས་བྱས་པ་ཡིན་ཏེ། འདི་ལྟ་སྟེ། དཔེར་ན་རྒྱལ་པོ་ ཆོས་གྲགས་ཀྱི་བུ་བ་ཀུ་ལ་ལྟ་བུ་སེང་གེའི་སྒྲ་སྒྲོག་ན། ད་ནི་རབ་ཏུ་བྱུང་ནས་ལོ་བརྒྱད་བཅུ་ལོན་ཏེ། ནམ་ཡང་ཆུང་ངུ་ན་གླད་པ་ན་བ་ཙམ་ཡང་མ་མྱོང་ངོ་ཞེས་ཟེར་བ་ལྟ་བུ་སྟེ། དེ་ཡང་སྔོན་ཡུལ་བཱ་ར་ཎ་སཱིར་སྤོས་འཚོང་ཞིག་ཏུ་གྱུར་ན། སངས་ རྒྱས་ལོག་པར་དད་སེལ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ན་བའི་གསོས་སྨན་ཕུལ་བ་དང་དགྲ་བཅོམ་པ་ལ་ཨ་རུ་ར་ཕུལ་བའི་ལས་ཀྱི་རྣམ་པར་སྨིན་པ་དེས་ནད་མེད་ཅིང་བདེ་བའི་མཆོག་ཐོབ་བོ་ཞེས་གསུངས་པ་ལྟ་བུ་སྟེ། གང་ ཟག་དེ་ནི་ལུས་ཀྱང་བདེ་ལ་སེམས་ཀྱང་བདེ་བའོ། །ལས་གང་དང་ལྡན་ན། གང་ཟག་ལུས་ཀྱང་མི་བདེ་ལ་སེམས་ཀྱང་མི་བདེ་བ་ཡོད་དེ། འདི་ལ་སོ་སོའི་སྐྱེ་བོ་བསོད་ནམས་མ་བྱས་པ་དག་རིགས་དང་རྒྱུད་ཀྱི་གོས་དང་ཟས་སྐོམ་དང་བྲལ་ བ་གཞན་གྱི་ཁྱིམ་རྒྱུ་བ་དག་ཡོད་དེ། འདི་ལྟ་སྟེ་ནད་མཛེ་དང་ལུད་པ་དང་རིམས་དང་ཤུ་བ་དང་གཡན་པ་ལ་སོགས་པའི་ནད་རྣམས་ཀྱིས་ཡོངས་སུ་གཟིར་ཅིང་རྐང་ལག་མེད་པ་མིག་དང་བྲལ་བ་དག་ཡོད་དེ། གང་ཟག་འདི་ནི་ལུས་ཀྱང་མི་བདེ་ལ་ སེམས་ཀྱང་མི་བདེ་བ་ཡིན་ནོ། །དེ་ལ་གང་ཟག་ལས་གང་དང་ལྡན་ན་ངན་སོང་རྣམས་སུ་སྐྱེས་ཀྱང་གཟུགས་བཟང་ཞིང་མཛེས་ལ་ལུས་སྣུམ་ཞིང་མདོག་འཚེར་ལ་མིག་ཏུ་སྡུག་ཅིང་བལྟ་ན་དགའ་བར་འགྱུར་བའི་ལས་ཡོད་དེ། དེ་གང་ཞེ་ན། གང་ 67-1-309a ཟག་གང་འདོད་ཆགས་ལས་བྱུང་བའི་ངང་ཚུལ་ངན་པ་དང་ལྡན་པ་དེ་ནི་ངན་སོང་རྣམས་སུ་སྐྱེ་སྟེ། དཔེར་ན་རྨ་བྱ་དང་ནེ་ཙོ་དང་བྱ་ཤ་རི་ཀ་དང་བྱ་ཀ་རན་འདའ་བ་དང་། ངུར་པ་ལ་སོགས་པ་ལྟ་བུ་སྟེ། འདི་ནི་གང་ཟག་ལས་གང་དང་ལྡན་ན། ངན་སོང་ རྣམས་སུ་སྐྱེས་ཀྱང་གཟུགས་བཟང་ཞིང་མཛེས་ལ་ལུས་སྣུམ་ཞིང་མདོག་འཚེར་བ་མིག་ཏུ་སྡུག་ཅིང་བལྟ་ན་དགའ་བར་འགྱུར་བའོ། །དེ་ལ་གང་ཟག་ལས་གང་དང་ལྡན་ན། ངན་སོང་དུ་སྐྱེས་ལ་མདོག་མི་བཟང་ཞིང་ལུས་རྩུབ་པ་བལྟ་ ན་མི་སྡུག་པར་འགྱུར་བའི་ལས་ཡོད་དེ། དེ་གང་ཞེ་ན། གང་ཟག་དེ་ནི་ཞེ་སྡང་ལས་བྱུང་བའི་ངང་ཚུལ་ངན་པ་དང་ལྡན་པས་ངན་སོང་རྣམས་སུ་སྐྱེས་པ་སྟེ། འདི་ལྟ་སྟེ་སེང་གེ་དང་སྟག་དང་བྱ་རོག་དང་ཝ་དང་དྲེད་མོ་དང་སྦྲུལ་ནག་པོ་དང་ཡི་དགས་ དང་ཤ་ཟ་ལ་སོགས་པ་ལྟ་བུའོ། །འདི་ནི་གང་ཟག་ལས་གང་དང་ལྡན་ན། ངན་སོང་རྣམས་སུ་སྐྱེས་ནས་མདོག་མི་བཟང་ཞིང་ལུས་རྩུབ་ལ་བལྟ་ན་མི་སྡུག་པའི་ལས་ཡིན་ནོ། །གང་ཟག་ལས་གང་དང་ལྡན་ན། ངན་སོང་རྣམས་སུ་སྐྱེས་ ནས་ལྕེའི་དབང་པོ་དྲི་ང་བར་འགྱུར་བ་ཡོད་དེ། དེ་གང་ཞེ་ན། གང་ཟག་དེ་ནི་གཏི་མུག་ལས་བྱུང་བའི་ངང་ཚུལ་ངན་པ་དང་ལྡན་པས་ངན་སོང་རྣམས་སུ་སྐྱེས་པ་སྟེ། འདི་ལྟ་སྟེ་སྲོག་ཆགས་ཚུ་ཚུན་ད་རི་དང་སྲིན་བུ་དང་སྦྲུལ་དང་ཤིག་དང་། སྦྲང་ མ་དང་མང་ཀུན་ལ་སོགས་པ་དང་། ལུས་ལ་སྲིན་བུའི་རིགས་ཉི་ཤུ་ཡོད་པ་ལྟ་བུ་སྟེ། འདི་ནི་གང་ཟག་ལས་གང་དང་ལྡན་ན། ངན་སོང་རྣམས་སུ་སྐྱེས་ནས་ལྕེའི་དབང་པོ་དྲི་ང་ཞིང་དབང་པོ་མི་གསལ་བར་འགྱུར་བའི་ལས་སོ། །མི་དགེ་བའི་ ལས་ཀྱི་ལམ་བཅུ་སྟེ། བཅུ་གང་ཞེ་ན། ལུས་ཀྱི་ལས་རྣམ་གསུམ་དང་། ངག་གི་ལས་རྣམ་བཞི་དང་། ཡིད་ཀྱི་ལས་རྣམ་གསུམ་སྟེ། མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་གི་རྣམ་པར་སྨིན་པས་ཕྱི་རོལ་གྱི་དངོས་པོ་བཅུ་རྒུད་པར་འགྱུར་ ཏེ། སྲོག་གཅོད་པ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་སའི་མདངས་དང་གཟི་བྱིན་ནུབ་པར་འགྱུར་རོ། །ལས་དེ་ཉིད་ཀྱི་རྣམ་པར་སྨིན་པས་ཚེ་ཐུང་བར་འགྱུར་རོ། །མ་བྱིན་པར་ལེན་པ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས། ས་གསེར་ 67-1-309b བ་དང་བྱ་དང་བ་ལང་དང་བྱི་བ་དང་སྲིན་བུ་ལ་སོགས་པ་ལོ་ཐོག་ལ་ཟ་བ་རྣམས་འབྱུང་ངོ་། །ལས་དེ་ཉིད་ཀྱི་རྣམ་པར་སྨིན་པས་ལས་ལོངས་སྤྱོད་འཁྱམ་པར་འགྱུར་རོ། །འདོད་པ་ལ་ལོག་པར་གཡེམ་པ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས། ས་ལ་རྩྭ་དྲི་ང་བ་དང་ནགས་ཚལ་དྲི་ང་བ་དག་སྐྱེ་བར་འགྱུར་རོ། །ལས་དེ་ཉིད་ཀྱི་རྣམ་པར་སྨིན་པས་ལོ་ལེགས་པའི་ཁྱིམ་ན་གནས་པའི་རྟོག་པ་བརྗོད་པ། ཀ་ཤི་རྒྱལ་པོ་དགའ་བས་ལྷ་འོངས་པ་ལ། ནག་པོ་འཆར་ལྡན་གྱིས་ཚེ་རབས་སྔ་ མའི་རྟོགས་པ་བརྗོད་པ་སྨོས་པ་རྣམས་བྱའོ། །བརྫུན་སྨྲ་བའི་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ཁ་ན་བ་དང་ལྐོག་མ་ན་བ་དང་ཁ་མནམ་པ་ལ་སོགས་པར་འགྱུར་རོ། །ལས་དེ་ཉིད་ཀྱི་རྣམ་པར་སྨིན་པས། མི་བདེན་པས་བསླུས་ པར་འགྱུར་བའོ། །ཕྲ་མ་ཟེར་བའི་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས། ས་ལ་གསེག་མ་དང་གྱོ་མོ་ལ་སོགས་པ་རེག་ན་མི་བདེ་བ་རྣམས་འབྱུང་ངོ་། །ལས་དེ་ཉིད་ཀྱི་རྣམ་པར་སྨིན་པས། གཡོག་འཁོར་དབྱེར་རུང་བར་འགྱུར་ རོ། །ཚིག་རྩུབ་པོ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས། ས་ལ་རྡུལ་དང་ཉལ་ཉིལ་གྱི་རླུང་ལྡང་ཞིང་ཆར་ཆེན་པོ་ལ་སོགས་པ་འབབ་བོ། །ལས་དེ་ཉིད་ཀྱི་རྣམ་པར་སྨིན་པས། ཡིད་དུ་མི་འོང་བའི་སྒྲ་ཐོས་པ་དང་ཡིད་དུ་མི་འོང་བ་ མཐོང་བར་འགྱུར་རོ། །ཚིག་ཀྱལ་པར་སྨྲ་བ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས། ས་མཐོ་དམན་དང་སྨན་ལྗོངས་དང་། ངམ་གྲོག་དང་གཡང་ས་ལ་སོགས་པ་འབྱུང་ངོ་། །ལས་དེ་ཉིད་ཀྱི་རྣམས་པར་སྨིན་པས། ཚིག་མི་བཙུན་པར་ འགྱུར་རོ། །ཆགས་སེམས་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས། འབྲས་དང་ནས་དང་གྲོ་ལ་སོགས་པའི་འབྲས་བུ་ཉུང་ཞིང་གྲ་མ་དང་སྤུན་པ་ལ་སོགས་པའི་སྐྱོན་མང་བར་འགྱུར་རོ། །ལས་དེ་ཉིད་ཀྱི་རྣམ་པར་སྨིན་པས། ལོངས་ སྤྱོད་གཞན་གྱིས་ཁྱེར་བར་འགྱུར་རོ། །གནོད་སེམས་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས། ལོ་ཏོག་དང་འབྲས་བུ་དང་ས་བོན་ཚ་བ་དང་ཁ་བ་འབྱུང་བར་འགྱུར་རོ། །ལས་དེ་ཉིད་ཀྱི་རྣམ་པར་སྨིན་པས། མཐོང་ན་མི་སྡུག་པར་འགྱུར་ 67-1-310a རོ། །ལོག་པར་ལྟ་བ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས། འབྲས་བུ་མེད་པ་དང་ཆུང་བ་དང་དུག་དང་རྐུ་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །ལས་དེ་ཉིད་ཀྱི་རྣམ་པར་སྨིན་པས། མེད་པར་སྨྲ་བ་དང་ཆད་པར་ལྟ་ཞིང་འཇིག་ རྟེན་རྒྱང་པན་པའི་གཙུག་ལག་ལ་སོགས་པ་ལ་དད་པར་འགྱུར་རོ། །མི་དགེ་བའི་ལས་ཀྱི་ལམ་འདི་བཅུ་ཇི་ལྟ་ཇི་ལྟར་བསྒོམས་པ་དེ་ལྟ་དེ་ལྟར་རབ་ཏུ་འཕེལ་བར་འགྱུར་ཏེ། དེའི་ཕྱིར་རྣམ་པར་འཇིག་པའི་ཚེ། ཏིལ་ཡོད་ཀྱང་ཏིལ་མར་མི་ འབྱུང་བུ་རམ་ཤིང་ཡོད་ཀྱང་བུ་རམ་མི་འབྱུང་། བུ་རམ་ཡོད་ཀྱང་ཧྭགས་དང་ཁ་ར་མི་འབྱུང་། བ་ཡོད་ཀྱང་འོ་མ་མི་འབྱུང་། འོ་མ་ཡོད་ཀྱང་མར་མི་འབྱུང་། དེ་ལྟར་མི་དགེ་བ་བཅུའི་ལས་ཀྱི་རྣམ་པར་སྨིན་པས། ཕྱི་རོལ་གྱི་དངོས་པོ་རྣམས་རྒུད་པར་ འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་པའི་རྒྱུས། ཕྱི་རོལ་གྱི་དངོས་པོ་རྣམས་ཕུན་སུམ་ཚོགས་པར་འགྱུར་ཏེ། བཅུ་གང་ཞེ་ན། སྲོག་གཅོད་པ་སྤངས་པའི་རྣམ་པར་སྨིན་པས་ནི་སའི་མཐུ་དང་གཟི་བྱིན་མེད་ པར་མི་འགྱུར་རོ། །མ་བྱིན་པར་ལེན་པ་སྤངས་པའི་རྣམ་པར་སྨིན་པས་ནི་སེར་བ་དང་བྱི་བ་དང་སྲིན་དང་མུ་གེ་ལ་སོགས་པ་འབྱུང་བར་མི་འགྱུར་རོ། །འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་རྣམ་པར་སྨིན་པས་ནི་བ་ཚྭ་དང་ས་འབབ་པ་ དང་རྡུལ་དང་རླུང་དང་ཆར་དྲག་པོ་འབབ་པར་མི་འགྱུར་རོ། །བརྫུན་དུ་སྨྲ་བ་སྤངས་པའི་རྣམ་པར་སྨིན་པས་ནི་དྲི་མི་ཞིམ་པ་འབྱུང་བར་མི་འགྱུར་རོ། །ཕྲ་མ་སྤངས་པའི་རྣམ་པར་སྨིན་པས་ནི་ངམ་གྲོག་དང་གཡང་ས་དང་འདམ་རྫབ་དང་ ངན་སྐྱུགས་ཀྱི་ལྗན་ལྗོན་དང་། དོང་ལ་སོགས་པར་འབྱུང་བར་མི་འགྱུར་རོ། །ངག་རྩུབ་པོ་སྤངས་པའི་རྣམ་པར་སྨིན་པས་ནི་གསེག་མ་དང་གྱོ་མོ་དང་གྱོ་དུམ་གྱིས་རེག་པ་འབྱུང་བར་མི་འགྱུར་རོ། །ཚིག་ཀྱལ་པ་སྤངས་པའི་རྣམ་པར་ སྨིན་པས་ནི་རྩྭ་ཚང་ཚིང་དང་ནགས་ཐིབས་པོ་དང་ཚེར་མ་ཚང་ཚིང་རྣམས་འབྱུང་བར་མི་འགྱུར་རོ། །ཆགས་སེམས་སྤངས་པའི་རྣམ་པར་སྨིན་པས་ནི་ལོ་ཐོག་ལ་སོགས་པ་འབྲས་བུ་དང་བཅས་པ་འབྱུང་བར་འགྱུར་རོ། །གནོད་སེམས་ 67-1-310b སྤངས་པའི་རྣམ་པར་སྨིན་པས་ནི། ལོ་ལེགས་པ་དང་འབྲས་བུ་དང་ས་བོན་མི་ཁ་བ་དང་མི་ཚ་བ་རྣམས་འབྱུང་བར་འགྱུར་རོ། །ལོག་པར་ལྟ་བ་སྤངས་པའི་རྣམ་པར་སྨིན་པས་ནི་འགྲས་བུ་མེད་པ་དང་འབྲས་བུ་ཆུང་བ་མ་ཡིན་པའི་ས་ བོན་རྣམས་འབྱུང་བར་འགྱུར་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་བཅུ་པོ་འདི་དག་ཡང་དག་པར་བླངས་པའི་རྒྱུས་ཕྱི་རོལ་གྱི་དངོས་པོ་བཅུ་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ལ་སྲོག་གཅོད་པ་ལ་ཉེས་དམིགས་བཅུ་པོ་འདི་དག་འབྱུང་ བར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། དགྲ་མང་བ་དང་མཐོང་ན་ཡིད་དུ་མི་འོང་བ་དང་སྡིག་པ་རྣམས་སེམས་པ་དང་དེས་སེམས་ཅན་རྣམས་འཇིག་པར་འགྱུར་བ་དང་མི་བདེ་ཞིང་ཉལ་ཞིང་མི་བདེ་བཞིན་སད་པ་དང་སྡིག་པ་ཅན་གྱི་རྨི་ལམ་ རྨི་བ་དང་རྨུགས་ཏེ་ཚེ་འཕོ་བའི་དུས་བྱེད་པ་དང་འགྱོད་པར་འགྱུར་བ་དང་ཚེ་ཐུང་བར་འགྱུར་བའི་ལས་བྱེད་ཅིང་བསོགས་པ་དང་ལུས་ཞིག་སྟེ་ཚེ་འཕོས་པའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་ སྐྱེ་བར་འགྱུར་རོ། །མ་བྱིན་པར་ལེན་པ་ལ་ཉེས་དམིགས་བཅུར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། འཁོན་གཅུགས་སུ་འགྱུར་བ་དང་དོགས་པར་འགྱུར་བ་དང་དུས་མ་ཡིན་པར་རྒྱུ་བ་དང་མཚན་མོ་རྒྱུ་བ་དང་སྡིག་པའི་གྲོགས་པོས་ཡོངས་ སུ་ཟིན་པ་དང་དགེ་བའི་བཤེས་གཉེན་གྱིས་རྣམ་པར་སྤངས་པ་དང་ཚུལ་ཁྲིམས་འཆལ་པར་འགྱུར་བ་དང་རྒྱལ་པོའི་གནོད་པ་དང་ཆད་པའི་གནོད་པ་འབྱུང་བ་དང་ལོངས་སྤྱོད་ཀྱིས་ཕོངས་པར་འགྱུར་བའི་ལས་བྱེད་ཅིང་སོག་པ་དང་ ལུས་ཞིག་ནས་ཚེ་འཕོས་པའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བའོ། །འདོད་པ་ལ་ལོག་པར་གཡེམ་པ་ལ་ཉེས་དམིགས་བཅུར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། གང་དག་ གི་ཆུང་མ་ལ་ཉལ་པོ་བྱེད་པ་དེ་དག་དེ་ལ་གླགས་ཚོལ་བར་འགྱུར་བ་དང་དེ་ཆུང་མ་དང་རྩོད་པར་འགྱུར་བ་དང་དེ་ལ་མི་དགེ་བའི་ཆོས་འཕེལ་བར་འགྱུར་བ་དང་དེའི་དགེ་བའི་ཆོས་ཡོངས་སུ་འགྲིབ་ཅིང་ཡོངས་སུ་ཟད་པར་འགྱུར་བ་དང་ 67-1-311a བདག་མ་སྦས་ཤིང་མ་བསྲུངས་པ་དང་དེའི་བུ་དང་ཆུང་མ་དང་ནོར་རྣམས་མ་སྦས་ཤིང་མ་བསྲུངས་པ་དང་དོགས་པར་འགྱུར་བ་དང་མཛའ་བཤེས་དང་བློན་པོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་རྣམས་ཡིད་མི་རྟོན་པ་དང་བྱི་བོ་བྱེད་པ་ དང་བཅས་པར་འགྱུར་བའི་ལས་བྱེད་ཅིང་སོག་པ་དང་། ལུས་ཞིག་ནས་ཚེ་འཕོས་པའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བའོ། །བརྫུན་དུ་སྨྲ་བ་ལ་ཉེས་དམྱིགས་བཅུར་རིག་ པར་བྱ་སྟེ། བཅུ་གང་ཞེ་ན། དེ་ཁ་མནམ་པར་འགྱུར་བ་དང་དེའི་ལུས་ལས་ལྷ་རྣམས་འཕང་བ་དང་མི་མ་ཡིན་པ་རྣམས་ཀྱིས་དེ་ལ་གླགས་རྙེད་པར་འགྱུར་བ་དང་བདེན་པ་སྨས་ཀྱང་དེ་ལ་སུ་ཡང་ཡིད་ཆེས་པར་མི་འགྱུར་བ་དང་བརྫུན་སྨྲ་བར་འགྱུར་ བ་དང་ཡིད་ཆེས་པར་བྱ་བའི་གནས་རྣམས་སུ་མཁས་པ་རྣམས་དེ་ལ་དྲི་བར་བྱ་བར་མི་སེམས་པ་དང་དེའི་བདེན་པ་མ་ཡིན་པ་བསྔགས་པ་དང་བརྗོད་པ་དང་སྒྲ་དང་ཚིགས་སུ་བཅད་པ་མ་ཡིན་པ་འབྱུང་བ་དང་གཟུང་བའི་ཚིག་ཏུ་མི་འགྱུར་ བ་དང་སྐུར་པ་འདེབས་པའི་ལས་བྱེད་ཅིང་སོག་པ་དང་། ལུས་ཞིག་ནས་ཚེ་འཕོས་པའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བའོ། །འབྲུའི་ཆང་དང་སྦྱར་བའི་ཆང་བག་མེད་པའི་གནས་ལ། ཉེས་ དམིགས་སུམ་བཅུ་རྩ་དྲུག་ཏུ་རིག་པར་བྱ་སྟེ། སུམ་བཅུ་རྩ་དྲུག་གང་ཞེ་ན། ཚེ་འདི་ལ་ནོར་ཟད་པ་དང་ནད་ཀྱི་གཞིར་འགྱུར་བ་དང་འཐབ་པ་དང་མཚང་འདྲུ་བ་དང་རྩོད་པ་འཕེལ་བ་དང་སྦ་བའི་གནས་སྟོན་པ་དང་མི་སྙན་པ་རྙེད་པ་དང་ཤེས་ རབ་ཉམས་པར་བྱེད་པ་དང་མ་ཐོབ་པའི་ལོངས་སྤྱོད་རྣམས་མི་འཐོབ་པ་དང་ལོངས་སྤྱོད་ཐོབ་པ་རྣམས་ལས་ཡོངས་སུ་ཉམས་པར་འགྱུར་བ་དང་གསང་བ་རྣམས་སྨྲ་བ་དང་ལས་སུ་བྱ་བ་རྣམས་ཡོངས་སུ་ཉམས་པ་དང་མྱ་ངན་གྱི་རྩ་བར་ འགྱུར་བ་དང་ཉམ་ཆུང་བར་འགྱུར་བ་དང་མར་མི་འཛིན་པར་འགྱུར་བ་དང་ཕར་མི་འཛིན་པར་འགྱུར་བ་དང་དགེ་སྦྱོང་དུ་མི་འཛིན་པར་འགྱུར་བ་དང་བྲམ་ཟེར་མི་འཛིན་པར་འགྱུར་བ་དང་རིགས་ཀྱི་གཙོ་བོ་ལ་རིམ་གྲོ་མེད་པར་འགྱུར་བ་དང་སངས་རྒྱས་ 67-1-311b ལ་གུས་པར་མི་འགྱུར་བ་དང་ཆོས་ལ་གུས་པར་མི་འགྱུར་བ་དང་དགེ་འདུན་ལ་གུས་པར་མི་འགྱུར་བ་དང་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པར་འགྱུར་བ་དང་དགེ་བའི་བཤེས་གཉེན་གྱིས་རྣམ་པར་སྤངས་པ་དང་ངོ་ཚ་མེད་པར་འགྱུར་ བ་དང་། འཛེམ་པ་མེད་པར་འགྱུར་བ་དང་། དབང་པོའི་སྒོ་མ་བསྡམས་པར་འགྱུར་བ་དང་བུད་མེད་རྣམས་ལ་ཤིན་དུ་བག་མེད་པར་འགྱུར་བ་དང་སྐྱེ་བོ་མང་པོའི་ཡིད་དུ་མི་འོང་བར་འགྱུར་བ་དང་སྐྱེ་བོ་མང་པོ་དང་མི་མཐུན་པ་དང་ཉེ་དུ་དང་སྣག་ གི་གཉེན་མཚམས་བཙུན་པ་རྣམས་ཀྱིས་སྨད་པར་འགྱུར་བ་དང་དམ་པའི་ཆོས་མ་ཡིན་པ་ཡོངས་སུ་འཛིན་པ་དང་དམ་པའི་ཆོས་ཡོངས་སུ་སྤོང་བ་དང་མཁས་པ་རྣམས་དེ་ལ་ཡིད་མི་འཇོག་པར་སེམས་པ་དང་བག་བྱ་བ་ལ་གཡེལ་ བ་དང་དེ་མྱ་ངན་ལས་འདས་པ་ལས་རིང་དུ་འགྱུར་བ་དང་མྱོས་པར་འགྱུར་བའི་ལས་བྱེད་ཅིང་སོག་པ་དང་ལུས་ཞིག་ནས་ཚེ་འཕོས་པའི་འོག་ཏུ་ངན་སོང་ངན་འགྲོ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བའོ། །དེ་བཞིན་གཤེགས་པའི་མཆོད་ རྟེན་ལ་ཐལ་མོ་སྦྱོར་བའི་ཕན་ཡོན་ནི་བཅུ་ཡོད་དེ། བཅུ་གང་ཞེ་ན། རྒྱ་ཆེན་པོའི་ཁྱིམ་དུ་སྐྱེ་བ་འཐོབ་པ་དང་རྒྱ་ཆེ་བའི་གཟུགས་དང་རྒྱ་ཆེ་བའི་གཡོག་འཁོར་དང་རྒྱ་ཆེ་བའི་མཆོད་པ་དང་བཀུར་སྟི་དང་ནོར་རྒྱ་ཆེ་བ་དང་ཐོས་པ་རྒྱ་ཆེ་བ་དང་དད་པ་ རྒྱ་ཆེ་བ་དང་དྲི་བ་རྒྱ་ཆེ་བ་དང་ཤེས་རབ་རྒྱ་ཆེ་བ་རྟོགས་པ་རྒྱ་ཆེ་བ་འཐོབ་པ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་བཅུ་ ཡོད་དེ། བཅུ་གང་ཞེ་ན། གཟུགས་བཟང་ཞིང་མདོག་གསེར་གྱི་ཁ་དོག་ལྟ་བུར་འགྱུར་བ་དང་མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ་དང་སྐད་སྙན་ཅིང་གཟུང་བའི་ཚིག་ཏུ་འགྱུར་བ་དང་བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང་ལྷ་དང་མི་ རྣམས་དགའ་བར་འགྱུར་བ་དང་གཟི་བྱིན་ཆེན་པོར་འགྱུར་བ་དང་གཟི་བྱིན་ཆེན་པོའི་གང་ཟག་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་འགྲོགས་ 67-1-312a པར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་ནོ། །དེ་བཞིན་ གཤེགས་པའི་མཆོད་རྟེན་ལ་ཕྱག་དར་བྱས་པའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། གཟུགས་བཟང་བ་དང་བལྟ་ན་སྡུག་པ་དང་མཛེས་པ་དང་སྐད་སྙན་པ་དང་དེའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བསྲབས་པར་འགྱུར་བ་དང་ལམ་དུ་ འགྲོ་ན་རྩྭ་དང་གྱོ་མོ་དང་གསེག་མ་རྣམས་མེད་པར་འགྱུར་བ་དང་བཙུན་པའི་རིགས་སུ་སྐྱེ་བར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་ གཤེགས་པའི་མཆོད་རྟེན་ལ་ཕྱག་དར་བྱས་པའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གདུགས་དབུལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། འཇིག་རྟེན་ན་གདུགས་ལྟ་བུར་འགྱུར་བ་དང་ལུས་ལ་ཚ་བས་གདུང་བ་མེད་ པར་འགྱུར་བ་དང་སེམས་ལ་གདུང་བ་མེད་པར་འགྱུར་བ་དང་འཇིག་རྟེན་གྱི་རྟེན་དུ་འགྱུར་བ་དང་བདག་པོར་འགྱུར་བའི་ལས་བྱེད་ཅིང་སོག་པ་དང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཡང་དག་པར་འཐོབ་པ་དང་དབང་ཆེ་བར་གྲགས་པར་འགྱུར་བ་དང་ ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གདུགས་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་ རྟེན་ལ་དྲིལ་བུ་དབུལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། གཟུགས་བཟང་བར་འགྱུར་བ་དང་སྐད་སྙན་པར་འགྱུར་བ་དང་ཡིད་དུ་འོང་བ་སྨྲ་བ་དང་ལྡན་པར་འགྱུར་བ་དང་ཀ་ལ་པིང་ཀའི་སྒྲ་ལྟ་བུ་སྨྲ་བ་དང་ལྡན་པར་འགྱུར་བ་དང་གཟུང་བའི་ ཚིག་ཏུ་འགྱུར་བ་དང་རབ་ཏུ་དགའ་བར་འགྱུར་བ་དང་ཀུན་ཏུ་དགའ་བ་རྒྱ་ཆེན་པོའི་སྒྲ་འཐོབ་པ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་ 67-1-312b པའི་མཆོད་རྟེན་ལ་དྲིལ་བུ་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བ་དན་དབུལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། འཇིག་རྟེན་ན་རྒྱལ་མཚན་ལྟ་བུར་འགྱུར་བ་དང་འཛའ་བཤེས་དང་བློན་པོ་དང་ཉེ་ དུ་དང་སྣག་གི་གཉེན་མཚམས་རྣམས་སྟི་སྟང་བྱེད་བླ་མར་བྱེད་རི་མོར་བྱེད་མཆོད་པར་བྱེད་པ་དང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དེའི་གྲགས་པ་དང་བརྗོད་པ་དང་སྒྲ་དང་ཚིགས་སུ་བཅད་པ་མངོན་དུ་འབྱུང་བ་དང་གཟུགས་ བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་འགྱུར་བ་དང་སྐྱེ་བ་གཞན་རྣམས་སུ་ཚེ་རིང་ཞིང་རིང་དུ་གནས་པར་འགྱུར་བ་དང་དབང་ཆེ་བར་གྲགས་པར་འགྱུར་བ་དང་རིགས་བཙུན་པར་སྐྱེ་བར་འགྱུར་བ་དང་ལོངས་སྤྱོད་ཆེན་པོར་འགྱུར་བ་དང་མཐོ་ རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་སྟེ་བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བ་དན་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ན་བཟའ་དབུལ་བའི་ ཕན་ཡོན་བཅུ་གཉིས་ཡོད་དེ། བཅུ་གཉིས་གང་ཞེ་ན། མཛེས་ཤིང་བལྟ་ན་སྡུག་པར་འགྱུར་བ་དང་ལྤགས་པ་འཇམ་པ་དང་ལྤགས་པ་སྣུམ་པ་དང་ལྤགས་པ་སྲབ་པ་དང་དེའི་ལུས་ལ་རྡུལ་དང་དྲི་མ་མི་འཆགས་པ་དང་དེའི་གོས་བཟང་པོར་ འགྱུར་བ་དང་གདིང་བ་དང་བགོ་བ་ཕྲ་མོ་རྙེད་པར་འགྱུར་བ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཕུན་སུམ་ཚོགས་པར་འགྱུར་བ་དང་མཐོང་ན་དགའ་བར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་ཡོངས་སུ་ མྱ་ངན་ལས་འདའ་བ་སྟེ། བཅུ་གཉིས་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ན་བཟའ་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་དབུལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། འཇིག་ རྟེན་ན་མེ་ཏོག་ལྟ་བུར་འགྱུར་བ་དང་དེའི་སྣའི་དབང་པོ་ནམ་ཡང་ཉམས་པར་མི་འགྱུར་བ་དང་ལུས་ལ་དྲི་ང་བ་མེད་པར་འགྱུར་བ་དང་ལུས་ལ་དྲི་ཞིམ་པོ་འབྱུང་བར་འགྱུར་བ་དང་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དེའི་ཚུལ་ཁྲིམས་ 67-1-313a ཀྱི་དྲིའི་ངད་ལྡང་བར་འགྱུར་བ་དང་འཇིག་རྟེན་པ་རྣམས་འཁོར་ཞིང་འདུ་བར་འགྱུར་བ་དང་ཡིད་དུ་འོང་བའི་ཆོས་རྣམས་འཐོབ་པར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་ མྱ་ངན་ལས་འདའ་བ་སྟེ། ཆོས་བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྲེང་བ་དབུལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། འཇིག་རྟེན་ན་ ཕྲེང་བ་ལྟ་བུར་འགྱུར་བ་དང་ལུས་ཀྱི་དྲི་ང་བ་མེད་པར་འགྱུར་བ་དང་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཚུལ་ཁྲིམས་ཀྱི་དྲི་ཞིམ་པོའི་ངད་ལྡང་བ་དང་རྟག་ཏུ་དྲི་ཞིམ་པར་འགྱུར་བ་དང་བརྒྱན་པར་འགྱུར་བ་དང་གཡོག་འཁོར་མི་ཕྱེད་པར་ འགྱུར་བ་དང་། སྐྱེས་པ་དང་བུད་མེད་རྣམས་ཀྱི་ཡིད་དུ་འོང་བར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ ལ་ཕྲེང་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། འཇིག་རྟེན་ན་མར་མེ་ལྟ་བུར་འགྱུར་བ་དང་ཤའི་མིག་རྣམ་པར་དག་པར་འགྱུར་བ་དང་ལྷའི་མིག་ འཐོབ་པར་འགྱུར་བ་དང་དགེ་བ་དང་མི་དགེ་བའི་ཆོས་རྣམས་ལ་ཤེས་རབ་འབྱུང་བར་འགྱུར་བ་དང་མ་རིག་པ་དང་གཏི་མུག་གི་མུན་པ་སེལ་བ་དང་ཤེས་རབ་ཀྱི་སྣང་བ་འཐོབ་པར་འགྱུར་བ་དང་དེ་འཁོར་བ་ན་འཁོར་བའི་ཚེ་ནམ་ཡང་ མུན་པ་ན་གནས་པར་མི་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་ ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བྱུག་སྤོས་དབུལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། འཇིག་རྟེན་ན་བྱུག་སྤོས་ལྟ་བུར་འགྱུར་བ་དང་སྣའི་དབང་པོ་རྣམ་པར་དག་པར་འགྱུར་བ་དང་ལུས་ལ་དྲི་མི་ཞིམ་པ་མེད་པར་ 67-1-313b འགྱུར་བ་དང་རྟག་ཏུ་དྲི་ཞིམ་པར་འགྱུར་བ་དང་གཟུགས་བཟང་བར་འགྱུར་བ་དང་འཇིག་རྟེན་པ་རྣམས་འཁོར་ཞིང་འདུ་བར་འགྱུར་བ་དང་ཡིད་དུ་འོང་བའི་ཆོས་རྣམས་ཐོས་པར་འགྱུར་བ་དང་ལོངས་སྤྱོད་ཆེན་པོར་འགྱུར་བ་དང་མཐོ་རིས་ སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། ཆོས་བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བྱུག་སྤོས་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རོལ་མོ་སིལ་སྙན་དབུལ་བའི་ ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། གཟུགས་བཟང་ཞིང་བལྟ་ན་སྡུག་པར་འགྱུར་བ་དང་སྐད་སྙན་པར་འགྱུར་བ་དང་ཡིད་དུ་འོང་བ་སྨྲ་བ་དང་ལྡན་པར་འགྱུར་བ་དང་གྲགས་པ་དང་ལྡན་པར་འགྱུར་བ་དང་གཟུང་བའི་ཚིག་ཏུ་འགྱུར་བ་ དང་རྟག་ཏུ་དགའ་བར་འགྱུར་བ་དང་ཐམས་ཅད་དགའ་བའི་སྒྲ་རྒྱ་ཆེན་པོ་འཐོབ་པར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་སྟེ། བཅུ་པོ་དེ་དག་ནི་ དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རོལ་མོ་སིལ་སྙན་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་བྱེད་པའི་ཕན་ཡོན་བཅྭ་བརྒྱད་ཡོད་དེ། བཅྭ་བརྒྱད་གང་ཞེ་ན། རྒྱ་ཆེན་པོའི་རིགས་སུ་སྐྱེ་བར་འགྱུར་བ་དང་ གཟུགས་བཟང་བར་འགྱུར་བ་དང་མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ་དང་དབང་ཆེ་བར་གྲགས་པར་འགྱུར་བ་དང་གཡོག་འཁོར་རྒྱ་ཆེན་པོར་འགྱུར་བ་དང་གཡོག་འཁོར་མི་ཕྱེད་པར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་ དང་འཇིག་རྟེན་པ་རྣམས་འཁོར་ཞིང་འདུ་བར་འགྱུར་བ་དང་ཀུན་གྱི་རྟེན་དུ་འགྱུར་བ་དང་ཕྱོགས་བཅུར་བརྗོད་པ་དང་སྒྲ་དང་ཚིགས་སུ་བཅད་པ་རྒྱ་ཆེན་པོ་མངོན་དུ་འབྱུང་བར་འགྱུར་བ་དང་ལྷ་དང་མིས་མཆོད་པར་འགྱུར་བ་དང་ ཕྱུག་ཅིང་ནོར་མང་པོ་དང་ལྡན་པར་འགྱུར་བ་དང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་པར་འགྱུར་བ་དང་ཚེ་རིང་བར་འགྱུར་བ་དང་ལུས་རྡོ་རྗེ་ལྟར་འཁྲེགས་པར་འགྱུར་བ་དང་། ལུས་མཚན་དང་དཔེ་བྱད་དང་ལྡན་པར་འགྱུར་བ་དང་ 67-1-314a མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅྭ་བརྒྱད་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་བྱེད་པའི་ཕན་ཡོན་ནོ། །ཁྲི་སྟན་བྱིན་པའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་བླ་མའི་གནས་སུ་འགྱུར་བ་དང་བསྔགས་པར་འགྱུར་བ་དང་སྐྱེ་བོ་མང་པོ་ལ་གྲགས་པ་དང་བརྗོད་པ་དང་སྒྲ་དང་ཚིགས་སུ་བཅད་པ་མང་པོ་མངོན་དུ་འབྱུང་བར་འགྱུར་བ་དང་བདེ་བ་དང་ཡིད་བདེ་བ་མང་བར་འགྱུར་བ་དང་ བཞོན་པ་དང་ཁྲི་སྟན་དང་རིམ་གྲོ་བྱེད་པ་དང་ལྡན་པར་འགྱུར་བ་དང་འཇིག་རྟེན་པ་རྣམས་འཁོར་ཞིང་འདུ་བར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་དབང་ཆེ་བར་གྲགས་པར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་ དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་ཁྲི་སྟན་བྱིན་པའི་ཕན་ཡོན་ནོ། །ལྷམ་བྱིན་པའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། དེ་བཞོན་པ་རྣམས་ཀྱིས་བྲེལ་བར་མི་འགྱུར་བ་དང་རྐང་པ་ལེགས་པར་གནས་པར་ འགྱུར་བ་དང་ལམ་དུ་འགྲོ་ན་སྟོབས་དང་ལྡན་པར་འགྱུར་བ་དང་དེའི་ལུས་ངལ་བར་མི་འགྱུར་བ་དང་དེ་འགྲོ་ན་ཚེར་མ་དང་གསེག་མ་དང་གྱོ་མོ་རྣམས་ཀྱིས་རྐང་པ་སྣད་པར་མི་འགྱུར་བ་དང་རྫུ་འཕྲུལ་ཐོབ་པར་འགྱུར་བ་དང་དེ་ལ་རིམ་ གྲོ་བྱེད་པ་དང་ལྡན་པར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་ལྷམ་བྱིན་པའི་ཕན་ཡོན་ནོ། །སྣོད་སྤྱད་བྱིན་པའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་ཡོན་ཏན་གྱི་སྣོད་ལྟ་བུར་འགྱུར་བ་དང་མདོག་སྣུམ་པར་འགྱུར་བ་དང་སེམས་ཀྱི་རྒྱུད་མཉེན་པར་འགྱུར་བ་དང་སྐོམ་པར་མི་འགྱུར་བ་དང་སྐོམ་ན་ཡང་ཆུ་འབྱུང་བར་འགྱུར་བ་དང་ཡི་དགས་སུ་སྐྱེ་བར་མི་འགྱུར་ བ་དང་ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་སྣོད་སྤྱད་བྱིན་པའི་ཕན་ཡོན་ནོ། །ཁ་ཟས་སྦྱིན་པའི་ 67-1-314b ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། ཚེ་རིང་བར་འགྱུར་བ་དང་མདོག་བཟང་བར་འགྱུར་བ་དང་སྟོབས་དང་ལྡན་པར་འགྱུར་བ་དང་དྲན་པ་དང་ལྡན་ཞིང་སྤོབས་པ་དང་ལྡན་པར་འགྱུར་བ་དང་བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང་ འཁོར་འདུན་པར་འགྱུར་བ་དང་ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་ཁ་ཟས་བྱིན་པའི་ཕན་ཡོན་ནོ། །བཞོན་ པ་བྱིན་པའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། རྐང་པ་ཤིན་དུ་གཞོན་ཤ་ཆགས་པར་འགྱུར་བ་དང་རྐང་པ་ཤིན་དུ་གནས་པར་འགྱུར་བ་དང་རྐང་པས་འགྲོ་བ་ན་ལུས་ངལ་བར་མི་འགྱུར་བ་དང་བདེ་བར་འགྱུར་བ་དང་མི་མཛའ་བ་མང་བར་ མི་འགྱུར་བ་དང་རྫུ་འཕྲུལ་གྱི་རྐང་པ་རྒྱ་ཆེན་པོ་འཐོབ་པར་འགྱུར་བ་དང་བཞོན་པ་རྣམས་ཀྱིས་བྲེལ་བར་མི་འགྱུར་བ་དང་རིམ་གྲོ་བྱེད་པ་དང་ལྡན་པར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ་ བཅུ་པོ་དེ་དག་ནི་བཞོན་པ་བྱིན་པའི་ཕན་ཡོན་ནོ། །གནས་བྱིན་པའི་ཕན་ཡོན་ནི་རབ་ཏུ་མང་སྟེ། མང་པོ་གང་ཞེ་ན། དེ་ལ་འཇིགས་པ་མི་འབྱུང་ངོ་། །གདིང་བ་དང་བགོ་བ་ཤིན་དུ་འཇམ་པོ་རྙེད་པར་འགྱུར་རོ། །ལྷ་དང་མི་རྣམས་ཀྱི་འདོད་པའི་ ཡོན་ཏན་ལྔ་རྙེད་པར་འགྱུར་རོ། །གལ་ཏེ་འདོད་དེ་རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་བར་གྱུར་ཅིག་ཅེ་འམ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་བར་གྱུར་ཅིག་ཅེ་འམ་ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་བར་གྱུར་ཅིག་ཅེ་ ན་དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། །གལ་ཏེ་འདོད་དེ་བདག་གྲོང་གི་གཙོ་བོར་གྱུར་ཅིག་ཅེ་འམ་གྲོང་ཁྱེར་གྱི་གཙོ་བོར་གྱུར་ཅིག་ཅེ་འམ་གྲོང་རྡལ་གྱི་གཙོ་བོར་གྱུར་ཅིག་ཅེ་འམ་རི་བྲགས་ཀྱི་རྒྱལ་པོར་གྱུར་ཅིག་ཅེ་འམ་རྒྱལ་ཕྲན་དུ་གྱུར་ཅིག་ ཅེ་འམ་རྒྱལ་པོ་བཙན་པར་གྱུར་ཅིག་ཅེ་ན་དེའི་སྨོན་ལམ་དེ་བཞིན་དུ་འགྲུབ་པར་འགྱུར་རོ། །གལ་ཏེ་འདོད་དེ་གླིང་གཅིག་པའི་རྒྱལ་པོར་གྱུར་ཅིག་ཅེ་འམ་གླིང་གཉིས་ཀྱི་རྒྱལ་པོར་གྱུར་ཅིག་ཅེ་འམ་གླིང་གསུམ་གྱི་རྒྱལ་པོར་གྱུར་ཅིག་ཅེ་འམ་ 67-1-315a འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཅིག་ཅེ་ན་དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། །གལ་ཏེ་འདོད་དེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་ན་ཡང་དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། ། སུམ་བཅུ་རྩ་གསུམ་དང་འཐབ་བྲལ་དང་དགའ་ལྡན་དང་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་ན་ཡང་དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། །གལ་ཏེ་འདོད་དེ། བདག་ཚངས་ རིགས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་ན་ཡང་དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། །ཚངས་པའི་འདུན་ན་འདོན་དང་ཚངས་ཆེན་དང་འོད་ཆུང་དང་ཚད་མེད་འོད་དང་འོད་གསལ་དང་དགེ་ཆུང་དང་ཚད་མེད་དགེ་དང་དགེ་ རྒྱས་དང་སྤྲིན་མེད་དང་བསོད་ནམས་སྐྱེས་དང་འབྲས་བུ་ཆེ་བ་དང་མི་ཆེ་བ་དང་མི་གདུང་བ་དང་གྱ་ནོམ་སྣང་དང་ཤིན་དུ་མཐོང་དང་འོག་མིན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་ན་ཡང་དེའི་སྨོན་པ་དེ་འགྲུབ་པར་འགྱུར་ རོ། །གལ་ཏེ་འདོད་དེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་ཆུང་ཟད་མེད་པའི་སྐྱེ་མཆེད་དང་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ ཅིག་ཅེ་ན་ཡང་དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། །གལ་ཏེ་འདོད་དེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱའོ་ཞེ་ན་ཡང་དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། །གལ་ཏེ་འདོད་དེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་ཕྱིར་མི་འོང་ བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་དང་བྱང་ཆུབ་མངོན་དུ་བྱའོ་ཞེ་ན་ཡང་དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། །གལ་ཏེ་འདོད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་ཅིག་ ཅེ་ན་ཡང་དེའི་སྨོན་པ་དེ་འགྲུབ་པར་འགྱུར་ཏེ། མང་པོ་དེ་དག་ནི་གནས་བྱིན་པའི་ཕན་ཡོན་ནོ། །བཏུང་བ་བྱིན་པའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། དབང་པོ་ཐམས་ཅད་ཡོངས་སུ་ཚང་བར་འགྱུར་བ་དང་དཔྲལ་བ་དག་ཅིང་འཛུམ་ 67-1-315b པའི་བཞིན་དུ་འགྱུར་བ་དང་ཡོན་ཏན་དང་ལྡན་པར་འགྱུར་བ་དང་སེམས་ཀྱི་རྒྱུད་མཉེན་པར་འགྱུར་བ་དང་སྐོམ་པར་མི་འགྱུར་བ་དང་སྐོམ་ན་ཡང་ཆུ་འབྱུང་བར་འགྱུར་བ་དང་ཡི་དགས་སུ་སྐྱེ་བར་མི་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་ བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་བཏུང་བ་བྱིན་པའི་ཕན་ཡོན་ནོ། །རབ་ཏུ་བྱུང་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། དེ་བུ་དང་ཆུང་མ་དང་ནོར་ལ་སྲེད་པར་མི་ འགྱུར་བ་དང་དེ་འདོད་པའི་ཡོངས་སུ་འཛིན་པར་མི་འགྱུར་བ་དང་དགོན་པར་གནས་པ་ལ་དགའ་བ་དང་སངས་རྒྱས་ལ་གུས་པར་འགྱུར་བ་དང་བདུད་ཀྱི་སྤྱོད་ཡུལ་རྣམ་པར་སྤོང་བ་དང་བདེ་འགྲོ་ཐོབ་པར་བྱེད་པའི་ཆོས་རྣམས་ཡོངས་སུ་ ཚོལ་བ་དང་ངན་འགྲོ་འཐོབ་པར་བྱེད་པའི་ཆོས་རྣམས་སྤོང་བ་དང་ལྷ་དང་མིར་སྨོན་པ་མེད་པ་དང་རྟག་ཏུ་དེ་བཞིན་གཤེགས་པའི་གསུང་རབ་ལ་རབ་ཏུ་འབྱུང་བར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ ངན་ལས་འདའ་བ་སྟེ་ཆོས་བཅུ་པོ་དེ་དག་ནི་རབ་ཏུ་བྱུང་བའི་ཕན་ཡོན་ནོ། །དགོན་པ་ལ་གནས་པའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། འདུ་འཛི་རྣམ་པར་སྤོང་བ་དང་རབ་ཏུ་དབེན་པ་ལ་སྟེན་པ་དང་དེའི་སེམས་བསམ་གཏན་ལ་ དམིགས་པར་འགྱུར་བ་དང་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྨོན་པ་དང་དགའ་བ་དང་བདེ་བ་དང་ཡིད་བདེ་བ་ལུས་ལ་སྐྱེད་པ་དང་དེ་ལ་བར་དུ་གཅོད་པར་མི་འགྱུར་བ་དང་ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱི་དོན་ཆེར་ཤེས་པར་འགྱུར་བ་ དང་ཞི་གནས་འཐོབ་པ་དང་ལྷག་མཐོང་ཐོབ་པ་སྟེ་བཅུ་པོ་དེ་དག་ནི་དགོན་པ་ལ་གནས་པའི་ཕན་ཡོན་ནོ། །བསོད་སྙོམས་ལེན་པའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། དེ་འགྲོ་བ་ལ་གོམས་པར་འགྱུར་བ་དང་དེ་སྤྱོད་ཡུལ་ལ་གོམས་ པར་འགྱུར་བ་དང་ང་རྒྱལ་བཅག་པར་འགྱུར་བ་དང་བདག་རྙེད་པ་ལ་སྦྱོར་བ་དང་གཞན་དག་ཀྱང་བསོད་ནམས་ལ་རབ་ཏུ་འགོད་པ་དང་། སྟོན་པའི་བསྟན་པ་ཡོངས་སུ་སྟོན་པ་དང་ཕྱི་མའི་སྐྱེ་བོ་ལ་སྣང་བར་བྱས་པར་འགྱུར་བ་དང་ཚངས་ 67-1-316a པ་མཚུངས་པར་སྤྱོད་པ་རྣམས་ལ་ཉམ་ང་བ་མེད་པར་བྱས་པར་འགྱུར་བ་དང་དམའ་བའི་སེམས་ཉེ་བར་གཞག་པར་འགྱུར་བ་དང་བསོད་སྙོམས་ཀྱིས་ཡོངས་སུ་དུལ་བའི་དགེ་སྦྱོང་གི་ཕྱོགས་ལ་མུན་པ་མེད་པར་སྣང་ བའོ། །འཇིགས་པ་མེད་པའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། འཇིགས་པ་མེད་པར་གྲོང་དུ་འཇུག་པ་དང་འཇིགས་པ་མེད་པར་གྲོང་ནས་འབྱུང་བ་དང་འཇིགས་པ་མེད་པར་ཁྱིམ་རྣམས་སུ་འགྲོ་བ་དང་འཇིགས་པ་མེད་ པར་འཁོར་རྣམས་ལ་ཆོས་སྟོན་པ་དང་འཇིགས་པ་མེད་པར་དགེ་འདུན་གྱི་ནང་དུ་འཇུག་པ་དང་འཇིགས་པ་མེད་པར་སློབ་དཔོན་དང་མཁན་པོའི་དྲུང་དུ་འགྲོ་བ་དང་འཇིགས་པ་མེད་པར་བྱམས་པའི་སེམས་ཀྱིས་སློབ་མའི་གན་ དུ་འགྲོ་བ་དང་འཇིགས་པ་མེད་པར་གོས་དང་ཟས་དང་མལ་ཆ་དང་ན་བའི་གསོས་སྨན་དང་ཡོ་བྱད་རྣམས་ཡོངས་སུ་སྤྱོད་པ་དང་འཇིགས་པ་མེད་པར་ཁ་ཏོན་འདོན་པ་དང་། འཇིགས་པ་མེད་པར་ཚེ་འཕོ་བའི་དུས་བྱེད་པའོ། །བྲམ་ ཟེའི་ཁྱེའུ་དེ་ལྟར་ན། སེམས་ཅན་རྣམས་ནི་བདག་གི་ལས་ལས་གྱུར་པ་ལས་ཀྱི་རྒྱུ་ལས་སྐྱེས་པ་ལས་ཀྱི་སྐལ་བ་ལ་སྤྱོད་པ་ལས་ལ་རྟེན་པ་ཡིན་ཏེ་སེམས་ཅན་རྣམས་ནི་ལས་ཀྱིས་རབ་དང་འབྲིང་དང་ཐ་མར་རྣམ་པར་ཕྱེ་བའོ་ཞེས་ ངས་གང་སྨྲས་པ་དེ་ནི་འདི་ལས་དགོངས་ཏེ་སྨྲས་སོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་བྲམ་ཟེའི་ཁྱེའུ་ཤུ་ཀ་བཅོམ་ལྡན་འདས་ལ་སེམས་མངོན་པར་དད་དོ། །དེ་ནས་བྲམ་ཟེའི་ཁྱེའུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། །གཽ་ཏ་མ་ཁྱོད་མཉན་དུ་ཡོད་པར། དགེ་བསྙེན་གཞན་དག་གི་ཁྱིམ་དུ་གཤེགས་པར་དགོངས་ན། བདག་གི་ཕ་བྲམ་ཟེ་ཏོའུ་ད་ཡའི་ཁྱིམ་དུ་ཡང་གཤེགས་པར་དགོངས་སུ་གསོལ། དེ་ནི་བྲམ་ཟེ་ཏོའུ་དེ་ཡའི་ཁྱིམ་དུ་ ཡུན་རིང་པོའི་དོན་དུ་བདེ་བ་དང་ཕན་པར་འགྱུར་རོ། །བཅོམ་ལྡན་འདས་ཅང་མི་གསུང་བས་བྲམ་ཟེའི་ཁྱེའུ་ཤུ་ཀ་ལ་གནང་བ་མཛད་དོ། །དེ་ནས་བྲམ་ཟེའི་ཁྱེའུ་ཤུ་ཀས། བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ 67-1-316b ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ། རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་གན་ནས་སོང་ངོ་། །ལས་རྣམ་པར་འབྱེད་པ་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཀརྨ་བི་བྷང་ ག་ནཱ་མ་དྷ་རྨ་གྲན་ཐ། བོད་སྐད་དུ། ལས་ཀྱི་རྣམ་པར་འགྱུར་བ་ཞེས་བྱ་བ་ཆོས་ཀྱི་གཞུང་། བམ་པོ་གཅིག་གོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་ གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ལྷན་ཅིག་ཏུ་བཞུགས་ཏེ། དེ་ནས་ ཏོ་འུ་ཏེ་ཡའི་བུ་ཤུ་ཀོ་མ་ན་བ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་ཡང་དག་པར་མགུ་བ་དང་། ཡང་དག་པར་རངས་པའི་གཏམ་རྣམ་པ་མང་པོ་བཤད་དེ་ཕྱོགས་གཅིག་ཏུ་ འདུག་གོ། །ཏོའུ་ཏེ་ཡའི་བུ་ཤུ་ཀོ་མ་ན་བ་ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་ཁྱོད་ལ་བདག་ཅུང་ཤས་ཤིག་འདྲི་ན་དྲིས་པའི་ལན་སླར་བཀའ་སྩལ་དུ་གསོལ། དེ་སྐད་ཅེས་ གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཏོའུ་ཏེ་ཡའི་བུ་ཤུ་ཀོ་མ་ན་བ་ལ་འདི་སྐད་ཅེས་གསུངས་སོ། །མ་ན་བ་ཇི་ལྟར་འདོད་པ་བཞིན་དུ་དྲིས་ཤིག །ངས་ཁྱོད་ལ་བཤད་པར་བྱའོ། །དེ་ནས་ཏོ་འུ་ཏེ་ཡའི་བུ་ཤུ་ཀོ་མ་ན་ བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་སེམས་ཅན་རྣམས་ལ་ཚེ་ཐུང་བ་དང་། ཚེ་རིང་བ་དང་། ནད་མང་བ་དང་། ནད་ཉུང་བ་དང་། མི་སྡུག་པ་དང་། བཟང་པོ་དང་། དབང་ཆུང་བ་དང་། དབང་ཆེ་བ་དང་། མ་རབས་ ཀྱི་རིགས་དང་། ཡ་རབས་ཀྱི་རིགས་དང་། དབུལ་པོ་དང་། ཕྱུག་པོ་དང་། ངན་པ་དང་། ཤེས་རབ་ཆེ་ཆུང་དང་། སྐྱིད་སྡུག་ལ་སོགས་པ་རྣམ་པ་མང་དུ་མཆིས་ན་ཀྱེ་གཽ་ཏ་མ་ལས་ཀྱི་རྣམ་པར་སྨིན་པ་གང་གི་ཕྱིར་ན་སེམས་ཅན་སྣ་མང་པོར་འགྱུར་ 67-1-317a བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ན་བ་ཁྱོད་ཉོན་ལ་དགེ་བར་ཤིན་དུ་ཡིད་ལ་ཟུང་ཤིག་དང་། དེའི་ཕྱིར་ངས་བཤད་དོ། །མ་ན་བ་སེམས་ཅན་རྣམས་ནི་ཚེ་རབས་ཀྱི་ལས་ལས་གྱུར་ཏེ། སྦྱིན་པའི་རྣམས་ཀྱང་ལས། སྐྱེ་བའི་རྣམས་ཀྱང་ལས། སོ་སོར་རྒྱུ་བ་ཡང་ལས་ཏེ། མ་ན་བ་སེམས་ཅན་རྣམས་ནི་ལས་ཀྱིས་རྣམ་པར་བསྒྱུར་རོ། །དེ་བས་ན་ངན་པ་དང་། བར་མ་དང་། བཟང་པོའི་ཕྱིར་སེམས་ཅན་རྣམ་པ་མང་པོ་ཡང་ལས་རྣམ་པ་མང་པོ་དང་། མྱ་ངན་ རྣམ་པ་མང་པོ་དང་། ལྟ་བ་རྣམ་པ་མང་པོར་སྦྱར་བ་དེ་འདི་ལྟར་ནག་པོ་དང་། དཀར་པོ་ལས་རྣམ་པར་སྨིན་པའི་འབྲས་བུ་བཤད་དོ། །མ་ན་བ་འདི་ལྟ་སྟེ། ལས་ནག་པོ་རྣམས་ཀྱིས་ནི་སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་ དགས་དང་། རིང་དུ་འཁྱམས་པ་དང་། ཨ་སུ་ར་ལ་སོགས་པ་ངན་སོང་དུ་སྐྱེའོ། །ལས་དཀར་པོ་བགྱིས་པ་རྣམས་ཀྱིས་ནི་ལྷ་དང་མིར་སྐྱེའོ། །མ་ན་བ་དེ་ལྟ་བས་ན་ལས་ཀྱི་རྣམ་པར་སྨིན་པས་ཚེ་ཐུང་བ་ཡང་ཡོད། ལས་ཀྱིས་ཚེ་རིང་ པོར་གྱུར་པ་ཡང་ཡོད། ལས་ཀྱིས་ནད་མང་པོར་གྱུར་པ་ཡང་ཡོད། ལས་ཀྱིས་ནད་ཉུང་ངུར་འགྱུར་བ་ཡང་ཡོད། ལས་ཀྱིས་མི་སྡུག་པར་འགྱུར་བ་ཡང་ཡོད། ལས་ཀྱིས་བཟང་པོར་འགྱུར་བ་ཡང་ཡོད། ལས་ཀྱིས་དབང་ཆུང་ངུར་ འགྱུར་བ་ཡང་ཡོད། ལས་ཀྱིས་དབང་ཆེ་བར་འགྱུར་བ་ཡང་ཡོད། ལས་ཀྱིས་མ་རབས་ཀྱི་རིགས་སུ་འགྱུར་བ་ཡང་ཡོད། ལས་ཀྱིས་ཡ་རབས་ཀྱི་རིགས་སུ་འགྱུར་བ་ཡང་ཡོད། ལས་ཀྱིས་དབུལ་པོར་འགྱུར་བ་ཡང་ཡོད་ ལས་ཀྱིས་ཕྱུག་པོར་འགྱུར་བ་ཡང་ཡོད། ལས་ཀྱིས་ངན་པར་འགྱུར་བ་ཡང་ཡོད། ལས་ཀྱིས་ཤེས་རབ་ཆེན་པོར་འགྱུར་བ་ཡང་ཡོད། ལས་ཀྱིས་སེམས་ཅན་དམྱལ་བར་འགྱུར་བ་ཡང་ཡོད། ལས་ཀྱིས་བྱོལ་སོང་གི་སྐྱེ་ གནས་སུ་འགྱུར་བ་ཡང་ཡོད། ལས་ཀྱིས་རིང་དུ་འཁྱམ་པར་འགྱུར་བ་ཡང་ཡོད། ལས་ཀྱིས་ཨ་སུ་རར་སྐྱེ་བར་འགྱུར་བ་ཡང་ཡོད། ལས་ཀྱིས་མིར་སྐྱེ་བར་འགྱུར་བ་ཡང་ཡོད། ལས་ཀྱིས་གཟུགས་ཡོད་པའི་ལྷར་སྐྱེ་བ་ 67-1-317b ཡང་ཡོད། ལས་ཀྱིས་གཟུགས་མེད་པའི་ལྷར་སྐྱེ་བ་ཡང་ཡོད། ལས་བཞིན་དུ་མི་འགྱུར་བར་སྐྱེ་བ་ཡང་ཡོད། ལས་ཀྱིས་འགྱུར་བར་སྐྱེ་བ་ཡང་ཡོད། ལས་ཀྱིས་ཡུལ་གཞན་དུ་སྐྱེ་བར་འགྱུར་བ་ཡང་ཡོད། ལས་མ་བསམས་ པར་བྱས་པས་སྐྱེ་བར་འགྱུར་བ་ཡང་ཡོད། ལས་བསམས་ཏེ་མ་བྱས་ཀྱང་སྐྱེ་བར་འགྱུར་བ་ཡང་ཡོད། ལས་བསམས་ཏེ་བྱས་ནས་སྐྱེ་བར་འགྱུར་བ་ཡང་ཡོད། ལས་མ་བསམས་མ་བྱས་ཀྱང་སྐྱེ་བར་འགྱུར་བ་ཡང་ཡོད་དོ། ། གང་ཟག་ལས་འདི་ལྟ་བུ་འདུས་པས་ན་སེམས་ཅན་དམྱལ་བར་སྐྱེས་ནས་སེམས་ཅན་དམྱལ་བའི་ཚེ་ཀུན་རྫོགས་ཏེ། སྐྱེ་བའི་ལས་ཀྱང་ཡོད། གང་ཟག་ལས་འདི་ལྟ་བུ་འདུས་པས་ན་སེམས་ཅན་དམྱལ་བའི་ཚེ་ཕྱེད་ཟད་ནས་ སྐྱེ་བའི་ལས་ཀྱང་ཡོད་དོ། །སེམས་ཅན་དམྱལ་བར་ཕྱིན་མ་ཐག་ཏུ་སྐྱེས་པ་ཡང་ཡོད། གང་ཟག་ཡང་ལས་འདི་ལྟ་བུ་འདུས་པས་ན་སྔར་བདེ་བ་ལ་ཕྱི་ནས་མི་བདེ་བའི་ལས་ཀྱང་ཡོད། གང་ཟག་ཡང་འདི་ལྟ་བུ་འདུས་པས་ ན་སྔར་མི་བདེ་བ་ལ་ཕྱི་ནས་བདེ་བར་གྱུར་པའི་ལས་ཀྱང་ཡོད། སེམས་ཅན་གང་ཟག་ཐམས་ཅད་ཀྱང་འདི་ལྟ་བུ་འདུས་པས་ན་སྔར་བདེ་ལ་ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་ཀྱང་ཡོད། གང་ཟག་ཡང་འདི་ལྟ་བུ་འདུས་པས་ན་ སེར་སྣ་བྱེད་པའི་ལས་ཀྱང་ཡོད། གང་ཟག་ཡང་འདི་ལྟ་བུ་འདུས་པས་ན་དབུལ་བ་གཏོང་ཕོད་པའི་ལས་ཀྱང་ཡོད། གང་ཟག་ཡང་འདི་ལྟ་བུ་འདུས་པས་ན་ཕྱུག་པོར་འགྱུར་ཞིང་གཏོང་ཕོད་པའི་ལས་ཀྱང་ཡོད། གང་ཟག་ཡང་འདི་ ལྟ་བུ་འདུས་པས་ན་དབུལ་བ་སེར་སྣ་ཅན་དུ་འགྱུར་བའི་ལས་ཀྱང་ཡོད་དོ། །གང་ཟག་ཚེ་ཟད་ལ་ལས་མ་ཟད་པ་ཡང་ཡོད། གང་ཟག་ལས་ཟད་ལ་ཚེ་མ་ཟད་པ་ཡང་ཡོད། གང་ཟག་ཚེ་དང་ལས་བཅས་ཏེ་ཟད་པར་འགྱུར་ བ་ཡང་ཡོད། གང་ཟག་ཚེ་དང་ལས་བཅས་ཏེ་མ་ཟད་ཀྱང་མྱ་ངན་སྤངས་པར་འགྱུར་བ་ཡང་ཡོད། གང་ཟག་ལུས་བདེ་ལ་སེམས་མི་བདེ་བར་འགྱུར་བ་ཡང་ཡོད། གང་ཟག་ལུས་ཀྱང་བདེ་ལ་སེམས་ཀྱང་བདེ་བར་འགྱུར་བ་ 67-1-318a ཡང་ཡོད། གང་ཟག་ལུས་མི་བདེ་ལ་སེམས་ཀྱང་མི་བདེ་བར་འགྱུར་བ་ཡང་ཡོད། གང་ཟག་ལས་འདི་ལྟ་བུ་འདུས་པས་ན་སེམས་ཅན་ངན་པའི་སར་སྐྱེས་ཏེ། གཟུགས་ངན་པ་དང་། བཟང་པོ་དང་། སྡུག་གུ་དང་། ཁ་ དོག་མཛེས་པ་དང་། མདོག་སྣུམ་པ་དང་། མཐོང་ན་དགའ་བའི་ལས་ཀྱང་ཡོད། གང་ཟག་ཡང་ལས་འདི་ལྟ་བུ་འདུས་པས་ན་ངན་པའི་སར་ཡང་སྐྱེས་ལ་གཟུགས་ངན་པ་དང་། ལུས་རྩུབ་པ་དང་། མི་སྡུག་པར་སྣང་བ་དང་། མཐོང་ ན་ཡིད་དུ་མི་འོང་བའི་ལས་ཀྱང་ཡོད་དེ། མ་ན་བ་ཡང་འདི་ལྟ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་བྱས་པའི་རྒྱུས་ཕྱི་རོལ་གྱི་ཡུལ་སའི་དོན་ངན་དུ་འགྱུར་བ་ཡང་ཡོད་དོ། །དེ་ལ་ཇི་ལྟར་ལས་ཀྱིས་ཚེ་ཐུང་བར་འགྱུར་ཞེ་ན། ཆོས་བཅུས་ན་ཚེ་ཐུང་བར་འགྱུར་ཞེ་ན། བཅུ་གང་ཞེ་ན། སྲོག་གཅོད་པ། སྲོག་གཅོད་དུ་བཅུག་པ། སྲོག་གཅོད་པ་ལ་སྟོད་པ། སྲོག་གཅོད་པ་ལ་སྨིན་པ། མངལ་གནས་མེད་པར་བྱེད་པ། མངལ་གནས་མེད་པར་བྱེད་དུ་བཅུག་པ་ དགྲ་བོ་ལ་བསད་པར་སེམས་པ། མི་མཛའ་བ་ཤི་ན་དགའ་བ། རྟེན་བཅས་ཤིང་སེམས་ཅན་བསད་པ། ཐབ་མོ་ལ་ལྟ་ཞིང་དད་པ་དང་བཅུ་སྟེ། ཆོས་འདི་བཅུས་ན་ཚེ་ཐུང་ཞིང་ནད་མང་བར་འགྱུར་རོ། །ཇི་ལྟར་ལས་བཟང་པོ་བྱས་པས་ཚེ་ རིང་པོར་འགྱུར་ཞེ་ན། ཆོས་རྣམ་པ་བཅུས་ན་ཚེ་རིང་པོར་འགྱུར་ཏེ། བཅུ་གང་ཞེ་ན། སྲོག་གཅོད་པ་སྤངས་པ། སྲོག་གཅོད་པ་སྤོང་བར་བྱེད་པ། སྲོག་གཅོད་པ་སྤངས་པ་ལ་སྟོད་པ། སྲོག་གཅོད་པ་སྤངས་པ་ལ་སྨོན་པ། བསད་པར་ ཆད་པའི་སེམས་ཅན་རྣམས་གཏོང་བ། བསོད་པར་ཆད་པའི་མི་རྣམས་གཏོང་བ། འཇིགས་ཤིང་སྐྲག་པའི་སེམས་ཅན་རྣམས་སྐྱབས་བྱས་པ། མགོན་མེད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བར་སེམས་པ། ན་བའི་སེམས་ཅན་རྣམས་ ལ་བྱམས་པས་སྡུད་པ། བྲེལ་ཞིང་ཕོངས་པའི་སེམས་ཅན་རྣམས་ལ་གོས་དང་ཟས་སྐོམ་སྦྱིན་པ་དང་ཆོས་བཅུས་ན་ཚེ་རིང་ཞིང་ནད་མེད་པར་འགྱུར་རོ། །ཇི་ལྟར་ལས་ཀྱིས་ནད་མང་པོ་འགྱུར་ཞེ་ན། ཆོས་བཅུས་ན་ནད་མང་པོར་འགྱུར་ཏེ། བཅུ་ 67-1-318b གང་ཞེ་ན། དབྱུག་པ་དང་ཐལ་མོ་ལ་སོགས་པས་བཙོགས་པ་དང་། དབྱུག་པ་དང་། ཐལ་མོ་ལ་སོགས་པས་འཚོག་ཏུ་བཅུག་པ་དང་། དབྱུག་པ་དང་ཐལ་མོ་ལ་སོགས་པས་འཚོག་པ་ལ་སྟོད་པ་དང་། དབྱུག་པ་དང་ཐལ་མོ་ལ་སོགས་པས་འཚོག་ པ་ལ་སྨོན་པ་ཕ་མ་རྣམས་ཀྱི་སེམས་ཉོན་མོངས་པ། མྱ་ངན་བསྲིང་བ་རྣམས་ཀྱི་སེམས་ཉོན་མོངས་པ་མི་མཛའ་བ་རྣམས་ན་ན་དགའ་བ། མི་མཛའ་བ་རྣམས་ནད་མི་སོས་ན་དགའ་བ། སྨན་ལོག་པ་བྱིན་པ། ཟས་མི་ཞུ་བ་ཟ་བ་དང་བཅུ་སྟེ། ཆོས་ འདི་བཅུས་ན་ནད་མང་བར་འགྱུར་རོ། །ཇི་ལྟར་ལས་བཟང་པོ་བྱས་པས་ནད་ཉུང་ངུར་འོང་ཞེ་ན། ཆོས་བཅུས་ན་ནད་ཉུང་བར་འགྱུར་ཏེ། བཅུ་གང་ཞེ་ན། དབྱུག་པ་དང་ཐལ་མོ་ལ་སོགས་པས་གཞན་མི་འཚོག་པ། དབྱུག་པ་དང་ཐལ་མོ་ ལ་སོགས་པས་འཚོག་ཏུ་མི་གཞུག་པ། དབྱུག་པ་དང་ཐལ་མོ་ལ་སོགས་པས་འཚོག་པ་ལ་མི་སྟོད་པ། དབྱུག་པ་དང་ཐལ་མོ་ལ་སོགས་པས་འཚོག་པ་ལ་མི་སྨོན་པ། ཕ་མ་ལ་སོགས་པ་ན་བ་རྣམས་ལ་རིམ་གྲོ་བྱེད་པ། མྱ་ངན་ བསྲིངས་པ་རྣམས་ན་བ་ལ་རིམ་གྲོ་བྱེད་པ། མི་མཛའ་བ་རྣམས་ན་ན་མི་དགའ་བ། མི་མཛའ་བ་རྣམས་ནད་སོས་ན་དགའ་བ། ནད་པ་ལ་སྨན་བྱིན་པ། ཟས་ཞུ་ནས་ཟ་བ་དང་བཅུ་སྟེ། ཆོས་འདི་བཅུས་ནད་ཉུང་བར་འགྱུར་རོ། །ཇི་ལྟར་ལས་ ཀྱིས་མི་སྡུག་པར་འགྱུར་ཞེ་ན། ཆོས་བཅུས་མི་སྡུག་པར་འགྱུར་ཏེ། བཅུ་གང་ཞེ་ན། ཁྲོ་བ་གནོང་བཅབས་པ། ཅུང་ཟད་ལས་ཀྱང་འཁོན་དུ་འཛིན་པ། གཏུམ་པ་ཕ་མ་རྣམས་ལ་ངན་དུ་སྨྲ་བ། མྱ་ངན་བསྲིངས་པ་རྣམས་ལ་ངན་དུ་སྨྲ་ བ། མྱ་ངན་བསྲིངས་པའི་སྤྱད་པ་ཀུན་ལ་ངན་དུ་བྱེད་པ། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་འོད་གཅོད་པ། གང་ཟག་མི་སྡུག་པ་རྣམས་ལ་མངོན་ཅན་བྱེད་པ་ཅི་ལ་ཡང་མི་གཙང་བར་བྱེད་པ་འདི་དང་ཆོས་བཅུའོ། །ཇི་ལྟར་ལས་ ཀྱིས་བཟང་པོར་འགྱུར་ཞེ་ན། ཆོས་བཅུས་བཟང་པོར་འགྱུར་ཏེ། བཅུ་གང་ཞེ་ན། མི་ཁྲོ་བ་གོས་བྱིན་པ། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་རྟག་ཏུ་ཕྱག་དར་བྱེད་པ། གཙུག་ལག་ཁང་ལ་བྱི་དོར་བྱེད་པ། ཕ་མ་ལ་སྙན་དུ་ 67-1-319a སྨྲ་བ། མྱ་ངན་ལས་བསྲིངས་པ་རྣམས་ལ་སྙན་དུ་སྨྲས་པ། གང་ཟག་མི་སྡུག་པ་རྣམས་ལ་མངོན་ཅན་མི་བྱེད་པ། ཅི་ལ་ཡང་གཙང་བར་བྱེད་སྟེ། ཆོས་འདི་དང་བཅུའོ། །ཇི་ལྟར་ན་ལས་ཀྱིས་དབང་ཆུང་ངུར་འགྱུར་ཞེ་ན། ཆོས་བཅུས་ན་དབང་ཆུང་ ངུར་འགྱུར་ཏེ། བཅུ་གང་ཞེ་ན། གཞན་གྱིས་ཐོབ་པ་ལ་ཕྲག་དོག་པ་དང་། གཞན་གྱིས་མ་ཐོབ་པ་ལ་དགའ་བ་དང་། གཞན་གྱིས་ཐོབ་པ་ལ་མི་དགའ་བ་དང་། གཞན་སྐྱིད་པ་དང་། གྲགས་པ་དང་། ཚིགས་སུ་བཅད་ཅིང་སྒྲ་བསྟོད་པ་མེད་པ་ལ་དགའ་བ་ གཞན་སྐྱིད་པ་དང་། གྲགས་པ་དང་། ཚིགསུ་བཅད་ཅིང་སྒྲ་བསྟོད་པ་ལ་མི་དགའ་བ། ཕ་མ་དང་དགེ་བའི་གཤེགས་གཉེན་ལ་སྲི་ཞུ་མི་བྱེད་པ། མྱ་ངན་བསིངས་པ་རྣམས་ལ་རིམ་འགྲོ་མི་བྱེད་པ། དབང་ཆུང་ངུ་ལ་མི་དགེ་བའི་རྩ་བ་བསྐྱེད་ པ། དབང་ཆེན་པོ་ལ་དགེ་བའི་རྩ་བ་བཅོད་པ། གང་ཟག་ངན་པ་བྱེད་པ་རྣམས་ལ་སྟོད་པ་འདི་དང་བཅུའོ། །ཇི་ལྟར་ལས་ཀྱིས་དབང་ཆེ་བར་འགྱུར་ཞེས་ན། ཆོས་བཅུས་ན་དབང་ཆེ་བར་འགྱུར་ཏེ། བཅུ་གང་ཞེ་ན། གཞན་གྱིས་ཐོབ་པ་ལ་ ཕྲག་དོག་མི་བྱེད་པ། གཞན་གྱིས་ཐོབ་ན་དགའ་བ། གཞན་གྱིས་མ་ཐོབ་པ་ལ་མི་དགའ་བ། གཞན་སྐྱིད་པ་དང་། གྲགས་པ་དང་། ཚིགསུ་བཅད་ཅིང་སྒྲས་སྟོད་པ་མེད་པ་ལ་མི་དགའ་བ། གྲགས་པ་དང་ཚིགས་སུ་བཅད་ཅིང་སྒྲས་སྟོད་ པ་ལ་དགའ་བ། བྱང་ཆུབ་ཀྱིས་སེམས་སྐྱེས་བར་བྱེད་པ། ཡང་དག་པར་གཤེགས་པའི་མཆོད་རྟེན་དང་གནས་བྱེད་པ། དབང་ཆུང་ངུ་ལ་མི་དགེ་བའི་རྩ་བ་གཅོད་པར་བྱེད་པ། དབང་ཆེན་པོ་རྣམས་ལ་དགེ་བའི་རྩ་བ་སྐྱེད་པ་དང་བཅུའོ། ། ཇི་ལྟར་ལས་ཀྱིས་མ་རབས་སུ་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན་མ་རབས་སུ་སྐྱེ་བར་འགྱུར་ཏེ། བཅུ་གང་ཞེ་ན། ཕ་མ་ལ་ཕ་མར་མི་འཛིན་པ། དགེ་སྦྱོང་དུ་མི་ཤེས་པ། བྲམ་ཟེར་མི་ཤེས་པ། རིགས་ཀྱིས་བརྩུན་པ་ལ་མི་བཀུར་བ། མཁན་པོ་དང་། བླ་མ་དང་། ཐར་པར་ཞུགས་པ་རྣམས་ལ་རིམ་གྲོ་དང་། སྟི་སྟང་དུ་མི་བྱེད་པ་ནམས་ཀྱང་འགྲོན་མི་གཉེར་བ། ཕ་མ་ལ་སྲི་ཞུ། 67-1-319b མི་བྱེད་པ། མཁན་པོ་དང་བླ་མ་དང་། ཐར་པར་ཞུགས་པ་རྣམས་ཁྱད་དུ་གསོད་ཅིང་སྲི་ཞུ་མི་བྱེད་པ། རིགས་ཆེན་པོ་ལས་སྐྱེས་པའི་གང་ཟག་རྣམས་སྤོང་བ། རིགས་ཆུང་ངུ་ལས་སྐྱེས་པའི་གང་ཟག་རྣམས་ལ་བཀུར་བ་འདི་དང་ བཅུའོ། །ཇི་ལྟར་ལས་ཀྱིས་ཡ་རབས་སུ་སྐྱེས་པར་འགྱུར་ཞེས་ན། ཆོས་བཅུས་ན་ཡ་རབས་སུ་སྐྱེས་པར་འགྱུར་སྟེ། བཅུ་གང་ཞེ་ན། ཕ་མ་དྲན་པ་ཐར་པར་ཞུགས་པར་ཤེས་པ། བྲམ་ཟེར་ཤེས་པ་རིགས་ཀྱིས་བཙུན་པ་ལ་བཀུར་བ། མཁན་པོ་དང་། བླ་མ་དང་། ཐར་པར་ཞུགས་པ་རྣམས་དང་། ཐར་པར་སྤྱོད་པ་གཞན་ལ་ཡང་སྟན་ལས་ལངས་ཏེ་སྤག་ཅིང་སྟི་སྟང་རི་མོ་དང་། སྟན་ལ་སོགས་པ་སྟོབས་པ་དང་། ཕ་མ་ལ་སྲི་ཞུ་བྱེད་པ་དང་། མཁན་པོ་དང་། བླ་མ་ ཐར་པར་ཞུགས་པ་རྣམས་ལ་གཞན་ལ་ཡང་སྲི་ཞུ་བྱེད་པ། ཡ་རབ་དང་། མ་རབས་སུ་ཡང་ཁྱད་པར་མི་འབྱེད་ཅིང་སྙོམས་པ། ཡང་དག་པར་གཤེགས་པའི་མཆོད་རྟེན་གྱིས་སྲོག་ཤིང་འཛུགས་པ། མེ་ཏོགས་གི་འཕྲེང་བ་དང་། གདུགས་འཛུགས་པ་དང་བཅུའོ། །ཇི་ལྟར་ལས་ཀྱིས་དབུལ་པོར་འགྱུར་ཞེ་ན། ཆོས་བཅུས་ན་དབུལ་པོར་འགྱུར་ཏེ། བཅུ་གང་ཞེ་ན། མ་བྱིན་པར་ལེན་པར་འཇུག་པ། མ་བྱིན་པར་ལེན་པ་ལ་སྟོད་པ། མ་བྱིན་པར་ལེན་པ་ལ་སྨོན་པ། ཕ་མ་ལ་འཚོ་བ་རྣམས་བཅོད་པ་མཁན་པོ་དང་བླ་མ་དང་། ཐར་པར་ཞུགས་པ་རྣམས་ཀྱི་གཙུག་ལག་ཁང་དང་། གནས་ཁང་དང་། མཆོད་ཅིང་སྤྱོད་པ། ཀུན་གཅོད་པ། གཞན་ཐོབ་ཏུ་མི་དགའ་བ། གཞན་གྱིས་མ་ཐོབ་ན་དགའ་ བ། གཞན་གྱིས་ཐོབ་པ་ལ་བགེགས་བྱེད་པ། མུ་གེ་བྱུང་དུ་སྨོད་པ་དང་། བཅུའོ། །ཇི་ལྟར་ལས་ཀྱིས་ཕྱུག་པོར་འགྱུར་ཞེ་ན། ཆོས་བཅུས་ན་ཕྱུག་པོར་འགྱུར་ཏེ། བཅུ་གང་ཞེ་ན། མ་བྱིན་པར་ལེན་པ་སྤོང་བ། མ་བྱིན་པར་ལེན་པ་སྤོང་བར་འཇུག་པ་མ་བྱིན་ པར་ལེན་པ་སྤོང་བ་ལ་དགའ་བ། ཕ་མ་ལ་འཚོ་བ་ལ་སྦྱིན་པ། མཁན་པོ་དང་བླ་མ་ལྷག་མ་དང་གཞན་རྣམས་ལ་གཙུག་ལག་ཁང་དང་། གནས་དང་རིམ་པར་སྤྱོད་དང་། ཆོས་གོས་པ་དང་། མལ་སྟན་དང་། ན་བའི་གསོས་སྨན་དང་། གཡོག་དང་། འཚོ་བ་སྦྱིན་པ་གཞན་གྱིས་ 67-1-320a ཐོབ་པ་ལ་དགའ་བར་སེམས་པ། གཞན་གྱིས་དོན་ཐོབ་པར་ནན་ཏན་དུ་བསྒྲུབས་པ། གཞན་གྱིས་མ་ཐོབ་པ་ལ་མི་དགའ་བ། ཕྱོགས་བཅུ་ཐམས་ཅད་དུ་ལོ་ལེགས་པར་སྨོན་པ། སྦྱིན་པ་ལ་སོགས་པ་གཏོང་བའི་གང་ཟག་ རྣམས་ལ་རབ་ཏུ་དགའ་བ་དང་བཅུའོ། །ཇི་ལྟར་ལས་ཀྱིས་ངན་པར་འགྱུར་ཞེ་ན། ཆོས་བཅུས་ན་ངན་པར་འགྱུར་ཏེ། བཅུ་གང་ཞེ་ན། གང་ཟག་སུ་ཡང་རུང་སྟེ། འདྲི་མི་ཤེས་པ། ཡང་དག་པའི་ཆོས་མ་ཡིན་པ་ཀུན་འཕེལ་བར་བྱེད་པ་ ཡང་དག་པའི་ཆོས་སྤོང་བ། ཡང་དག་པའི་ཆོས་འཆད་པ་ལ་སྟི་སྟང་དང་རི་མོར་མི་བྱེད་པ། མ་གཙིགས་པར་སྨྲ་བ་ལ་དགེ་བར་སྟོད་པ། ངན་པའི་གང་ཟག་རྣམས་ལ་འཁོར་ཞིང་སྙེན་པ། ཡང་དག་པ་ལ་མཁས་པ་རྣམས་སྤོང་བ་ ལོག་པར་ལྟ་བ་ལ་ཚད་མར་འཛིན་ཅིང་བསྟོད་པ། ཡང་དག་པར་ལྟ་བ་ལ་སྤོང་བ། ཤེས་རབ་དང་ལྡན་པའི་གང་ཟག་རྣམས་ལ་སྤོང་བ་དང་བཅུའོ། །ཇི་ལྟར་ལས་ཀྱིས་ཤེས་རབ་ཆེན་པོར་འགྱུར་ཞེ་ན། ཆོས་བཅུས་ན་ཤེས་རབ་ཆེན་ པོར་འགྱུར་ཏེ། བཅུ་གང་ཞེ་ན། གང་ཟག་སུ་ཡང་རུང་སྟེ། རིམ་པར་འདྲི་ཤེས་པ། མི་མཁས་པའི་དགེ་སྦྱོང་དང་། བྲམ་ཟེ་དང་། ངན་པའི་གང་ཟག་རྣམས་ལ་མི་འཁོར་མི་སྙེན་ཅིང་རི་མོ་སྟི་སྟང་མི་བྱེད་པ། མཁས་པའི་གང་ཟག་ རྣམས་ལ་འཁོར་ཞིང་བསྙེན་ནས་རི་མོ་སྟི་སྟང་བྱེད་པ། ཡང་དག་པའི་ཆོས་མ་ཡིན་པ་ཀུན་གཏོང་བ། ཡང་དག་པའི་ཆོས་འཕེལ་བར་བྱེད་པ། ཆོས་ཀྱི་སྣོད་གང་ཟག་རྣམས་མི་འཇིགས་པ་ལ་གོམས་པར་བྱེད་པ། ཡང་དག་པའི་ཚིག་ སྙན་པར་སྨྲ་བ་ལ་དགེའོ་ཞེས་བསྟོད་པ། ངན་པར་སྨྲ་བ་ལ་དགེའོ་ཞེས་མི་བསྟོད་པ། ལོག་པར་ལྟ་བ་ལ་མི་སྨོན་པ། ཡང་དག་པར་ལྟ་བ་ལ་བསྟོད་པ་དང་བཅུའོ། །ཇི་ལྟར་ལས་ཀྱིས་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན་སེམས་ཅན་དམྱལ་བར་འགྱུར་ཏེ། བཅུ་གང་ཞེ་ན། ལུས་ཀྱིས་ངན་པ་ཆེར་སྤྱོད་པ། ངག་གིས་ངན་པ་ཆེར་སྤྱོད་པ། ཡིད་ཀྱིས་ངན་པ་ཆེར་སྤྱོད་པ། ཆད་པར་ལྟ་བ། རྟག་པར་ལྟ་བ། བྱ་བའི་མི་རིགས་པར་ལྟ་བ། ཕན་པ་ 67-1-320b མེད་པར་བྱེད་པ། མྱ་ངན་བསྲིངས་པ་ལ་ངན་དུ་སྨྲ་བ། འདོད་པས་ལོག་པར་སྤྱོད་དུ་བཅུག་པ་དང་བཅུའོ། །ཇི་ལྟར་ལས་ཀྱིས་བྱོལ་སོང་དུ་འགྱུར་ཞེ་ན། ཆོས་བཅུས་ན་བྱོལ་སོང་དུ་འགྱུར་ཏེ། བཅུ་གང་ཞེ་ན། ལུས་ཀྱིས་ངན་པར་ འབྲིང་དུ་སྤྱོད་པ། ངག་གིས་ངན་པ་འབྲིང་དུ་སྤྱོད་པ། ཡིད་ཀྱིས་ངན་པ་འབྲིང་དུ་སྤྱོད་པ། འདོད་པ་སྣ་ཚོགས་ཀུན་གཡོས་པའི་ལས་བྱས་པ། ཁྲོ་བ་སྣ་ཚོགས་ཀུན་གཡོས་པའི་ལས་བྱས་པ། གླེན་པ་སྣ་ཚོགས་ཀུན་གཡོས་ པའི་ལས་བྱས་པ། མི་རིགས་པ་བྱིན་པ་བྱོལ་སོང་དུ་འགྱུར་བ་རྣམས་ལ་ཁྲོ་བ། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུས་སེང་གེར་སྐྱེས་པ། བྲམ་ཟེ་ཆད་པར་བྱེད་པ། ཁ་ངན་པར་བྱས་པའི་ལན་གྱིས་སྤྲེའུར་སྐྱེས་པ་ ལྟ་བུ་དང་བཅུའོ། །ཇི་ལྟར་ལས་ཀྱིས་རིང་དུ་འཁྱམས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན་རིང་དུ་ཁྱམས་པའི་འཇིག་རྟེན་དུ་སྐྱེས་བར་འགྱུར་ཏེ། ལུས་ཀྱིས་ངན་པ་ཆུང་ངུ་སྤྱོད་པ། ངག་གིས་ངན་པ་ཆུང་ངུ་ སྤྱོད་པ། ཡིད་ཀྱིས་ངན་པ་ཆུང་ངུ་སྤྱོད་པ། ངན་པ་ལ་དད་པ། ཤིན་ཏུ་དད་པ། ལོག་པས་འཚོ་བ། སེར་སྣ་ལ་དད་ཅིང་མི་གཏོང་བ། སྦྱིན་པ་ལ་གེགས་བྱེད་པ། འདོད་པ་ལ་ཆགས་པ་བཞིན་དུ་ཤི་བ། བྲུ་བ་ཚ་ཞིང་སྐོམ་བཞིན་དུ་ཤི་བ་དང་ བཅུའོ། །ཇི་ལྟར་ལས་ཀྱིས་ཨ་སུ་རའི་འཇིག་རྟེན་པར་འགྱུར་ཞེ་ན། ཆོས་བཅུས་ན་ཨ་སུ་རའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། བཅུ་གང་ཞེ་ན། ཐམས་ཅད་ལ་འང་ལུས་ཀྱིས་ངན་པ་ཅུང་ཟད་སྤྱོད་པ། ཐམས་ཅད་ལའང་ངག་གིས་ངན་པ་ ཆུང་ཟད་སྤྱོད་པ། ཐམས་ཅད་ལ་འང་ཡིད་ཀྱིས་ངན་པ་ཆུང་ཟད་སྤྱོད་པ། ངར་སེམས་པ། མི་མཚུངས་པའི་ང་། ཟླ་ལས་ལྷག་པའི་ང་། གོང་མ་ལས་ལྷག་པའི་ང་། གོང་མ་ལས་ཀྱང་གོང་མའི་ང་། བདག་ལ་མི་སྲིད་པའི་ང་། དགེ་བའི་རྩ་ བ་བསྐྱེད་པ་ལ་ལོག་པར་སྨོན་པ་དང་བཅུ་སྟེ། ཆོས་འདི་བཅུས་ན་ཨ་སུ་རར་སྐྱེ་བར་འགྱུར་རོ། །ཇི་ལྟར་ལས་ཀྱིས་མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན་མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། བཅུ་གང་ཞེ་ན། དགེ་བ་ 67-1-321a བཅུའི་ལམ་མ་ཉམས་ཤིང་མ་གོད་པས་མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཇི་ལྟར་ལས་ཀྱིས་འདོད་པ་དྲུག་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན་འདོད་པ་དྲུག་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཏེ། དགེ་བ་ བཅུའི་ལམ་ལས་མ་ཉམས་ཤིང་བརྩོན་འགྲུས་སུ་བསྡམས་པས་ན་འདོད་པ་དྲུག་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་རོ། །ཇི་ལྟར་ལས་ཀྱིས་གཟུགས་ཡོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན་གཟུགས་ཡོད་པ་ ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཏེ། བཅུ་གང་ཞེ་ན། དགེ་བ་བཅུའི་ལས་ཀྱི་ལམ་ལ་དད་ཅིང་ཕ་རོལ་དུ་ཕྱིན་པ་དྲུག་ཚད་མེད་པ་བཞི་ཀུན་རྫོགས་པ་ནི་གཟུགས་ཡོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་རོ། །ཇི་ལྟར་ལས་ཀྱིས་གཟུགས་ མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཞེ་ན། དགེ་བ་བཅུའི་ཆོས་དང་། མི་གཡོ་བ་འཛིན་པ་བཞིའི་ཆོས་སྤྱད་ན་གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཏེ། མི་གཡོ་བ་བཞི་ནི་གཟུགས་ཐམས་ཅད་ལས་འདས་ཏེ། རིག་པའི་ མིང་ཐམས་ཅད་བརྗོད་དུ་མེད་པ་ནས་ཆོས་སྣ་ཚོགས་སྨྲ་བསམ་ལས་འདས་པར་ནམ་མཁའ་མཐའ་ཡས་པ་བསམས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟེངས་ཀྱི་མི་གཡོ་མི་འཛིན་པ་དང་། ནམ་མཁའ་མཐའ་ ཡས་པའི་སྐྱེ་མཆེད་ཐམས་ཅད་ཀུན་ལས་འདས་ནས་རྣམ་པར་ཤེས་པ་མཐའ་ཡས་པ་བསམས་ནས་རྣམ་པར་ཤེས་པ་མཐའ་ཡས་པའི་སྐྱེ་མཆེད་སྟེངས་ཀྱི་མི་གཡོ་མི་འཛིན་པ་དང་། རྣམ་པར་ཤེས་པ་མཐའ་ ཡས་པའི་སྐྱེ་མཆེད་ཐམས་ཅད་ལས་འདས་ནས་ཅུང་ཟད་ཀྱང་མེད་པར་བསམས་ཏེ། ཅུང་ཟད་མེད་པའི་སྐྱེ་མཆེད་སྟེངས་ཀྱི་མི་གཡོ་མི་འཛིན་པ་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་ལས་འདས་ཏེ། སེམས་མེད་པ་ སེམས་མེད་པ་མ་ཡིན་པ་བསམས་ཏེ། སེམས་མེད་པ་དང་། སེམས་མེད་པ་མ་ཡིན་པའི་སྟེངས་ཀྱི་མི་གཡོ་མི་འཛིན་པ་དང་། ཆོས་བཞིན་གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་རོ། །ཇི་ལྟར་ལས་ཀྱིས་ 67-1-321b བཞིན་མི་འགྱུར་བར་སྐྱེ་བ་གང་ཞེ་ན། དགེ་བའི་རྩ་བ་ལས་བྱས་ལ་དེས་བདག་ཅིར་སྨོན་ལམ་བཏབ་པ་དང་། མཚམས་མེད་པའི་སྡིག་ལས་བྱས་པ་དེ་ལྟ་བུ་ནི་ལས་ཀྱིས་བཞིན་མི་འགྱུར་བར་སྐྱེ་བར་འོང་ངོ་། །ཇི་ལྟར་ལས་ཀྱིས་འགྱུར་ བར་སྐྱེ་ཞེ་ན། སུས་དགེ་བའི་ལས་བྱས་ནས་སྨོན་ལམ་བཏབ་པ་ནི་ལས་དེས་འགྱུར་ཞིང་སྐྱེ་བར་འོང་ངོ་། །ཇི་ལྟར་ལས་ཀྱིས་གང་ཡུལ་གཞན་དུ་སྐྱེ་བར་འགྱུར་ཞེ་ན། སངས་རྒྱས་ཀྱང་རུང་། ཆོས་ཀྱང་རུང་། དགེ་འདུན་ཀྱང་རུང་། ཚུལ་ཁྲིམས་ཐུབ་པའི་གང་ཟག་ཀྱང་རུང་སྟེ། དེ་ལ་ཤིན་དུ་དད་པར་བསམས་ནས་བྱིན་པས་ཡུལ་གཞན་དུ་སྨོན་ལམ་བཏབ་པ་དང་། ལས་གང་བྱས་ཀྱང་རུང་སྟེ། བཟང་པོ་དང་། ངན་པ་གར་འགྱུར་བ་ནི་འདི་ལྟ་སྟེ། དཔེར་ན་ཚོང་ པ་བཞིན་ཏེ། ལས་དེ་ལྟ་བུས་ཡུལ་གཞན་དུ་སོང་ནས་རྣམ་པར་སྨིན་པར་འགྱུར་རོ། །ཇི་ལྟར་ལས་ཀྱིས་མ་བསམས་པར་བྱས་པ་གང་ཞེ་ན། ལས་བྱས་ནས་འགྱོད་པ་དང་། ཁྲེལ་གྱིས་དོགས་པ་དང་། ཉེས་པར་སེམས་པ་དང་། མི་རིགས་པ་དང་། འཆགས་པ་དང་། ཡལ་བར་མི་གཏོང་བ་དང་། སླར་མི་འཇུག་པ་དང་། ད་ཕྱིན་ཅད་མི་བྱེད་པར་དམ་འཆའ་བ་དང་། འདི་ལྟ་བུའི་ལས་ནི་མ་བསམས་པར་བྱས་པའོ། །ཇི་ལྟར་ལས་བསམས་ལ་མ་བྱས་པ་གང་ ཞེ་ན། ལུས་ཀྱིས་མ་བྱས་པ་དང་། སེམས་རྒྱུས་ཤིང་ལས་འདི་བྱའོ་ཞེས་ཁར་སྨྲས་ལ་མ་བྱས་པ་དེ་ལྟ་བུའི་ལས་ནི་བསམས་ཏེ་མ་བྱས་པའོ། །ཇི་ལྟར་ལས་བསམས་ཏེ་བྱས་པ་གང་ཞེ་ན། ལས་གང་བྱས་ཀྱང་རུང་སྟེ་མི་འགྱོད་པ་ ཁྲེལ་གྱིས་མི་དོགས་པ་ཉེས་པར་མི་སེམས་པ། མི་འཆགས་པ། ཡལ་བར་གཏོང་བ། སླར་འཇུག་པ། ཕྱིན་ཅད་མི་བྱེད་པར་དམ་མི་འཆའ་བའོ། །ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན་སེམས་ཅན་ལས་དམྱལ་བར་ སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ་ཀུན་རྫོགས་ནས་སྐྱེ་བའི་ལམ་ཡིན་ཞེ་ན། གང་ཟག་སུ་ཡང་རུང་སྟེ། སེམས་ཅན་དམྱལ་བའི་ལས་བསམས་ཏེ་བྱས་ནས། དེས་ཀྱང་མི་འགྱོད་པ་ཁྲེལ་གྱིས་མི་དོགས་པ་དང་། ཉེས་པར་མི་སེམས་ 67-1-322a པ། མི་རིགས་པར་མི་སེམས་པ། མི་འཆགས་པ། ཡལ་བར་གཏོང་བ། སླར་ངན་དུ་འཇུག་པ། ཕྱིན་ཅད་བྱེད་པར་དམ་འཆའ་བ། དེ་ལྟ་བུའི་སེམས་དགའ་བ་དེ་ལྟ་བུ་སྨོན་པ། དེ་ལྟ་བུའི་ལས་འདུས་པའི་གང་ཟག་སེམས་ ཅན་དམྱལ་བར་སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ་ཀུན་རྫོགས་ནས་སླར་སྐྱེའོ། །ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་སེམས་ཅན་དམྱལ་བར་སྐྱེས་ཏེ་སེམས་ཅན་དམྱལ་བའི་ཚེ་ཕྱེད་ཟད་ནས་སླར་སྐྱེས་བའི་ལས་གང་ཡིན་ཞེ་ ན། གང་ཟག་སུ་ཡང་རུང་། སེམས་ཅན་དམྱལ་བའི་ལས་བྱས་ནས། འགྱོད་པ། ཁྲེལ་གྱིས་དོགས་པ། ཉེས་པར་སེམས་པ། མི་རིགས་པར་སེམས་པ། འཆགས་པ། ཡལ་བར་མི་གཏོང་བ་སླར་ངན་དུ་མི་འཇུག་པ། ཕྱིན་ཅད་མི་བྱེད་པར་དམ་ འཆའ་བ་འདི་ལྟ་བུའི་ལས་འདུས་པའི་གང་ཟག་ནི་སེམས་ཅན་དམྱལ་བར་སྐྱེ་སྟེ། སེམས་ཅན་དམྱལ་བའི་ཚེ་ཕྱེད་ཟད་ནས་སླར་སྐྱེའོ། །ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་སླར་སྐྱེ་བའི་ ལས་གང་ཡིན་ཞེ་ན། གང་ཟག་སུ་འང་རུང་སྟེ། སེམས་ཅན་དམྱལ་བའི་ལས་བསམས་ཏེ་བྱས་ནས་ལས་དེ་བྱས་པ་དང་འགྱོད་པ། ཁྲེལ་གྱི་དོགས་པ། ཉེས་པར་སེམས་པ། མི་རིགས་པར་སེམས་པ། འཆགས་པ། ཡལ་བར་མི་གཏོང་ བ། སླར་ངན་དུ་མི་འཇུག་པ། ཕྱིན་ཅད་མི་བྱེད་པར་དམ་འཆའ་བ། དེ་ལྟ་བུའི་ལས་ལ་ཕྱིས་མི་དགའ་ཞིང་མི་སྨོན་པ་སྤོང་ཞིང་གཏོང་བ། ཕྱིས་ཤིན་དུ་མི་དགའ་བའི་ཡིད་སྐྱོད་པ་འདི་ལྟ་བུའི་ལས་འདུས་པའི་གང་ཟག་ནི་སེམས་ཅན་དམྱལ་ བར་སྐྱེས་མ་ཐག་ཏུ་སླར་སྐྱེས་ཏེ། དེ་ནི་རྒྱལ་པོ་མ་སྐྱེས་དགྲ་བཞིན་ནོ། །ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན་སྔར་བདེ་ལ་ཕྱིས་མི་བདེ་བའི་ལས་གང་ཡིན་ཞེ་ན། གང་ཟག་སུ་འང་རུང་སྟེ་སྦྱིན་པ་བྱིན་ཡང་ཡི་རངས་བཞིན་དུ་མི་བྱིན་ དགའ་ཞིང་བདེ་བ་ཡིད་དུ་མ་བྱས། བྱིན་ནས་ཕྱིས་འགྱོད་པར་སེམས་པ། གང་ཟག་དེ་ལྟ་བུ་མིར་སྐྱེས་ན་ཡང་ཕྱུག་པོའི་རིགས་སུ་སྐྱེ་སྟེ་ནོར་མང་པོ་དང་། སྤྱོད་པ་མང་པོའི་ཇོ་བོར་འགྱུར་ཏེ། བློན་པོ་དང་། གྲོགས་པོ་དང་། གཉེན་དང་། རིགས་ 67-1-322b གཅིག་པ་མང་དུ་བདོག་པ་དང་། མཛོད་དང་བང་བ་ཀུན་ཀྱང་གང་བ། ཤིན་ཏུ་བདེ་ཞིང་བཞོན་པ་མང་པོ་དང་ལྡན་པ་དེ་ལྟ་བུ་ནི་སྐྱིད་པ་ཀུན་སྤྱོད་དེ་ཕྱིས་དམས་པ་དང་། ཟད་པར་འགྱུར་ཏེ་མི་བདེ་བར་སོང་བ་ལས་འདི་ལྟ་བུ་འདུས་པའི་གང་ཟག་ནི་སྔར་ བཙན་ཕྱུག་ཅིང་བདེ་ཡང་ཕྱིས་བཀྲེས་ཤིང་དམས་པས་མི་བདེ་བར་འགྱུར་རོ། །ཇི་ལྟར་གང་ཟག་ལས་འདུས་པས་སྔར་མི་བདེ་བ་ལ་ཕྱིས་བདེ་བར་འགྱུར་བའི་ལས་ཀྱི་འབྲས་བུ་ནི་གང་ཡིན་ཞེ་ན། གང་ཟག་སུ་ཡང་རུང་སྟེ། སྦྱིན་པ་སྔར་མ་དད་པར་བྱིན་ནས་དད་ཅིང་རངས་པ་སེམས་ཡིད་ལ་སྐྱེས་པའི་གང་ཟག་དེ་ནི་མིར་སྐྱེས་ན་ཡང་དབུལ་པོའི་རིགས་སུ་སྐྱེ་སྟེ། ཟས་དང་སྤྱོད་པ་ཉུང་བ། ཉོན་མོངས་ཤིང་ཟས་དང་གོས་མེད་པ་ལས་ཕྱིས་བཙན་ཕྱུག་ ཅིང་སྐྱིད་པར་གྱུར་ཏེ། ཅི་འང་འཕེལ་ཏེ། ཅིས་ཀྱང་མི་བྲེལ་བར་འགྱུར་བ་འདི་ལྟ་བུའི་གང་ཟག་ནི་སྔར་མི་བདེ་ལ་ཕྱིས་བདེ་བར་གྱུར་པའོ། །ཇི་ལྟར་གང་ཟག་ལས་འདི་ལྟ་བུར་གྱུར་པས་སྔར་ཀྱང་བདེ་ལ་ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་གང་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ་སྦྱིན་པ་བྱིན་པ་ཡང་མང་པོ་དང་རངས་པར་བྱིན། བདག་ཀྱང་ཡིད་དགའ་སྟེ་བྱིན་པས་ཕྱིས་མི་འགྱོད་པའི་གང་ཟག་དེའི་འབྲས་བུ་ནི་མིར་སྐྱེས་ན་ཡང་ཕྱུག་པའི་རིགས་སུ་སྐྱེས་ཏེ། ནོར་མང་པོ་སྤྱོད་པ་དང་། མང་པོའི་ཇོ་ བོར་གྱུར་ནས་བློན་པོ་དང་། གྲོགས་པོ་དང་། གཉེན་དང་རིགས་གཅིག་པ་མང་དུ་བདོག་པ་དང་། བང་མཛོད་ཐམས་ཅད་ཀྱང་གང་བ། ཤིན་དུ་བདེ་ཞིང་བཞོན་པ་མང་པོ་དང་། དེ་ལྟ་བུའི་རིགས་སུ་སྐྱེ་སྟེ། སྐྱིད་པ་དེ་ལྟ་བུའི་ཕྱིར་སྐྱེ་ཞིང་འཕེལ་བར་ འགྱུར་ཏེ། གང་ཟག་ལས་འདི་ལྟ་བུ་འདུས་པས་སྔར་ཡང་བདེ། ཕྱིས་ཀྱང་། བདེ་བར་འགྱུར་རོ། །ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་སྔར་མི་བདེ་ལ་ཕྱིས་ཀྱང་མི་བདེ་བར་འགྱུར་བའི་ལས་ཀྱིས་འབྲས་བུ་ནི་གང་ཡིན་ཞེ་ན། གང་ཟག་སུ་ཡང་རུང་སྟེ། དགེ་བའི་གྲོགས་པོ་སྤངས་པ་ཡིན། སུས་ཀྱང་སྦྱིན་པ་ལ་མ་བཅུག་པ་ཡིན། བདག་ཉིད་ཀྱིས་ཀྱང་གཞན་ལ་སྦྱིན་པ་མ་བྱས་པ་ཡིན་པའི་གང་ཟག་དེ་ལྟ་བུ་ནི་མིར་སྐྱེས་ན་ཡང་དབུལ་པོ་བཀྲེས་པ་དང་། ཟས་ 67-1-323a སྐོམ་གྱིས་ཕོངས་པ། གོས་རྒྱབ་ཀྱིས་ཕོངས་ཤིང་བྲེལ་ཏེ། ཉོན་མོངས་བཞིན་དུ་འཚོ་བ་དང་། ཟས་སྐོམ་དང་། གོས་རྒྱབ་ཀྱིས་མི་འཚོ་བ་དང་། ཕྱིས་ཀྱང་དེ་ལས་སྐྱིད་ཅིང་སྤྱོད་པ་འཕེལ་བར་འགྱུར་བ་ཡང་མེད་དེ། གང་ཟག་ལས་དེ་ལྟ་བུ་འདུས་པས་ན་སྔར་ཡང་མི་བདེ། ཕྱིས་ཀྱང་བདེ་བར་མི་འགྱུར་རོ། །ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ཕྱུག་ལ་སེར་སྣ་ཅན་དུ་བྱེད་པར་འགྱུར་བའི་ལས་ཀྱི་འབྲས་བུ་གང་ཡིན་ཞེ་ན། གང་ཟག་སུ་ཡང་རུང་སྟེ་ སྦྱིན་པའི་གནས་ལ་ཅི་ཡང་བུངས་མི་ཆེ་ཞིང་ཉུང་ངུ་བྱིན་པ་ཡིན། གཏོང་བ་ལ་ནི་བསྲི་ཞིང་གོམས་པར་བྱས་པས་གང་ཟག་དེ་མིར་སྐྱེས་ན་ཡང་ཕྱུག་པོའི་རིགས་སུ་སྐྱེ་སྟེ། ནོར་དང་སྤྱོད་པ་མང་པོ་ཡོད་ཀྱང་སེར་སྣ་བྱེད་པར་འགྱུར་ཏེ། དེ་ལྟ་བུའི་ལས་འདུས་པའི་གང་ཟག་ནི་ཕྱུག་ལ་སེར་སྣ་ཆེ་བ་ཡིན་ནོ། །ཇི་ལྟར་ཕྱུག་ལ་གཏོང་ཕོད་པའི་ལས་ཀྱི་འབྲས་བུ་ནི་གང་ཞེ་ན། གང་ཟག་སུ་ཡང་རུང་། སྦྱིན་པའི་གནས་མ་ཡིན་པ་ལ་མང་དུ་བྱིན་ཡང་སྦྱིན་པ་ཕྱིར་ཞིང་གོམས་པར་ བྱས་པ་ཡིན་པས་གང་ཟག་དེ་མིར་སྐྱེས་ན་ཡང་དབུལ་པོའི་རིགས་སུ་སྐྱེ་སྟེ། ཟས་དང་སྤྱོད་པས་མི་འཚོ་ཞིང་ཉོན་མོངས་ནས་སྡུག་ཅིང་གོས་ཟས་ཀྱིས་མི་འཚོ་ཡང་གཏོང་བ་ཡིན་ཏེ། ལས་དེ་ལྟ་བུ་འདུས་པའི་གང་ཟག་ནི་དབུལ་ ལ། གཏོང་ཕོད་པའོ། །ཇི་ལྟར་གང་ཟག་ལས་འདི་ལྟ་བུས་འདུས་པས་དབུལ་ལ་སེར་སྣ་བྱེད་པའི་ལས་སུ་གྱུར་པ་ཡིན་ཞེ་ན། གང་ཟག་སུ་ཡང་རུང་། དགེ་བའི་གྲོགས་པོ་སྤངས་པ་སུས་ཀྱང་སྦྱིན་པ་ལ་མ་བཅུག་པ་ཡིན། ཉིད་ཀྱིས་ ཀྱང་སྦྱིན་པ་མ་བྱིན་པ་ཡིན། སྡིག་པའི་ལས་ཀྱང་མ་བསམས་མ་བྱས་པ་ཡིན་ཏེ། གང་ཟག་སུ་ཡང་རུང་སྟེ། དེ་མིར་སྐྱེས་ན་ཡང་དབུལ་པོའི་རིགས་སུ་སྐྱེ་སྟེ། ཟས་དང་སྤྱོད་པ་ལ་སོགས་པས་མི་འཚོ་ཞིང་ཉོན་མོངས་ནས་སྡུག་ ཅིང་གོས་ཟས་ཀྱིས་བྲེལ་ནས་སེར་སྣ་བྱེད་པ་ཡིན་ཏེ། ལས་དེ་ལྟ་བུ་འདུས་པའི་གང་ཟག་ནི་དབུལ་པོ་ལ་སེར་སྣ་བྱེད་པའོ། །གང་ཟག་ཚེ་ཟད་ལ་ལས་མ་ཟད་པ་གང་ཞེ་ན། གང་ཟག་སུ་ཡང་རུང་། སེམས་ཅན་དམྱལ་བར་ཤི་ན་ 67-1-323b ནས་ཡང་སེམས་ཅན་དམྱལ་བར་སྐྱེ་བ། བྱོལ་སོང་ལས་ཤི་ནས་ཡང་བྱོལ་སོང་དུ་སྐྱེ་བ། རིང་དུ་འཁྱམས་པ་ལས་ཤི་ན་ཡང་རིང་དུ་འཁྱམས་པར་སྐྱེ་བ། ཨ་སུ་ར་ལས་ཤི་ནས་ཡང་ཨ་སུ་རར་སྐྱེ་བ། མི་ལས་ཤི་ནས་ཡང་མིར་སྐྱེ་བ་ དེ་ལྟ་བུའི་གང་ཟག་ནི་ཚེ་ཟད་ལ་ལས་མ་ཟད་པ་ཡིན་ནོ། །གང་ཟག་ལས་ཟད་ལ་ཚེ་མ་ཟད་པ་གང་ཞེ་ན། གང་ཟག་སུ་ཡང་རུང་སྟེ། སྔོན་སྐྱིད་ལ་ཕྱིས་སྡུག་པར་གྱུར་པ། སྔ་ན་སྡུག་ལ་ཕྱི་ནས་སྐྱིད་པར་གྱུར་པ་དེ་ལྟ་བུའི་གང་ཟག་ནི་ལས་ ཟད་ལ་ཚེ་མ་ཟད་པ་ཡིན་ནོ། །གང་ཟག་ལས་དང་ཚེ་གཉིས་ཀ་ཟད་པ་གང་ཞེ་ན། གང་ཟག་སུ་ཡང་རུང་སྟེ། སེམས་ཅན་དམྱལ་བ་ལས་ཤི་ནས་བྱོལ་སོང་དུ་སྐྱེས་པ། བྱོལ་སོང་ལས་ཤི་ནས་རིང་དུ་འཁྱམས་པར་སྐྱེས་པ། རིང་དུ་འཁྱམས་ པ་ལས་ཤི་ནས་ཨ་སུ་རར་སྐྱེས་པ། ཨ་སུ་ར་ལས་ཤི་ནས་མིར་སྐྱེས་པ། མི་ལས་ཤི་ནས་ལྷར་སྐྱེས་པ། དེ་ལྟ་བུའི་གང་ཟག་ནི་ལས་དང་ཚེ་གཉིས་ཀ་ཟད་པ་ཡིན་ནོ། །གང་ཟག་ལས་གང་གིས་ན་ཚེ་ཡང་མ་ཟད་ལས་ཀྱང་མ་ཟད་ལ་ མྱ་ངན་སྤངས་པ་གང་ཞེ་ན། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་གང་ཟག་དེ་རྣམས་ལས་དང་ཚེ་མ་ཟད་མོད་ཀྱི་མྱ་ངན་སྤངས་པའོ། །གང་ཟག་ལུས་བདེ་ལ་སེམས་མི་བདེ་བ་གང་ཞེ་ ན། མ་རབས་ཀྱིས་བསོད་རྣམས་བྱས་ནས་འཁོར་ལོ་སྐོར་བའི་རྒྱལ་པོར་གྱུར་པ་དེ་ལྟ་བུའི་གང་ཟག་ནི་ལུས་བདེ་ལ་སེམས་མི་བདེ་བའོ། །གང་ཟག་སེམས་བདེ་ལ་ལུས་མི་བདེ་བ་གང་ཞེ་ན། བསོད་ནམས་མ་བྱས་པའི་དགྲ་ བཅོམ་པ་སྟེ་ཁྲིམས་རྫོགས་པ། འགུག་པ་ལྟ་བུ་དགྲ་བཅོམ་པའི་གང་ཟག་ནི་སེམས་བདེ་ལ་ལུས་མི་བདེ་ཞེས་བྱའོ། །གང་ཟག་ལུས་དང་སེམས་གཉིས་ཀ་བདེ་བ་གང་ཞེ་ན། བསོད་ནམས་བྱས་པའི་དགྲ་བཅོམ་པ་སྟེ། ཁྲིམས་རྫོགས་པ་རྡོ་སྟོབས་ལྟ་བུའི་གང་ཟག་ནི་ལུས་དང་སེམས་གཉིས་ཀ་བདེ་བའོ། །གང་ཟག་ལུས་དང་སེམས་གཉིས་ཀ་མི་བདེ་བ་གང་ཞེ་ན། མ་རབས་ཀྱིས་བསོད་ནམས་མ་བྱས་པ་དེ་ལྟ་བུའི་གང་ཟག་ནི་ལུས་དང་ 67-1-324a སེམས་གཉིས་ཀ་མི་བདེ་བའོ། །ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན་ངན་པའི་སར་སྐྱེས་ལ་གཟུགས་ལེགས་པ་དང་། བཟང་པོ་དང་། སྡུག་གུ་དང་། ཁ་དོག་མཛེས་པ་དང་། མདོག་སྣུམ་པ་དང་། མཐོང་ན་དགའ་བའི་ལས་ གང་ཞེ་ན། ཆགས་པ་གཡོས་ཏེ་ཚུལ་ཁྲིམས་ཉམས་པ་དང་ལྡན་པའི་གང་ཟག་ནི་ངན་པའི་སར་སྐྱེས་ལ་གཟུགས་ལེགས་པ་དང་། བཟང་པོ་དང་སྡུག་གུར་འགྱུར་རོ། །ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན་ངན་པའི་སར་སྐྱེས་ལ། གཟུགས་ངན་པ་དང་། ལུས་རྩུབ་པ་དང་། མི་སྡུག་པ་དང་། མཐོང་ན་མི་སྡུག་པར་འགྱུར་བའི་ལས་གང་ཞེ་ན་ཁྲོ་བ་སྐྱེས་ཤིང་ཁྲིམས་མི་ཐུབ་པ་དང་ལྡན་པའི་གང་ཟག་འདི་ལྟ་བུ་འདུས་པས་ན་ངན་པའི་སར་སྐྱེས་ལ་གཟུགས་ངན་པ་དང་། ལུས་རྩུབ་པ་དང་། མི་སྡུག་པར་སྣང་བ་དང་། མཐོང་ན་ཡིད་དུ་མི་འོང་བར་འགྱུར་རོ། །ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན་ངན་པའི་སར་སྐྱེས་ལ་དྲི་མི་ཞིམ་པ་དང་། དབང་པོ་མ་ཚང་བ་དང་། དབང་པོ་མི་མཐུན་པར་འགྱུར་བའི་ ལས་གང་ཡིན་ཞེ་ན། གླེན་པར་སྐྱེས་ཤིང་ཁྲིམས་མི་ཐུབ་པ་དང་ལྡན་པ་གང་ཟག་ལས་འདི་ལྟ་བུ་འདུས་པས་ན་ངན་པའི་སར་སྐྱེས་ལ་དྲི་མི་ཞིམ་པ་དང་། དབང་པོ་མ་ཚང་བ་དང་། དབང་པོ་མི་མཐུན་པར་འགྱུར་རོ། །ཇི་ལྟར་མི་དགེ་བ་ བཅུའི་ལས་བྱས་པའི་རྒྱུས་ཕྱི་རོལ་གྱི་ཡུལ་ས་རྣམས་ངན་དུ་འོང་བར་འགྱུར་བ་ཡིན་ཞེ་ན། སྲོག་གཅོད་ན་དེའི་ལས་ཀྱིས་སའི་མདོག་ཉམས་པར་འོང་ངོ་། །མ་བྱིན་པར་བླངས་པ་དེའི་ལས་ཀྱིས་སེར་བ་དང་། བྱེ་བ་དང་། བྱི་བ་དང་། སྲིན་མང་ དུ་འོང་བར་འགྱུར་རོ། །མི་ཚངས་པར་སྤྱོད་པ་བྱས་པས་དེའི་ལས་ཀྱིས་ཁུག་རྣ་དང་། རླུང་དང་རྡུལ་དང་རྡུལ་ཆེན་པོ་འོང་བའི་སར་སྐྱེའོ། །བརྫུན་མང་དུ་བྱས་པའི་ལས་ཀྱི་འབྲས་བུ་ནི་ཁར་མནམ་པོར་འགྱུར་བ། དབུགས་མི་ཞིམ་པར་འོང་ངོ་། ། ཕྲ་མ་མང་དུ་བྱས་པའི་ལས་ཀྱི་འབྲས་བུ་ནི་ཡུལ་མཐོ་དམན་ཅན་དང་། ལྕང་ལྕོང་ཅན་དང་། མི་གཙང་བ་དང་། ན་རྐོང་དང་། རྡོ་བ་གྲམ་ཁྲོད་ཅན་གྱི་ཡུལ་དུ་སྐྱེའོ། །ཁ་འཁྱལ་པ་བྱས་པའི་ལས་ཀྱི་འབྲས་བུ་ནི་གྲོག་པོ་མང་བ། རྩི་ཤིང་དང་། 67-1-324b ཡལ་ག་དང་། འདབ་མ་ཚེར་མ་ཅན་དང་། ནགས་ཚང་ཚིང་ཅན་གྱི་ཡུལ་དུ་སྐྱེའོ། །བརྐམ་པར་བྱས་པའི་འབྲས་བུ་ནི་འབྲུ་འབྲས་ཅི་ཡང་ཕྲ་མར་འོང་ངོ་། །ཁྲོ་བ་བྱས་པའི་ལས་ཀྱིས་ས་བོན་འབྲས་བུ་ཚ་བ་དང་། སྐྱུར་བ་དང་། ཁ་བར་འོང་ངོ་། ལོག་པར་བལྟས་པ་དང་། བྱེད་དུ་བཅུག་པའི་ལས་ཀྱི་རྒྱུས་ནི་ས་བོན་དང་འབྲས་བུ་ཆུང་ཞིང་ངན་པར་འོང་ངོ་། འདི་ལྟར་མི་དགེ་བ་བཅུའི་ལས་བྱས་པས་ཕྱི་རོལ་གྱི་ཡུལ་ས་རྣམས་ངན་པར་འགྱུར་ཞིང་མི་བདེ་བའི་གནས་སུ་སྐྱེ་བར་ འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཡང་བཀའ་སྩལ་པ། མ་ན་བ་ངན་པ་རྣམ་པ་བཅུར་འགྱུར་བ་ཡང་གོ་ཞིང་ཤེས་པར་བྱོས་ཤིག །བཅུ་གང་ཞེ་ན། དགྲ་མང་དུ་འགྱུར་བ། ཡིད་དུ་མི་འོང་བར་སྣང་བ། ཚེ་ཐུང་བ། སྡིག་པའི་ལས་ལ་ སེམས་པ། སེམས་ཅན་རྣམས་འཇིགས་པར་འགྱུར་བ། མི་དགའ་བཞིན་ཉལ་བ། མི་དགའ་བཞིན་སད་པ། རྨི་ལམ་ན་སྡིག་པ་མཐོང་བ། ཕྱིས་འགྱོད་པ། ཚེ་ཐུང་བའི་ལས་སེམས་ཤིང་བྱེད་པ་ཡིན་ཏེ། ཤི་ནས་ལུས་དང་ བྲལ་ན་ལམ་ངན་པར་ལྟུང་ཞིང་སེམས་ཅན་དམྱལ་བར་སྐྱེའོ། མ་བྱིན་པར་བླངས་ན་ལས་ཀྱི་རྣམ་པར་སྨིན་པ་བཅུར་འགྱུར་ཏེ། བཅུ་གང་ཞེ་ན། དགྲར་འགྱུར་བ་ཡིན། དོགས་པར་འགྱུར་བ་ཡིན། མི་རིགས་པར་འགྲོ་བ་ཡིན། མཚན་མོ་ འཁྱམ་པ་ཡིན། སྡིག་པའི་གྲོགས་པོ་ཀུན་གྱི་ནད་ཀྱིས་ཟིན་པ་ཡིན། དགེ་བའི་གྲོགས་པོ་ཀུན་སྤངས་པ་ཡིན། ཁྲིམས་མི་ཐུབ་པ་ཡིན། རྒྱལ་པོས་གྱོད་བཏབ་པ་ཡིན། ཆད་པས་བཅད་པ་ཡིན། མི་སྐྱིད་པར་བྱེད་པར་འགྱུར་བའི་ ལས་སེམས་ཤིང་བྱེད་པ་ཡིན་ཏེ། ཤི་ནས་ལུས་དང་བྲལ་ནས་ལམ་ངན་པར་ལྟུང་ཞིང་སེམས་ཅན་དམྱལ་བར་སྐྱེའོ། །མི་ཚངས་པར་སྤྱོད་པས་ན་ངན་པ་བཅུར་འགྱུར་བ་ཤེས་པར་བྱོས་ཤིག །བཅུ་གང་ཞེ་ན། གཞན་གྱི་ཁྱོ་ཤུག་དང་ཉལ་ བ་ཡིན། གླགས་ཚོལ་བ་ཡིན། ཁྱོ་ཤུག་དང་འཐབ་པ་ཡིན། ཁྱོ་ཤུག་འཕྲོགས་པ་ཡིན། མི་དགེ་བའི་ཆོས་ཀུན་སྐྱེ་བ་ཡིན། དགེ་བའི་ཆོས་བྱང་ཞིང་འབྲི་བར་འགྱུར་བ་ཡིན། བདག་ཀྱང་བདེན་པར་མི་སྲུང་བ་ཡིན། བུ་སྨད་ལ་སོགས་པ་ཡང་བདེན་པར་ 67-1-325a མ་བསྲུངས་པ་ཡིན། དོགས་པར་འགྱུར་བ་ཡིན། གཉེན་དང་། གྲོགས་པོ་དང་། རིགས་གཅིག་པ་དགྲར་འགྱུར་བའི་ལས་སེམས་ཤིང་བྱེད་པ་ཡིན་ཏེ། ཤི་ནས་ལུས་དང་བྲལ་ན་ལམ་ངན་པར་ལྟུང་ཞིང་སེམས་ཅན་དམྱལ་བར་ སྐྱེའོ། །བརྫུན་བྱས་ན་ངན་པ་བཅུར་འགྱུར་ཏེ། བཅུ་གང་ཞེ་ན། དེའི་ལུས་ལ་ལྷ་རྣམས་མི་འཁོར་བ། གཞན་གྱིས་སླུ་བ། བདག་གི་ཚིག་མི་བརྟན་པ། ཁ་མནམ་པ། དྲང་པོར་སྨྲས་ཀྱང་སུ་ཡང་ཡིད་མི་ཆེས་པ། བརྫུན་པོ་ཆེ་དེ་ལ་དྲི་བའི་ མི་རིགས་ཤེས་ཟེར་བ། དེ་ལ་ཚིགས་སུ་བཅད་ཅིང་བསྟོད་པ་མེད་པར་གྲགས་པར་འགྱུར་བ། སུ་ཡང་མི་ཉན་པའི་ཚིག་ཏུ་འགྱུར་བ་ཀུན་དུ་ངན་དུ་རྗོད་པའི་ལས་སེམས་ཤིང་བྱེད་པ་ཡིན་ཏེ། ཤི་ནས་ལུས་དང་བྲལ་ན་ལམ་ངན་པར་ལྟུང་ ཞིང་སེམས་ཅན་དམྱལ་བར་སྐྱེའོ། །ཆང་འཐུངས་ན་ངན་པ་བག་མེད་པ་སུམ་བཅུ་རྩ་ལྔར་འགྱུར་བ་ཤེས་པར་བྱོས་ཤིག །སུམ་བཅུ་རྩ་ལྔ་གང་ཞེ་ན། མངོན་པར་སྣང་བཞིན་དུ་ནོར་ཟད་པ། ནད་མང་པོ་འདུ་བ། འཐབ་མོ་དང་རྩོད་པ་ རྣམས་སྐྱེ་བ། ཁྲེལ་ཞིང་ངོ་ཚས་མི་འཛེམ་པ། མི་སྙན་པར་གྲགས་པར་བྱེད་པ། ཤེས་རབ་ཉམས་པར་བྱེད་པ། སྐྱིད་པ་སྔན་ཅད་མ་བསགས་པ། ད་ཡང་མི་སོགས་པ། སྐྱིད་པའི་བསགས་པ་ཀུན་ཟད་ཅིང་མེད་པར་བྱས་པ། གསང་ བ་རྣམས་སྨྲ་བ། ལས་སུ་བྱ་བ་རྣམས་ཤོར་བ། ཞན་ཏེ་ཉམ་ཆུང་བར་གྱུར་པ། མྱ་ངན་གྱི་རྩ་བ། མར་མི་འཛིན་པ། ཕར་མི་འཛིན་པ། ཐར་པར་མི་ཤེས་པ། བྲམ་ཟེར་མི་ཤེས་པ། རིགས་བཙུན་པ་ལ་སྟི་སྟང་རིམ་གྲོ་མི་བྱེད་པ། སངས་ རྒྱས་ལ་རིམ་གྲོ་མི་བྱེད་པ། ཆོས་ལ་རིམ་གྲོ་མི་བྱེད་པ། དགེ་འདུན་ལ་རིམ་གྲོ་མི་བྱེད་པ། སྡིག་བྱེད་པའི་གྲོགས་པོ་ལ་རིམ་གྲོ་བྱེད་པ། དགེ་བའི་གྲོགས་པོ་ཀུན་སྤོང་ཞིང་ཁྱད་དུ་གསོད་པ། ངོ་ཚ་མི་ཤེས་པ། ཁྲེལ་གྱིས་དོགས་པ་མེད་ པ། སྤ་ཞིང་མཛེས་པའི་བག་མི་བྱེད་པ། གཡེམ་པ་ལ་བག་མེད་པ། འགྲོ་བ་མང་པོའི་ཡིད་དུ་མི་འོང་བ། འགྲོ་བ་མང་པོས་སྨད་པ། རིགས་ཆེན་པོ་དང་། གཉེན་པ་དང་། རིགས་གཅིག་པ་སྤངས་པ། ཡང་དག་པའི་ཆོས་མ་ཡིན་ 67-1-325b པ། ཀུན་འཛིན་པ། ཡང་དག་པའི་ཆོས་ཀུན་སྤོང་བ། ཉེས་པར་བྱེད་སྟོད་པའི་མི་རིགས་ཤེས་བླ་མས་སྨད་པ། མྱ་ངན་ལས་འདས་པ་དང་རིང་དུ་བྲལ་བ། སྨྱོན་པར་གྱུར་པའི་ལས་སེམས་ཤིང་ངན་པའི་སྐྱོན་རྣམས་སྣ་ཚོགསུ་བྱེད་ པ་ཡིན་ཏེ། ཤི་ནས་སེམས་ཅན་དམྱལ་བར་ལྟུང་ཞིང་ལུས་དང་བྲལ་ན་ཡང་ལམ་ངན་པར་འགྲོ་བས་བླ་འོག་ཀུན་གྱིས་ཀྱང་མི་བཏུང་ཞིང་སྤོང་བར་བྱའོ། །མ་ན་བ་བདེ་བར་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་ནས་གུས་པས་ཕྱག་བྱས་ནས་ ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། ཆེན་པོའི་རིགསུ་སྐྱེ་བ། གཟུགས་ཆེ་བ། འཁོར་མང་བ། ཕ་མ་ལ་རིམ་འགྲོ་སྟི་སྟང་ཆེ་བ། ནོར་མང་བ། མང་དུ་ཐོས་པ། དད་པ་དང་ལྡན་པ། མང་དུ་དྲན་པ་ཤེས་རབ་ཆེན་པོ་མཐོ་རིག་ཀྱི་ལམ་ཆེན་པོ་ ཐོབ་པར་འོང་ངོ་། །ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། གཟུགས་བཟང་པོར་འགྱུར། སྐད་སྙན་པར་འགྱུར། ངག་ཀུན་གྱིས་མཉན་པར་འགྱུར། འཁོར་ཀུན་ གྱི་བསྟོད་པར་འགྱུར། སྐྱིད་པ་དང་ལྡན་པར་འགྱུར། ལྷ་དང་མིའི་ནང་ན་ཡང་དབང་ཆེ་བར་འགྱུར། སྤྱོད་པ་མང་པོར་འགྱུར། ཐོ་རིགསུ་སྐྱེ་བར་འགྱུར། མྱ་ངན་ལས་འདས་པ་ཡང་མྱུར་དུ་མཐོབ་པར་འགྱུརོ། །ཡང་དག་པར་གཤེགས་པའི་མཆོད་ རྟེན་ལ་གདུགས་འཕུལ་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། གདུགས་དང་འདྲ་བར་འགྱུར། འཇིག་རྟེན་ལ་མི་གནོད་པར་འགྱུར། སྨོན་པའི་གནསུ་འགྱུར། འཇིག་རྟེན་གྱི་དབང་པོར་འགྱུར་བའི་ལས་སེམས་ཤིང་བྱེད་པར་འགྱུར་ ཕྱི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་པར་འགྱུར། དབང་པོ་ཆེན་པོར་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིསུ་སྐྱེ་བར་འགྱུར། མྱ་ངན་ལས་འདས་པ་ཡང་མྱུར་དུ་ཐོབ་པར་འགྱུརོ་ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་དྲིལ་བུ་ འཕུལ་ན་ལེགས་པ་བཅུ་མཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། གཟུགས་བཟང་པོར་འགྱུར་བ་ཡིན། དབྱང་སྙན་པ་ཡིན། ཡིད་དུ་འོང་བ་སྨྲ་བ་ཡིན། བྱ་ཀ་ལ་པིང་ཀའི་སྒྲ་སྐད་སྨྲ་བ་ཡིན། ཀུན་གྱིས་མཉན་པར་འགྱུར་བ་ཡིན། 67-1-326a རྟག་ཏུ་དགའ་ཞིང་རངས་པ་ཡིན། ཕྱི་ཕྱིར་ཡིད་དུ་འོང་བའི་སྒྲ་ཐོས་པ་ཡིན། སྤྱོད་པ་མང་པོ་ཡིན། མཐོ་རིས་སུ་སྐྱེ་བ་ཡིན། མྱ་ངན་ལས་འདས་པར་གྱུར་བ་ཡིན་ནོ། །ཡང་དག་པར་གཤེགས་པའི་མཆོད་རྟོན་ལ་ན་བཟའ་ཕུལ་ ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། མདོག་འཇམ་པ་ཡིན། ལུས་རྡུལ་མི་ཆགས་པ་ཡིན། ཁྲེལ་ལྟས་དང་ལྡན་པ་ཡིན། མཐོང་ན་དགའ་བ་ཡིན། རྟག་ཏུ་གོས་དང་ལྡན་པ་ཡིན། འཇམ་ཞིང་བཟང་པོའི་གོས་རྟག་ པ་ཡིན་ཅི་ཡང་རྙེད་པ་ཡིན། སྤྱོད་པ་མང་པོ་ཡིན། མཐོ་རིས་སུ་སྐྱེ་བ་ཡིན། མྱུར་དུ་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ། །ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་ གང་ཞེ་ན། འཇིག་རྟེན་གྱི་ནང་ན་མེ་ཏོག་དང་འདྲ་བར་འགྱུར། གསུང་གི་དབང་པོ་གཙང་མར་འགྱུར། ལུས་ལ་བསྣམ་པ་དྲི་ཞིམ་པར་འགྱུར། ལུས་གཙང་མར་འགྱུར། ཕྱོགས་བཅུར་ཁྲིམས་ཐུབ་པའི་གཟུགས་རྒྱས་པར་འགྲོ། ཀུན་ ཀྱང་དེ་ལས་འདུ་བར་འགྱུར། འཇིག་རྟེན་གྱི་ནང་ན་རྙེད་པར་འགྱུར། དད་པའི་ཆོས་རྣམས་མང་དུ་འགྲུབ་པར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ། །ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་ མེ་ཏོག་ཕྲེང་བ་ཕུལ་ན་དེའི་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་ནང་ན་མེ་ཏོག་གི་ཕྲེང་བ་དང་འདྲ་བར་ལུས་ལ་སྣམ་པའི་དྲི་ཞིམ་པར་འགྱུར། ལུས་གཙང་བར་འགྱུར། རྟག་ཏུ་དྲི་ཞིམ་པར་འགྱུར། རྒྱན་དང་ ལྡན་པར་འགྱུར། འཁོར་རྣམས་སྟོང་ཞིང་ཉེ་བར་འགྱུར། ཕོ་མོ་ཐམས་ཅད་ཀྱི་ཡིད་དུ་འོང་བར་འགྱུར། སྤྱོད་པ་མང་དུ་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །ཡང་དག་པར་གཤེགས་ པའི་མཆོད་རྟེན་ལ་མར་མེ་ཕུལ་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་ནང་ན་མར་མེ་དང་འདྲ་བར་འགྱུར། ཤའི་མིག་གཙང་བར་འགྱུར། འཕྲུལ་གྱི་མིག་ཐོབ་པར་འགྱུར། མི་ཤེས་པའི་མུན་པ་ནག་པོ་ 67-1-326b མེད་པར་འགྱུར། ཤེས་རབ་ཀྱི་འོད་ཐོབ་པར་འགྱུར། དགེ་བ་དང་མི་དགེ་བའི་དོན་རྣམས་བྱེ་བྲག་ཕྱེད་པར་འགྱུར། འཁོར་བ་ན་འཁོར་ཡང་མུན་པ་དང་མྱོས་པར་མི་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ། །ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་སྤོས་ཕུལ་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་ནང་ན་སྤོས་དང་འདྲ་བར་འགྱུར། སྣའི་དབང་པོ་རྣོ་བར་འགྱུར། ལུས་དྲི་ཞིམ་པ་གཙང་མར་འགྱུར། རྟག་ཏུ་དྲི་ཞིམ་པར་འགྱུར། གཟུགས་བཟང་པོར་འགྱུར། སེམས་ཅན་དགའ་ཞིང་འདུ་བར་འགྱུར། འཇིག་རྟེན་གྱི་ནང་ན་རྙེད་པར་འགྱུར། དད་པའི་ཆོས་རྣམས་མང་དུ་འགྲུབ་པར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ། །ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་རྔ་ཕུལ་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། གཟུགས་བཟང་པོར་འགྱུར། སྐད་ སྙན་པར་འགྱུར། སྨྲས་པ་ཡིད་དུ་འོང་བར་འགྱུར། སྐྱིད་པ་དང་ལྡན་པར་འགྱུར། རྟག་ཏུ་དགའ་བར་འགྱུར། ཚིག་ཀུན་གྱིས་ཉན་པར་འགྱུར། ཕྱི་ཕྱིར་སྒྲ་སྐད་སྙན་པ་ཐོབ་པར་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་ སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ། །ཡང་དག་པར་གཤེགས་པའི་མཆོད་རྟེན་བརྩིགས་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། རིགས་ཆེན་པོར་འགྱུར། གཟུགས་དང་མིག་བཟང་ ཞིང་སྡུག་པར་འགྱུར། དབང་ཆེ་ཞིང་འཁོར་མང་ལ་འཁོར་སྙིང་ཉེ་བར་འགྱུར། སྤྱོད་པ་མང་པོར་འགྱུར། ཀུན་འདུམ་པའི་གནས་སུ་འགྱུར། ཚིགས་སུ་བཅད་པ་དང་། བསྟོད་ཅིང་བསྐྱེད་པས་ཕྱོགས་བཅུར་ཆེར་གྲགས་ ཤིང་ལྷ་དང་མི་རྣམས་ཀྱིས་མཆོད་པར་འགྱུར། ཕྱི་ཕྱིར་ནོར་མང་ཞིང་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་ལུསུ་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ། །སྟན་གྱི་ 67-1-327a སྦྱིན་པ་གཏོང་བ་བྱས་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་ནང་ན་བླ་མར་འགྱུར། བཟང་པོར་སྣང་བར་འགྱུར། འགྲོ་བ་མང་པོ་ལ་སྐྱིད་པའི་སྒྲ་གྲགས་པར་འགྱུར། སྤྱོད་པ་མང་པོར་ འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ། །ལྷམ་གྱི་སྦྱིན་པ་བྱས་པས་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། བཞོན་པ་ཀུན་གྱིས་མི་བྲེལ་བར་འགྱུར། རྐང་པ་ལེགས་པར་འགྱུར། ལམ་དུ་ཞུགས་ན་མཐུ་དང་ལྡན་པར་འགྱུར། ལུས་མི་ཞན་པར་འགྱུར། ལམ་དུ་ཞུགས་ན་རྡོ་ཤིང་གིས་མི་སྣད་པར་འགྱུར། རྫུ་འཕྲུལ་གྱི་རྐང་པ་ཐོབ་པར་འགྱུར། གཡོག་བྲན་དང་ལྡན་པར་འགྱུར། མཐོ་རིས་སུ་སྐྱེ་ ཞིང་མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ། །སྣོད་ཀྱི་སྦྱིན་གཏོང་བྱས་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། སྣོད་སྤྱད་དང་ལྡན་པར་འགྱུར། འཇིག་རྟེན་གྱི་ཡོན་ཏན་དུ་འགྱུར། སྐོམ་དད་ཆུང་བར་འགྱུར། སྐོམ་ན་ཡང་བཏུང་བ་དང་ལྡན་པར་འགྱུར། སེམས་མཉེན་པར་འགྱུར་རིང་དུ་འཁྱམས་པར་མི་སྐྱེ་བར་འགྱུར། ལྷ་དང་མི་ཀུན་དགའ་བར་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་ པར་འགྱུར་རོ། །ཟས་ཀྱི་སྦྱིན་པ་གཏོང་བ་བྱས་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། ཚེ་རིང་བར་འགྱུར། དབང་དང་ལྡན་པར་འགྱུར། སྟོབས་དང་ལྡན་པར་འགྱུར། དྲན་པ་དང་ལྡན་པར་འགྱུར། སྨྲ་བ་དང་ ལྡན་པར་འགྱུར། འཁོར་འདུ་ཞིང་མགུ་བར་བྱེད་པར་འགྱུར། ལྷ་དང་མི་ཀུན་མགུ་བར་འགྱུར། ལོངས་སྤྱོད་མང་པོར་འགྱུར། བདེ་བར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ། ། གནས་ཀྱི་སྦྱིན་གཏོང་བྱས་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། རྒྱལ་ཕྲན་དུ་འགྱུར། འཁོར་གྱི་རྒྱལ་པོར་འགྱུར། གཞན་གྱིས་མི་ཚུགས་པའི་རྒྱལ་པོར་འགྱུར། གླིང་གཅིག་གི་རྒྱལ་པོར་འགྱུར། གླིང་གཉིས་ 67-1-327b ཀྱི་རྒྱལ་པོར་འགྱུར། གླིང་གསུམ་གྱི་རྒྱལ་པོར་འགྱུར། གླིང་བཞིའི་རྒྱལ་པོར་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ། །ཐར་པར་ཞུགས་ན་ལེགས་པ་བཅུ་ཐོབ་པར་ འགྱུར་ཏེ། བཅུ་གང་ཞེ་ན། བུ་དང་ཆུང་མ་དང་། གཉེན་དང་འདུ་འཛི་ལ་མ་ཆགས་པ་དང་། སེར་སྣ་མེད་པ་ཡིན། འདོད་པ་ལེན་པ་མེད་པ་ཡིན། ཤིང་ཁྲོད་ན་གནས་པ་ལ་མི་དགའ་བ་ཡིན། རིན་པོ་ཆེ་གསུམ་ལ་རི་མོ་བྱེད་པ་ཡིན། མི་ཤེས་པའི་གནས་དང་བྲལ་བ་ཡིན། ངན་པར་འགྲོ་བའི་ཆོས་དང་བྲལ་བ་ཡིན། དགེ་བའི་ཆོས་ཀུན་ཚོལ་བ་ཡིན། ལྷ་དང་མི་ལ་དབེན་པ་ཡིན། རྟག་ཏུ་ཡང་དག་པར་གཤེགས་པའི་འཕགས་པ་བཞིན་དུ་ཐར་པར་ཞུགས་ཤིང་ ཆོས་བྱེད་པ་ཡིན། མྱུར་དུ་མི་བདེ་བ་ལས་ཐར་ཏེ་མྱ་ངན་ལས་འདས་པ་ཡང་ཐོབ་པར་འགྱུར་རོ། །སྐོམ་གྱི་སྦྱིན་པ་བྱས་ན་ལེགས་པ་བཅུ་ཐོབ་སྟེ། བཅུ་གང་ཞེ་ན། དབང་པོ་ཐམས་ཅད་ཚང་བར་འགྱུར། དཔྲལ་བའི་དབྱེས་ལེགས་ པར་འགྱུར། སྨྲས་པ་ཀུན་མགུ་བར་འགྱུར་རོ། །སེམས་མཉམ་པར་འགྱུར། སྐོམ་དད་ཆུང་བར་འགྱུར། སྐོམ་ན་ཡང་བཏུང་བ་དང་ལྡན་པར་འགྱུར། རིང་དུ་འཁྱམས་པར་མི་སྐྱེ། ལོངས་སྤྱོད་མང་བར་འགྱུར། མཐོ་རིས་སུ་སྐྱེ་བར་ འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ། །བཞོན་པ་སྦྱིན་གཏོང་བྱས་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། རྐང་པ་འཇམ་པ་ཡིན། རྐང་པའི་དབྱིབས་ལེགས་པར་འགྱུར། རྐང་གིས་འགྲོ་ན་ལུས་ལ་གནོད་ པར་མི་འགྱུར། མི་མཛའ་བ་མེད་པར་འགྱུར། རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པར་འགྱུར། བཞོན་པས་མི་བྲེལ་བར་འགྱུར། སྤྱོད་པ་མང་བར་འགྱུར། བདེ་བར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་ འགྱུར་རོ། །ཁྲོད་དབེན་པར་གནས་པ་ལ་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། མང་པོ་འདུས་པ་རྣམས་སྤངས་པ། ཤིན་ཏུ་དབེན་པར་སྤྱོད་པ། བསམ་གཏན་ལ་དམིགས་པའི་སེམས་སུ་འགྱུར་བ། ཆུང་ངུ་བྱེད་པ། 67-1-328a སངས་རྒྱས་ལ་བསྙེན་པ། ལུས་དགེ་ཞིང་བདེ་བར་སྤྱོད་པ། བར་མ་དོར་མི་འཁྱམ་པ། ཆོས་ཇི་ལྟ་བུར་ཐོས་པའི་དོན་རྒྱས་པར་ཤེས་པ། མི་གཡོ་འཛིན་རབ་ཏུ་ཐོབ་པ། ཤེས་རབ་ཤིན་ཏུ་ཐོབ་པའོ། །སློང་བ་ལེགས་པ་བཅུ་ ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འགྲོ་བ་ལ་གོམས་པར་འགྱུར། གནས་ཀུན་རིང་བར་འགྱུར། ང་སྤངས་པར་འགྱུར། བདག་རང་ཁེ་དང་ལྡན་པར་འགྱུར། གཞན་བསོད་ནམས་ལ་བགོད་པར་འགྱུར། བསྟན་པའི་ཆོས་རྒྱས་པར་འགྱུར། ཕྱིས་བྱུང་བ་རྣམས་ལ་སྣང་བར་བྱེད་པར་འགྱུར། ཐར་པར་ཞུགས་པའི་ཚུལ་ལས་མི་འགལ་བར་བྱེད་པར་འགྱུར། སྨྲ་བའི་སེམས་སུ་འགྱུར། དགེ་བའི་ཁྲིམས་ཚང་བའི་སེམས་སློངས་མོ་ལ་ཞུགས་པས་ཕྱོགས་གང་དུའང་མུན་པར་ མི་འགྱུར་བ་ཡིན་ནོ། །ཐུབ་ཅིང་མི་འཇིགས་པས་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། མི་འཇིགས་བཞིན་དུ་གྲོང་དུ་འཇུག་པ། མི་འཇིགས་བཞིན་དུ་གྲོང་ནས་འབྱུང་བ། མི་འཇིགས་བཞིན་དུ་རིགས་འཇུག་པ། མི་འཇིགས་ བཞིན་དུ་འཁོར་ལ་ཆོས་འཆད་པ། མི་འཇིགས་བཞིན་དུ་དགེ་འདུན་གྱི་ནང་དུ་འཇུག་པ། མི་འཇིགས་བཞིན་དུ་མཁན་པོ་དང་སློབ་དཔོན་གྱི་ནང་དུ་འཇུག་པ། བྱམས་པའི་སྟོབས་རྣམས་ལ་སྦྱོང་བ། མི་འཇིགས་བཞིན་དུ་ཆོས་གོས་དང་། ཟས་དང་། མལ་སྟན་དང་། སྨན་དང་། གཡོག་ལ་སོགས་པ་རྣམས་སྤྱོད་པ། མི་འཇིགས་པར་ཁ་ཏོན་དང་། ཀློག་པ་དུས་ཟད་པའི་ཚེ་ཡང་མི་འཇིགས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་པ་དང་། ཏོའུ་ཏེ་ཡའི་བུ་ ཤུ་ཀོ་མ་ན་བ་སྟན་ལས་ལངས་ཏེ་ཕྱོགས་གཅིག་ཏུ་འདུག་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཀོན་ མཆོག་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེང་ཕན་ཅད་བདག་གི་ནམ་དུ་ཡང་དགེ་བའི་བཤེས་གཉེན་མཛད་པར་དགོངས་སུ་གསོལ་ཞེས་གསོལ་ཏོ། །ལས་ཀྱི་རྣམ་པར་འགྱུར་བ་རྫོགས་སོ།། །།